Nitartha Digital Library
Tibetan
སྡེ་དགེའི་བཀའ་འགྱུར་པོད་ང་དྲུག་པ།


   
   
   
   
   
   
   
འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས་ཞེས་བྱ་ཐེག་པ་ཆེན་པོའི་མདོ།
   
   


 
previousའཕགས་པ་རྡོ་རྗེ་སྙིང་པོའི་གཟུངས་ཞེས་བྱ་ཐེག་པ་ཆེན་པོའི་མདོ། next

འཕགས་པ་རྡོ་རྗེ་སྙིང་པོའི་གཟུངས་ཞེས་བྱ་ཐེག་པ་ཆེན་པོའི་མདོ།


DKG056_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། ཨཱཪྱ་བཛྲ་མཎྜ་ནཱ་མ་དྷཱ་ར་ཎཱི་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་རྡོ་རྗེའི་སྙིང་པོའི་གཟུངས་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་གངས་ཀྱི་རི་དང་ཉེ་བ་སྣ་ཚོགས་ཀྱི་གྲོང་གི་རྩྭའི་སྤྱིལ་པོ་ན། དགེ་སློང་སྟོང་དུ་ཚང་བའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་བསོད་སྙོམས་ཀྱི་ཟན་ཕྱིས་ལེན་པ་སྤངས་ཏེ། རྩྭའི་སྤྱིལ་པོར་སྐྱིལ་མོ་ཀྲུང་བཅས་ནས་སྐུ་དྲང་པོར་བསྲང་སྟེ། དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་མཉམ་པ་ཉིད་དུ་གནས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་སྙོམས་པར་ཞུགས་མ་ཐག་ཏུ་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ད་ལྟར་ག་ལ་བཞུགས་པའི་སྐུ་མ་མཐོང་ངོ་། །དེ་ནས་སངས་རྒྱས་ཀྱི་མཐུས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། གནས་གཙང་མའི་རིས་ཀྱི་ལྷའི་བུ་སུམ་ཁྲི་ཉིས་སྟོང་བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་འདི་སྙམ་དུ། བཅོམ་ལྡན་འདས་ད་ལྟར་གང་ན་བཞུགས་སྙམ་དུ་སེམས་པ་དང་། བཅོམ་ལྡན་འདས་རྩྭའི་སྤྱིལ་པོའི་ནང་ན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དེ་དག་གིས་མཐོང་ངོ་། །མཐོང་ནས་བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཅང་མི་སྨྲ་བར་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །གནས་གཙང་མའི་རིས་ཀྱི་ལྷའི་བུ་རྣམས་ཀྱང་ཅང་མི་སྨྲ་བར་བཅོམ་ལྡན་འདས་ཀྱི་སྤྱན་སྔ་དེ་ཉིད་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འདི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་དོ། །ཇི་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་མཛད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་ཐེག་པ་ལ་གསར་དུ་


DKG056_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དག་པར་ཞུགས་པའམ། ཐེག་པ་ལ་ཡང་དག་པར་ཞུགས་ནས་རིང་དུ་ལོན་པའམ། ཕྱིར་མི་ལྡོག་པའམ། སྐྱེ་བ་གཅིག་གིས་ཐོགས་པ་ཡང་རུང་སྟེ། ཇི་སྙེད་འཁོད་པ་དེ་དག་ཐམས་ཅད་སྣ་ཚོགས་ཀྱི་གྲོང་ག་ལ་བ་དང་། རྩྭའི་སྤྱིལ་པོ་ག་ལ་བ་དེར་དོང་སྟེ་ཕྱིན་པ་དང་། སངས་རྒྱས་ཀྱི་མཐུས་མི་གང་ཙམ་གྱི་བར་སྣང་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འཁོད་དོ། །དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས། སེམས་ཅན་ཐམས་ཅད་ཀྱི་སེམས་མགུ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་ཏིང་ངེ་འཛིན་འདི་ལ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་དེ་དག་ཐམས་ཅད་སེམས་རབ་ཏུ་དགའ་བ་དང་། སེམས་མགུ་བ་དང་། སེམས་རངས་པ་དང་། སེམས་ཤིན་ཏུ་ཚིམ་པ་སྐྱེས་སོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་བྱམས་པས་ཆོས་ཐམས་ཅད་རབ་ཏུ་ཞི་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་བྱམས་པ་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་འཁོར་དེ་དག་ཐམས་ཅད་ཀྱི་དབང་པོ་རྣམས་རབ་ཏུ་ཞི་བར་གནས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་ཅེས་བྱ་བ། །བྱང་ཆུབ་སེམས་དཔའ་དྲུག་ཁྲི་ཉིས་སྟོང་དང་། ལྷན་ཅིག་ཏུ་སྣ་ཚོགས་ཀྱི་གྲོང་ག་ལ་བ་དང་། རྩྭའི་སྤྱིལ་པོ་ག་ལ་བ་དེར་སོང་སྟེ། ཕྱིན་མ་ཐག་ཏུ་བདག་ཉིད་སྟེང་གི་ནམ་མཁའ་བར་སྣང་ལ་འདུག་པ་སྙམ་དུ་ཤེས་ཏེ། དེ་སྟེང་གི་ནམ་མཁའ་དེ་ཉིད་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་བཀོད་པ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་རིན་པོ་ཆེའི་ཏོག་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་བར་སྣང་ཐམས་ཅད་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་དཀར་པོས་ཀུན་ཏུ་ཁེབས་ནས། ཉི་མ་དང་། ཟླ་བ་རྣམས་ཀྱི་འོད་ཀྱང་མི་སྣང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །བྱང་ཆུབ་སེམས་དཔའ་དྲུག་ཁྲི་ཉིས་སྟོང་དང་ལྷན་ཅིག་ཏུ་སྟེང་གི་ནམ་མཁའ་ལས་སྣ་ཚོགས་ཀྱི་གྲོང་ཁྱེར་ག་ལ་བ་དང་། བཅོམ་ལྡན་


DKG056_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འདས་ག་ལ་བ་དེར་སོང་སྟེ་ཕྱིན་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ས་ལ་འདུག་མ་ནུས་ནས། དེ་བྱང་ཆུབ་སེམས་དཔའ་ལྷག་མ་དེ་དག་དང་། ལྷན་ཅིག་ཏུ་སྟེང་གི་བར་སྣང་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ །འདུག་མ་ཐག་ཏུ་དེའི་ཚེ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པ་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག །ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ་དེ་ནས་འཁོར་དེ་དག་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་གྱུར་ཏོ། །དེ་ནས་དེའི་ཚེ་བཅོམ་ལྡན་འདས་སྟེང་གི་བར་སྣང་ལ་འཕགས་ནས་འཛུམ་པ་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་དུ་མ་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། བཙོད་ཀ་དང་། ཤེལ་དང་། དངུལ་གྱི་ཁ་དོག་ལྟ་བུ་དག་བྱུང་ངོ་། །དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་སྟེང་གི་བར་སྣང་ལ་གོས་ཕྲག་པ་གཅིག་ཏུ་བགོས་ཏེ། པུས་མོ་གཡས་པའི་ལྷ་ང་བར་སྣང་དེ་ཉིད་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐར་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འཛུམ་པ་མཛད་པའི་རྒྱུ་ནི་གང་ལགས། རྐྱེན་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བར་སྣང་འདིར་སངས་རྒྱས་ཁྲི་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ལ་རྡོ་རྗེའི་སྙིང་པོའི་གཟུངས་ཞེས་བྱ་བ་བཤད་དེ། ཡང་དག་པར་རབ་ཏུ་བསྟན་ཏོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཀྱིས་ད་ཡང་བྱང་ཆུབ་སེམས་དཔའ་འདི་རྣམས་ལ་རྡོ་རྗེའི་སྙིང་པོའི་གཟུངས་བཤད་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོག་གོ ། རྡོ་རྗེའི་སྙིང་པོའི་གཟུངས་ལ་བྱང་ཆུབ་ཀྱང་མེད། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མེད་ན། བྱང་ཆུབ་སེམས་དཔའ་འདི་དག་ནི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་


DKG056_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད་ན། བྱང་ཆུབ་སེམས་དཔའ་འདི་དག་ནི་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་དགེ་བ་ཡང་མེད། མི་དགེ་བ་ཡང་མེད་ན། བྱང་ཆུབ་སེམས་དཔའ་འདི་དག་ནི་མི་དགེ་བ་སྤོང་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་ཕ་རོལ་ཡང་མེད། ཚུ་རོལ་ཡང་མེད་ན། འདི་དག་ནི་ཕ་རོལ་ཏུ་འགྲོ་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་ཞིང་ཡང་མེད། ཞིང་ཡོངས་སུ་གྲུབ་པ་ཡང་མེད་ན། འདི་དག་ནི་ཞིང་ཡོངས་སུ་བསྒྲུབ་པར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་བདུད་ཀྱང་མེད། བདུད་དུ་གདགས་པ་ཡང་མེད་ན། འདི་དག་ནི་བདུད་འདུལ་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་ཉན་ཐོས་ཀྱང་མེད། ཉན་ཐོས་སུ་གདགས་པ་ཡང་མེད་ན། འདི་དག་ནི་ཉན་ཐོས་ཀྱི་ཆོས་ལས་འདའ་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་རང་སངས་རྒྱས་ཀྱང་མེད་དེ། རང་སངས་རྒྱས་སུ་གདགས་པ་ཡང་མེད་ན། འདི་དག་ནི་རང་སངས་རྒྱས་ཀྱི་ཆོས་ལས་འདའ་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་སེམས་ཅན་ཡང་མེད། སེམས་ཅན་དུ་གདགས་པ་ཡང་མེད་ན། འདི་དག་ནི་སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་དོན་ཀྱང་མེད། དོན་མ་ཡིན་པ་ཡང་མེད་ན། འདི་དག་ནི་དོན་བྱེད་པར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་འདོད་ཆགས་ཀྱང་མེད། འདོད་ཆགས་སུ་གདགས་པ་ཡང་མེད་ན། འདི་དག་ནི་འདོད་ཆགས་སྤོང་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་ཞེ་སྡང་ཡང་མེད། ཞེ་སྡང་དུ་གདགས་པ་ཡང་མེད་ན། འདི་དག་ནི་ཞེ་སྡང་སྤོང་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་གཏི་མུག་ཀྱང་མེད། གཏི་མུག་ཏུ་གདགས་པ་ཡང་མེད་ན། འདི་དག་ནི་གཏི་མུག་སྤོང་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་ཤེས་པ་ཡང་མེད། མི་ཤེས་པ་ཡང་མེད་ན། འདི་དག་ནི་ཤེས་པ་མངོན་སུམ་དུ་བྱེད་པར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་ཀུན་ནས་ཉོན་མོངས་པ་ཡང་མེད། ཀུན་ནས་ཉོན་མོངས་པར་གདགས་པ་ཡང་མེད་ན། འདི་དག་ནི་ཀུན་ནས་ཉོན་


