Nitartha Digital Library
Tibetan
རྒྱལ་དབང་ལྔ་པ་ཆེན་པོའི་གསུང་འབུམ།

61 occurrences of ཆུ་བཟང་
[Clear Hits]


  
10  collapse section
  
 
 
 
collapse section
ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་གླང་དར་བར་གྱི་རྒྱལ་རབས་བརྗོད་པ།
  
 
 
  
 
 
 
46  expand section


61 occurrences of ཆུ་བཟང་
[Clear Hits]

 
previousཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་གླང་དར་བར་གྱི་རྒྱལ་རབས་བརྗོད་པ།next

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་གླང་དར་བར་གྱི་རྒྱལ་རབས་བརྗོད་པ།


GLG019_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་གླང་དར་བར་གྱི་རྒྱལ་རབས་བརྗོད་པ།དེ་ཡང་མགོན་པོ་ཟུར་ཕུད་ལྔ་པའི་འཕྲིན་ལས་སུ་ཝ་ཎའི་འཁོར་ལོའི་ལྟ་བ་ལྷུན་གྱིས་གྲུབ་པའི་མཆོད་སྡོང་ཆེན་པོ་བོད་ཀྱི་རྒྱལ་པོའི་རིགས་ཀྱི་སྐྱེས་བུ་མིའི་ཁྱུ་མཆོག་ཏུ་འཕགས་པར་སྤྲུལ་ནས་ལུགས་ཟུང་གི་རྩིབས་སྟོང་ཐོགས་པ་མེད་པར་འཁོར་བའི་ཆེད་དུ་ཡབ་ཁྲི་ལྡེ་གཙུག་བརྟན་དང་། ཡུམ་ཀོང་ཇོ་གཉིས་ཀྱི་སྲས་སུ་སྣ་ཚོགས་ཞེས་པ་ཆུ་རྟའི་ལོ་ཕོ་བྲང་བྲག་དམར་དུ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་བལྟམས། དུས་དེར་རྒྱལ་པོའི་བཙུན་མོ་རྣམ་སྣང་བཟས་ཀྱང་རྒྱལ་པོའི་སྲས་ཞིག་མངལ་དུ་ཆགས་པ་སྐད་ཟེར་ནས་ཀོང་ཇོའི་སྲས་ཕྲོགས་ཏེ་ཁོང་རང་ལས་སྐྱེས་པ་ལྟར་བྱས་པས། རྗེ་བློན་རྣམས་ཐེ་ཚོམ་དུ་གྱུར་པས་ཞལ་ལྕེ་གཅོད་པའི་སྤོབས་པ་མ་བྱུང་ཞིང་། ཀོང་ཇོ་ཡིད་མ་རངས་པར་བོད་ཀྱི་ས་དཔྱད་བཟང་བ་འགའ་ཞིག་ཉམས་སུ་བཅུག །མི་རིང་བར་སྲས་ཞབས་འཛུགས་ཀྱི་དགའ་སྟོན་ལ་བཙུན་མོ་གཉིས་ཀྱི་ཕ་མིང་དང་བློན་འབངས་རྣམས་འཚོགས་པའི་དབུས་སུ། རྒྱལ་པོས་འབྲས་ཆང་གིས་བཀང་པའི་གསེར་གྱི་ཕོར་པ་སྲས་ཀྱི་ལག་ཏུ་གཏད། སྣོད་གསེར་སྐྱོགས་ཆང་གིས་གང་བ་འདི། །བུ་ཁྱོད་རང་གི་ཞང་པོའི་ལག་ཏུ་ཐོད། །མ་གང་(༣༢ན)


GLG019_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་གྱི་ཡིད་ཆེས་དེ་ལ་བྱེད། །གསུངས་པས། སྲས་ཀྱིས་རིན་པོ་ཆེའི་ཕོར་བ་རྒྱ་རྣམས་ཀྱི་ལག་ཏུ་གཏད་ནས། ང་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན། །རྣམ་སྣང་གང་གི་དོན་མི་འཚལ། །གསུངས་པ་དང་། ཀོང་ཇོ་ཡིད་རབ་ཏུ་དགའ་སྟེ། ཚེ་སྔོན་མའི་ལས་ཀྱི་འཕེན་པ་ཡིས། །ང་རྒྱ་ནས་འོངས་པའི་བུ་མོ་ལ། །རྗེ་འགྲན་མེད་རྒྱལ་པོའི་སྲས་ཤིག་འཁྲུངས། །ཞེས་སོགས་ཀྱི་གཏམ་སྨྲས་ནས། སྔར་ས་དཔྱད་ཉམས་སུ་བཅུག་པ་རྣམས་བསོས་སྐད། །དཔའ་བོ་གཙུག་ལག་འཕྲེང་བས། ཆོས་རྒྱལ་འཁྲུངས་ལོ་ལ་སྦ་བཞེད་བུ་སྟོན་གྱི་ལུགས་སོགས་ཡིག་ཚང་མང་པོ་ཞིག་གི་འདོད་པ་བསྐྱར་ཞིང་། སྦ་བཞེད་ཀྱི་ལུགས་དེ་འཁྲུལ་བར་བཤད་མ་ཐག་ཏུ། སྦ་བཞེད་ཀྱི་གཏམ་རྒྱུད་ཚང་བར་བྲིས་པ་ལ། རང་ལུགས་འཐད་ལྡན་དུ་བཞག་པ་དང་། གཞན་ལུགས་མི་འཐད་པར་དགག་པའི་རྣམ་དབྱེ་མེད་པར་མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་ཡི་གེར་བྲི་བ་ནི་སོས་དུས་ཀྱི་ཉ་མ་འཕུལ་བྱེད་ཀྱི་ཐབས་ནི་ཡིན་མཆིས། མཁས་པ་ཆེན་པོ་བུ་སྟོན་ཞབས་ཀྱི་གསུང་ཕལ་ཆེར་ཚད་མར་གདའ་བས། རྒྱལ་པོ་ས་རྟ་ལ་འཁྲུངས་པར་གསུངས་པ་འདི་ཡིག་མཁན་གྱིས་ནོར་བའི་རྒྱུན་འབྱམས་པ་ཞིག་ཡིན་ནམ། གང་ལྟར་ཆོས་རྗེ་བསོད་ནམས་གྲགས་པ་སོགས་འགའ་ཞིག་གིས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ས་རྟ་ལ་འཁྲུངས་པ་དང་།ཆོས་རྒྱལ་སྲོང་བཙན་སྒམ་པོ་མེ་གླང་ལ་འཁྲུངས་པར་བྱེད་པ་ནི། གཙུག་ལག་རྩིས་ཀྱི་གཞུང་ལུགས་ལ་བློ་གྲོས་ཀྱི་འཇུག་པ་ཤར་བ་ཞིག་གིས་བརྟགས་ཚེ་ལོ་གྲངས་བཅུ་གཉིས་ཙམ་མི་འགྲིག་པའི་མུ་ཅོར་གྱི་གཏམ་དུ་ཟད་དོ། །སྲས་(༣༢བ)


