Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

65 occurrences of དེའི་འོག་ཏུ་
[Clear Hits]


  
28  collapse section
  
  
  
 
  
བཤད་པ་ཉིད་ཉེ་བར་དགོད་པ་ལས་བྱམས་གཞུང་བཤད་པ།
  
  
  
  
  
  
  
  
  
 
  
  
  
  
  
  
11   
 
  
  
 
 
  
  
  
  
  
  
  
expand section
  
17  expand section
expand section
 expand section
expand section
expand section


65 occurrences of དེའི་འོག་ཏུ་
[Clear Hits]

 
previousབཤད་པ་ཉིད་ཉེ་བར་དགོད་པ་ལས་བྱམས་གཞུང་བཤད་པ།next

བཤད་པ་ཉིད་ཉེ་བར་དགོད་པ་ལས་བྱམས་གཞུང་བཤད་པ།


GLG013_Page_0028
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ཉིད་ཉེ་བར་དགོད་པ་ལས་བྱམས་གཞུང་བཤད་པ། གཉིས་པ་བཤད་པ་ཉིད་ཉེ་བར་དགོད་པ་ལ་མཆོད་བརྗོད་བཤད་པ། རྒྱས་པ་ལ་དད་པའི་གང་ཟག་ལ་ཕྱེ་སྟེ་བཤད་པ། བསྡུས་དོན་གཞན་བསྟན་པ་གསུམ། དང་པོ་ལ། མཚམས་སྦྱར་བ། རྩ་བ། འགྲེལ་པའོ། དང་པོ་ལ། ཚིག་དོན་བཤད་པ་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། འཕགས་པ་བྱམས་པ་མགོན་པོས་རྒྱན་རྩོམ་པའི་བྱ་བ་རིམ་ཅན་དུ་མ་ཡོད་པའི་ནང་ནས། རེ་ཞིག་དང་པོར་མཁྱེན་གསུམ་


GLG013_Page_0029
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཕྱག་འཚལ་བ་ལ་ཆོས་ཅན། རང་དོན་གྱི་དགོས་པ་ཡོད་དེ། རང་ཉིད་དམ་པའི་སྤྱོད་པ་དང་མཐུན་པར་རབ་ཏུ་སྟོན་པའི་ཆེད་ཡིན་པའི་ཕྱིར། དེ་ཆོས་ཅན། གཞན་དོན་གྱི་དགོས་པ་ཡོད་དེ། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་གཞན་དག་ཡུམ་ལ་རབ་ཏུ་དང་བ་བསྐྱེད་པའི་ཆེད་དུ་ཡིན་པའི་ཕྱིར། རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན། དང་བ་སྐྱེས་པ་ལ་དགོས་པ་ཡོད་དེ། དངོས་སུ་མ་བསྐུལ་ཀྱང་དོན་གྱིས་འཇུག་པར་བྱ་བའི་ཆེད་ཡིན་པའི་ཕྱིར། དེ་ཆོས་ཅན། ཁྱོད་ཀྱི་དང་བ་སྐྱེ་བའི་ཡུལ་ཡོད་དེ། བཅོམ་ལྡན་འདས་མ་ཡོན་ཏན་རིན་པོ་ཆེ་ཕུལ་དབྱུང་དུ་མེད་ཅིང་དཔག་ཏུ་མེད་པའི་སྲས་བཞིའི་བཞེད་དོན་སྒྲུབ་པའི་འབྱུང་གནས་ཏེ་རྒྱུ་དེ་ཡིན་པའི་ཕྱིར། དེ་ཆོས་ཅན། དང་བ་སྐྱེ་ཚུལ་ཡོད་དེ། གཞི་ལམ་རྣམ་མཁྱེན་གསུམ་ལ་རིམ་པ་བཞིན། ཉན་རང་སློབ་པ་ཉེར་ཞིར་འཁྲིད། བྱང་འཕགས་རིགས་ཅན་གསུམ་གྱི་དོན་སྒྲུབ། སངས་འཕགས་རིགས་ཅན་གསུམ་ལ་ཆོས་འཁོར་བསྐོར་བའི་ཡོན་ཏན་ཡོད་པ་ཇི་ལྟ་བ་བཞིན་དུ་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་སྒོ་ནས་ཡིན་པའི་ཕྱིར། དེ་ཆོས་ཅན། དེ་ལྟར་ཐོས་སོགས་ཀྱིས་ཞུགས་པ་ལ་དགོས་པ་ཡོད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡུལ་དུ་བྱེད་པའི་ཡུལ་ཅན་གྱི་རབ་ཏུ་དང་བའི་དད་པ་ནི་གནས་སྐབས་མཐར་ཐུག་གི་ལེགས་པ་ཐམས་ཅད་འཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བྱ་བ་ཚད་མ་འཕགས་པ་བྱམས་པའི་མཉམ་གཞག་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་ངེས་པར་བཟུང་ནས་གདུལ་བྱ་གཞན་དག་ཀྱང་དད་པ་ལ་བརྟེན་ནས་བྱང་ཆུབ་འཐོབ་པའི་དགོས་པ་ཡོད་པའི་ཕྱིར། གཉིས་པ་ལ། དགག་གཞག་སྤང་གསུམ་ལས། ཁ་ཅིག །སངས་རྒྱས་དབང་གིས་རྙེད་པ་ནི། ཞེས་དང་། བཅོམ་