DKG056_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

མོངས་པ་སྤོང་བར་འདོད་དོ། །རྡོ་རྗེའི་སྙིང་པོའི་གཟུངས་ལ་རྣམ་པར་བྱང་བ་ཡང་མེད། རྣམ་པར་བྱང་བར་གདགས་པ་ཡང་མེད། འདུལ་བ་ཡང་མེད། འདུལ་བ་མ་ཡིན་པ་ཡང་མེད། བྱམས་པ་ཡང་མེད། སྙིང་རྗེ་ཡང་མེད། དགའ་བ་ཡང་མེད། བཏང་སྙོམས་ཀྱང་མེད། སྦྱིན་པ་ཡང་མེད། སེར་སྣ་ཡང་མེད། ཚུལ་ཁྲིམས་ཀྱང་མེད། འཆལ་བའི་ཚུལ་ཁྲིམས་ཀྱང་མེད། བཟོད་པ་ཡང་མེད། གནོད་སེམས་ཀྱང་མེད། བརྩོན་འགྲུས་ཀྱང་མེད། ལེ་ལོ་ཡང་མེད། བསམ་གཏན་ཡང་མེད། རྣམ་པར་གཡེང་བ་ཡང་མེད། ཤེས་རབ་ཀྱང་མེད། འཆལ་བའི་ཤེས་རབ་ཀྱང་མེད། ལྟུང་བ་ཡང་མེད། མི་ལྟུང་བ་ཡང་མེད། ཉན་ཐོས་ཀྱང་མེད། རང་སངས་རྒྱས་ཀྱང་མེད། དེ་བཞིན་གཤེགས་པ་ཡང་མེད། ཆོས་ཀྱང་མེད། ཆོས་མ་ཡིན་པ་ཡང་མེད། ཟབ་མོ་མ་ཡིན་པ་ཡང་མེད། སླ་བ་ཡང་མེད། ཤེས་པ་ཡང་མེད། མི་ཤེས་པ་ཡང་མེད། ཐོབ་པ་ཡང་མེད། མངོན་པར་རྟོགས་པ་ཡང་མེད། འཁོར་བ་ཡང་མེད། མྱ་ངན་ལས་འདས་པ་ཡང་མེད། དྲན་པ་ཉེ་བར་གཞག་པ་རྣམས་ཀྱང་མེད། ཡང་དག་པར་སྤོང་བ་རྣམས་ཀྱང་མེད། རྫུ་འཕྲུལ་གྱི་རྐང་པ་རྣམས་ཀྱང་མེད། དབང་པོ་རྣམས་ཀྱང་མེད། སྟོབས་རྣམས་ཀྱང་མེད། བྱང་ཆུབ་ཀྱི་ཡན་ལག་རྣམས་ཀྱང་མེད། ལམ་ཡང་མེད་དོ། །འཇམ་དཔལ་རྡོ་རྗེའི་སྙིང་པོའི་གཟུངས་ཐོབ་པར་འདོད་པའི་བྱང་ཆུབ་སེམས་དཔས་སོ་སོའི་སྐྱེ་བོའི་ཆོས་རྣམས་ལ་གནས་པར་མི་བྱའོ། །སོ་སོའི་སྐྱེ་བོའི་ཆོས་རྣམས་གཟུང་བར་མི་བྱ། དོར་བར་མི་བྱ། རྣམ་པར་བསྒྲུབ་པར་མི་བྱ། འདའ་བར་མི་བྱ། འཕོ་བར་མི་བྱ། བཏང་སྙོམས་སུ་གནས་པར་མི་བྱ། བསམ་པར་མི་བྱ། མངོན་པར་འབྱུང་བར་མི་བྱ། ལེ་ལོར་མི་བྱ། ཆགས་པར་མི་བྱ། མི་ཆགས་པར་མི་བྱ། ཡོངས་སུ་ཡི་ཆད་པར་མི་བྱ། རེག་པར་མི་བྱའོ། །སོ་སོ་སྐྱེ་བོའི་ཆོས་རྣམས་ལ་ཀུན་ནས་ཉོན་མོངས་པར་འདུ་ཤེས་བསྐྱེད་པར་མི་བྱ། སྦྱིན་པར་འདུ་ཤེས་བསྐྱེད་པར་མི་བྱ། བཏང་བར་འདུ་ཤེས་བསྐྱེད་པར་མི་བྱའོ། །སོ་སོ་སྐྱེ་བོའི་ཆོས་རྣམས་ཀྱང་སངས་རྒྱས་ཀྱི་


DKG056_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སུ་མ་གཏོགས་པར་བལྟ་བར་མི་བྱ། སངས་རྒྱས་ཀྱི་ཆོས་རྣམས་སོ་སོ་སྐྱེ་བོའི་ཆོས་རྣམས་དང་སྦྱར་བར་མི་བྱ། སོ་སོ་སྐྱེ་བོའི་ཆོས་རྣམས་དང་སངས་རྒྱས་ཀྱི་ཆོས་རྣམས་སྦྱར་བར་མི་བྱ། སོ་སོ་སྐྱེ་བོའི་ཆོས་རྣམས་དམིགས་པར་མི་བྱ། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་སྦྱར་བར་མི་བྱའོ། །སངས་རྒྱས་ཀྱི་ཆོས་རྣམས་ཀྱང་གཟུང་བར་མི་བྱ། སོ་སོ་སྐྱེ་བོའི་ཆོས་རྣམས་ཀྱང་དོར་བར་མི་བྱ། སོ་སོ་སྐྱེ་བོའི་ཆོས་རྣམས་བསྲུང་བར་མི་བྱ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ལ་ཡང་གནས་པར་མི་བྱ་སྟེ། སྨོན་ལམ་ཡང་མི་གཏོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་རྡོ་རྗེའི་སྙིང་པོའི་གཟུངས་ནི་རྣམ་པར་མི་རྟོག་པ་སྟེ། འདོད་ཆགས་སུ་ཡང་དག་པར་འདུ་བ། ཞེ་སྡང་དུ་ཡང་དག་པར་འདུ་བ། གཏི་མུག་ཏུ་ཡང་དག་པར་འདུ་བ། བུད་མེད་དུ་ཡང་དག་པར་འདུ་བ། སྐྱེས་པར་ཡང་དག་པར་འདུ་བ། ལྷར་ཡང་དག་པར་འདུ་བ། ཀླུར་ཡང་དག་པར་འདུ་བ། གནོད་སྦྱིན་དུ་ཡང་དག་པར་འདུ་བ། དྲི་ཟར་ཡང་དག་པར་འདུ་བ། ལྷ་མ་ཡིན་དུ་ཡང་དག་པར་འདུ་བ། ནམ་མཁའ་ལྡིང་དུ་ཡང་དག་པར་འདུ་བ། ལྟོ་འཕྱེ་ཆེན་པོར་ཡང་དག་པར་འདུ་བ། སངས་རྒྱས་སུ་ཡང་དག་པར་འདུ་བ། ཆོས་སུ་ཡང་དག་པར་འདུ་བ། དགེ་འདུན་དུ་ཡང་དག་པར་འདུ་བ། ཉན་ཐོས་སུ་ཡང་དག་པར་འདུ་བ། རང་སངས་རྒྱས་སུ་ཡང་དག་པར་འདུ་བ། སེམས་ཅན་དམྱལ་བར་ཡང་དག་པར་འདུ་བ། དུད་འགྲོའི་སྐྱེ་གནས་སུ་ཡང་དག་པར་འདུ་བ། གཤིན་རྗེའི་འཇིག་རྟེན་དུ་ཡང་དག་པར་འདུ་བ། ངན་པར་ཡང་དག་པར་འདུ་བ། བཟང་པོར་ཡང་དག་པར་འདུ་བ། སར་ཡང་དག་པར་འདུ་བ། ཆུར་ཡང་དག་པར་འདུ་བ། མེར་ཡང་དག་པར་འདུ་བ། རླུང་དུ་ཡང་དག་པར་འདུ་བ། མིག་ཏུ་ཡང་དག་པར་འདུ་བ། རྣ་བར་ཡང་དག་པར་འདུ་བ། སྣར་ཡང་དག་པར་འདུ་བ། ལྕེར་ཡང་དག་པར་འདུ་བ། ལུས་སུ་ཡང་དག་པར་འདུ་བ། ཡིད་དུ་ཡང་དག་པར་འདུ་བ་སྟེ། འཇམ་དཔལ་རྡོ་རྗེའི་སྙིང་པོའི་གཟུངས་ནི་ཆོས་ཐམས་ཅད་དུ་ཡང་དག་པར་འདུ་བའོ། །འཇམ་དཔལ་འདི་ལྟ་སྟེ། དཔེར་ན་ཤར་ཕྱོགས་ཀྱི་ནམ་མཁའི་ཁམས་


