Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

20 occurrences of གསང་ཕུག་
[Clear Hits]


  
  
 
  
 
  
 
གཏེར་སྟོན་ལས་འཕྲོ་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།
  
  
  
  
 
 
  
 
expand section
  
  
  
  
  
 
 
  
  
  
  
  
  


20 occurrences of གསང་ཕུག་
[Clear Hits]

 
previousགཏེར་སྟོན་ལས་འཕྲོ་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།next

གཏེར་སྟོན་ལས་འཕྲོ་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།


GLG004_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཐང་ཡིག་ཏུ། རྒྱ་གར་གྷུ་ཏ་ཝ་དང་བྷི་ན་ས༔ པནྜི་ཏ་ནི་གཉིས་གསུམ་བོད་དུ་འོང་༔ ལྷ་སའི་ཇོ་ཤཱཀ་འདི་ལ་མཆོད་པ་བྱེད༔ ལྷོ་ཀོང་བྱང་ཀོང་སྦས་པའི་གཏེར་ཁ་འདི༔ མི་གཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨྱོན་ལས་འཕྲོ་གླིང་པ་ཞེས་བྱ་འབྱུང་༔ ཞེས་པའི་གཏེར་སྟོན་ལས་འཕྲོ་གླིང་པ་ལ་གཏེར་སྟོན་རྡོ་རྗེ་གླིང་པས་ངོས་བཟུང་བ་རྒྱལ་མོ་གཡུ་སྒྲའི་སྤྲུལ་པར་གྲགས་པའི་རོལ་དུ་འཁྲུངས་པ་ཞིག་གི་ཟབ་ལུང་མེ་ཟོར་མཁའ་འགྲོ་ཕུ་གནས་བླ་མ་ཡོངས་རྫོགས་ཀྱི་ཟབ་ཆོས་སོགས་སྤྱན་དྲངས་ཤིང་གཏེར་རྫས་དང་གདུང་བརྒྱུད་སློབ་བརྒྱུད་བྲག་དཀར་ཆོས་སྡིངས་དགོན་པར་ཡོད་པ། པདྨ་གླིང་པའི་དངོས་སློབ་གྲོལ་ཤུལ་ལས་འཕྲོ་གླིང་པ། འབྲི་གུང་ནས་མི་འགྱུར་ལས་འཕྲོ་གླིང་པ། ཨེ་ནས་སྤེ་ལྕོགས་ལས་འཕྲོ་གླིང་པ། ཀོང་པོ་ནས་འཇའ་ཚོན་ལས་འཕྲོ་གླིང་པ་དང་ལྔ་བྱུང་འདུག་པའི་དང་པོ་གཏེར་ཆོས་མ་ཐོབ། གཉིས་པ་ནི། རང་གཏེར་ཐེམས་མེད་སྒྲུབ་དུས་རྟགས་ཀྱི་རིམ་པ་མཁའ་འགྲོའི་བཀའ་རྒྱ་མ་ལས། དེ་ལྟའི་དུས་ཀྱི་རིན་ཅེན་བཟང་པོ་ཁྱོད༔


GLG004_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

མ་འོངས་བསྐལ་པ་དུས་ཀྱི་མཐའ་མ་ལ༔ སྨོན་ལམ་འབྲེལ་བས་ལྷོ་མོན་མཚམས་སུ་སྐྱེ༔ པདྨས་བྱིན་བརླབས་མ་ཚོགས་མཁའ་འགྲོ་འདུ༔ བསྐྱེད་རྫོགས་དང་ནས་ངེས་མེད་སྤྱོད་པ་སྐྱོང་༔ ཐུགས་རྗེའི་ཤུགས་ཀྱིས་ཀུན་ལ་སྒྲོ་འདོགས་ཆོད༔ སྨོན་ལམ་སྟོབས་ཀྱིས་ཟབ་མོའི་གཏེར་ལ་སྤྱོད༔ ཅེས་པ་ལྟར་སྤྲུལ་སྐུ་པདྨ་གླིང་པའི་ཐུགས་སྲས་སྙིང་གི་བུ་གསུམ་གྱི་ནང་ནས་གཉལ་ལོར་རྡོ་རྗེའི་མཚན་ཅན་དུ་ལུང་གིས་ཟིན་པའི་གཏེར་སྟོན་འགྲོ་འདུལ་ལས་འཕྲོ་གླིང་པས་བསམ་ཡས་མཆིམས་ཕུ་ཨྱོན་previous hit གསངཕུག next hit་ནས་སྤྱན་དྲངས་པའི་བླ་མའི་སྒྲུབ་པ་ཡིད་བཞིན་གཏེར་མཛོད་སྐོར་ལ། གཏོར་མ། ཐོད་པ། བརྡ་སྤྲོད་པ་གསུམ་ལ་བརྟེན་ནས་བླ་མའི་སྐུ་གསུང་ཐུགས་དབང་ངམ་དུས་བཟང་ཚེས་བཅུའི་དབང་། རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཆོག་ཡོན་ཏན་ཀུན་ཁྱབ་ཀྱི་སྟེང་ནས་བླ་མ་སྤྲུལ་སྐུའི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་བུམ་དབང་། ལྷ་དབང་། གཏོར་དབང་དམ་ཚིག་གི་དབང་རྣམས། དབང་ཆོག་འོད་གསལ་ཀུན་ཁྱབ་ཀྱི་སྟེང་ནས་བླ་མ་ལོངས་སྐུའི་དབང་ལ། འཇུག་པ་སྔོན་དུ་འགྲོ་བའི་ཁྲུས་དབང་། ཚེ་དབང་། སྙིང་པོའི་དབང་། བསྒྲལ་དབང་། ལྷ་དབང་། མཆོག་དབང་། དམ་ཚིག་གི་དབང་རྣམས། དབང་ཆོག་ཆོས་དབྱིངས་ཀུན་ཁྱབ་ཀྱི་སྟེང་ནས་བླ་མ་ཆོས་སྐུའི་དབང་ལ། ཞུ་འབུལ། མནྜལ་སྔོན་དུ་འགྲོ་བའི་ཚོམ་བུའི་ཞིང་ཁམས་བརྡ་སྤྲོད། ཚིག་དབང་། དམ་ཚིག་གི་དབང་དང་བཅས་པ། དྲག་པོ་གསུམ་དྲིལ་གྱི་དབང་ལ། བུམ་པ་ལ་བརྟེན་ནས་དྲག་པོ་སྐོར་གསུམ་ཡུམ་བཅས་ཀྱི་དབང་། ཐོད་པ་ལ་བརྟེན་ནས་སྐུ་གསུང་ཐུགས་དབང་། གཏོར་མ་ལ་བརྟེན་ནས་དྲག་པོའི་སྐུ། རྟ་མགྲིན་གསུང་། ཕྱག་རྡོར་ཐུགས་ཀྱི་དབང་རྣམས་ནོས་ནས། ལུང་ལ། མ་ཆོས་ཐེམས་ཅན་དང་། བུ་ཆོས་ཐེམས་