GLG019_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

དགུང་ལོ་ཆུང་ངུའི་དུས། རྒྱ་ཡུལ་དུ་སང་ཤི་གཙུག་ལག་འགའ་ཞིག་ལེན་དུ་བཏང་བར་ལམ་དུ་ཞུགས་པ་དང་། རྒྱ་ཡུལ་གྱི་ཇུ་ཞག་མཁས་པ་ཞིག་གིས། ད་སྟེ་ཟླ་བ་གསུམ་ན་ནུབ་ཕྱོགས་ནས་བོད་བཙན་པོའི་ཕོ་ཉ་རྟགས་དང་ཤ་ཚུགས་འདི་འདྲ་བ་འབྱུང་ཞེས་གཟུགས་བརྙན་བྲིས་ནས་རྒྱལ་པོར་གསོལ་བ་བཞིན་བྱུང་བས། རྒྱ་རྗེ་དགྱེས་པའི་བཀའ་སྩལ་ཞིང་། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་གླེགས་བམ་སོགས་བྱ་དགའ་ཆེན་པོ་གནང་། དུས་སྐབས་དེ་དག་ན་བོད་དུ་ཡབ་རྒྱལ་པོ་དགུང་ལོ་དྲུག་ཅུ་རེ་གསུམ་ལ་གཤེགས། བང་སོ་མུ་ར་རི་ལ་བརྩིགས། སང་ཤི་སླར་བོད་དུ་ཡོང་བའི་ལམ་དུ་ཧ་ཤང་མངོན་ཤེས་ཅན་ཞིག་ལ་བོད་ཀྱི་བདེ་དོག་དྲིས་པས། བཙད་པོ་གཤེགས། རྒྱལ་བུ་ནར་མ་སོན། བདུད་བློན་རྣམས་ཀྱིས་ཁྲིམས་བུ་ཆུང་བཅས་ནས་ཆོས་བསྣུབ་པ་སོགས་ཀྱི་ལུང་བསྟན། འོན་ཀྱང་རྒྱལ་བུ་ནར་སོན་པ་ན་གླེགས་བམ་གསུམ་པོ་འདི་རྣམས་རིམ་གྱིས་སྙན་དུ་གསོལ། ཟ་ཧོར་གྱི་དགེ་སློང་ཤནྟ་རཀྵི་སྤྱན་དྲོངས་ཤིག་ཅེས་ཟེར་བ་ཡིད་ལ་བཟུང་ནས་ཧྭ་ཤང་གཅིག་ཁྲིད་ནས་བོད་དུ་འོངས་པ་ན། མ་ཞང་སོགས་ཀྱིས་རྒྱལ་པོ་སྐུ་ཚེ་ཐུང་བ་དང་བཀྲ་མི་ཤེས་པ་ཆོས་ཀྱིས་ལན་པས་ཆོས་བྱར་མེད་པའི་ཁྲིམས་བཅས་ཏེ། ཤཱཀྱ་མུ་ནི་རྒྱ་ཡུལ་དུ་སྐྱེལ་བའི་ཐབས་བྱས་ཀྱང་མ་ཐེག་པར་ས་འོག་ཏུ་སྦས། འཕྲུལ་སྣང་དུ་བཤས་ར་བྱས་དུས་དེར་སྣ་རྣམ་ཁྲི་ཐོག་རྗེ་ཐང་ལྷ་འབར་བྱ་བ་རྒྱལ་བས། ལྕོག་རོ་སྐྱེས་བཟང་རྒྱལ་མགོ་བྱད་བསྐམས་ནས་ཤི་བས། ལྟས་མཁན་དང་མི་ཕལ་ཆེར་གྱིས་ལྷ་ས་འོག་ཏུ་སྦས་པས་ལན་ཟེར་བས། སྐྱིད་གྲོང་དུ་བསྐྱལ། བྲག་དམར་མགྲིན་བཟང་བཤིག་འདུག་(༣༣ན)


GLG019_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

པས། སང་ཤིས་རྒྱའི་གླེགས་བམ་རྣམས་མཆིམས་ཕུའི་རྫ་ལ་སྦས། ཧྭ་ཤང་སློག །སྐབས་དེར་སྦ་གསལ་སྣང་གི་བུ་མོ་ཤི་བ། ཧྭ་ཤང་གིས་རོའི་ཁར་མུ་ཏིག་མཚལ་གྱིས་བྱུགས་པའི་མཚན་མ་བྱས་བཅུག་ནས་མའི་མལ་འོག་ཏུ་སྦས། བུ་མོ་མའི་བུར་སྐྱེ་བའི་ལུང་བསྟན་པ་བཞིན་བཙས་པའི་སྐབས་སུ་ཁ་ན་མུ་ཏིག་བྱུང་བས། ཚེ་ཕྱི་མ་ཡོད་པའི་ངེས་པ་རྙེད་ནས། གསལ་སྣང་ཆོས་ཀྱི་ཆེད་དུ་ལྷོ་བལ་དུ་འགྲོ་བར་རྗེ་ལ་གསོལ་པས་མང་ཡུལ་གྱི་ཁད་དཔོན་དུ་བརྫངས། སྦ་བཞེད་དུ། གསལ་སྣང་མང་ཡུལ་དུ་སོང་བའི་རྗེས་སུ་སང་ཤི་རྒྱ་ནག་ནས་འཁོར་བར་བཤད་འདུག་པ་དང་། དཔའ་བོ་གཙུག་ལག་ཀྱང་དེའི་རྗེས་སུ་འབྲངས་ནའང་། གོང་འོག་ཚིག་གི་འགལ་འདུ་ཡོད་མེད་མ་བརྟགས་པའི་བབ་ཅོལ་ཏེ། ཧྭ་ཤང་ནི་རྒྱའི་ཆོས་སྟོན་པའི་སློབ་དཔོན་ཡིན་ཞིང་། ཆོས་ཁྲིམས་བཤིག་པའི་དོན་གྱིས་ར་མོ་ཆེའི་ཧྭ་ཤང་སོགས་བོད་ན་ཡོད་པ་ཀུན་ཕྱིར་བསྐྲད་ཟིན། གསལ་སྣང་གི་བུ་མོ་བུར་སྐྱེ་བའི་ལུང་བསྟན་བྱེད་པ་པོ་དེ་སང་ཤིས་གསར་དུ་ཁྲིད་ཡོངས་པའི་ཧྭ་ཤང་དེར་ངོས་འཛིན་དགོས་པས། སྙིགས་དུས་ཀྱི་མཁས་པ་ཀུན་གྱི་གཙུག་གི་ནོར་བུ་གཞོན་ནུ་དཔལ་བའི་དེབ་སྔོན་དང་། ཤེས་བྱ་ཀུན་ལ་གཟིགས་པའི་སྤྱན་ལྡན་སྤྲུལ་སྐུ་ངག་དབང་ནོར་བུའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་དུ། སང་ཤི་བོད་དུ་སླེབ་ནས་གསལ་སྣང་སྟོད་དུ་སོང་བའི་གོ་རིམ་མཛད་པ་འདི་འཐད་དོ། །མི་རིང་བར་རྒྱལ་བུ་སྐུ་ནར་སོན་ཏེ། མེས་རྣམས་ཀྱི་ཡིག་ཚང་གཟིགས་པས་ཆོས་མཛད་པར་དགོངས་པའི་གཏམ་མཛད་པས་སང་ཤིས་སྔར་ཧྭ་ཤང་གིས་ལུང་བསྟན་པའི་(༣༣བ)