GLG013_Page_0030
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་འཕགས་པ་མ་རྒྱལ་བ་ལས་རྒྱལ་བ་ཞེས་པའི་རིགས་ཀྱི་ལུང་ལ་བརྟེན་ནས་རྗེ་བཙུན་བྱམས་མགོན་སངས་རྒྱས་འཕགས་པ་ཡིན་ཟེར་ན། འོ་ན། དེ་མ་འོངས་པའི་སངས་རྒྱས་འཕགས་པ་ཡིན་པའི་དོན་དེ་མ་འོངས་པ་ན་འཚང་རྒྱ་འགྱུར་ཡིན་པ་ལ་བྱེད་དམ། མ་འོངས་པ་ན་སངས་རྒྱས་ཀྱི་མཛད་པ་སྟོན་པ་ལ་བྱེད། དང་པོ་ལྟར་ན། དེ་ཆོས་ཅན། སངས་རྒྱས་འཕགས་པ་མ་ཡིན་པར་ཐལ། འཚང་རྒྱ་དགོས་ཡིན་པའི་ཕྱིར། དེར་ཐལ། མ་འོངས་པ་ན་འཚང་རྒྱ་འགྱུར་ཡིན་པའི་ཕྱིར། གཞན་ཡང་། སེམས་ཅན་ཐམས་ཅད་སངས་རྒྱས་འཕགས་པ་ཡིན་པར་ཐལ་ལོ། །གཉིས་པ་ལྟར་ན། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། མ་འོངས་པའི་སངས་རྒྱས་འཕགས་པ་ཡིན་པར་ཐལ། མ་འོངས་པ་ན་སངས་རྒྱས་ཀྱི་མཛད་པ་སྟོན་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། མ་འོངས་པ་ན་ཆོས་ཀྱི་འཁོར་ལོ་བསྐོར་བའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་མཛད་པ་བཅུ་གཉིས་ཀྱི་ཚུལ་བསྟན་པའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་གང་ཟག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ད་ལྟར་བའི་སངས་རྒྱས་འཕགས་པ་ཡིན་པའི་ཕྱིར་རོ། །མཁས་པ་ཁ་ཅིག །རྣམ་བཤད་ལས། རྗེ་བཙུན་མངོན་པར་རྫོགས་པར་སངས་རྒྱས་པའི་དབང་དུ་བྱེད་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐབས་མ་ཕྱེད་པ་ཡིན་ལ་ཞེས་པའི་ལུང་དོན། ཐུན་མོང་བ་གདུལ་བྱ་ཐུན་མོང་བའི་ངོར་སངས་རྒྱས་མ་ཡིན་ལ། ཐུན་མོང་མ་ཡིན་པ་དངོས་པོའི་གནས་ཚོད་ལ་སངས་རྒྱས་ཡིན་པའི་ཁྱད་པར་འབྱེད་དགོས་ཤིང་། དེའི་རྒྱུད་ལ་རང་དོན་དོན་གཉེར་གྱི་བློ་ཡོད་དོ་ཟེར་ན། རྗེ་བཙུན་ཆོས་ཅན། སངས་རྒྱས་ཡིན་པར་ཐལ། དངོས་པོའི་གནས་ཚོད་ལ་སངས་རྒྱས་