GLG004_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དེ་གཉིས། དང་པོ་ལ། གཏེར་མཛོད་སྒོ་འབྱེད་ལྡེ་མིག་ཁ་བྱང་། དེ་ལས་བསྟན་པའི་ཆོས་སྐོར་ལ། ཁོག་ཕུབ་འཕྲིན་ལས། སྨིན་བྱེད་དབང་། གྲོལ་བྱེད་བསྐྱེད་རྫོགས་དང་གསུམ། དང་པོ་ལ། ཁོག་ཕུབ་ལས་འགྲིག་ལག་ལེན་གསལ་བའི་མེ་ལོང་། ལུང་བསྟན་གསལ་བའི་ཟབ་ཏིག །བཀའ་ལུང་སྤེལ་བའི་དུས་རྟགས་བསྟན་པ་གསལ་བའི་སྒྲོན་མེ། འཕྲིན་ལས་ལམ་ཁྱེར་གསལ་བྱེད་ནོར་བུའི་འཕྲེང་བ། རྩ་བ་བཞིའི་བཀང་གསོ་ཆོས་དབྱིངས་ཀློང་ནས་འདོད་ཡོན་མཆོད་པའི་སྤྲིན་སྤྲོ་རྣམས། གཉིས་པ་སྨིན་བྱེད་དབང་ལ། ཚེས་བཅུའི་ལོ་རྒྱུས་ཕན་ཡོན་དད་པའི་གསོལ་འདེབས་བྱིན་རླབས་དབང་སྡུད། དུས་བཟང་ཚེས་བཅུའི་དབང་ཆོག །བླ་མ་སྤྲུལ་སྐུའི་དབང་ཆོག་ཡོན་ཏན་ཀུན་ཁྱབ་གྱུར་ཤོག་གི་མཐའ་ཅན། བླ་མ་ལོངས་སྐུའི་དབང་ཆོག་འོད་གསལ་ཀུན་ཁྱབ་གསང་གཏེར་བརྡ་ཐིམ་གྱི་མཐའ་ཅན། བླ་མ་ཆོས་སྐུའི་དབང་ཆོག་ཆོས་དབྱིངས་ཀུན་ཁྱབ་རྩ་བ་ཆོད་ཀྱི་མཐའ་ཅན་རྣམས། གསུམ་པ་གྲོལ་བྱེད་བསྐྱེད་རྫོགས་ལ། གཟུང་འཛིན་བློས་བཏགས་གྲོལ་ལམ་སེམས་འཁྲིད་ཞི་གནས་ལྷག་མཐོང་ངོ་སྤྲོད། ཐབས་ལམ་སྙིང་ཏིག་ཟབ་འཁྲིད་འདྲེན་པར་ཤོག་གི་མཐའ་ཅན། བླ་མ་སྤྲུལ་སྐུའི་སྒྲུབ་ཐབས་དངོས་གྲུབ་ཀུན་འབྱུང་། བླ་མ་ལོངས་སྐུའི་སྒྲུབ་ཐབས་གསང་སྔགས་ཀུན་འདུས། བླ་མ་ཆོས་སྐུའི་སྒྲུབ་ཐབས་དྲི་མེད་ཀུན་ཁྱབ། རང་སེམས་བླ་མར་ངོ་སྤྲོད་ཀྱི་ཟབ་ཏིག་ལས་འགྲོ་གླིང་ལ་སྤྲོད་པའི་མཐའ་ཅན། ཡང་ཟབ་སྐུ་གསུམ་སྒྲུབ་པའི་སྟེང་འཁོར་ཞི་ཁྲོའི་གུར་ཁང་སྲས་ལ་སྤྲོད་པའི་མཐའ་ཅན། བྱིན་རླབས་གནད་ཀྱི་སྲོག་འཁོར་རྡོ་རྗེའི་ཚིག་རྐང་ཡིན་གྱི་མཐའ་ཅན། བར་ཆད་གནོད་བྱེད་གནོད་ཕྱིར་འོག་འཁོར་བདུད་དཔུང་ཟིལ་གནོན་ལུང་བཞིན་གཏོད་པའི་མཐའ་


GLG004_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། སྤོས་སྦྱོར་བསོད་ནམས་ཚོགས་བསྐྱེད་རྣམས། གཉིས་པ་བུ་ཆོས་ཐེམས་མེད་ལ། བཀའ་རྒྱ། དྲག་པོ། ཟབ་འཁྲིད། བཅུད་དྲིལ། སྙན་བརྒྱུད་དང་ལྔ། དང་པོ་ལ། ལོ་རྒྱུས་བྱིན་རླབས་ཆུ་རྒྱུན་མཁའ་འགྲོའི་བཀའ་རྒྱ་མ། བླ་མ་སྐུ་གསུམ་དྲིལ་སྒྲུབ་མཁའ་འགྲོའི་བཀའ་རྒྱ་མ། སྒྲུབ་དུས་རྟགས་ཀྱི་རིམ་པ་མཁའ་འགྲོའི་བཀའ་རྒྱ་མ་རྣམས། གཉིས་པ་དྲག་པོ་ཡི་དམ་སྐོར་གསུམ་གྱི་གསང་སྒྲུབ་མན་ངག་གནད་ཐེམས་དྲེགས་པ་ཟིལ་གནོན་དབང་ཆོག་ལས་ཚོགས་དང་བཅས་པ་དཔེ་ཚན་གཅིག་ཏུ་བཞུགས་པ། གསུམ་པ་ཟབ་འཁྲིད་ལ། ལྡང་ལྷ་ཕྲ་མོ་བྲག་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་རང་བྱུང་ལྟ་བའི་ཟབ་འཁྲིད་སྣོད་དང་བསྟུན་པར་བྱའོའི་མཐའ་ཅན། ལྷུན་གྲུབ་སྒོམ་པའི་ཟབ་འཁྲིད་ཆོས་འདི་དེ་ལ་གཏོད་ཀྱི་མཐའ་ཅན། སྤྱོད་པའི་ཟབ་འཁྲིད་ཉམས་ལེན་གནད་ཐེམས་གཏོད་ཅིག་ས་མཱ་ཡའི་མཐའ་ཅན་རྣམས། བཞི་པ་བཅུད་དྲིལ་ལ། བསམ་ཡས་མཆོད་རྟེན་དཀར་པོ་ནས་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་བཏགས་གྲོལ་ཐམས་ཅད་ཀྱི་སྙིང་པོ་བཅུད་དུ་དྲིལ་བ་བླ་མ་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་ཀྱི་སྙིང་པོའི་རྒྱུད་དྲུག །རྫོགས་པ་ཆེན་པོ། བཏགས་གྲོལ་ཐམས་ཅད་ཀྱི་ཡང་སྙིང་གཅིག་ཏུ་དྲིལ་བ་རྡོ་རྗེ་ཡི་གེའི་འཁོར་ལོ། ལྷ་རི་ཟིལ་ཕུག་ནས་རང་བྱུང་ཤེལ་གྱི་རྡོ་རྗེ་སེམས་དཔའ་དང་མཉམ་དུ་སྤྱན་དྲངས་པའི་རྫོགས་པ་ཆེན་པོ་བསྐྱེད་རྫོགས་ཐམས་ཅད་ཀྱི་སྙིང་པོའི་བཅུད་དུ་དྲིལ་བ་རྡོ་རྗེ་སེམས་དཔའ་ཐུགས་ཀྱི་སྒྲུབ་པ་རྣམས། ལྔ་པ་སྙན་བརྒྱུད་ལ། སེམས་འཁྲིད་བླ་མ་སྐུ་གསུམ་སྒྲུབ་པའི་སྔགས་འབྲེལ། འདིའི་སྔོན་དུ་སེམས་འཁྲིད་གསལ་བའི་མེ་ལོང་ཡོད་འདུག་པ་དཔེ་མ་འབྱོར་བས་མ་ཐོབ། བླ་མ་སྐུ་གསུམ་སྒྲུབ་པའི་མཆོད་བསྟོད་བསྡུས་པའི་ལག་ལེན་ཞལ་ཤེས་དང་བཅས་པ་རྣམས་