GLG019_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

དུས་དེར་གོ་ནས་གླེགས་བམ་རྣམས་རྫ་ཁྲོད་ནས་བླངས་ཏེ། དགེ་བ་བཅུའི་མདོ། རྡོ་གཅོད། ས་ལུ་ལྗང་པ་རྣམས་གཟིགས་སུ་ཕུལ་བས་ལྟ་སྤྱོད་དག་ཅིང་ཟུང་དུ་འབྲེལ་བར་གོ་ནས་དད་དེ། རྒྱ་མེ་མགོ་དང་ཁ་ཆེ་ཨ་ནནྟས་སྐད་འགྱུར་བྱས་པས་མ་ཞང་སོགས་ཀྱིས་བཀག །ཆོས་བློན་རྣམས་ཀྱིས་སང་ཤི་སྟོད་དུ་བརྫངས། གསལ་སྣང་གིས་བྱང་ཆུབ་ཆེན་པོ་དང་། ན་ལེནྡྲར་མཆོད་པ་བྱས། མཁན་པོ་རིན་པོ་ཆེ་དང་མཇལ་ཏེ་མང་ཡུལ་དུ་སྤྱན་དྲངས། གསལ་སྣང་གི་བཙད་པོའི་དྲུང་དུ་འོངས་ནས་མཁན་པོའི་གསུང་དང་རྒྱུ་མཚན་རྒྱལ་པོར་གསོལ། མ་ཞང་གི་ཆད་པ་བྱུང་དོགས་ནས་གསལ་སྣང་ཡིབས་སུ་བཅུག །བཙད་པོས་ལྐོག་ཏུ་འགོས་རྒན་སོགས་ཆོས་བློན་རྣམས་དང་བཀའ་བགྲོས་ནས། མོ་རྩིས་པ་སོགས་ལུང་བསྟན་མཁན་པོ་རྣམས་ལ་བྱ་དགའ་བྱིན་ཏེ། རྒྱལ་པོ་རྒྱལ་སྲིད་དང་བཅས་པ་ལ་ཆགས་ཆེན་པོ་བདོག་པས། དེའི་རིམ་གྲོར་བློན་པོ་ཆེ་བ་ཞིག་ཟླ་བ་གསུམ་གྱི་བར་ལ་དུར་དུ་འཇུག་དགོས་པར་བསྒྲག་ཏུ་བཅུག་སྟེ། འགོས་ཀྱི་རྐང་པ་ལ་བྱ་རྒོད་ཀྱི་ལྷམ་གོན་པ་སོགས་ཐབས་འཕྲུལ་དུ་མས་མ་ཞང་དང་ལྷན་ཅིག་བར་དུར་ནང་དུ་ཕྱིན་ནས་ཕྱིར་བྲོས་པས་མ་ཞང་གིས་བསྙབས་ཀྱང་རྒོད་སྤུ་སྙིམ་པ་གང་ལས་མ་བྱུང་། དེ་མ་ཐག་དོང་ཁ་བཅད་དེ། རྗེ་བློན་ཀུན་ཆོས་བྱེད་པའི་ཆད་སོ་བྱས། དེ་ནས་རིགས་ཀྱིས་མངོན་པར་མཐོ་བ་ཟ་ཧོར་རྒྱལ་པོའི་གདུང་ལས་འཁྲུངས་ཤིང་། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་བརྒྱུད་གནས་ལྔ་རིག་པའི་ཉག་ཕྲན་གྱིས་བཀུག་པའི་མཁས་པ་མཐའ་དག་གི་བླ་ན་མཐོ་བ་རྣམ་པར་དག་པའི་ཚུལ་ཁྲིམས་དྲི་མ་མེད་པའི་མ་ལ་ཡའི་རླུང་བཞོན་གྱིས་སྡོམ་བརྩོན་གཉིས་(༣༤ན)


GLG019_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་གི་ཚོགས་ལ་དགའ་མགུར་སྤྱོད་པའི་དཔལ་སྟེར་བ། བདེ་སྟོང་ཟུང་དུ་འཇུག་པའི་ཡེ་ཤེས་མངོན་དུ་མཛད་པའི་གྲགས་སྙན་ཀརྞི་ཀའི་ཅོད་པན་ཕྱོགས་ཀྱི་འགྲམ་པར་འགོད་པའི་མཁན་པོ་རིན་པོ་ཆེ་བོ་དྷི་ས་ཏྭ་སྤྱན་འདྲེན་པའི་ཕོ་ཉར་གསལ་སྣང་བརྫངས་པ་བཞིན་རིམ་གྱིས་ཕེབས་ཏེ། འོམ་བུ་ཚལ་དུ་མཇལ། མཁན་པོས་རྒྱལ་པོ་ལ་དགེ་བ་བཅུ་དང་ཁམས་བཅོ་བརྒྱད་ལ་སོགས་པའི་ཆོས་མང་པོ་བཤད་པས། བོད་ཀྱི་ལྷ་སྲིན་རྣམས་ཁྲོས་ནས་དམར་པོ་རིའི་ཕོ་བྲང་ལ་ཐོག་བརྒྱབ། ལོ་ཉེས་དང་མི་ཕྱུགས་ལ་ནད་ཆེན་པོ་བྱུང་བས། སྡིག་བློན་རྣམས་ཀྱིས་འགོ་བྱས་པའི་བོད་འབངས་ཕལ་ཆེར་གྱིས་ཆོས་བྱས་པས་ལན་ཟེར་ནས་མི་དགའ་བ་བྱས་པས། བཙད་པོས་རྒྱུ་མཚན་མཁན་པོའི་སྙན་དུ་གསོལ་བ་ལ། མཁན་པོས་ཡབ་མེས་ཀྱི་རིང་ལ་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེང་བ། ཆོས་བསྒྱུར་བ་སོགས་མཛད་ནའང་། ལྷ་སྲིན་རྣམས་མ་བཏུལ་བས། བཙན་པོ་འགའ་ཞིག་གི་སྐུ་ཚེ་ལ་བར་ཆད་དང་། ཆོས་ལ་སྐེད་ཉག་སོགས་སྐྱོན་འགའ་ཞིག་བྱུང་འདུག་པས། ས་གཞི་འདི་དག་དྲག་པོས་འདུལ་བའི་ཆེད་དུ། ཨོ་རྒྱན་གྱི་སློབ་དཔོན་པདྨ་འབྱུང་གནས་ཞེས་བྱ་བ་འཛམ་བུ་གླིང་ན་ཆེ་བའི་རིགས་སྔགས་མཁན་ཞིག་ཡོད་པ་དེ། རྒྱལ་པོ་ཉིད་དང་སྔོན་མཆོད་རྟེན་བྱ་རུང་ཁ་ཤོར་བཞེང་བའི་དུས་སུ་སྨོན་ལམ་གྱི་འབྲེལ་བ་ཡོད་པས་སྤྱན་དྲངས་ན། བཙད་པོའི་རྣམ་པར་དཀར་བའི་ཐུགས་ཀྱི་བཞེད་པ་མཐའ་དག་འགྲུབ་པར་ལུང་བསྟན་ནས། མཁན་པོས་བལ་པོར་བྱོན། དེ་ནས་སླར་བཙན་པོས་ཐབས་ལ་མཁས་པའི་མཛད་པས་འབངས་མཐའ་(༣༤བ)