GLG013_Page_0031
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པའི་ཕྱིར། འདོད་ན། སྟོན་པ་ཤཱཀྱ་ཐུབ་པའི་ཐུགས་རྒྱུད་ལ་རང་དོན་དོན་གཉེར་གྱི་བློ་ཡོད་པར་ཐལ། རྗེ་བཙུན་གྱི་ཐུགས་རྒྱུད་ལ་དེ་ཡོད་པ་ནི་གང་ཞིག །དེ་གཉིས་སངས་རྒྱས་ཡིན་པར་མཚུངས་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་རང་དོན་ཆོས་སྐུ་དོན་གཉེར་གྱི་བློ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་རྒྱུད་ལ་ཐེག་ཆེན་གྱི་ཐར་པ་དོན་གཉེར་གྱི་བློ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཐར་པ་དོན་གཉེར་གྱི་གང་ཟག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཐར་འདོད་ཀྱི་སྐྱེས་བུ་མ་ཡིན་པའི་ཕྱིར་རོ། །ཁ་ཅིག །འདོད་པའི་རྟེན་ལ་གསར་དུ་འཚང་རྒྱ་བ་ཡོད་པར་ཐལ། དགའ་ལྡན་གྱི་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་གསར་དུ་འཚང་རྒྱ་དགོས་ཀྱི་གང་ཟག་གང་ཞིག །དེས་དགའ་ལྡན་དུ་བཞུགས་པའི་མོད་དེ་ཉིད་ལ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་ཕྱིར་ན་མ་ཁྱབ། རྗེ་བཙུན་དགའ་ལྡན་དུ་བཞུགས་པའི་མོད་ཉིད་ལས་མཛད་པ་བཅུ་གཉིས་ཀྱི་ཚུལ་མ་བསྟན་པའི་སྔ་རོལ་ཏུ་འོག་མིན་དུ་འཚང་རྒྱ་བར་ཐལ། དེས་དགའ་ལྡན་དུ་སྤྲུལ་པ་ཞིག་བཞག །འོག་མིན་དུ་ཆོས་སྐུ་མངོན་དུ་མཛད་ནས། སླར་ཡང་སྤྲུལ་པ་དེ་ཉིད་ལ་ཞུགས་ཏེ་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་པའི་ཕྱིར་ཏེ། ཇི་སྐད་དུ། ཕལ་པོ་ཆེ་ལས། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་འདུག་བཞིན་དུ་ཆོས་ཀྱི་སྐུར་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །བྱས་པ་ལ་ཁོ་ན་རེ། དགའ་ལྡན་གྱི་རྟེན་ལ་གསར་དུ་སངས་རྒྱས་པ་ཡོད་པར་ཐལ། དེའི་རྟེན་ལ་གསར་དུ་སངས་རྒྱས་མ་ཐག་པའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། རྗེ་བཙུན་གྱིས་དགའ་ལྡན་དུ་སྤྲུལ་པ་ཞིག་བཞག །འོག་མིན་དུ་