GLG004_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་ཚེ་དཔག་མེད། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། འགྲོ་འདུལ་ལས་འཕྲོ་གླིང་པ། སྤྲུལ་སྐུ་འོད་གསལ་རྒྱ་མཚོ། ཐུགས་སྲས་ལུང་རིགས་རྒྱ་མཚོ། རྒྱས་སྲས་གསང་སྔགས་བསྟན་འཛིན། རིག་འཛིན་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། གྲུབ་ཆེན་ཨོ་རྒྱན་བསྟན་འཛིན། གསང་སྔགས་བསྟན་འཛིན་མན་འདྲ། འགྲོ་འདུལ་ལས་འཕྲོ་གླིང་པས་སྤ་གྲོ་སྟག་ཚང་རྫོང་ནང་མཚོ་དཀྱིལ་བྲག་ནས་སྤྱན་དྲངས་པའི་རྫོགས་ཆེན་ཀུན་བཟང་ཐུགས་ཏིག་གི་ཆ་ལག་ཁམས་གསུམ་དབང་སྡུད་འདོད་རྒྱལ་སྐོར་ལ། ཚོམ་བུའི་དཀྱིལ་འཁོར་དུ། དབང་ཆོག་རིན་ཅེན་ཀུན་ཁྱབ་ཀྱི་སྟེང་ནས་མཎྜལ་གསོལ་གདབ་སྔོན་དུ་འགྲོ་བའི་ལྕགས་ཀྱུ། ཞགས་པ། རིན་པོ་ཆེ། གཏོར་མ་དང་བཅས་པ་ལ་བརྟེན་ནས་འགུགས། སྡུད། དབང་སྒྱུར་ཡོན་ཏན་གྱི་དབང་། བུམ་པས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་དབང་རྣམས་ནོས་ནས། ལུང་ལ། ཡིད་བཞིན་དབང་སྒྱུར་གྱི་བླ་མ་བརྒྱུད་པའི་ལོ་རྒྱུས་གཏོད་ཅིག་གི་མཐའ་ཅན། དབང་ཆོག་རིན་ཅེན་ཀུན་ཁྱབ། སྒྲུབ་ཐབས་ཡིད་བཞིན་དབང་སྒྱུར། སྲོག་འཁོར་སྡེ་འཛིན་མན་ངག །རིང་བསྲེལ་ལ་བརྟེན་ནས་མི་མཐུན་ཞི་བ། བདུད་རྩི་མར་ཁུ་ལ་བརྟེན་ནས་ཚེ་དང་བསོད་ནམས་རྒྱས་པ། ཟླ་གམ་མིག་གསུམ་ལ་བརྟེན་ནས། ལྷ་འདྲེ་མི་གསུམ་དབང་དུ་བསྡུ་བ། སྙིང་ཤུན་ལ་བརྟེན་ནས་དགྲ་བོ་སྒྲོལ་བ་རྣམས་ཐོབ་པའི་བརྒྱུད་པ་ནི། ཀུན་ཏུ་བཟང་པོ། རྡོ་རྗེ་སེམས་དཔའ། དགའ་རབ་རྡོ་རྗེ། པདྨ་འབྱུང་གནས། ཡེ་ཤེས་འཚོ་རྒྱལ། འགྲོ་འདུལ་ལས་འཕྲོ་གླིང་པ། འོད་གསལ་རྒྱ་མཚོ། ལུང་རིགས་


GLG004_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་མཚོ། གསང་སྔགས་བསྟན་འཛིན། འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ལའོ། །ཡང་ན་གཏེར་སྟོན་ནས། ཨྱོན་བསྟན་འཛིན། གསང་སྔགས་བསྟན་འཛིན་མན་འདྲ། ཡང་ན་འོད་གསལ་རྒྱ་མཚོ་ནས། ཀརྨ་བསྟན་པའི་རྒྱ་མཚོ། གསང་སྔགས་བསྟན་འཛིན་མན་གོང་བཞིན་ནོ། །འགྲོ་འདུལ་ལས་འཕྲོ་གླིང་པའི་གསང་བའི་གཏེར་གནས་ར་རྒོད་བྲག་གི་མཁའ་འགྲོ་previous hit གསངཕུག next hit་ནས་སྤྱན་དྲངས་པའི་མཁའ་འགྲོ་སེང་གདོང་གི་ཐེམས་མེད་ཀྱི་སྐོར་ལས། བདུད་རྩི་སྨན་མཆོག་ཅེས་པ་དུག་རིགས་ཀུན་ཐུབ་གྱི་མན་ངག་སིམ་མིའི་སྐོར་ཞར་བྱུང་སྨན་ནད་འབྱུང་ཚུལ་དང་བཅས་པ་བདེ་ཆེན་སར་འགོད་ཤོག་གི་མཐའ་ཅན། རྒྱ་བརྟག་སློང་སྡུད་གསད་སྦྱང་འཕྲོད་བསྟེན་ཏེ་དོན་བདུན་གྱིས་བསྟན་པའི་ཟས་ངན་གསོ་བསྲུང་མཁའ་འགྲོའི་བཀའ་རྒྱ་མ་ཀོ་ཋའི་སྐོར། དེའི་འཕྲོས་གསང་བ་སྨན་གཅིག་གི་ཟབ་ཁྱད་བདུད་རྩིའི་འཕྲེང་བ་དང་བཅས་པ། མན་ངག་བཀའ་རྒྱ་ཅན་སྔགས་ཀྱིས་དུག་བསྲུང་བའི་གདམས་པ་ཕྲད་ཤོག་གི་མཐའ་ཅན། མཁའ་འགྲོ་གསང་བ་སྨན་གཅིག་གི་བཅུད་སྦྱོར་ཡིད་བཞིན་བསམ་འཕེལ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་མོ། ལོངས་སྐུ་སེང་གདོང་རིགས་ལྔ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། འགྲོ་འདུལ་ལས་འཕྲོ་གླིང་པ། སྤྲུལ་སྐུ་འོད་གསལ་རྒྱ་མཚོ། ཐུགས་སྲས་ལུང་རིགས་རྒྱ་མཚོ། རྗེ་གསང་སྔགས་བསྟན་འཛིན། མཚུངས་མེད་འཕྲིན་ལས་ལྷུན་གྲུབ། དྲིན་ཅན་གཏེར་བདག་གླིང་པ། དེས་བདག་ཟ་ཧོར་བནྡེ་ལའོ། །ཡང་ན་གཏེར་སྟོན་ནས། ཨྱོན་བསྟན་འཛིན། གསང་སྔགས་བསྟན་འཛིན་མན་འདྲ། ཡང་ན་སྤྲུལ་སྐུ་འོད་གསལ་རྒྱ་མཚོ་ནས། རིག་འཛིན་འཕྲིན་ལས་དབང་སྒྱུར། འཚོ་བྱེད་མཁས་དབང་