GLG019_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཆོས་བྱ་བར་ཁས་བླངས། མཁན་པོས་ལུང་བསྟན་པ་དེ་རྨི་ལམ་དུ་བྱུང་བ་ལྟར་མཛད་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་མཆོག་གི་ཟློས་གར་ལས་སིན་དྷུ་རྒྱ་མཚོའི་གླིང་དུ་སྐུ་འཁྲུངས་ཤིང་འཆི་མེད་ཚེའི་རིགས་འཛིན་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ། དུས་གསུམ་ཅིག་ཅར་དུ་མཁྱེན་པའི་སློབ་དཔོན་ཆེན་པོ་མཚོ་ལས་སྐྱེས་པའི་རྡོ་རྗེ་སྤྱན་འདྲེན་པའི་ཕོ་ཉ་སྔ་རྟ་ིང་དུ་བརྫངས་ཤིང་། སླར་སྣ་ནམ་རྡོ་རྗེ་བདུད་འཇོམས་སོགས་ལམ་དུ་བཤད་དྲག་པོས་རིན་པོ་ཆེའི་ཕྱག་རྟེན་དང་བཅས་ཏེ་མངགས་པས་ཕོ་ཉ་རྣམས་ངལ་ཞིང་དུབ་པ་སློབ་དཔོན་གྱིས་མཁྱེན་ནས། རྫུ་འཕྲུལ་གྱིས་མང་ཡུལ་གུང་ཐང་དུ་ཕེབས་པ་ན་མཇལ། སློབ་དཔོན་གྱིས་ཉི་ཟླ་ཐང་ལ་འབབ་པ། ཆུ་བོ་གྱེན་ལ་བཟློག་པ་སོགས་སྐུའི་བཀོད་པའི་རྫུ་འཕྲུལ་མཐའ་ཡས་པ་བསྟན་ཏེ་ཕོ་ཉ་རྣམས་ལྡོག་ཏུ་མེད་པའི་མོས་པ་བརྟན་པོ་ཐོབ། ཕྱག་རྟེན་གྱི་གསེར་རྣམས་མངའ་རིས་ཕྱོགས་སུ་གཏོར་ཏེ། མ་འོངས་པར་བོད་དུ་གསེར་གྱི་འདོད་རྒུ་འབྱུང་བའི་རྟེན་འབྲེལ་མཛད། དེ་ནས་རིམ་གྱིས་ལམ་དུ་ཞུགས་ཏེ་ཕེབས་པ་ན། བོད་ཀྱི་ལྷ་འདྲེ་སྟོབས་པོ་ཆེ་ཕལ་ཆེ་བས་གོ་མཚམས་པར། གསང་བ་གསུམ་གྱི་མཐའ་ཀླས་པའི་ནུས་མཐུས་སྲོག་གི་སྙིང་པོ་བླངས་ནས་དམ་ལ་བཏགས། སྟོད་ལུང་གཞོང་པ་མདའ་རུ་ཕེབས་པ་ན། ལྷ་previous hit བཟང་ཀླུ་དཔལ་སོགས་བློན་པོ་རྣམས་ཀྱིས་བསུ་བ་དང་མཇལ་ནས་དྲོ་འདེབས་པར་ཆུ next hit་མེད་པ་ལ་སློབ་དཔོན་གྱིས་ཕྱག་འཁར་བཏབ་པས་ཉལ་འགྲོའི་རྒྱུན་བབས་པ། གཞོང་པ་ལྷ་ཆུར་གྲགས། དེ་ནས་མངའ་བདག་རྒྱལ་པོ་འཁོར་བཅས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་མཇལ་ནས། (༣༥ན)


GLG019_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་དམར་མགྲིན་བཟང་དུ་བཞུགས། སླར་མཁན་པོ་གདན་འདྲེན་གྱི་ཕོ་ཉ་མངགས་ཏེ་ཕེབས། དུས་དེར་རྗེ་བློན་གཙུག་ལག་ཁང་རྩིག་པའི་བཀའ་བགྲོས་ནས་འབངས་རྣམས་བསགས་ཏེ། ཞང་པོ་རྒྱའི་ཡུལ་མཐོང་བའི་མཁར་ཞིག་རྩིག་གམ། ཤེལ་གྱི་མཆོད་རྟེན་ཤར་རི་དང་མཉམ་པ་ཞིག་རྩིག་གམ། གཙང་པོ་སྦུབས་སུ་འཇུག་གམ། ལྷ་ཁང་བྲེ་ཚད་ཙམ་ཞིག་རྩིག་གམ། ཞེས་འདམ་ཀ་བཏང་བས་གཞན་རྣམས་བློའི་ཡུལ་ལས་འདས་ཏེ་ལྷ་ཁང་རྩིག་པར་ཁ་འཆམ། ཤཱཀྱ་མུ་ནི་མང་ཡུལ་ནས་གདན་དྲངས་ཏེ་འཕྲུལ་སྣང་གཙུག་ལག་ཁང་དུ་བཞུགས་སུ་བཅུག །སློབ་དཔོན་བོད་དུ་ཡུན་རིང་བཞུགས་མ་བཞུགས་ཀྱི་ལོ་རྒྱུས་དུ་མ་སྣང་བ། མཆོག་དམན་གྱི་བློ་ངོར་ཤར་ཚུལ་ཡིན་ཡང་། རྒྱུ་མཚན་མ་གོ་བར་སོ་སོའི་ལུགས་ལ་ཞེན་ཏེ་གཏམ་སྣ་ཚོགས་སྨྲ་བ་ནི། རྗེ་ས་པཎ་གྱིས། མཁས་པ་རང་གིས་དཔྱོད་ཤེས་ཀྱི། །བླུན་པོ་གྲགས་པའི་རྗེས་སུ་འབྲང་། ཁྱི་རྒྱན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །ཅེས་གསུང་བའི་རྣམ་ཐར་འཛིན་པ་ཡིན་ཞིང་། བྱ་བ་སྤྲུལ་པའི་སྐུ་པདྨ་དཀར་པོར་གྲགས་པའི་སྙིགས་དུས་ཀྱི་མཁས་པ་ཆེན་པོ་དེའི་གསུང་ལས། དེ་ནི་དུས་གཅིག་ལ་སྐུའི་བཀོད་པ་སྣ་ཚོགས་སྟོན་པའི་རྫུ་འཕྲུལ་ཅན་ཡིན་པས། དེ་དག་ལ་གོ་རིམ་མི་དགོས་ཀྱི་གཏན་ཚིགས་སུ་བསྒྲུབ་དཀའོ། །ཞེས་པ་ནི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པའི་ལེགས་བཤད་ཀྱི་གསུང་ཡིན་ནོ། །དེ་ནས་སློབ་དཔོན་གྱིས་སྡེ་བརྒྱད་ཐམས་ཅད་དམ་ལ་བཏགས་ཏེ་ལྷ་འདྲེ་རྣམས་དགའ་བའི་མཐུན་རྫས་དང་བཅས། དྲེགས་པ་ཟིལ་གནོན་གྱི་མགུར་གསུངས་ནས་ནམ་མཁའ་ལ་རྡོ་རྗེའི་གར་མཛད་ཅིང་ས་(༣༥བ)