DKG056_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ་དང་། ལྷོ་ཕྱོགས་ཀྱི་གང་ཡིན་པ་དང་། ནུབ་ཕྱོགས་ཀྱི་གང་ཡིན་པ་དང་། བྱང་ཕྱོགས་ཀྱི་གང་ཡིན་པ་དང་། འོག་གི་གང་ཡིན་པ་དང་། སྟེང་གི་ནམ་མཁའི་ཁམས་གང་ཡིན་པ་དེ་དག་ཐམས་ཅད་ནམ་མཁའི་ཁམས་སུ་ཡང་དག་པར་འདུ་བར་འགྱུར་བ་དེ་བཞིན་དུ་འཇམ་དཔལ་རྡོ་རྗེའི་སྙིང་པོའི་གཟུངས་འདི་ཡང་ཆོས་ཐམས་ཅད་དུ་ཡང་དག་པར་འདུ་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་འདོད་ཆགས་གཟུངས་ཀྱི་གཞི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདོད་ཆགས་འདོད་ཆགས་ཞེས་བྱ་བ་ནི་ཤར་ཕྱོགས་ནས་འོངས་ཏེ་སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན། ལྷོ་ཕྱོགས་ནས་མ་ཡིན། ནུབ་ཕྱོགས་ནས་མ་ཡིན། བྱང་ཕྱོགས་ནས་མ་ཡིན། འོག་ནས་མ་ཡིན། སྟེང་གི་ཕྱོགས་ནས་མ་འོངས་ཏེ། སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན་ནོ། །ནང་ནས་སྐྱེས་ཏེ། སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པར་བྱེད་པ་མ་ཡིན། ཕྱི་རོལ་ནས་ཀྱང་མ་ཡིན་ནོ། །འཇམ་དཔལ་གལ་ཏེ་འདོད་ཆགས་ནང་ནས་ལངས་ཏེ་སེམས་ཅན་རྣམས་ལ་ཀུན་ནས་ཉོན་མོངས་པར་བྱེད་ན་ནི། དེའི་ཕྱིར་སེམས་ཅན་རྣམས་ཀུན་ནས་ཉོན་མོངས་པ་ཅན་ཉིད་དུ་འགྱུར་ཏེ། ཕྱིས་ཀྱང་ཆོས་མངོན་པར་རྟོགས་པར་མི་འགྱུར་རོ། །འཇམ་དཔལ་ཆོས་ནི་མི་འོང་། མི་འགྲོ་ནང་ན་མི་འདུག །ཕྱི་རོལ་ན་ཡང་མི་འདུག །གཉིས་ཀ་མེད་པར་ཡང་མི་འདུག་སྟེ། དེ་ལ་བགྲང་བ་གང་ཡང་མེད་དེ། དེས་ན་འདོད་ཆགས་ནི་གཟུངས་ཀྱི་གཞི་ཞེས་བྱའོ། །ཞེ་སྡང་ནི་གཟུངས་ཀྱི་གཞིའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཞེ་སྡང་གཟུངས་ཀྱི་གཞི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཞེ་སྡང་ནི་ཅ་ཅོ་བཏོན་པ་ལས་འབྱུང་སྟེ། ཅ་ཅོ་བཏོན་པ་དེ་ནི་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །འཇམ་དཔལ་གལ་ཏེ་འདས་པ་ལས་ཆོས་


DKG056_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་བྱུང་དུ་ཟིན་ན་རྟག་པར་འགྱུར་རོ། །འཇམ་དཔལ་མ་འོངས་པའི་རྐྱེན་རྣམས་ལས་ཀྱང་ཞེ་སྡང་འབྱུང་བ་མེད་དོ། །ད་ལྟར་གྱི་རྐྱེན་ཀྱང་འདུག་པ་མེད་ཅིང་མ་འགགས་པའོ། །འཇམ་དཔལ་ཆོས་གང་འདས་པ་ལས་མ་བྱུང་། མ་འོངས་པ་ལས་ཀྱང་མ་ཡིན། ད་ལྟར་གྱི་ལས་ཀྱང་མ་ཡིན་པ་དེ་ནི་དུས་གསུམ་ཡོངས་སུ་དག་པའི་གཟུངས་ཀྱི་གཞི་ཞེས་བྱའོ། །འཇམ་དཔལ་གཏི་མུག་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་གཏི་མུག་གཟུངས་ཀྱི་གཞི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གཏི་མུག་ནི་མ་རིག་པ་ལས་བྱུང་སྟེ། མ་རིག་པ་དེ་ཡང་སའི་ཁམས་དང་མ་འདྲེས། ཆུའི་ཁམས་དང་མ་ཡིན། མེའི་ཁམས་དང་མ་ཡིན། རླུང་གི་ཁམས་དང་མ་ཡིན། ནམ་མཁའི་ཁམས་དང་མ་ཡིན། རྣམ་པར་ཤེས་པའི་ཁམས་དང་མ་འདྲེས་པའོ། །འཇམ་དཔལ་མ་འདྲེས་པའི་ཆོས་ནི་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ཞིང་རྣམ་པར་བྱང་བར་མི་འགྱུར་རོ། །འཇམ་དཔལ་གལ་ཏེ་མ་འདྲེས་པའི་ཆོས་དེ་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་བའམ། རྣམ་པར་བྱང་བར་འགྱུར་དུ་ཟིན་ན། ནམ་མཁའ་ཡང་ཀུན་ནས་ཉོན་མོངས་པ་ཅན་དུ་འགྱུར་ཞིང་རྣམ་པར་བྱང་བར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ནམ་མཁའ་ནི་ཆོས་གང་དང་ཡང་མ་འདྲེས་པ་སྟེ། འཇམ་དཔལ་གང་མ་རིག་པ་དང་མ་འདྲེས་པ། མི་འཕོ་བ། འདུལ་བ་མ་ཡིན་པ། ཡོད་པ་མ་ཡིན་པ། མ་བྱུང་བ། དངོས་པོ་མེད་པ། མི་མཐོང་བ། མི་སྣང་བ། གཟུང་དུ་མེད་པ། མ་བཅིངས་པ། མ་གྲོལ་བ། ཚད་མེད་པ། ཡ་མ་བརླ། གསོབ། གསོག་སྟོང་པ་ནི་ཀུན་ནས་ཉོན་མོངས་པ་ཞེའམ། རྣམ་པར་བྱང་བ་ཞེས་བརྗོད་པར་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་མ་རིག་པ་མ་རིག་པ་ཞེས་དེ་བཞིན་གཤེགས་པས་བསྟན་པ་དེའི་ཐོག་མ་མེད་དོ། །རྟག་ཏུ་གཅིག་པ་ཉིད་ཀྱང་མེད་དོ། །ཐོག་མའི་མཐའ་ཡང་མེད། ཐ་མའི་མཐའ་ཡང་མེད། ད་ལྟར་བྱུང་བ་ཡང་མེད་དེ། དེས་ན་མ་རིག་པ་ཞེས་བྱའོ། །འཇམ་དཔལ་ཆོས་གང་མེད་


DKG056_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མི་རྙེད། རྣམ་པར་མི་རིག །མི་སྣང་། མི་ཆགས། རྣམ་པར་མི་ཆགས། ཞེ་མི་སྡང་། གཏི་མི་མུག་པ་སྟེ། ཆོས་གང་ལ་ཡང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། སྒྲིབ་པའི་བྱ་བ་བྱེད་དམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་གལ་ཏེ་དེ་ནི་མ་རིག་པའི་ཆོས་གང་ལ་ཡང་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བའམ། སྒྲིབ་པའི་བགྱི་བ་མི་བགྱིད་ན། ཇི་ལྟར་ན་བཅོམ་ལྡན་འདས་ཀྱིས་མ་རིག་པ་ཀུན་ནས་ཉོན་མོངས་པ་ཞེས་བཀའ་སྩལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ་དཔེར་ན། གཙུབ་ཤིང་དང་གཙུབ་སྟན་ལ་ཡང་བརྟེན། མིའི་ལག་པས་གཙུབས་པ་ལ་ཡང་བརྟེན་ནས་དུ་བ་འབྱུང་ཞིང་མེ་མངོན་པར་འགྲུབ་སྟེ། མེ་དེ་ཡང་གཙུབ་ཤིང་ལ་ཡང་མི་གནས། གཙུབ་སྟན་ལ་ཡང་མི་གནས། མིའི་ལག་པས་གཙུབས་པ་ལ་ཡང་མི་གནས་སོ། །འཇམ་དཔལ་དེ་བཞིན་དུ་སྐྱེས་བུ་གང་ཟག་རྨོངས་པ་ལ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ཡོངས་སུ་གདུང་བའི་མེ་འབྱུང་སྟེ། ཡོངས་སུ་གདུང་བ་དེ་ཡང་ནང་ན་ཡང་མི་གནས། ཕྱི་རོལ་ན་ཡང་མི་གནས་གཉི་ག་མེད་པར་ཡང་མི་གནས་མོད་ཀྱི། འཇམ་དཔལ་འོན་ཀྱང་གཏི་མུག་ཅེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ཐམས་ཅད་ནི་ཤིན་ཏུ་གྲོལ་བ་ཡིན་པའི་ཕྱིར་ཏེ། ཆོས་གང་ཤིན་ཏུ་གྲོལ་བ་དེ་ནི་གཟུངས་ཀྱི་གཞི་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྒོ་གང་དང་ལྡན་ན། ཐམས་ཅད་ཀྱི་རྗེས་སུ་སོང་བའི་གཟུངས་ཐོབ་པར་འགྱུར་བའི་ཆོས་ཀྱི་སྒོ་འགའ་མཆིས་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྒོ་གང་དང་ལྡན་ན། ཐམས་ཅད་ཀྱི་རྗེས་སུ་སོང་བའི་གཟུངས་ཐོབ་པའི་ཆོས་ཀྱི་སྒོ་ཡོད་དེ། ཡི་གེ་གཅིག་ལས་ཡི་གེ་འབུམ་དུ་བཤད་ཀྱང་ཡི་གེ་དེའི་མཐའ་མི་རྟོགས་ཏེ། ཆོས་ཀྱི་སྒོ་གང་དང་གང་གིས་བཤད་པའི་ཆོས་ཀྱི་སྒོ་དེ་དང་