GLG004_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཀརྨ་དར་རྒྱས། རྗེ་འཕྲིན་ལས་ལྷུན་གྲུབ་མན་འདྲ། ཡང་སྔགས་ཀྱིས་དུག་བསྲུང་པའི་ལུང་བརྒྱུད་གཅིག་ནི། འོད་གསལ་རྒྱ་མཚོ་ནས། དཀར་ཆེན་ལན་བུ་ཨ་མི། རྡོ་རྗེ་འཆང་ཕ་བོང་ཁ་པ། ཁྱབ་བདག་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །ཤེལ་དཀར་གཟའ་མགོན་སྐྱིད་ཀྱི་སྐྱེ་བ་མི་འགྱུར་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་གི་མི་འགྱུར་ཆོས་འབྱུང་བྲག་ནས་གདན་དྲངས་པའི་ཟབ་ཆོས་འདུས་པ་བཞི་ལས་རྟ་མགྲིན་ནག་པོ་རྩ་གསུམ་འདུས་པའི་སྐོར་ལ། ཐོག་མར་སྨིན་བྱེད་ཟླུམ་པོ་བཞིའི་དབང་ལེགས་པར་ནོས་ནས། ལུང་ལ། འདུས་པ་སྐོར་གསུམ་དང་གཏེར་རྫས་ཆོས་འབྱུང་བྲག་ཏུ་སྦས་ཚུལ་གྱི་ལུང་བྱང་། གཏེར་འདོན་པའི་དུས་གནད་སོགས་ཀྱི་ལུང་བསྟན། ཤེལ་དཀར་བཟའ་མགོན་སྐྱིད་གཏེར་དང་ཕྲད་པའི་སྨོན་ལམ་ལུང་བསྟན། ཤེལ་དཀར་བཟའ་མགོན་སྐྱིད་ཀྱི་སྐྱེས་རབས་ལུང་བསྟན། ལུང་བསྟན་རྟ་མགྲིན་ནག་པོ་གསང་བའི་ལྡེ་མིག །དབང་ཆོག་རྩ་གསུམ་འདུས་པའི་སྒྲུབ་ཐབས། བསྟོད་པ་ཡུལ་གྱི་མིང་ནི་མ་ལས་སྦྱོར་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་པདྨ་དབང་ཆེན། སྤྲུལ་སྐུ་པདྨ་འབྱུང་གནས། གནུབས་ནམ་མཁའི་སྙིང་པོ། ཤེལ་དཀར་མགོན་སྐྱིད། གཏེར་སྟོན་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་། སྣང་གསལ་བ་བཀྲ་ཤིས་རྒྱ་མཚོ། རིག་འཛིན་དུ་མ་རང་གྲོལ། རྗེ་ངག་དབང་ཡེ་ཤེས་གྲུབ་པ། ཟུར་རྡོ་རྗེ་འཆང་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལས་འཕྲོ་གླིང་པས་ཆོས་འབྱུང་བྲག་ནས་སྤྱན་དྲངས་པའི་གཟའ་བསྲུང་ཟབ་མོ་ཡུལ་ཁམས་ཀུན་ཐུབ་ཀྱི་གཞུ་དཔེ་རིས་ཕྱག་ལེན་བཅས་ཐོབ་པ་ནི། རྡོ་རྗེ་འཆང་། ཕྱག་


GLG004_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ན་རྡོ་རྗེ། དཔལ་ཨྱོན་ཆེན་པོ། ཤེལ་དཀར་བཟའ་མགོན་སྐྱིད། གཏེར་སྟོན་ལས་འཕྲོ་གླིང་པ་ཀུན་དགའ་དཔལ་བཟང་། རྗེ་རིན་ཅེན་ཕུན་ཚོགས། བཀྲ་ཤིས་རྒྱ་མཚོ། ཀུན་དགའ་ཚེ་མཆོག །ཕ་ཇོ་གཞོན་ནུ་དོན་གྲུབ། དྲིན་ཅན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །གར་དབང་ལས་འཕྲོ་གླིང་པའི་གཏེར་ཆོས་མ་ཐོབ། །ཉང་བན་ཏིང་འཛིན་བཟང་པོའི་སྐྱེ་བ་འཇའ་ཚོན་སྙིང་པོའམ་ལས་འཕྲོ་གླིང་པར་གྲགས་པས་ཧམ་འཕྲང་རྡོ་རྗེ་གནམ་ཀློང་གི་བྲག་ནས་སྤྱན་དྲངས་པའི་སྤྲུལ་སྐུ་བླ་མའི་ཐུགས་སྒྲུབ་བླ་མའི་སྒྲུབ་པ་ལ་རྫོགས་ཆེན་དུ་མིང་འདོགས་པ་འདི་ལ་རྩེ་ལ་སྤྲུལ་སྐུ་སོགས་ཁྲེལ་ཁྲེལ་མཛད་འདུག་ཟེར་བ་ཐུགས་མད་པར་སྣང་། རྫོགས་པ་ཆེན་པོ་དཀོན་ཅོག་སྤྱི་འདུས་ཀྱི་སྐོར་ལ། བླ་མ་པདྨ་འོད་འབར་གྱི་དབང་ཚེ་དབང་དང་བཅས་པ་ནོས་ནས། ལུང་ལ། རྣམ་ཐར་ཁ་བྱང་། དངོས་གཞིའི་གདམས་པ། ལྷན་ཐབས་ཤམ་བུ་དང་གསུམ། དང་པོ་ལ། སྒམ་པོ་པ་མི་ཕམ་ཆོས་ཀྱི་དབང་ཕྱུག་གིས་མཛད་པའི་གཏེར་སྟོན་གྱི་རྣམ་ཐར། ཡང་ཟབ་ནོར་བུའི་ལྡེ་མིག །པདྨའི་ཞལ་ལུང་འོད་འཕྲོ། ཆོས་བདག་མཁའ་འགྲོའི་ལུང་བསྟན་འོད་ཀྱི་མེ་ལོང་རྣམས། གཉིས་པ་དངོས་གཞིའི་གདམས་པ་ལ། རྒྱུད་ཀྱི་སྙིང་པོ་ཡང་ཟབ་ལེའུ་བརྒྱད་པ། དཀའ་འགྲེལ་རི་རྒྱལ་ལྷུན་པོ། ལོ་རྒྱུས་བླ་མའི་རྣམ་ཐར། ལས་བྱང་འཕྲིན་ལས་ཀྱི་རིམ་པ། སྨིན་བྱེད་དབང་གི་ཆོ་ག །སྦྱིན་སྲེག་འཕྲིན་ལས་བཞི་སྒྲུབ་མེ་མཆོད་ལས་མཐའ། དུག་བྲག་སྒྲུབ་པ་དབང་དྲག་འབར་བའི་ལས་མཐའ། ཡོ་ག་གསུམ་གྱི་སྒྲུབ་ཐབས་ལས་མཐའ། མ་ཧཱ་ཡོ་གའི་བསྐྱེད་རིམ། ཨ་ནུ་ཡོ་གའི་རྫོགས་རིམ། པདྨའི་སྲོག་ཕུར་ལྟ་སྒོམ་སྤྱོད་འབྲས་ཞེས་པ་ཨ་ཏིའི་འཁྲིད་ཡིག །གཏུམ་མོ་བདེ་དྲོད་འོད་འབར། འཕོ་བ་སྐར་ཁུང་མདའ་འཕང་།


GLG004_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཉང་བན་ཏིང་འཛིན་བཟང་པོའི་ཞུས་ལན། འཛོམ་ཡིག་ནམ་མཁའི་འོད་ཀློང་རྣམས། གསུམ་པ་ལྷན་ཐབས་ཤམ་བུ་ལ། ཡང་འགྲེལ་སྙིང་པོ་གསལ་བྱེད། རྒྱ་ནག་སྤྲུལ་སྐུ་གར་དབང་བསྟན་འཛིན་གྱི་དྲི་ལན་གཏེར་སྟོན་གྱིས་མཛད་པ། ཞི་ཁྲོ་བཀའ་བརྒྱད་ལས་ཁོལ་དུ་ཕྱུང་བའི་རྒྱལ་བ་སྤྱི་བཀང་། གདབ་ལས་གདུག་པ་ཀུན་སྒྲོལ། དྲག་པོའི་ཟོར་ལས། གཏོར་བསྔོ། གཏེར་བདག་མཆོད་པ་རྣམས་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཁཪྶ་པཱ་ཎི། སྤྲུལ་སྐུ་པད་མ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། ཉང་ཏིང་འཛིན་བཟང་པོ། གཏེར་སྟོན་ལས་འཕྲོ་གླིང་པ། རྫོགས་ཆེན་པ་ཀོང་ཆེན་ནམ་མཁའ་འཇིགས་མེད། ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །མི་མོས་པའི་ལོག་རྟོག་མེད་ནའང་གཏེར་གསར་འདི་སྐོར་ཞུ་འདུན་ཆེར་མེད་པར་གོང་དུ་འདེགས་གདོང་ལྷ་བཙུན་ནམ་མཁའ་འཇིགས་མེད་ཀྱིས་འདི་རྒྱ་ནག་བྲག་སྒོའི་བར་དུ་དར་ཟེར་བ་ཡོད་པས་ཕྱག་དཔེ་མ་ལུས་པའི་སྙན་འབུལ་ཞུ་དགོས་ཞེས་ཟུར་ཀུན་མཁྱེན་ཆེན་པོར་གསུངས་པར་བརྟེན་འདི་སྐོར་གྱི་དབང་ལུང་རྣམས་འབུལ་ཕེབས་པར་འདི་ལ་མི་ཤིས་པའི་གྲགས་པ་ཆེ་བས་འཚུབ་ཆ་ཡོང་མི་ཡོང་གི་ཐུགས་དམ་བརྟག་པ་གནང་ནས་དངོས་གྲུབ་མ་བྱུང་རུང་ལྟས་ངན་མི་ཡོང་ཚེ་བཀའ་དང་བསྟུན་ཞུས་པས་ཐུགས་དམ་གསལ་སྣང་ལ་ལེགས་ཉེས་གཉིས་ཀ་མ་བྱུང་འདུག་པས་ཞུས་པ་ཡིན་ནོ། །ཐང་ཡིག་ལས། ཡར་འབྲོག་མཚོ་གླིང་དགུ་ལ་དམག་སྒར་འཆའ༔ སྟག་ཐབས་ནང་དུ་གཙང་པ་སུམ་གཉིས་འཆི༔ རྩིབས་ཀྱི་ལྷ་ཁང་སྦས་པའི་གཏེར་ཁ་འདི༔ མི་གཞག་འདོན་པའི་རྟགས་དེ་བསྟན་ནས་འབྱུང་༔ ཨྱོན་བསྟན་