GLG019_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བྱིན་གྱིས་བརླབས། རྒྱལ་པོས་དར་དཀར་གྱི་ན་བཟའ་གསོལ། གསེར་གྱི་སྟ་རེ་ཐོགས་ནས་རྨང་བརྐོས་པས་ཁྲུ་གང་ཙམ་གྱིས་འོག་ནས་ས་ཞག་དཀར་སེར་དམར་གསུམ་རོ་ཕུན་སུམ་ཚོགས་པ་བྲོ་མྱུར་བས་བཙན་པོ་ཐུགས་དགྱེས་སོ། །དེ་ནས་མཁན་པོས་གཙུག་ལག་ཁང་གི་བཟོ་དབྱིབས་ཀྱི་བཀོད་པ་མཛད་པར་བཞེད་དེ། སྔོན་མུ་སྟེགས་ཀྱི་རིགས་འཛིན་ཞིག་གིས་རོ་བསྒྲུབས་པས་དངོས་གྲུབ་ལེན་པར་ཉེ་བ་ན། གྲོགས་རྟགས་མཚན་དང་ལྡན་པ་ཞིག་དགོས་པས། དབུས་འགྱུར་འཆང་གི་དགེ་སློང་སྒྲུབ་པ་པོའི་དགེ་ཚུལ་ལ་ལྡན་པར་ཤེས་ནས། གསེར་གྱི་མཎྜལ་དགེ་སློང་ལ་རིན་དུ་ཕུལ་ནས། དགེ་ཚུལ་དང་ལྷན་ཅིག་དུ་སྒྲུབ་ཁང་དུ་ཕྱིན་ཏེ། དགེ་ཚུལ་ལ་རོའི་ལྕེ་གཅོད་ཚུལ་བསླབས་ཏེ། ལྕེ་གསེར་གྱི་རལ་གྲིར་འགྲོ་བ་བཟུང་ནས་ཡིད་ལ་གང་ཡོད་སར་འགྲོ་ནུས་པས་དེད་ལ་ཐོང་། རོ་གསེར་དུ་འགྲོ་བ་ཁྱོད་ལ་རྔན་པར་བྱིན་ན་ཟེར་བས། ལྕེ་དར་ཤམ་ཙམ་པ་ལན་གཉིས་སུ་བྱུང་ཡང་མ་ཟིན། དེར་མུ་སྟེགས་ཀྱིས། ང་ལན་ཅིག་འོང་བ་དེ་མ་ཟིན་ན། ངེད་རང་གཉིས་ཀྱིས་འགོ་བྱས་པའི་སྲིད་པ་གསུམ་གྱི་སེམས་ཅན་གསོད་པས་སྒྲིམས་ཤིག་ཟེར་བ་དང་། ལྕེ་སོས་བཟུང་ནས་བཅད་པ་རལ་གྲིར་གྱུར་པ་དགེ་ཚུལ་གྱིས་ནམ་མཁའ་ལ་དབྱུགས་ནས་རི་རབ་ཀྱི་ཁར་ཕྱིན། གླིང་བཞི་གླིང་ཕྲན་ལྕོག་དང་བཅས་པ་ལེགས་པར་བལྟས་ནས་སླར་གྲི་མུ་སྟེགས་ལ་གཏད། རོ་གསེར་དུ་གྱུར་པས་ཡོ་བྱད་བྱས་ནས། རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་ལ་དཔེ་བྱས་ནས་བཞེངས་པ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཞེས་བྱ་བ་ལ་མཚན་ཅན་ཞིག་ཡོད་པས། དེ་ལ་དཔེ་བྱ་བར་གསུངས་ཏེ། དགེ་བྱེད་ཅེས་(༣༦ན)


GLG019_Page_0073
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆུ་ཕོ་སྟག་གི་ལོ་ལ་བསིལ་ལྡན་ཁ་བས་བསྐོར་བའི་དོ་རར་འཁོད་པའི་ལུས་ཅན་ཀུན་གྱི་བསོད་ནམས་ཀྱི་ཞིང་རླབས་པོ་ཆེར་གྱུར་པ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིངས། རྒྱ་ཁྱོན་གྱི་ཚད། བཙད་པོ་རང་གི་མདའ་རྒྱང་གང་བར་གསུངས་པས། བློན་པོ་རྣམས་ཀྱིས་ལྐོག་ཏུ་བགྲོས་ཏེ། རྗེའི་མདའ་རྒྱང་གང་ལ་གཞན་གྱི་གསུམ་ཡོད་པས་དེ་ཙམ་མི་འགྲུབ་ཅིང་། བཀའ་བཅག་པ་ཡང་མི་རིགས་པས་ཐབས་ཤིག་བྱེད་པར་མཐུན་ཏེ། མདའི་སྨྱུག་སྡུགས་སུ་དངུལ་ཆུ་བླུག་པས་གཞན་གྱི་མདའ་རྒྱང་གང་དང་མཉམ་པ་བྱུང་ལ། དེ་ཡང་དབུ་རྩེ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། ཡཀྵ་གོང་འོག་ཉི་ཟླ། མཐར་ལྕགས་རི། ཟུར་བཞིར་མཆོད་རྟེན། སྒོ་བཞིར་རྡོ་རིང་ཁྱད་པར་ཇོ་མོའི་གླིང་གསུམ་དང་བཅས་པ། སློབ་དཔོན་གྱིས་དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་བས་ཉིན་མིས་བརྩིགས་པ་བས། མཚན་ལྷ་འདྲེས་བརྩིགས་པ་མཐོ་བར་གྱུར། དུས་དེར་རྒྱལ་པོའི་མནལ་ལམ་དུ། ཧས་པོ་རིའི་རྩེར་བྱོན་པས་ཤཱཀྱ་ཐུབ་པ་གཙོ་འཁོར་དགུ་སངས་རྒྱས་དངོས་ཀྱིས་བྱིན་གྱིས་བརླབས་པ་འདུག་པ་གཟིགས་པས་དགྱེས་པའི་རྣམ་འགྱུར་མཛད་པའི་ངང་ལ་མནལ་སད་དེ། ནང་པར་བློན་པོ་ཁམས་པ་གོ་ཆ་ཁྲིད་ནས་གཟིགས་པར་བྱོན་པས། བྱེ་མའི་འོག་ནས་རྡོ་སྐུ་རང་བྱུང་འཐོན་ཏེ་གཙང་ཁང་དུ་སྤྱན་དྲངས་པས་ས་གཡོས་པ་སོགས་ལྟས་ཁྱད་པར་ཅན་བྱུང་བའི། ཇོ་བོ་བྱང་ཆུབ་ཆེན་པོ་ནང་རྟེན་དུ་བཞུགས་པའི་མ་ཧཱ་བོ་དྷིས་ཐོག་དྲངས། འོག་ཁང་བར་ཁང་སྟེང་ཁང་འཁོར་ས་བར་མ་དང་ཆེན་མོ། གླིང་གཞན་(༣༦བ)