DKG056_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལས་ཆོས་ཀྱི་སྒོ་མཐའ་ཡས་པ་དག་སྣང་བར་འགྱུར་ཞིང་སྤོབས་པ་ཡང་ཐོགས་པ་མེད་དོ། །དེ་སྤོབས་པ་ཡང་ཐོགས་པ་མེད་པའི་ཕྱིར་ཆོས་ཀྱི་སྒོ་ཐམས་ཅད་བརྗོད་དོ། །ཆོས་ཀྱི་སྒོའི་ཚིག་གཅིག་ལ་ཆོས་ཀྱི་སྒོའི་ཚིག་ཐམས་ཅད་རྗེས་སུ་འཇུག་པར་བྱེད་དོ། །ཆོས་ཀྱི་སྒོའི་ཚིག་ཐམས་ཅད་ལ་ཆོས་ཀྱི་སྒོའི་ཚིག་གཅིག་རྗེས་སུ་འཇུག་པར་བྱེད་དོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་སྒོ་དེ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ལྷའི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་འདུལ་བའི་ས་ལ་གནས་པ་སྟེ། དེ་ནི་ལྷ་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ཀླུའི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་མིང་མེད་པ། ཡི་གེ་ཡོངས་སུ་ཆད་པ། ཡི་གེ་མེད་པ། ཡི་གེས་ཡོངས་སུ་བརྗོད་པ་སྟེ། དེ་ནི་ཀླུ་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་གནོད་སྦྱིན་གྱི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་མ་སྐྱེས་པའི་ཕྱིར་མི་ཟད་པའི་རྣམ་པར་ཞུགས་པའི་སྒོ་སྟེ། དེ་ནི་གནོད་སྦྱིན་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་དྲི་ཟའི་སྒོ་སྟེ། དེ་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་ཚད་མེད། གྲངས་མེད། དཔག་ཏུ་མེད། ནམ་མཁའ་དང་མཉམ་པའི་ཕྱིར་བགྲང་བ་ལས་འདས་པ་སྟེ། དེ་ནི་དྲི་ཟ་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ལྷ་མ་ཡིན་གྱི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་


DKG056_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་མེད་པའི་སྒོ་སྟེ། མིང་དུ་རིག་པར་བྱ་བ་མ་ཡིན། གཟུགས་སུ་རིག་པར་བྱ་བ་མ་ཡིན། སྒྲར་རིག་པར་བྱ་བ་མ་ཡིན། དྲིར་རིག་པར་བྱ་བ་མ་ཡིན། རོར་རིག་པར་བྱ་བ་མ་ཡིན། རེག་པར་རིག་པར་བྱ་བ་མ་ཡིན། ཡིད་དུ་རིག་པར་བྱ་བ་མ་ཡིན། སངས་རྒྱས་སུ་རིག་པར་བྱ་བ་མ་ཡིན། ཆོས་སུ་རིག་པར་བྱ་བ་མ་ཡིན། དགེ་འདུན་དུ་རིག་པར་བྱ་བ་མ་ཡིན། ཉན་ཐོས་སུ་རིག་པར་བྱ་བ་མ་ཡིན། རང་སངས་རྒྱས་སུ་རིག་པར་བྱ་བ་མ་ཡིན། སོ་སོ་སྐྱེ་བོར་རིག་པར་བྱ་བ་མ་ཡིན་ཞིང་། འཇམ་དཔལ་ཆོས་ཐམས་ཅད་ནི་ཤིན་ཏུ་ཀུན་ནས་མ་སྐྱེས་པའི་ཚུལ་གྱིས་རིག་པར་བྱ་བ་མ་ཡིན་པ་སྟེ། དེ་ནི་ལྷ་མ་ཡིན་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ནམ་མཁའ་ལྡིང་གི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་འོང་བ་མེད་ཅིང་འགྲོ་བ་མེད་པ་སྟེ། མི་རྒྱུག་པ། རྣམ་པར་མི་རྒྱུག་པ། མི་འབྲོས་པ། མི་འགྲོ་བ། མི་འོང་བ། མི་འཕོ་བ། མི་སྐྱེ་བ། མི་རྟེན་པ། མི་གནས་པ། མི་ཆགས་པ། མི་འཆིང་བ། ཞེ་མི་སྡང་བ། གཏི་མི་མུག་པ། མི་འགྲོལ་བ། མི་གནས་པ། རབ་ཏུ་མི་གནས་པ་སྟེ། འཇམ་དཔལ་ནམ་མཁའ་ལ་ཆགས་པ་མེད་པའི་ཕྱིར། ཆོས་ཐམས་ཅད་ནི་གནས་པ་མེད་པའི་སྒོ་སྟེ། དེ་ནི་ནམ་མཁའ་ལྡིང་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་མི་འམ་ཅིའི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་བྱེད་པ་པོ་ལས་ལོག་པ་སྟེ། མ་བྱས་པ། མི་འགྱུར་བ། བྱེད་པ་པོ་ཀུན་ཏུ་བསལ་ན་མི་རྙེད་པ་སྟེ། འཇམ་དཔལ་དེ་ནི་མི་འམ་ཅི་ལྟ་བུའི་སྒོར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་ལྟོ་འཕྱེ་ཆེན་པོའི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ།


DKG056_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་ཆོས་ཐམས་ཅད་ནི་དྲི་མ་དང་བྲལ་ཞིང་ཤིན་ཏུ་འོད་གསལ་བ་སྟེ། སེམས་ཅན་ཐམས་ཅད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱ་བའམ། རྣམ་པར་བྱང་བར་བྱར་མི་ནུས་པ་དེ་ནི་རྣམ་པར་དག་པའི་གཟུངས་ཀྱི་གཞིའོ། །དེ་ཅིའི་ཕྱིར་ཞེ་ན། འཇམ་དཔལ་ཆོས་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་ནི་ལྟོ་འཕྱེ་ཆེན་པོ་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་བུད་མེད་ཀྱི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་འདི་ལྟ་སྟེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ཕྱིར་མི་བདེན་པ། སྐྱེས་པའི་དབང་པོ་དང་། བུད་མེད་ཀྱི་དབང་པོ་དང་བྲལ་བ་སྟེ། དེ་ནི་བུད་མེད་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་སྐྱེས་པའི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཀའ་སྩལ་པ། འཇམ་དཔལ་རྣམ་པ་ཐམས་ཅད་དུ་སྐྱེས་པ་ཉིད་ནི་མི་དམིགས་ཏེ། ཐོག་མའི་མཐར་ཡང་མི་དམིགས། ཐ་མའི་མཐར་ཡང་མི་དམིགས། ད་ལྟར་བྱུང་བར་ཡང་མི་དམིགས་སོ། །འཇམ་དཔལ་གང་དུས་གསུམ་དུ་མི་དམིགས་པ་དེ་ལ་སྐྱེས་པ་ཡང་མེད། བུད་མེད་ཀྱང་མེད་དེ། གཞན་དུ་ན་མིང་གི་བརྡས་བརྗོད་པར་ཟད་དོ། །མིང་དེ་ཡང་དབེན་པ་སྟེ། གཟུངས་ཀྱི་བརྡས་དེ་དག་བཏགས་སོ། །གཟུངས་དེ་ཡང་འབྱུང་བ་ཆེན་པོ་བཞི་ལས་གྱུར་པ་སྟེ། འབྱུང་བ་ཆེན་པོ་བཞི་རྣམས་ཀྱི་སྐྱེ་བ་ཡང་མི་དམིགས་སོ། །ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་གཏན་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དེ་ནི་སྐྱེས་པ་ལྟ་བུར་འཇུག་པའི་གཟུངས་ཀྱི་གཞིའོ། །འཇམ་དཔལ་ཆོས་ཐམས་ཅད་ནི་སེམས་ཅན་དམྱལ་བའི་སྒོ་སྟེ། འདི་ནི་གཟུངས་ཀྱི་གཞིའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་དེ་གཟུངས་ཀྱི་གཞི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་