GLG004_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གླིང་པ་ཞེས་བྱ་འབྱུང་༔ ཞེས་པ་ལྟར་ལྷ་ལྕམ་ནུས་འབྱིན་ས་ལེའི་སྐྱེ་མཐའ་སྤྲུལ་སྐུ་བསྟན་གཉིས་གླིང་པ་པདྨ་ཚེ་དབང་རྒྱལ་པོས་གཏེར་ཁ་མང་དུ་བཞེས་པའི་ནང་ནས། རང་གཏེར་ལས། རི་བོ་པོ་ཏའི་ལྷོ་ཕྱོགས༔ རྩིས་ཀྱི་ཁང་གི་བྱང་༔ གཏེར་གནས་རྡོ་རྗེ་ཕག་མོའི་བྷ་ག་འདྲ་བ་རུ་གཏེར་དུ་སྦེད༔ གཏེར་སྟོན་ནི་ཁྱེད་ཀྱི་སྤྲུལ་པ་མདོ་སྔགས་གླིང་པ་ཞེས་བྱ་བས་འདོན༔ གལ་ཏེ་མདོ་སྔགས་གླིང་པས་གཏེར་འདི་མ་ཐོན་ན༔ ད་ལྟའི་ལྷ་ལྕམ་ནུས་འབྱིན་ས་ལེའི་སྐྱེ་བ་གཅིག་གིས་ཐོན་པར་འགྱུར་རོ༔ ཞེས་དང་། འོན་ཀྱང་འདུ་འཛིས་གཡེངས་པ་ན༔ ཟབ་གཏེར་ཀུན་ལ་གྲིབ་སྲིད་པས༔ དབེན་པའི་རི་ལ་སྒྲུབ་པ་འབུངས༔ ཟབ་གཏེར་ཆོས་དང་མ་མཇལ་བར༔ བུད་མེད་ཐིག་ལེ་ཉམས་པ་སྤང་༔ ཞེས་སོགས་ཀྱིས་ལུང་བསྟན་པ་ལྟར་ཚེ་སྤོང་གསང་བའི་གཏེར་གནས་ནས་སྤྲུལ་སྐུ་བསྟན་གཉིས་གླིང་པས་སྤྱན་དྲངས་པའི་ལྟ་བ་སངས་རྒྱས་དགོངས་འདུས་ཞེས་མདོ་སྔགས་བསྐྱེད་རྫོགས་ཀྱི་གྲུབ་མཐའ་མ་ཚང་མེད་པའི་ཟབ་ཆོས་རྒྱལ་པོའི་བང་མཛོད་ལྟ་བུའི་ནང་ནས་ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་གྱི་སྐོར་ལ། ཨྱོན་ཆེན་པོའི་རྣམ་ཐར། གཏེར་སྟོན་ལུང་བསྟན། ཆོས་བདག་ལུང་བསྟན་དང་བཅས་བསྟན་པ་བརྒྱུད་པའི་ལོ་རྒྱུས་ཕྲད་ཤོག་གི་མཐའ་ཅན། ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་གྱི་རྒྱུད་ལེའུ་བཅུ་གཅིག་པ་རྫོགས་སོའི་མཐའ་ཅན། མཇུག་ཏུ་རང་སྣང་ལྷུན་གྲུབ་ཅེས་སོགས་ཞལ་གདམས་ཚིགས་བཅད་མ་ལས་ཅན་ལ་ཕྲད་ཤོག་གི་མཐའ་ཅན། ཕྱག་རྒྱ་ཆེན་པོ་མ་རིག་མུན་སེལ་གྱི་དབང་ཆོག་བཀའ་རྒྱ་ཅན་ནམ་ཡིད་བཞིན་ནོར་བུར་གྲགས་པ་སྦས་བྱང་གི་མཐའ་ཅན། འཁྲིད་ཡིག་རིག་པ་གཅེར་མཐོང་ཞེས་པ་མི་རྟག་པ། སྐྱབས་སེམས། མཎྜལ་བླ་མའི་རྣལ་འབྱོར་ཏེ་


GLG004_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་འགྲོའི་འཁྲིད་ལྔ། མ་བཅོས་གནས་ལུགས་ཀྱི་གཞི་གཏན་ལ་ཕབ་པ། གེགས་སེལ་བོགས་འདོན་གྱིས་ཞི་གནས་ཀྱི་གྲོགས་བསྟན་པ། མཁན་པོ་རྩད་གཅོད་ཀྱིས་རིག་པ་གཅེར་བུར་བསྟན་པ། གཉིས་མེད་རང་ཤར་གྱིས་ལྷག་མཐོང་ངོ་སྤྲོད་པ། བྱར་མེད་བློ་འདས་ཀྱིས་གོལ་སྒྲིབ་ཀྱི་བརྡར་ཤ་གཅོད་པ། བསྒོམ་མེད་རང་བྱུང་ལྷུན་གྲུབ་ཀྱིས་ཆོས་ཟད་སར་སྐྱེལ་བ་དྲུག་གིས་དངོས་གཞིའི་འཁྲིད་རྣམས། ཞལ་གདམས་མཐོང་གྲོལ་ཅིར་ཡང་གྲུབ་པ་མེད་པའི་སེམས་ཉིད་འདི་ཞེས་ཡོད་པ་སྐལ་ལྡན་བུ་ཡིས་སྤྱོད་པར་ཤོག་གི་མཐའ་ཅན། ཕྱག་རྒྱ་ཆེན་པོའི་རྒྱབ་ཡིག་ཅེས་པ་མངའ་བདག་རྒྱལ་པོ། ལོ་ཆེན་བཻ་རོ་ཙ་ན། ལང་འགྲོ་ལོ་ཙཱ་བ་དཀོན་ཅོག་འབྱུང་གནས། མཁར་ཆེན་བཟའ་འཚོ་རྒྱལ། སྣ་ནམ་རྡོ་རྗེ་བདུད་འཇོམས། ངན་ལམ་རྒྱལ་བ་མཆོག་དབྱངས། ལྷ་སྲས་མུ་ཁྲི་བཙན་པོ། ལྷ་ལྕམ་ནུས་འབྱིན་ས་ལེ། གནུབས་ནམ་མཁའི་སྙིང་པོ། གནུབས་སངས་རྒྱས་ཡེ་ཤེས་རྣམས་སོ་སོར་གདམས་པ། འཚོ་རྒྱལ་གྱིས་ཞུས་པའི་ཡེ་གྲོལ། སྒོམ་པ་སྒོམ་མེད་ཀྱི་ངང་དུ་མཉམ་པར་བཞག་པའི་འཆར་ལུགས་དང་སྐྱོང་ལུགས། བར་དོ་འཕོ་བ། མཇུག་ཏུ་གདམས་པའི་ཡང་ཟབ་སྙིང་གི་ཐུགས་མཆོག་འདི་ཞེས་སོགས་ཀྱི་ཞལ་གདམས་སྦས་བྱང་གི་མཐའ་ཅན་དང་བཅས་པ་རྣམས་ཀྱི་ལུང་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་བཟང་ཡབ་ཡུམ། ལོངས་སྐུ་རིགས་ལྔའི་སངས་རྒྱས། དྲུག་པ་རྡོ་རྗེ་འཆང་། སློབ་དཔོན་སངས་རྒྱས་གཉིས་པ། ཇོ་མོ་ཡེ་ཤེས་འཚོ་རྒྱལ། ལྷ་ལྕམ་ནུས་འབྱིན་ས་ལེ། གཏེར་སྟོན་བསྟན་གཉིས་གླིང་པ། རོང་ཉི་ཟ་བ་ཚེ་བདག་རྡོ་རྗེ། ཡར་འབྲོག་ཡོམ་བུ་དོའི་བླ་མ་ཀུན་སྤངས་བཀྲ་ཤིས་ལྷུན་གྲུབ། ཁྱབ་བདག་ཁྲ་ཚང་པ་ཆེན་པོ།