GLG019_Page_0074
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་བདེ་གཤེགས་ཞི་ཁྲོ་འཁོར་དང་བཅས་པའི་སྐུའི་སྣང་བརྙན་ཐམས་ཅད་འདྲེན་བྱེད་ཀྱི་དགའ་སྟོན་རྨད་དུ་བྱུང་བའི་ཟིལ་མངར་དུ་གྱུར། ཁྱད་པར་མཆོད་རྟེན་དཀར་པོར་མ་ག་དྷའི་རྒྱལ་པོའི་སྒོ་མདུན་གྱི་རིན་པོ་ཆེའི་བུམ་པ་ནས་བླངས་པའི་བདེ་བར་གཤེགས་པའི་གདུང་རིང་བསྲེལ་དང་། མེས་ཀྱི་གཉན་པོ་གསང་བ་དང་མདོ་ལྔ་བཞུགས་པས་བྱིན་རླབས་མཆོག་ཏུ་ཆེ་བར་གྲགས་ཤིང་། འགྲོ་བཟའ་ཁྲི་རྒྱལ་མང་མགོ་བཙུན་གྱིས་དགེ་རྒྱས་ཀྱི་ལྷ་ཁང་ལ། ཕ་མིང་ཐག་རིང་ཞིང་སྲས་མེད་པས། ཞིག་གསོས་དང་མཆོད་པ་འབྱུང་བར་དཀའ་བར་བསམས་ཏེ། རྩིག་པ་སོ་ཕག་ལ་ཞ་ཉེའི་ཆུ་སྦྱར། ཟངས་ཀྱི་ཐོག་བཀབ། མཆོད་པར་རོལ་མོར་ཅོང་བཏགས། མར་མེར་རིན་པོ་ཆེ་མརྒད་སྐུ་གཟུགས་ཀྱི་དཔྲལ་བར་བཏབ་ཟེར། ཕོ་ཡོང་བཟས་བུ་ཚལ་གསེར་ཁང་ལོགས་ལ་རྩིག་པ་མེད་པ། ནང་ན་ཀ་བ་མེད་པ་སོགས་བཟོ་སྣ་བཅུ་གསུམ་གྱིས་ཁྱད་པར་དུ་འཕགས་སྐད། དེ་ཡང་ལོ་རྒྱུས་སྨྲ་ལ་ཟླ་མེད་དཔལ་ཡེ་བཟང་རྩེ་པས། རྒྱལ་པོའི་འཁྲུངས་ལོ་གསལ་བར་མ་མཛད་འདུག་ཅིང་། མཁས་པའི་དབང་པོ་བུ་སྟོན་རིན་པོ་ཆེ་སོགས་ས་རྟ་ལ་འཁྲུངས་པར་བཞེད་ལ། སྦ་བཞེད་དུ་རྒྱལ་པོ་ཡོས་ལ་འཁྲུངས་པའི་དགུང་ལོ་བཅུ་གསུམ་པ་ཡོས་སྟེང་དུ་གཙུག་ལག་ཁང་བརྩིགས་པར་བཤད་ནའང་། རྒྱལ་པོའི་དགུང་སྙིང་རྟ་ལོར་འདོད་པ་རྣམས་ཀྱིས་གཙུག་ལག་ཁང་ཡོས་ལ་བརྩིགས་པས་སྨྲ་བ་ཁུངས་ཆེ་བར་མ་མཐོང་ཞིང་། བློ་ཆུང་རྣམས་གཙུག་ལག་ཁང་རྒྱ་ཁྱོན་ཧ་ཅང་ཆེ་བས་ལོ་ལྔ་ཙམ་ལ་མི་འགྲུབ་སྙམ་པ་འཆར་ཡང་། དུས་དེའི་མཁན་སློབ་ཆོས་གསུམ་སོགས་དུ་མ་ཞིག །བདེ་བར་གཤེགས་པ་དང་བྱང་(༣༧ན)


GLG019_Page_0075
[མ་དཔེ་གཟིགས་ན་འདིར་གནོན།]

ཆུབ་སེམས་དཔའ་མིའི་སྲིད་པ་བཟུང་བའི་སྤྲུལ་པའི་ཟློས་གར་མུ་མཐའ་མེད་པར་སྟོན་པ་ལ། །སྐྱེ་བོ་ཐ་མལ་པའི་སྣང་ཚུལ་དཔེར་བཟུང་མི་དགོས་སོ། །དེ་ལྟར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཟིལ་གནོན་ཞེས་པ་མེ་ཕོ་རྟའི་ལོ་ལ་རྫོགས་པར་གྲུབ་སྟེ། མཁན་སློབ་གཉིས་ཀྱིས་རབ་ཏུ་གནས་པར་མཛད་པས། དབུ་རྩེའི་ལྷ་རྣམས་ཕྱི་རོལ་དུ་བྱོན་པ། རྟ་མགྲིན་གྱིས་རྟ་སྐད་ཐང་གསུམ་བཏོན་པ། པདྨའི་སྡོང་པོ་སྐྱེས་པ་སོགས་ངོ་མཚར་བའི་ལྟས་ཁྱད་པར་དུ་འཕགས་པ་བྱུང་བའི་གྲགས་སྙན་དབྱངས་བདུན་བརྒྱུད་དུ་འཁྲུགས་པའི་རྔ་བོ་ཆེ་སྲིད་རྩེའི་བར་དུ་བསྒྲགས་སོ། །དེ་ལྟར་རབ་གནས་དགའ་སྟོན་གྱི་ཚེ། རྗེ་འབངས་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་པའི་རྒྱན་གོས་བཟང་པོ་སྤྲས་ཏེ་ལྷ་དང་མིའི་འདོད་ཡོན་ལོངས་སྤྱོད་ཐམས་ཅད་བྱེད་པོས་གཅིག་ཏུ་བསྡུས་པ་ལྟ་བུའི་ཕྱི་ནང་གསང་བའི་མཆོད་པ་དང་། མཁོ་རྒུའི་ཡོ་བྱད་ཀྱི་དཔལ་འབྱོར་རྨུགས་འཛིན་གྱི་བང་མཛོད་ལ་དགའ་བདེར་སྤྱོད་པ་ལྟ་བུ་དང་བཅས་ཏེ། ཏམ་བུ་རའི་རྒྱུད་ལས་ཉེ་བར་དྲངས་པའི་སྙན་པའི་དབྱངས་དང་དགའ་བའི་གར་གྱིས་འཛིན་མའི་ཁྱོན་མཐའ་དག་རྣམ་པར་གང་བས་སྐབས་གསུམ་པ་ཐམས་ཅད་མེ་ཏོག་གི་ཆར་སོགས་མཆོད་སྤྲིན་མངོན་པར་སྤྲོ་བའི་ཟོལ་གྱིས་ལྟ་བར་ལྷགས་སོ། །སྨྲས་པ། ཞི་བ་མཆོག་གི་མཁའ་དབྱིངས་ལུས་ཕྲའི་མིག །སྡོམ་གསུམ་དབང་གཞུའི་རི་མོ་རྣམ་བཀྲའི་འོད། །ཐུན་མཚམས་དར་ཕབ་གཞོན་ནུ་འགུགས་བྱེད་པའི། །ངེས་ལེགས་ས་བོན་སྲོག་འཚོའི་སྨན་གྱི་བཅུད། །ལོག་འདྲེན་དྲེགས་པའི་རྫུ་འཕྲུལ་ལྕགས་ཀྱི་ཟོང་། །མཁྱེན་བརྩེ་ནུས་(༣༧བ)