DKG056_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་སེམས་ཅན་དམྱལ་བ་གང་དུ་ཡང་དག་པར་འདུ་བར་འགྱུར། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སེམས་ཅན་དམྱལ་བ་ནི་ནམ་མཁའ་ཡང་དག་པར་འདུ་བ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། སེམས་ཅན་དམྱལ་བ་རང་གི་རྟོག་པ་ལས་བྱུང་ངམ། འོན་ཏེ་ངོ་བོ་ཉིད་ལས་བྱུང་། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་བྱིས་པ་སོ་སོ་སྐྱེ་བོ་རང་གི་རྟོག་པས། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། གཤིན་རྗེའི་འཇིག་རྟེན་དུ་རིག་སྟེ། དེ་དག་མ་མཆིས་པ་ལ་སྒྲོ་བཏགས་པའི་སླད་དུ། ངན་སོང་གསུམ་དུ་གནོད་པ་ཚོར་ཞིང་སྡུག་བསྔལ་མྱོང་ལགས་སོ། །བཅོམ་ལྡན་འདས་བདག་གིས་སེམས་ཅན་དམྱལ་བ་ཇི་ལྟར་མི་མཐོང་བ་དེ་བཞིན་དུ་སེམས་ཅན་དམྱལ་བ་པ་རྣམས་མི་མཐོང་སྟེ། སེམས་ཅན་དམྱལ་བའི་སྡུག་བསྔལ་ཡང་མ་མཆིས་སོ། །བཅོམ་ལྡན་འདས་འདི་ལྟ་སྟེ། དཔེར་བགྱི་ན་མི་ལ་ལ་ཞིག་གཉིད་ཀྱིས་ལོག་པའི་རྨི་ལམ་ན་བདག་སེམས་ཅན་དམྱལ་བར་ལྟུང་བ་སྙམ་དུ་རིག་ནས། དེ་དེ་ན་ལྕགས་ཀྱི་བུམ་པ་རབ་ཏུ་ཁོལ་བ། ཤིན་ཏུ་འབར་བ་འདོམ་དུ་མ་མཆིས་པའི་ནང་ན་བདག་བཅུག་ནས་དེ་དེ་ན་སྡུག་བསྔལ་གྱི་ཚོར་བ་མྱོང་བར་རབ་ཏུ་འཚལ་ཏེ། དེ་ཡིད་དངངས་ཤིང་ཡོངས་སུ་གདུང་བར་རིག་ནས་འཇིགས་སྐྲག་སྟེ་དངངས་ནས། དེ་སླར་སད་པ་དང་། ཀྱེ་མའོ་སྡུག་བསྔལ་ལོ། །ཀྱེ་མ་སྡུག་བསྔལ་ལོ་ཞེས་ཆོ་ངེས་འདེབས་ན་དེའི་མཛའ་བཤེས་དང་། ཉེ་དུ་དང་། ཕུ་ནུ་རྣམས་ཀྱིས་ཁྱོད་ཅིས་སྡུག་བསྔལ་ཞེས་དྲིས་པ་དང་། མི་དེས་དེ་དག་ལ་འདི་སྐད་ཅེས་བདག་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་བ་མྱོང་ངོ་། །ཞེས་སྨྲས་ནས། ཡང་དེ་མཛའ་བཤེས་དང་། ཉེ་དུ་དང་། ཕུ་ནུ་རྣམས་ལ་གཤེ་ཞིང་འཚིག་སྟེ། བདག་ནི་སེམས་ཅན་དམྱལ་བའི་སྡུག་བསྔལ་བ་མྱོང་ན། ཁྱོད་ཀྱིས་སླར་ཕྱི་ཕྱིར་ཞིང་ང་ལ་ཅིས་སྡུག་བསྔལ་ཞེས་དྲིར་ཅི་ཡོད་ཅེས་མཆི་ལ། དེ་ནས་མཛའ་བཤེས་དང་། ཉེ་དུ་དང་། ཕུ་ནུ་དེ་དག་གིས་མི་དེ་ལ་འདི་སྐད་ཅེས། ཀྱེ་མ་འཇིགས་ཤིག །མ་


DKG056_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

འཇིགས་ཤིག །མི་ཁྱོད་ནི་གཉིད་ཀྱིས་ལོག་སྟེ་ཁྱིམ་འདི་ནས་གར་ཡང་མ་སོང་ངོ་། །ཞེས་བགྱིས་པ་དང་། མི་དེས་སླར་དྲན་པ་རྙེད་ནས་བདག་ནི་གཉིད་ཀྱིས་ལོག་སྟེ། ཡང་དག་པ་མ་ཡིན་པ་དངོས་པོ་མེད་པ་དེ་ལ་བདག་གིས་བརྟགས་པར་ལྟ་ཞིག་སྟེ། དངོས་པོ་ཅི་ཡང་མེད་དོ་སྙམ་བགྱིད་ནས། དེ་སླར་ཡང་ཡིད་བདེ་བ་རྙེད་ན། བཅོམ་ལྡན་འདས་ཇི་ལྟར་མི་དེ་གཉིད་ཀྱིས་ལོག་པའི་རྨི་ལམ་ན། མ་མཆིས་པ་ལ་སྒྲོ་བཏགས་ནས་བདག་སེམས་ཅན་དམྱལ་བར་མཆིས་སོ་སྙམ་དུ་རིག་པ་དེ་བཞིན་དུ། བཅོམ་ལྡན་འདས་བྱིས་པ་སོ་སོ་སྐྱེ་བོ་ཐམས་ཅད་མཆིས་པ་མ་ལགས་པའི་འདོད་ཆགས་ཀྱིས་ཀུན་ཏུ་དཀྲིས་པས་བུད་མེད་ཀྱི་མཚན་མར་རྟོག་གོ །དེ་དག་གིས་བུད་མེད་ཀྱི་མཚན་མར་བརྟགས་ནས། བུད་མེད་དང་བདག་ལྷན་ཅིག་ཏུ་རྩེ་དགའ་ཞིང་དགའ་དགུར་སྤྱོད་པར་རིག་སྟེ། དེ་དག་འདི་སྙམ་དུ་བདག་ནི་སྐྱེས་པ། འདི་ནི་བུད་མེད་དོ། །འདི་ནི་བདག་གི་བུད་མེད་དོ་སྙམ་ནས། དེ་སྲེད་པའི་འདོད་ཆགས་ཀྱིས་ཀུན་ཏུ་དཀྲིས་པའི་སེམས་ཀྱིས་དེ་ལོངས་སྤྱོད་ཚོལ་བར་སེམས་གཏད་དོ། །དེ་གཞི་དེ་ལས་འཐབ་པ་དང་འགྱེད་པ་དང་། རྩོད་པ་སྐྱེད་དེ། དེའི་དབང་པོ་རབ་ཏུ་ཁྲོས་པས་འཁོན་བྱུང་ངོ་། །དེ་འདུ་ཤེས་ཕྱིན་ཅི་ལོག་པ་དེས་གུམ་མ་ཐག་ཏུ་བསྐལ་པ་སྟོང་ཕྲག་མང་པོར་བདག་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་ཚོར་བ་ཉམས་སུ་མྱོང་བ་སྙམ་དུ་འཚལ་ཏོ། །བཅོམ་ལྡན་འདས་འདི་ལྟ་སྟེ། མི་དེ་ལ་མཛའ་བཤེས་དང་། ཉེ་དུ་དང་། ཕུ་ནུ་རྣམས་ཀྱིས་འདི་སྐད་ཅེས་མ་འཇིགས་ཤིག །མ་འཇིགས་ཤིག །མི་ཁྱོད་ནི་གཉིད་ཀྱིས་ལོག་སྟེ། ཁྱིམ་འདི་ནས་གར་ཡང་མ་སོང་ངོ་། །ཞེས་མཆི་བ་ལྟར། བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱིན་ཅི་ལོག་བཞིས་རྣམ་པར་མྱོས་པའི་སེམས་ཅན་རྣམས་ལ་ཆོས་བསྟན་ཏེ། འདི་ལ་བུད་མེད་ཀྱང་མེད། སྐྱེས་པ་ཡང་མེད། སེམས་ཅན་ཡང་མེད། སྲོག་ཀྱང་མེད། གསོ་བ་ཡང་མེད། གང་ཟག་ཀྱང་མེད། ཆོས་འདི་དག་ཐམས་ཅད་ནི་ཡང་དག་པ་མ་ཡིན་པའོ། །ཆོས་འདི་དག་ཐམས་ཅད་ནི་མེད་པའོ། །ཆོས་འདི་དག་ཐམས་ཅད་ནི་རྣམ་པར་བསྒྲུབས་པའོ། །ཆོས་འདི་དག་