GLG004_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་པའི་གཏེར་སྟོན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱིས་བྱང་ཟང་ཟང་ལྷ་བྲག་གི་གཏེར་སྣོད་ནུབ་ཟངས་མཛོད་དམར་པོ་ནས་སྤྱན་དྲངས་པའི་གསང་བ་ལས་ཀྱང་ཆེས་གསང་བའི་རྡོ་རྗེ་ཕག་མོ་ཟབ་རྒྱའི་སྨིན་གྲོལ་གྱི་སྐོར། སླར་ཡང་། མང་ཡུལ་རི་བོ་དཔལ་འབར་གྱི་བྲག་རྡོ་རྗེ་རྒྱ་གྲམ་འདྲ་བའི་འོག་ཏུ་ཡང་གཏེར་དུ་སྦས་པ་མངའ་བདག་གུང་ཐང་རྒྱལ་པོ་རྗེ་འབངས་རྣམས་ཀྱིས་བསྐུལ་བ་ལ་བརྟེན་ནས་སྤྲུལ་སྐུ་བསྟན་གཉིས་གླིང་པ་ཚེ་དབང་རྒྱལ་པོས་གཏེར་འདོན་པར་བྱོན་པའི་ནུབ་མོ་ཇོ་མོ་རྒྱ་གར་མ་བྱ་ཐུལ་སྔོན་མོ་རྨ་བྱའི་ཚུལ་དུ་ཡོད་པ་གཅིག་གིས་འདི་བྱང་གཏེར་གྱི་གཏེར་མཇུག་སྡུད་མཁན་ཞིག་ལ་སྤྲོད་དགོས་ཡོད། ཁྱེད་རང་ནན་ཆེས་པས་ཤོག་དྲིལ་གཅིག་པུ་འདི་ཁྱེར་ཟེར་ཞིང་ཕུག་པའི་ནང་ལ་འཁྱགས་པའི་ཡོལ་བ་གཏོང་གི་འདུག་པ་གཟིགས། སང་ཤིང་ཕོ་རྟ་ལོ་ཧོར་ཟླ་གསུམ་པའི་སྔ་དྲོ་ཕ་བོང་ཆེན་པོའི་འོག་ན་རྫི་དུག་དང་འདྲེས་པའི་ཤོག་དྲིལ་རྫ་མ་གང་གི་ཁྲོད་ནས་ཤོག་དྲིལ་གཅིག་སྤྱན་དྲངས་པའི་སྐོར་ལ། ཟླ་གམ་ཁ་སྦྱོར་པད་འདབས་ཡེ་ཤེས་འོད་ལྔས་བསྐོར་བའི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བའི་གཏོར་མས་དོན་གྱི་དབང་བཞི་ཚང་བའི་བུམ་དབང་། བནྡྷ་བདུད་རྩིས་གསང་དབང་། ཕྱག་རྒྱ་མཚན་ལྡན་གྱིས་ཤེར་དབང་། སྤྲོོས་བྲལ་ངོ་སྤྲོད་ཚིག་དབང་། སྔགས་དབང་བཅས་པ་སྨིན་རྒྱས་དང་། གྲོལ་བྱེད་ཀྱི་འཁྲིད་ལ། སྔོན་འགྲོ་སྐྱབས་སེམས། མཎྜལ། རྡོར་སེམས་བླ་མའི་རྣལ་འབྱོར་གྱི་འཁྲིད་དངོས་གཞི་ཕྱིའི་གཏུམ་མོ། ནང་གི་གཏུམ་མོ། གསང་བའི་གཏུམ་མོའི་དམིགས་རིམ། རྗེས་རང་ལུས་བདེ་ཆེན་འཁོར་ལོ་ལ་བརྟེན་པའི་བོགས་འདོན། རང་ལུས་ཐབས་ལྡན་ལ་བརྟེན་པའི་སྦྱོར་བ་རྣམས་ཉམས་འཁྲིད་དུ་མནོས་ནས། རྒྱབ་རྟེན་


GLG004_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་ལ། ཁ་བྱང་ལས། ཁ་བྱང་འཕྱུག་མེད་གསལ་བྱེད་ཀྱིས༔ གདམས་པའི་སྒྲོ་འདོགས་ཆོད་པར་བྱེད༔ དབང་ཆོག་པདྨའི་འཕྲེང་བ་ཡིས༔ སྐལ་ལྡན་སྨིན་ཅིང་གྲོལ་བར་བྱེད༔ གཏུམ་མོ་ཉི་མའི་རང་འོད་ཀྱིས༔ ལུས་ཀྱི་ནད་གདོན་ཞི་བར་བྱེད༔ ཅེས་པ་ལྟར་གདམས་པའི་སྒྲོ་འདོགས་གཅོད་པ་ཁ་བྱང་འཕྱུག་མེད། གང་ཟག་ཐེ་ཚོམ་གཅོད་པ་མཆིམས་ཕུར་སློབ་དཔོན་ཆེན་པོ་ལ་འཚོ་རྒྱལ་གྱིས་ཟབ་རྒྱ་ཞུས་པའི་ལོ་རྒྱུས། ཟབ་འཁྲིད་དབང་གི་གདམས་པར་གྲགས་པའི་སྐལ་ལྡན་སྨིན་ཅིང་གྲོལ་བྱེད་དབང་ཆོག་པདྨའི་འཕྲེང་བ། ལུས་ཀྱི་ནད་གདོན་ཞི་བར་བྱེད་པ་བདེ་ཆེན་གཏུམ་མོའི་གདམས་པ་ཉི་མ་འོད་འབར། ཡབ་ཡུམ་གཉིས་མེད་གསང་སྒྲུབ་ཀྱིས༔ བདག་ལུས་རྩ་གནད་འགྲོལ་བར་བྱེད༔ རྟ་ཕག་ཡབ་ཡུམ་སྒྲུབ་པ་ཡིས༔ ལུས་ཀྱི་དངོས་ཞེན་ཟློག་པར་བྱེད༔ ཡབ་ཡུམ་གཉིས་མེད་གསང་སྒྲུབ་ཀྱིས༔ གནད་གསུམ་གཟེར་གྱིས་ཐེབས་པར་བྱེད༔ རང་ལུས་བདེ་ཆེན་ཉམས་མྱོང་གིས༔ ཟླ་བ་གཏན་ལ་ཕེབས་པར་བྱེད༔ ཅེས་པའི་བདག་ལུས་ཀྱི་རྩ་གནད་འགྲོལ་བར་བྱེད་པ་ལུས་རྩ་ཁམས་ལ་བརྟེན་ནས་རྟ་མགྲིན་ཡབ་ཡུམ་གསང་བར་སྒྲུབ་པ། ལུས་ཀྱི་དངོས་ཞེན་བཟློག་པ་འདི་ཁ་བྱང་བཞིན་བཀོད་པ་ཡིན་གྱི་ཉམས་འཁྲིད་གོ་རིམ་གྱི་དབང་དུ་བྱས་ན་གཏུམ་མོ་ཉི་མའི་འོད་འབར་གྱི་གོང་དུ་དགོས་རྒྱུ་ཡིན་ནོ། །ནང་གི་རྟ་མགྲིན་དུ་བསྒྲུབ་ནས་བདག་ཉིད་བྱིན་གྱིས་བརླབས་པ་གནད་གསུམ་གཟེར་གྱིས་ཐེབས་པ་ཡབ་ཡུམ་གཉིས་མེད་ཡང་གསང་བཅུད་ཀྱི་གསང་སྒྲུབ་གཅིག་དྲིལ་ཞེ་ཕུགས་ཟབ་མོ། ཟླ་བ་གཏན་ལ་ཕེབས་པར་རང་ལུས་བདེ་ཆེན་ཉམས་མྱོང་རྩ་ཚིག་རླུང་གསུམ་རྩལ་འདོན་ཞིང་ཐིག་ལེའི་རྩལ་སྦྱོང་བ། གཞན་ལུས་བདེ་ཆེན་འཕྲིན་ལས་ཀྱིས༔ བདག་གཞན་བྱིན་གྱིས་བརླབ་པར་བྱེད༔ སྟོང་