GLG019_Page_0076
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩིས་བསྒྱུར་འཛམ་བུའི་གསེར། །མི་མཐུན་གཡང་དུ་ལོན་པའི་འཁྲུལ་འཁོར་གྱིས། །མུན་གླིང་བསིལ་ཟེར་ཅན་ལས་གཅིག་ཏུ་དཀར། །རིན་ཅེན་སྣ་བདུན་འདོད་རྒུ་སྤྱོད་པ་ལྷའི། །ཕན་བདེའི་སྒོ་འཕར་བརྒྱ་ཕྱེ་གཙུག་ལག་ཁང་། །ལེགས་བྱས་ནོར་བུ་ཆར་དུ་བསྙིལ་བའི་གཟིས། །རུ་བཞིའི་སྐྱེ་རྒུའི་ཅོད་པན་གཙུག་ན་འབར། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ཡང་སྦ་བཞེད་སོགས་སྔོན་གྱི་ཡིག་རྙིང་རྣམས་སུ་བསམ་ཡས་བརྩིགས་པའི་དགའ་སྟོན་ལོ་བཅུ་གཉིས་ཀྱི་བར་དུ་བྱས་པས་རྗེ་བློན་རྣམས་རྩེ་སྤོ་ལ་ཡེངས་ནས་གཙུག་ལག་ཁང་གི་མཆོད་པ་དང་ཞབས་ཏོག་མ་བྱུང་བར་བརྟེན། ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་དགེ་སློང་འགའ་ཞིག་སྤྱན་དྲངས་ནས། སྦ་ཁྲི་གཟིགས་ཀྱིས་རབ་ཏུ་བྱུང་བར་བཤད་པ་སོགས་ནི་ལྷད་ཞུགས་པའི་བླུན་ཚིག་སྟེ། དེ་ལྟར་ན་སྦ་བཞེད་དུ་གཙུག་ལག་ཁང་ཡོས་ནས་ཡོས་ལ་བརྩིགས་གྲུབ་པར་བཤད། དགའ་སྟོན་ལོ་བཅུ་གཉིས་ཀྱི་བར་དུ་བྱས་པས། ཡོས་ནས་སྟག་གི་བར་དུ་དུས་སྟོན་གྱིས་ཡེངས་པས་དེ་ལ་བརྟེན་ནས་སྦས་རབ་ཏུ་བྱུང་བའི་རྒྱུ་མཚན་གྱིས། ཐམས་ཅད་ཡོད་སྨྲའི་དགེ་སློང་ཡོས་ཀྱི་ལོ་ལ་གདན་འདྲེན་དགོས་པར། ལུག་ཏུ་བྱས་ན་ལོ་བཞི་ཙམ་གྱི་འཁྱམས་རྒྱུག་པས། བསྟན་བཅོས་ཀྱི་འགོར་བྲིས་པའི་ལོ་ཚིགས་རྣམས་ལ་བསམ་བློ་མ་བཏང་བའི་གཏམ་ཡིན་ཞིང་། སྤྱིར་ཡང་སྐྱེ་བོ་ཡ་རབས་དག་ཀྱང་རང་གིས་འབད་པས་བསྒྲུབས་པའི་བྱ་བ་ཡལ་བར་མི་འདོར་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་ལྟ་བུ་རྗེ་བཙུན་བསྟན་པའི་འཁོར་ལོ་འགྲོ་བའི་མགོན་དུ་རྒྱལ་པོའི་ཚུལ་གྱིས་(༣༨ན)


GLG019_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པར་རོལ་པའི་སྤྲུལ་པའི་གང་ཟག་གི་ཕན་བདེའི་སྨན་ཡོན་དུ་ཐབས་མཁས་ཀྱི་མཛད་པ་བརྒྱ་ཕྲག་གིས་བརྩིགས་པའི་གཙུག་ལག་ཁང་དགའ་སྟོན་གྱི་གཞན་དབང་དུ་བཏང་ནས་མཆོད་པ་དང་ཞབས་ཏོག་མེད་པར་སྨྲ་བ་དམ་པའི་ཡུལ་ལ་སྐུར་པ་བཏབ་པའི་སྒྲིབ་པ་དཔག་ཏུ་མེད་པ་གསོག་ཅིང་། སྐྱེ་བོ་ཐ་ཆད་པ་འགའ་ཞིག་དུས་སྟོན་དུ་མིང་གིས་བཏགས་པའི་ཆང་སོགས་ཀྱིས་བག་མེད་པར་མྱོས་ཏེ། ཆོས་སྲིད་ཀྱི་བྱ་བ་མཐའ་དག་ཡལ་བར་འདོར་བའི་རྣམ་པ་ཆོས་ཀྱི་རྒྱལ་པོ་དེ་དག་ལ་འཆར་བའི་ཚིག་འདི་རྣམས་ལ་བརྟགས་ན། མཁས་པ་ཕལ་ཆེར་གྱི་སྦ་བཞེད་ལ་ཁུངས་སུ་མཛད་ཀྱང་བསླད་པ་མ་ཞུགས་པའི་ཁུངས་ཐུབ་པ་ཞིག་དཀའ་བར་སྣང་ངོ་། །དེ་ལྟར་རབ་གནས་ཀྱི་དགའ་སྟོན་གྲུབ་ནས། རྒྱལ་བའི་བསྟན་པ་རིན་པོ་ཆེ་འཕེལ་རྒྱས་སུ་འབྱུང་བར་བྱེད་པ་ནི་དགེ་འདུན་གྱི་སྡེ་ལ་རག་ལས་པས། བོད་ཡུལ་གྱི་མིས་རབ་ཏུ་བྱུང་བའི་བསླབ་པ་བསྲུང་ནུས་མི་ནུས་བརྟག་པའི་ཕྱིར་དུ། མེ་མོ་ལུག་གི་ལོ་ལ་རྒྱ་གར་དུ་རྩ་བའི་སྡེ་པ་བཞི་ལས་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བོད་དུ་ལེགས་པར་དགོངས་ནས། དགེ་སློང་བཅུ་གཉིས་སྤྱན་དྲངས། གནས་ལྔ་མཁྱེན་པ་ཞི་བ་འཚོས་མཁན་པོ་མཛད་དེ། མྱ་ངན་ལས་འདས་པའི་བསམ་པ་མཆོག་གིས་ཡོངས་སུ་ཟིན་པའི་སད་མི་མི་མདུན་གྱིས་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་མནོས། དེའི་རྗེས་སུ་བློ་གསལ་ཞིང་ཡིད་གཞུངས་པའི་ལས་ལྡན་གྱི་སྐྱེས་བུ་དུ་མས་རབ་ཏུ་བྱུང་ཞིང་། ཤེས་རབ་ཀྱི་རྩལ་དང་ལྡན་པ་དག་ལ་ལོ་ཙཱ་བསླབས་པས། བྱཱ་ཀ་ར་ཎའི་གནད་མཐའ་དག་ལ་སྒྲོ་འདོགས་ཆོད་ཅིང་། གཞུང་ལུགས་(༣༨བ)