DKG056_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ནི་བརྟགས་པའོ། །ཆོས་འདི་དག་ཐམས་ཅད་ནི་སྟོང་པའོ། །ཆོས་འདི་དག་ཐམས་ཅད་ནི་སྐྱེ་བ་མེད་པའོ། །ཆོས་འདི་དག་ཐམས་ཅད་ནི་འགག་པ་མེད་པའོ། །ཆོས་འདི་དག་ཐམས་ཅད་ནི་དངོས་པོ་མེད་པའོ། །ཆོས་འདི་དག་ཐམས་ཅད་ནི་མ་འབྲེལ་པའོ། །ཆོས་འདི་དག་ཐམས་ཅད་ནི་རྨི་ལམ་ལྟ་བུའོ། །ཆོས་འདི་དག་ཐམས་ཅད་ནི་སྒྱུ་མ་ལྟ་བུའོ། །ཆོས་འདི་དག་ཐམས་ཅད་ནི་ཆུ་ཟླ་ལྟ་བུ་སྟེ། འདི་ལ་སུ་ཡང་མི་ཆགས་མི་སྡང་མི་རྨོངས་ཏེ། ཡང་དག་པ་མ་ཡིན་པ་ལ་མ་རྟོགས་ཤིག་ཅེས་བསྟན་པ་དང་། དེ་དག་གིས་དེ་བཞིན་གཤེགས་པའི་ཆོས་དེ་ཐོས་ནས། ཆོས་ཐམས་ཅད་ལ་འདོད་ཆགས་མ་མཆིས་པར་མཐོང་ངོ་། །ཆོས་ཐམས་ཅད་ལ་ཞེ་སྡང་མ་མཆིས་པ་དང་། གཏི་མུག་མ་མཆིས་པ་དང་། སྒྲིབ་པ་མ་མཆིས་པ་དང་། ཆགས་པ་མ་མཆིས་པར་མཐོང་ངོ་། །ཆོས་ཐམས་ཅད་ཤིན་ཏུ་གྲོལ་བ་དང་། གཏན་ཏུ་ཡོངས་སུ་མྱ་ངན་ལས་འདས་པར་མཐོང་ནས། དེ་དག་སེམས་ནམ་མཁའ་ལ་གནས་ཏེ། འགུམ་པའི་དུས་བགྱིས་སོ། །འགུམ་པའི་དུས་བགྱིས་མ་ཐག་ཏུ་ཕུང་པོའི་ལྷག་མ་མ་མཆིས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་དེ་ཡང་དེ་དང་འདྲ་སྟེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་དམྱལ་བ་དེ་ལྟར་མཐོང་ལགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ལེགས་སོ། །ལེགས་སོ། །འཇམ་དཔལ་ཇི་ལྟར་ཁྱོད་ཀྱིས་སེམས་ཅན་དམྱལ་བ་མཐོང་བ་དེ་བཞིན་དུ་བལྟའོ། །ཇི་ལྟར་ཁྱོད་རྣམ་པར་མི་རྟོག་པ་དེ་བཞིན་དུ་མི་བརྟག་པར་བྱའོ། །འཇམ་དཔལ་སེམས་ཅན་དམྱལ་བ་དེ་ལྟར་མཐོང་ན་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་རོ། །སེམས་ཅན་དམྱལ་བ་ངེས་པར་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་དགུ་ཁྲི་ཉིས་སྟོང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། དེ་དག་ཚིག་འཐུན་པར་འདི་སྐད་ཅེས། འདི་ལྟར་སེམས་ཅན་དམྱལ་བའི་ཆོས་རྣམས་ལས། སངས་རྒྱས་ཀྱི་ཆོས་རྙེད་པར་རུང་བ་ནི། སངས་རྒྱས་ཀྱི་ཡུལ་འདི་ངོ་མཚར་ཏེ།


DKG056_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ། །ཞེས་འཛེར་ཏོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གཉིས་སུ་མ་མཆིས་པའི་སྒོ་གང་གིས། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་སུ་རྟོགས་ཤིང་གཉིས་ལྟ་བུར་མི་བགྱིད་པ་གཉིས་སུ་མ་མཆིས་པའི་ཆོས་ཀྱི་སྒོ་བྱང་ཆུབ་སེམས་དཔའ་རྣམས་ལས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་དེའི་ཕྱིར་ཀུན་ནས་ངེས་པར་བསྟན་པ་ཞེས་བྱ་བའི་ཆོས་ཀྱི་སྒོ་འདི་ནི་ཆོས་ཀྱི་སྒོ་གང་གིས། བྱང་ཆུབ་སེམས་དཔའ་རྣམས་ཉོན་མོངས་པ་ཐམས་ཅད་ལ། སངས་རྒྱས་ཀྱི་ཆོས་རྣམས་ཡང་དག་པར་བགྲོ་བར་བྱེད་པའོ། །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་གཉིས་སུ་མ་མཆིས་པའི་སྒོ་དེ་ཇི་ལྟ་བུ་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བའི་གཟུངས་ཀྱི་སྒོ་འདི་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་བཅོམ་ལྡན་འདས་ཀྱི་ལྟར་མཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །འཇམ་དཔལ་མ་རིག་པ་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན། མ་རིག་པ་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་མེད་པའི་ཕྱིར། མ་རིག་པ་ཞེས་བྱའོ། །གང་མེད་པ་དེ་ལ་སྐྱེ་བ་མེད་དོ། །གང་མ་སྐྱེས་པ་དེ་ལ་ཀུན་ནས་ཉོན་མོངས་པ་མེད་དོ། །འཇམ་དཔལ་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་ནི་བྱང་ཆུབ་སྟེ། རང་བཞིན་གྱིས་འོད་གསལ་བ་རྟག་ཏུ་མ་སྐྱེས་པའོ། །འཇམ་དཔལ་དེ་བཞིན་གཤེགས་པས་དོན་གྱི་དབང་འདི་གཟིགས་ནས། མ་རིག་པ་དང་བྱང་ཆུབ་གཉིས་སུ་མེད་པར་སྟོན་ཏོ། །འཇམ་དཔལ་ངས་མ་རིག་པ་འདི་མ་རྙེད་དེ། དེའི་ཕྱིར་མ་རིག་པ་ཞེས་བསྟན་ཏོ། །འཇམ་དཔལ་དེ་ནི་མ་རིག་པ་ལྟ་བུར་འཇུག་པ་ཞེས་བྱ་བའི་གཟུངས་


DKG056_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སྒོ་སྟེ། འཇུག་པ་གང་གིས་སྤོབས་པ་མྱུར་བར་འགྱུར་བ། །སྤོབས་པ་རྣོ་བར་འགྱུར་བ། སྤོབས་པ་ཟབ་མོར་འགྱུར་བ། སྤོབས་པ་མ་ཆགས་པར་འགྱུར་བ། སྤོབས་པ་ཐོགས་པ་མེད་པར་འགྱུར་བའོ། །འཇམ་དཔལ་འདུ་བྱེད་རྣམས་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་འདུ་བྱེད་རྣམས་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་འདུ་བྱེད་རྣམས་ནི་གྲངས་མེད་པ། བགྲང་དུ་མེད་པ་སྟེ། དེའི་ཕྱིར་དེ་དག་གི་ཚད་མི་དམིགས་སོ། །མི་དགེ་བ་དང་མཚུངས་པར་ལྡན་ན། སེམས་ཅན་དམྱལ་བར་སྐྱེ་བ་སྟོན་མོད་ཀྱི་འདི་ནས་ཀྱང་མི་འགྲོའོ། །དེར་འཕོ་བ་ཡང་མེད་དོ། །འཇམ་དཔལ་མི་འཕོ་བ་ནི་བྱང་ཆུབ་སྟེ། འོང་བ་དང་། འགྲོ་བ་མེད་པའོ། །འཇམ་དཔལ་དེ་ནི་འདུ་བྱེད་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་རྣམ་པར་ཤེས་པ་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རྣམ་པར་ཤེས་པ་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། ཡང་དག་པ་མ་ཡིན་པ་ལས་བྱུང་བར་དེ་བཞིན་གཤེགས་པས་གསུངས་སོ། །འཇམ་དཔལ་ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་ཡང་དག་པ་མ་ཡིན་པ་ལ་གནས་པ་རྣམས་ཀྱིས་སྒྱུ་མ་ལྟ་བུའི་རྣམ་པར་ཤེས་པ་བརྟགས་ཤིང་རྣམ་པར་བསྒྲུབས་ནས་བསྡུས་པ་དེ་བཞིན་དུ། འཇམ་དཔལ་སངས་རྒྱས་ཀྱི་བྱང་ཆུབ་ཀྱང་སྒྱུ་མ་ལྟ་བུ་སྟེ། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་བརྟགས་ཤིང་། རྣམ་པར་བསྒྲུབས་ནས་བསྡུས་ཏེ། དེ་དག་སངས་རྒྱས་ཀྱི་ཆོས་ལ་ལྷག་པར་དམིགས་ཤིང་། བདག་ཅག་སངས་རྒྱས་སུ་གྱུར་ཅིག །བདག་ཅག་སེམས་ཅན་གྲོལ་བར་བྱེད་པར་གྱུར་ཅིག །བདག་ཅག་འཇིག་རྟེན་གྱི་མཆོག་ཏུ་གྱུར་ཅིག་སྙམ་དུ་དེ་དག་སངས་རྒྱས་ཀྱི་བྱང་ཆུབ་ནམ་མཁའ་དང་འདྲ་བ་ལ་བརྟགས་ནས་རབ་ཏུ་སྤྱོད་དོ། །འཇམ་དཔལ་ངས་ནི་བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས། སངས་རྒྱས་སམ། ཉན་ཐོས་སམ། རང་སངས་རྒྱས་སམ། སོ་སོ་སྐྱེ་བོའི་ཆོས་གང་ཡང་མ་དམིགས་ཏེ། འཇམ་དཔལ་དེ་ནི་རྣམ་པར་ཤེས་པ་ལྟ་བུར་འཇུག་པའི་