GLG004_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་ཡེ་ཤེས་གསལ་སྒྲོན་གྱིས༔ འཁྲིད་ཀྱི་རིམ་པ་གསལ་བར་བྱེད༔ ཟབ་ལམ་སྟོང་ཐུན་སྒྲོན་མ་ཡིས༔ གེགས་རྣམས་མ་ལུས་སེལ་བར་བྱེད༔ རྡོ་རྗེ་ཆུ་འཐུང་གདམས་པ་ཡིས༔ ཉི་མ་དབང་དུ་སྡུད་པར་བྱེད༔ ཅེས་པའི་བདག་གཞན་བྱིན་གྱིས་བརླབ་པ་ཕྱག་རྒྱ་བརྟགས་ཏེ་གཞན་ལུས་བདེ་ཆེན་འཕྲིན་ལས། འཁྲིད་ཀྱི་རིམ་པ་གསལ་བར་སྟོན་པ་ཁོག་དབུབ་རིན་ཅེན་རྒྱན་གྱི་འཕྲེང་བ་ཞེས་པ་སྟོང་ཐུན་ཡེ་ཤེས་གསལ་སྒྲོན། གེགས་རྣམས་མ་ལུས་སེལ་བ་ཟབ་ལམ་སྟོང་ཐུན་སྒྲོན་མ་ཞེས་པ་རྒྱུད་སྡེ་སྤྱིའི་སྟོང་ཐུན་དང་སྦྱར་བ། ཉི་མ་དབང་དུ་བསྡུ་བ་ཕྱག་རྒྱ་མཚན་ལྡན་མའི་བཅུད་འཐུང་བ་རྡོ་རྗེ་ཆུ་འཐུང་། ལས་ཀྱི་ཕྱག་རྒྱའི་རྣམ་འབྱེད་ཀྱིས༔ ཟླ་བ་དབང་དུ་སྡུད་པར་བྱེད༔ ཨྱོན་ཞལ་གདམས་ཆེན་མོ་ཡིས༔ ཐེ་ཚོམ་གོལ་ས་གཅོད་པར་བྱེད༔ གཞན་དོན་རིགས་བརྒྱུད་གཞག་ཐབས་ཀྱིས༔ སྤྲུལ་སྐུའི་ས་བོན་ཐེབས་པར་བྱེད༔ ལྟ་བ་ཡེ་ཤེས་ཀློང་གྲོལ་གྱིས༔ ཆོད་ཁྲེགས་བརྡར་ཤ་གཅོད་པར་བྱེད༔ ལུང་བསྟན་ཀུན་གསལ་སྒྲོན་མ་ཡིས༔ དཀར་ནག་ཕུ་ཐག་ཆོད་པར་བྱེད༔ ཅེས་པ་ལྟར་ཟླ་བ་དབང་དུ་སྡུད་པ་ལས་ཀྱི་ཕྱག་རྒྱའི་གསང་འཁྲིད་ཅེས་པ་ཡིད་སྦྱོར། སོར་མོ་འབོ་ལ། གཞན་ལུས་ལ་བསླབ་པ། རྩ་ཐིག་རླུང་གསུམ་གྱི་ཐེ་ཚོམ་གོལ་ས་གཅོད་པའི་ཨྱོན་ཞལ་གདམས་ནོར་བུའི་འཕྲེང་བ། སྤྲུལ་སྐུའི་ས་བོན་ཐེབས་པ་གཞན་དོན་དུ་རིགས་བརྒྱུད་འཇོག་ཐབས་སྟ་གྲི་ལ་བརྟེན་པའི་ལྟེ་བསྒྱུར་གཞན་ཕན་འོད་ཟེར། ཐེམས་མེད། ཁྲེགས་ཆོད་བརྡར་ཤ་གཅོད་པ་ལྟ་བ་ཡེ་ཤེས་ཀློང་གྲོལ། དཀར་ནག་ཕུ་ཐག་གཅོད་པ་ལུང་བསྟན་ཀུན་གསལ་སྒྲོན་མ། ལོ་རྒྱུས་དང་ས་བཅད་ཡིད་བཞིན་ནོར་བུ་མདོ་བོ་ཆེ་པ་ཆོས་སྐྱོང་ལྷུན་གྲུབ་ཀྱིས་མཛད་པ། ཐེམས་མེད། འཕོ་འཁྲིད་ཀྱི་འཁྲུལ་འཁོར་རྩ་