GLG013_Page_0032
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐུ་མངོན་དུ་མཛད་མ་ཐག་པ་དེའི་ཚེ་དགའ་ལྡན་གྱི་སྤྲུལ་པ་དེས་གསར་དུ་སངས་རྒྱས་མ་ཐག་པའི་དགའ་ལྡན་གྱི་རྟེན་ཅན་ཡིན་པའི་ཕྱིར། དེར་ཐལ། དེའི་རྟེན་ཅན་གྱི་རྣམ་པ་ཅན་ཡིན་པའི་ཕྱིར་ན་མ་ཁྱབ། འོ་ན། བཅོམ་ལྡན་འདས་གདུལ་བྱའི་དོན་དུ་རི་དྭགས་རུ་རུའི་རྣམ་པར་བསྟན་པའི་ལུས་དེ་ཆོས་ཅན། རི་དྭགས་རུ་རུའི་ལུས་ཡིན་པར་ཐལ། དེའི་རྣམ་པ་བསྟན་པའི་ལུས་ཡིན་པའི་ཕྱིར། ཁ་ཅིག་རྗེ་བཙུན་གྱི་རྒྱུད་ལ་རང་དོན་ཆོས་སྐུ་དོན་གཉེར་གྱི་བློ་ཡོད་པར་ཐལ། དེའི་རྒྱུད་ལ་རང་དོན་ཆོས་སྐུ་ལ་དམིགས་པའི་འདུན་པ་ཡོད་པའི་ཕྱིར་ཟེར་བ་ལ་ནི། འོ་ན། དེའི་རྒྱུད་ལ་འཁོར་བ་དོན་གཉེར་གྱི་བློ་ཡོད་པར་ཐལ། དེའི་རྒྱུད་ལ་འཁོར་བ་ལ་དམིགས་པའི་འདུན་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་སོ། །ཁ་ཅིག །རྗེ་བཙུན་སངས་རྒྱས་ཡིན་པར་ཐལ། དེ་སངས་རྒྱས་སྟོང་པོ་གང་རུང་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེར་གྱུར་པའི་སངས་རྒྱས་སྟོང་པོ་གང་རུང་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། དེ་ཉེ་བའི་སྲས་བརྒྱད་གང་རུང་ཡིན་པར་ཐལ། དེར་གྱུར་པའི་ཉེ་བའི་སྲས་བརྒྱད་གང་རུང་ཡོད་པའི་ཕྱིར། ཁྱབ་པ་ཁས། རང་ལུགས་ནི་འགྲེལ་པ་དང་ཊཱིཀྐར་སངས་རྒྱས་དང་བཅོམ་ལྡན་འདས་སོགས་སུ་བཤད་པ་ནི་ཡུམ་རྒྱས་འབྲིང་བསྡུས་གསུམ་ལ་བསྟན་བཅོས་ཀྱི་སྒྲས་བསྟན་པ་ལྟར་ཡིན་ལ། རྒྱུད་བླར། སྐྱེ་བ་མངོན་པར་སྐྱེ་བ་དང་། །ཞེས་སོགས་དང་། རྒྱུད་བླའི་ཊཱིཀྐར་ངེས་པའི་དོན་དུ་ནི་མ་ཡིན་གྱི། བཅོམ་ལྡན་འདས་བྱམས་པ་ཉིད་ཞེས་སོགས་ཀྱང་རྩ་བའི་དེ་སྤྲུལ་སྐུ་སྤྱིའི་དབང་དང་། ཊཱིཀྐའི་དེ་ཐུན་མོང་མ་ཡིན་པའི་ཤན་ཤོར་བ་ཡིན་ནོ། །རྣམ་བཤད་ཀྱི་ཐུན་མོང་མ་ཡིན་པ་ནི་སྔགས་དང་ཐུན་མོང་བ་ཕར་ཕྱིན་ཐེག་པ་ལ་བྱ་རིགས་ཞིང་། དེས་ན་རང་ལུགས་ལ་
རྗེ་བཙུན་བྱང་ཆུབ་སེམས་དཔའ་ཡིན་ཏེ། གླེང་གཞིའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་བྱམས་པ་དང་། ཞེས་དང་། སྲིད་ཞི་མཉམ་ཉིད་ཀྱི་མདོ་ལས། བྱམས་པ་ནི་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། ཞེས་དང་། རྒྱུད་བླ་ལས། དེ་ལྟར་ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་བདག་ཉིད་འབའ་ཞིག་དག་ཕྱིར་དང་། །ཞེས་སོགས་གསུངས་པ་རྣམས་ཀྱིས་གྲུབ་པའི་ཕྱིར་རོ། །གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག །འདོད་པའི་ཁམས་སུ་གསར་དུ་འཚང་རྒྱ་བ་ཡོད་པར་ཐལ། སྔགས་ཀྱི་ཐེག་པ་ཡོད་པའི་ཕྱིར་ན་མ་ཁྱབ། འོ་ན། སྔགས་ཀྱི་ཐེག་པ་ནས་བཤད་པ་ལྟར་ཁས་མ་བླངས་པས་སྔགས་ཀྱི་ཐེག་པ་མེད་པར་འདོད་དགོས་པར་ཐལ། ཁྱོད་ཀྱི་ཞེ་འདོད་འཐད་པའི་ཕྱིར། འདོད་ན། གྲུབ་མཐའ་འོག་མ་གསུམ་ནས་བཤད་པ་ལྟར་ཁས་མ་བླངས་པས་གྲུབ་མཐའ་འོག་མ་གསུམ་མེད་པར་འདོད་དགོས་པར་ཐལ། མཚུངས་པའི་ཕྱིར། འདོད་ན། སྐབས་འདིར་གྲུབ་མཐའ་འོག་མ་གསུམ་མེད་པར་ཐལ། དེ་ནས་བཤད་པ་ལྟར་སྐབས་འདིར་ཁས་མི་ལེན་པའི་ཕྱིར། འདོད་ན། གྲུབ་མཐའ་སྨྲ་བ་བཞི་མེད་པར་ཐལ་ལོ། ཁ་ཅིག །རྗེ་བཙུན་སངས་རྒྱས་ཡིན་པར་ཐལ། ལྷའི་བུ་དམ་པ་ཏོག་དཀར་པོ་སངས་རྒྱས་ཡིན་པའི་ཕྱིར་ན་མ་ཁྱབ་བོ། །


previousབཤད་པ་ཉིད་ཉེ་བར་དགོད་པ་ལས་བྱམས་གཞུང་བཤད་པ།next