DKG056_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

གཟུངས་ཀྱི་སྒོའོ། །འཇམ་དཔལ་མིང་དང་གཟུགས་ཀྱི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་མིང་དང་གཟུགས་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་མིང་ནི་དངོས་པོ་མེད་པར་སྒྲས་བརྗོད་པའོ། །འཇམ་དཔལ་གཟུགས་ཀྱང་བྱེད་པ་པོ་མེད་པ་སྟེ། འཇམ་དཔལ་གང་ན་བྱེད་པ་པོ་མེད་པ་དེ་ལ་བདག་མེད་དོ། །འཇམ་དཔལ་བདག་མེད་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། མིང་གིས་བསྟན་པའོ། །མིང་དེ་ནི་ཕྱོགས་བཅུ་ཀུན་ཏུ་བཙལ་ཀྱང་མི་རྙེད་དེ། འཇམ་དཔལ་དེ་ནི་མིང་དང་གཟུགས་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་སྐྱེ་མཆེད་དྲུག་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སྐྱེ་མཆེད་དྲུག་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་སྐྱེ་མཆེད་ཐམས་ཅད་ནི་རང་གི་ཡུལ་དབེན་པ་སྟེ། མིག་གི་དབང་པོ་ཡང་བདག་གིས་གཟུགས་བལྟའོ་སྙམ་དུ་དེ་ལྟར་མི་སེམས་སོ། །རྣ་བའི་དབང་པོ་ཡང་བདག་གིས་སྒྲ་མཉན་ཏོ་སྙམ་དུ་དེ་ལྟར་མི་སེམས་སོ། །སྣའི་དབང་པོ་ཡང་བདག་གིས་དྲི་ལ་མནམ་མོ་སྙམ་དུ་དེ་ལྟར་མི་སེམས་སོ། །ལྕེའི་དབང་པོ་ཡང་བདག་གིས་རོ་མྱང་ངོ་སྙམ་དུ་དེ་ལྟར་མི་སེམས་སོ། །ལུས་ཀྱི་དབང་པོ་ཡང་བདག་གིས་རེག་པ་ཚོར་རོ་སྙམ་དུ་དེ་ལྟར་མི་སེམས་སོ། །ཡིད་ཀྱི་དབང་པོ་ཡང་བདག་གིས་ཆོས་རྣམ་པར་ཤེས་སོ་སྙམ་དུ་དེ་ལྟར་མི་སེམས་སོ། །མིག་ཀྱང་གཟུགས་ཡུལ་དུ་མི་ཤེས། གཟུགས་ཀྱང་མིག་གི་ཡུལ་དུ་མི་ཤེས། རྣ་བ་ཡང་སྒྲ་ཡུལ་དུ་མི་ཤེས། སྒྲ་ཡང་རྣ་བའི་ཡུལ་དུ་མི་ཤེས། སྣ་ཡང་དྲི་ཡུལ་དུ་མི་ཤེས། དྲི་ཡང་སྣའི་ཡུལ་དུ་མི་ཤེས། ལྕེ་ཡང་རོ་ཡུལ་དུ་མི་ཤེས། རོ་ཡང་ལྕེའི་ཡུལ་དུ་མི་ཤེས། ལུས་ཀྱང་རེག་བྱ་ཡུལ་དུ་མི་ཤེས། རེག་བྱ་ཡང་ལུས་ཀྱི་ཡུལ་དུ་མི་ཤེས། ཡིད་ཀྱང་ཆོས་ཡུལ་དུ་མི་ཤེས། ཆོས་ཀྱང་ཡིད་ཀྱི་ཡུལ་དུ་མི་ཤེས་ཏེ། འཇམ་དཔལ་སྐྱེ་མཆེད་རྣམས་ནི་ཕན་ཚུན་མི་འཐུན་པ་གཡོ་བ་མེད་པ། བྱེད་པ་མེད་པ། ཕན་ཚུན་སེམས་པ་མེད་པ། ཕན་ཚུན་ངོ་བོ་ཉིད་ཀྱིས་སྟོང་པའོ། །འཇམ་དཔལ་ཆོས་གང་ངོ་བོ་


DKG056_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས་སྟོང་པ་དེ་ནི་བྱང་ཆུབ་སྟེ། དེ་ནི་སྐྱེ་མཆེད་དྲུག་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་རེག་པ་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་རེག་པ་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་རེག་པ་ཞེས་བྱ་བ་ནི་གཟུགས་སུ་འདུས་ཏེ་རེག་པ་དང་། སྒྲར་འདུས་ཏེ་རེག་པ་དང་། དྲིར་འདུས་ཏེ་རེག་པ་དང་། རོར་འདུས་ཏེ་རེག་པ་དང་། རེག་བྱར་འདུས་ཏེ་རེག་པ་དང་། ཆོས་སུ་འདུས་ཏེ་རེག་པའོ། །འཇམ་དཔལ་གཟུགས་སུ་འདུས་ཏེ་རེག་པ་ནས། ཆོས་སུ་འདུས་ཏེ་རེག་པའི་བར་གང་ཡིན་པ་དེ་ནི་རྟེན་པའོ། །གང་བརྟེན་པ་དེ་ནི་རྐྱེན་མང་པོ་ལས་སྐྱེའོ། །འཇམ་དཔལ་གང་རྐྱེན་མང་པོ་ལས་སྐྱེ་བ་དེ་ནི་ཚོགས་ཀྱི་ཚུལ་དུ་གནས་པའོ། །འཇམ་དཔལ་ཚོགས་ཀྱི་ཚུལ་གང་ཡིན་པ་དེ་ནི་སྒྱུ་མའི་ཚུལ་ལོ། །སྒྱུ་མའི་ཚུལ་གང་ཡིན་པ་དེ་ནི་ཡང་དག་པ་མ་ཡིན་པའི་ཚུལ་ལོ། །ཡང་དག་པ་མ་ཡིན་པའི་ཚུལ་གང་ཡིན་པ་དེ་ནི་མེད་པའོ། །མེད་པ་གང་ཡིན་པ་དེ་ནི་མི་སྐྱེ་བའོ། །མི་སྐྱེ་བ་གང་ཡིན་པ་དེ་ནི་མི་འགག་པའོ། །འཇམ་དཔལ་གང་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེ་ནི་སངས་རྒྱས་ཀྱི་བྱང་ཆུབ་སྟེ། དེ་ནི་རེག་པ་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་ཚོར་བ་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཚོར་བ་བྱང་ཆུབ་ལགས། བཀའ་སྩལ་པ། འཇམ་དཔལ་ཚོར་བ་ཞེས་བྱ་བ་ནི་རྣམ་པ་གསུམ་སྟེ། བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བའོ། །འཇམ་དཔལ་བདེ་བའི་ཚོར་བ་ནི་ནང་ན་ཡང་མི་འདུག །ཕྱི་རོལ་ན་ཡང་མི་འདུག །གཉི་ག་མེད་པར་མི་དམིགས་སོ། །འཇམ་དཔལ་སྡུག་བསྔལ་གྱི་ཚོར་བ་ཡང་ནང་ན་ཡང་མི་འདུག །ཕྱི་རོལ་ན་ཡང་མི་འདུག །གཉི་ག་མེད་པར་ཡང་མི་དམིགས་སོ། །འཇམ་དཔལ་བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་ཡང་ནང་ན་ཡང་མི་འདུག །ཕྱི་རོལ་ན་ཡང་མི་འདུག །གཉིས་ཀ་མེད་པར་ཡང་མི་དམིགས་སོ། །


DKG056_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་སེམས་ཅན་རྣམས་ཀྱི་བདེ་བའི་ཚོར་བ་དང་། སྡུག་བསྔལ་གྱི་ཚོར་བ་དང་། བདེ་བ་ཡང་མ་ལགས། སྡུག་བསྔལ་བ་ཡང་མ་ལགས་པའི་ཚོར་བ་དག་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདུ་ཤེས་ཕྱིན་ཅི་ལོག་གི་ཕྱིན་ཅི་ལོག་ཏུ་གྱུར་པའི་བྱིས་པ་སོ་སོ་སྐྱེ་བོ་རྣམས་ནི་ཡང་དག་པ་མ་ཡིན་པའི་རྐྱེན་སྣ་ཚོགས་ཀྱིས་བདེའོ་སྙམ་དུ་འདུ་ཤེས། སྡུག་བསྔལ་ལོ་སྙམ་པའམ། བདེ་བ་ཡང་མ་ཡིན། སྡུག་བསྔལ་བ་ཡང་མ་ཡིན་སྙམ་དུ་ཤེས་མོད་ཀྱི། འཇམ་དཔལ་ཚོར་བ་ཐམས་ཅད་སྒྱུ་མའི་རང་བཞིན་ཏེ། མ་བྱས་པ། མ་སྐྱེས་པ། རྟག་ཏུ་མ་བྱུང་བ་སྟེ། འཇམ་དཔལ་རྣམ་གྲངས་དེས་ན། ཚོར་བ་ནི་བྱང་ཆུབ་སྟེ། དེ་ནི་ཚོར་བ་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་སྲེད་པ་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ་བཅོམ་ལྡན་འདས་ཇི་ལྟར་ན་སྲེད་པ་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་སྲེད་པ་ཀུན་ནས་ཉོན་མོངས་པ་ལགས་པར་བཀའ་མ་སྩལ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། མི་བུ་མེད་པའི་བུའི་སྲེད་པའི་ནང་ན་འདུག་གམ། འོན་ཏེ་ཕྱི་རོལ་ན་འདུག་གམ། འོན་ཏེ་ཕྱོགས་དང་མཚམས་རྣམས་ན་འདུག །འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་དེའི་བུ་ཉིད་ཀྱང་མ་བྱུང་ན། བུའི་སྲེད་པ་ཉིད་ལྟ་ག་ལ་མཆིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་གང་གི་ཚེ་མི་དེ་འདུ་བ་དང་ལྡན་ཏེ་བུ་སྐྱེད་ཅིང་སྲེད་པ་སྐྱེད་པའི་དུས་དེ་ཡོད། ཚིགས་དེ་ཡོད་ན། འཇམ་དཔལ་འདི་ཇི་སྙམ་དུ་སེམས། མི་དེའི་བུ་ལ་སྲེད་པ་ཤར་ཕྱོགས་ནས་འོངས་སམ། འོན་ཏེ་ལྷོ་ཕྱོགས་ནས་སམ། འོན་ཏེ་ནུབ་ཕྱོགས་ནས་སམ། འོན་ཏེ་བྱང་ཕྱོགས་ནས་སམ། འོན་ཏེ་འོག་གི་ཕྱོགས་ནས་སམ། འོན་ཏེ་སྟེང་གི་ཕྱོགས་ནས་སམ། འོན་ཏེ་ནང་ན་འདུག་གམ། འོན་ཏེ་ཕྱི་རོལ་ནའམ། གཉིས་ཀ་མེད་པར་གནས་སམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྲེད་པ་ཤར་ཕྱོགས་ན་མི་དམིགས། ལྷོ་ཕྱོགས་ན་ཡང་མ་ལགས། ནུབ་ཕྱོགས་