GLG004_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམས་མེད། འགྲེལ་གཏེར་སྟོན་གྱིས་མཛད་པ་ཡིག་ཆུང་ཕྱག་ལེན་དང་བཅས་པ་རྣམས་ཐོབ་པའི་ལུང་བསྟན་མ་གཏོགས་པའི་བརྒྱུད་པ་ནི། དང་པོའི་སངས་རྒྱས་བདེ་ཆེན་རང་གསལ། ཡུམ་མཆོག་རྡོ་རྗེ་ཕག་མོ། མ་ཧཱ་གུ་རུ་པདྨ་འབྱུང་གནས། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ། གཏེར་སྟོན་སྤྲུལ་པའི་སྐུ་མཆོག་རྒོད་ཀྱི་ལྡེམ་ཕྲུ། ཡང་གཏེར་གཏེར་སྟོན་པདྨ་ཚེ་དབང་རྒྱལ་པོ། རིག་འཛིན་ངག་དབང་ཆོས་བཟང་། ངམ་རིང་མཁན་ཆེན་བྱམས་པ་བཟང་པོ། ནུབ་དགོན་སྤྲུལ་སྐུ་ཤཱཀྱ་རྒྱལ་མཚན། རྫོགས་ཆེན་པ་ནམ་མཁའ་འབྲུག་སྒྲ་བཟང་པོ། རྫོགས་ཆེན་པ་ཀུན་བཟང་རྣམ་རྒྱལ། རིགས་ཀུན་བདག་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །ལུང་བསྟན་ཀུན་གསལ་སྒྲོན་མ་ནི་གཏེར་སྟོན་ནས། ཐུགས་སྲས་བཟོད་པ། གྲུབ་ཆེན་རང་གྲོལ། སྤ་གྲོ་བ་ཆོས་དབང་ལྷུན་གྲུབ། དར་སྡིངས་འཕྲིན་ལས་ལྷུན་གྲུབ། རྩ་བའི་བླ་མ། དེས་བདག་ལའོ། །དེ་ཡང་ལོག་རྟོག་ཅན་ལ་ལ་དག་ཟབ་རྒྱ་རྙིང་པར་མ་གྲགས་པའི་གསར་པ་འདི་འདྲ་ཡང་གཏེར་དུ་སྦས་པའི་འཕྲོས་ཙམ་ཡང་རིགས་འཛིན་ཆེན་པོའི་རྣམ་ཐར་དུ་མེད་པས་རྫུན་གཏེར་ཡིན་ཞེས་ཟེར་ནའང་། ལུང་བྱང་ཡེ་ཤེས་ཐུགས་ཀྱི་ལྡེ་མིག་ལས། ཐེག་པ་མཆོག་གི་སྣོད་ལྡན་གཅིག །ཤར་གྱི་ཕྱོགས་ནས་འབྱུང་གིས་གཏོད། ཁ་ལ་མ་འབྱམས་ཉམས་ལེན་གྱིས། །གཏད་རྒྱའི་བུ་ཉིད་དེ་ལ་གཏོད། །ལས་ཅན་མ་རྙེད་གཏེར་དུ་སྦོས། །ཞེས་པས་ཤེས་ནུས་ཤིང་། རྣལ་འབྱོར་ལམ་རིམ་ལས། ལུས་སྦྱོང་ནི་ལྔ་པ་དང་། ཉི་ཤུ་པ་དང་། དྲུག་ཅུ་པའོ་ཞེས་དང་། ཐིག་ལེའི་གེགས་སེལ་ལས། འདྲེན་གྱི་སྐབས་སུ་སྐྱུགས་པའི་ཚུལ་ལན་གསུམ། མནོམ་པའི་ཚུལ་ལན་གསུམ་བྱ་གསུངས་པ་རྣམས་ཀྱང་ཟབ་རྒྱ་རྙིང་པར་མི་གསལ་ཞིང་གསར་


GLG004_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིར་བསྟན་པ་དང་། ཟབ་རྒྱ་གསར་བའི་ལོ་རྒྱུས་ལས། བདག་ལ་རྡོ་རྗེ་ཕག་མོས་གནང་བའི་ཆོས་འདི་ལ་ཕྱི་རྩིས་ཀྱི་སྐོར། ནང་རྩ་གནས་ཀྱི་སྐོར། གསང་བ་རྩ་ཐིག་རླུང་གསུམ་གྱི་རྣམ་གཞག །ཐུན་མོང་དུ་དབང་གི་རྣམ་གཞག་གི་སྨིན་པར་བྱེད་པ། བསྐྱེད་རིམ་རྟ་ཕག་ཡབ་ཡུམ་གསང་སྒྲུབ་ཀྱིས་ལུས་ལྷར་སྒྲུབ་པ་ཞེས་སོགས་གསུངས་པའི་རྩིས་དང་རྩ་གཉིས་འདོར་མི་གསལ་བ་ཟབ་རྒྱ་རྙིང་པར་གསུངས། རྒྱ་མཚོ་ལྟ་བུ་རླུང་གི་རྒྱ་ཞེས་པ་ཟབ་རྒྱ་རྙིང་པར་བསྟན་པར་མ་ཟད་གསར་མའི་བདེ་ཆེན་གསང་སྒྲུབ་ཏུ་བསྟན། ནམ་མཁའ་ལྟ་བུ་ལྟ་བའི་རྒྱ་ཞེས་པ་གསར་མའི་ཡེ་ཤེས་ཀློང་གྲོལ་དུ་བསྟན། ནོར་བུ་ལྟ་བུའི་མན་ངག་རྒྱ་ཞེས་པ་གསར་མའི་ཞལ་གདམས་ནོར་བུའི་འཕྲེང་བར་བསྟན་ལ། གཏེར་སྟོན་གྱིས་གཏེར་གསར་སྐོར་མེ་སྟོན་ནམ་མཁའི་མཚན་ཅན་སོགས་ལ་གནང་དུས་ཐུགས་སྲས་རིན་པོ་ཆེའི་གསུང་ལས། མི་ཚེ་རིང་ཙ་ན་ཆོས་མ་བུ་ཕྲད་ནས་ཐོབ་པའི་དུས་ཀྱང་བྱུང་ཞེས་དགྱེས་པ་ཆེན་པོ་མཛད་པའི་ལོ་རྒྱུས་འདུག་པ་ཡིད་ཆེས་ཀྱི་གནས་སོ། །སྤྲུལ་སྐུ་བསྟན་གཉིས་གླིང་པས་གཏོར་ཁུང་བྲག་ནས་གདན་དྲངས་པའི་ཁྱབ་འཇུག་སྐོར་ལ། རཱ་ཧུ་ལ་གནད་དུ་གཅུན་པའི་འཁོར་ལོ། རྐུན་མ་བྱུང་ན་ཁོལ་པོ་ནོར་སྙེག་གི་སྒྲུབ་པ། ཕུང་བྱེད་གཟའི་སྲོག་སྒྲུབ་གཉིད་མ་ལོག་ན་དགྲ་འཆི་ཞིང་གཉིད་ལོག་ན་རང་འཆི་བ་རྣམས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ཨྱོན་ཆོས་ཀྱི་རྒྱལ་པོ། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལྷ་ལྕམ་ནུས་འབྱིན་ས་ལེ། གཏེར་སྟོན་ཚེ་དབང་རྒྱལ་པོ། ཉི་པ་བ་ཚེ་བདག་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། རིག་འཛིན་ངག་གི་དབང་པོ། ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །སྤྲུལ་སྐུ་བསྟན་གཉིས་གླིང་པས་བྲག་
དམར་གཏོར་ཁུང་ནས་གདན་དྲངས་པའི་གནོད་སྦྱིན་བཤན་པ་དམར་པོའི་གཟའ་རྒོད་མིག་དམར་དུ་གྲགས་པའི་ཡང་ཁོལ་གཟའི་སྒྲུབ་ཐབས་ཀྱི་བརྒྱུད་པ་ཡང་གོང་བཞིན་ནོ། །དཔལ་ཨོ་རྒྱན་ཆེན་པོས་གཏེར་སྟོན་ཚེ་དབང་རྒྱལ་པོ་ལ་མནལ་ལམ་དུ་དག་སྣང་གི་ཚུལ་དུ་གནང་བའི་རྟ་གླུད་གཏོང་ཐབས་ཀྱི་བརྒྱུད་པ་ནི། ཨྱོན་སངས་རྒྱས་གཉིས་པ། སྤྲུལ་སྐུ་ཚེ་དབང་རྒྱལ་པོ། ཉི་པ་བ་ཚེ་བདག་རྡོ་རྗེ། ཆོས་རྒྱལ་བཀྲ་ཤིས་སྟོབས་རྒྱལ། ཕ་ཇོ་ལྷུན་གྲུབ་རྡོ་རྗེ། དེ་སྲས་གཞོན་ནུ་དོན་གྲུབ། ཟུར་རྩ་བའི་བླ་མ། དེས་བདག་ཟ་ཧོར་གྱི་བནྡེ་ལའོ། རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན་གྱི་དྲུང་དུ་ཡང་ལན་ཅིག་མནོས་སོ། །


previousགཏེར་སྟོན་ལས་འཕྲོ་གླིང་པས་གཏེར་ནས་བཞེས་པའི་གཏེར་ཆོས་ཁག་གི་སྐོར།next