DKG056_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ན་ཡང་མ་ལགས། བྱང་ཕྱོགས་ན་ཡང་མ་ལགས། སྟེང་ན་ཡང་མ་ལགས། འོག་ན་ཡང་མ་ལགས། ནང་ན་ཡང་མ་ལགས། སླད་རོལ་ན་ཡང་མ་ལགས། གཉིས་ཀ་མ་མཆིས་པར་ཡང་མི་དམིགས་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། སྲེད་པ་དེ་སུས་ཀྱང་བྱས་སམ། བྱེད་དུ་བཅུག་པ་ཡིན་ནམ། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྲེད་པ་ནི་མ་བགྱིས་པ་སྟེ། སྲེད་པ་ལ་བྱེད་པ་པོ་གང་ཡང་མ་མཆིས་ན། བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་ལོག་པ་དང་ལྡན་པ་རྣམས་ཀྱིས་ཡང་དག་པ་མ་ལགས་པ་ལ་བཏགས་སོ། །བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། ཡང་དག་པ་མ་ཡིན་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་མེད་པ་དེ་ལ་ཅི་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་ཆོས་གང་ཤར་ཕྱོགས་ནས་མི་རྙེད། ལྷོ་ཕྱོགས་ནས་ཀྱང་མ་ཡིན། ནུབ་ཕྱོགས་ནས་ཀྱང་མ་ཡིན། བྱང་ཕྱོགས་ནས་ཀྱང་མ་ཡིན། ནང་ནས་ཀྱང་མ་ཡིན། ཕྱི་རོལ་ནས་ཀྱང་མ་ཡིན། གཉིས་ཀ་མེད་པར་ཡང་མི་དམིགས་པ་དེ་ནི་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་ཞིང་། རྣམ་པར་བྱང་བར་མི་འགྱུར་བ་སྟེ། འཇམ་དཔལ་དེ་ནི་སྲེད་པ་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་ལེན་པ་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ལེན་པ་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་ལེན་པ་འཆིང་བ་ལགས་པར་བཀའ་མ་སྩལ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཅི་ཡང་སྐྱེད་དམ། གསོལ་པ། བཅོམ་ལྡན་འདས་སྐྱེད་ལགས་ཏེ། གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། འདོད་པའི་ཡོན་ཏན་འདི་ལྔ་སྐྱེད་ལགས་སོ། །བཀའ་


DKG056_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། གཟུགས་ཀྱིས་གཟུགས་སྐྱེད་དམ། གསོལ་པ་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་ཚོར་བས་ཚོར་བ་སྐྱེད་དམ། འདུ་ཤེས་ཀྱིས་འདུ་ཤེས་སྐྱེད་དམ། འདུ་བྱེད་རྣམས་ཀྱིས་འདུ་བྱེད་རྣམས་སྐྱེད་དམ། ཅི་རྣམ་པར་ཤེས་པས་རྣམ་པར་ཤེས་པ་སྐྱེད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ཇི་སྙམ་དུ་སེམས། །ཆོས་གང་ཞིག་ཆོས་གང་སྐྱེད་པར་བྱེད་པ་དེ་ཡོད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཆོས་གང་ཞིག་ཆོས་གང་ཞིག་ལ་འཆིང་བའི་བྱ་བ་བྱེད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བཀའ་སྩལ་པ། འཇམ་དཔལ་དེ་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་པ། འགག་པ་མེད་པ། སྒྲིབ་པ་མེད་པ་སྟེ། འདི་དག་ནི་གཅིག་ལ་གཅིག་མི་སྐྱེད་དོ། །གཅིག་ལ་གཅིག་མི་དམིགས་སོ། །མི་སྨྲའོ། །བེམས་པོ་ཡིན་པའི་ཕྱིར་ངག་གིས་ལས་འབྱིན་པར་མི་བྱེད་དོ། །འཇམ་དཔལ་རྣམ་གྲངས་དེས་ན། ལེན་པ་ནི་བྱང་ཆུབ་སྟེ། དེ་ནི་ལེན་པ་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་སྲིད་པ་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་སྲིད་པ་བྱང་ཆུབ་ལགས། བཅོམ་ལྡན་འདས་སྲིད་པ་དགག་པའི་སླད་དུ། ཉན་ཐོས་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཆོས་མ་བསྟན་ལགས་སམ། བཀའ་སྩལ་པ། འཇམ་དཔལ་ངས་སྲིད་པ་བཤད་པ་དེ་ནི་དངོས་པོ་མེད་པ་སྟེ། དེས་ན་སྲིད་པ་ཞེས་བྱའོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེ་ཅི་ཡང་སྐྱེད་པར་མི་བྱེད་དོ། །འགོག་པར་མི་བྱེད་དོ། །ཆོས་ཐམས་ཅད་ནམ་མཁའི་རང་བཞིན་དུ་མཐོང་ནས། སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་མི་དམིགས་མི་འདོར་རོ། །འཇམ་དཔལ་རྣམ་གྲངས་དེས་ན་སྲིད་པ་བྱང་ཆུབ་སྟེ། དེ་ནི་སྲིད་པ་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་སྐྱེ་བ་ནི་བྱང་ཆུབ་སྟེ། འདི་ནི་གཟུངས་ཀྱི་སྒོའོ། །གསོལ་པ།


DKG056_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཇི་ལྟར་ན་སྐྱེ་བ་བྱང་ཆུབ་ལགས། བཅོམ་ལྡན་འདས་ཀྱིས་སྐྱེ་བ་ལས་ཡང་དག་པར་བཟླ་བའི་སླད་དུ། ཆོས་མ་བསྟན་ལགས་སམ། བཀའ་སྩལ་པ། འཇམ་དཔལ་བྱང་ཆུབ་སེམས་དཔས་སྐྱེ་བ་ཡོངས་སུ་བཙལ་ན་སྐྱེ་བ་མེད་པ། འཕོ་བ་མེད་པ། འབྱུང་བ་མེད་པར་མཐོང་ངོ་། །འཇམ་དཔལ་རྣམ་གྲངས་དེས་ན་སྐྱེ་བ་བྱང་ཆུབ་སྟེ། དེ་ནི་སྐྱེ་བ་ལྟ་བུར་འཇུག་པའི་གཟུངས་ཀྱི་སྒོའོ། །འཇམ་དཔལ་རྡོ་རྗེའི་སྙིང་པོའི་གཟུངས་ལ་འཇུག་པའི་སྒོ་འདི་ནི་འཇུག་པའི་སྒོ་གང་གིས། བྱང་ཆུབ་སེམས་དཔའ་སྤོབས་པ་མྱུར་དུ་འཐོབ་ཅིང་། སྤོབས་པ་རྣོ་བར་འགྱུར་བ་དང་། སྤོབས་པ་ཟབ་མོར་འགྱུར་བ་དང་། སྤོབས་པ་ཆགས་པ་མེད་པ་དང་། སྤོབས་པ་ཐོགས་པ་མེད་པར་འགྱུར་བའོ། །དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །འདི་བྱང་ཆུབ་སེམས་དཔའ་གང་རྣམས་ཀྱི་ས་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ནི་གང་དག་བྱང་ཆུབ་ལ་མ་ཞུགས་པ་རྣམས་དང་། གང་དག་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་རྣམས་དང་། གང་དག་སངས་རྒྱས་ཀྱི་ཆོས་རྣམས་ལ་མི་དམིགས་པ་དང་། གང་དག་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ལས་བསྐྱོད་པར་མི་འདོད་པ་རྣམས་དང་། གང་དག་འཁོར་བ་ལས་འདའ་བར་མི་འདོད་པ་རྣམས་དང་། གང་དག་སེམས་ཅན་དགྲོལ་བར་མི་འདོད་པ་རྣམས་དང་། གང་དག་སངས་རྒྱས་ཀྱི་ཆོས་རྣམས་ཁོང་དུ་ཆུད་པར་མི་འདོད་པའི་བྱང་ཆུབ་སེམས་དཔའ་དེ་དག་གིས་ཡིན་ནོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གཟུངས་འདི་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བགྱིད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་པ་དེ་ལ་ཚེ་འདི་ལ་ཡོན་ཏན་ཇི་སྙེད་ཅིག་མཆིས་པར་འཚལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་སྲུང་བར་ཤེས་པར་བྱའོ། །དེ་


DKG056_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཐམས་ཅད་ལ་ཐེ་ཙོམ་མེད་པར་ཤེས་པར་བྱའོ། །དེ་ཆོས་རབ་ཏུ་དབྱེ་བའི་ཤེས་པ་དང་ལྡན་པར་ཤེས་པར་བྱའོ། །འཇམ་དཔལ་གཟུངས་འདིའི་ཡོན་ཏན་ནི་མཐའ་ཡས་ཏེ། བསྐལ་པ་བརྒྱར་ཡང་ཟད་པར་བྱར་མི་ནུས་སོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཁྲིས་རྡོ་རྗེའི་སྙིང་པོའི་གཟུངས་འདི་འཐོབ་བོ། །ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སུམ་ཁྲི་ཉིས་སྟོང་གིས་རྗེས་སུ་འཐུན་པའི་ཆོས་ལ་བཟོད་པ་ཐོབ་བོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུར་གྱུར་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྡོ་རྗེའི་སྙིང་པོ་ཞེས་བྱ་བའི་གཟུངས་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །


previousའཕགས་པ་རྡོ་རྗེ་སྙིང་པོའི་གཟུངས་ཞེས་བྱ་ཐེག་པ་ཆེན་པོའི་མདོ། next