GLG019_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་དོན་ཁོང་དུ་ཆུད་པའི་འཇིག་རྟེན་གྱི་མིག་གཅིག་པུ་སྐད་གཉིས་སྨྲ་བ་མང་དུ་བྱོན། ལོ་པཎ་དེ་དག་གིས་དམ་པའི་ཆོས་བསྒྱུར་ཞིང་བཤད་ཉན་གྱིས་གཏན་ལ་འབེབས་པར་བྱེད་པ་ལ་མི་བསྲུན་པའི་སྐྱེ་བོ་རྣམས་རང་ཉམས་ཀྱིས་སྤྱོད་པར་མི་ནུས་པའི་ཁྲིམས་བཙན་པོ་ཞིག་དགོས་པས། མེས་སྲོང་བཙན་སྒམ་པོ་སོགས་ཀྱིས་བཀས་བཅད་པའི་ཁྲིམས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བར་སྐབས་སུ་མི་དགེ་བར་སྤྱོད་པའི་དྲི་མས་ཅུང་ཟད་སྦགས་པ་རྣམས་སླར་བྱི་དོར་མཛད་ནས། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྟར་ཅི་བས་མཆོག་དམན་ཀུན་གྱི་གཉའ་བ་གནོན་པར་མཛད་དོ། །དེ་ནས་རྒྱ་གར་སོགས་ཡུལ་གྲུ་དུ་མའི་པཎ་གྲུབ་འགའ་ཞིག་སྤྱན་དྲངས། རྒྱལ་པོའི་བཀས། སྡེ་པ་གཞན་གསུམ་བོད་ལ་མི་འཚམ་པས། ཐམས་ཅད་ཡོད་སྨྲའི་ལུགས་ཀྱི་འདུལ་བའི་སྡེ་སྣོད་དང་། གཞན་ཡང་མདོ་སྡེ་དང་། མངོན་པའི་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ། རྒྱུད་སྡེ་འོག་མ་རྣམས་བསྒྱུར་བར་བཀས་གནང་བ་བཞིན་བཀའ་བསྟན་བཅོས་མཐའ་དག་བསྒྱུར་ཏེ། བོད་ཆེན་པོའི་རྒྱལ་ཁམས་ཀུན་ཏུ་དམ་པའི་ཆོས་ཀྱི་ཉིན་བྱེད་དབང་པོས་ལུང་དང་རྟོགས་པའི་པད་ཚལ་རྒྱས་པར་མཛད། རྣལ་འབྱོར་ཆེན་པོ་སོགས་ཐེག་པའི་རྩེ་མོ་ཁྱབ་གདལ་དུ་མི་བསྒྱུར་བར། སྣོད་ལྡན་རྣམས་ཀྱིས་སྤྱད་བྱར་བཀས་གནང་སྟེ། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན། དགེ་སློང་ནམ་མཁའི་སྙིང་པོ་སོགས་སྔ་ཕྱིར་རྒྱ་གར་དུ་བྱོན་ཏེ་ཟབ་དོན་བླ་ན་མེད་པའི་བདུད་རྩིའི་ཟིལ་མངར་ཤིང་གི་བུམ་པར་གཏམས་ཏེ། བོད་དུ་བྱོན་ཀྱང་སྡིག་བློན་རྣམས་ཀྱི་ཕྲ་མའི་དབང་གིས་རེ་ཞིག་སྤྱུགས་ནའང་། སླར་སྤྱན་དྲངས། པཎ་ཆེན་བི་མ་ལ་(༣༩ན)


GLG019_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཏྲའི་གྲགས་སྙན་གྱི་ནོར་བུ་བཙན་པོའི་འགྲམ་པར་འཕྱང་བས་གདན་དྲངས་ཏེ། རྫོགས་པ་ཆེན་པོའི་ཆོས་ཀྱི་ཟས་རོ་བརྒྱ་བས་ཚིམ་པར་མཛད། སྔར་བོད་འདིར་བོན་དར་ཞིང་ཕལ་ཆེར་དེའི་རྗེས་སུ་འཇུག་པས། ཆོས་སྒྲུབ་པའི་གེགས་མང་དུ་བྱུང་ཡང་། དུས་དེར་ལོ་པཎ་རྣམས་ཀྱི་ས་བོན་གྱི་རིང་ལུགས་མཐའ་དག་དྲི་མ་མེད་པའི་གཏན་ཚིགས་རིག་པས་ཚར་བཅད། སློབ་དཔོན་གྱིས་མཆིམས་ཕུ་སོགས་སུ་ངེས་གསང་རྡོ་རྗེ་ཐེག་པའི་རྒྱུད་སྒྲུབ་ཐབས་མང་དུ་བསྒྱུར་ཏེ། འཇིགས་པ་མེད་པའི་སྒྲོམ་བུར་རྒྱས་བཏབ་ནས་ལས་ཅན་ལ་སྨོན་ལམ་དང་རྗེ་འབངས་དུ་མ་སྨིན་གྲོལ་དུ་མཛད་པའི་མཐུ་ཕུལ་དུ་བྱུང་བའི་ངོ་མཚར་བའི་རྟགས་ཀྱི་གྲགས་པའི་རྣ་རྒྱན་ཕྱོགས་བྲལ་གྱི་རྣ་བའི་ལམ་དུ་དོག་པོར་འགེང་བར་མཛད་དོ། །དེ་ནས་གཙུག་ལག་ཁང་གི་སྲུང་མར་མཁན་སློབ་ཆོས་གསུམ་བཀའ་བགྲོས་ཏེ། རྒྱལ་པོའི་དམག་གིས་བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་པའི་ཀ་ཅའི་རྗེས་སུ་དཔེ་ཧར་འབྲངས་ཏེ་བྱུང་བར་དཀོར་སྲུང་བཅོལ། འགའ་ཞིག་ཏུ་མཁན་སློབ་ཆོས་གསུམ་གྱིས་ཕོ་ཉ་འཕྲིན་ཡིག་མངགས་པ་ལྟར། གཡུའི་ཐུབ་པ་བསེ་འབག །ཟ་ཧོར་རྒྱལ་རིགས་དྷརྨཱ་པཱ་ལ་རྣམས་ཀྱིས་སྣ་དྲངས་པའི་རྗེས་ལ་དཔེ་ཧར་བྱོན་པར་བཤད་པ་འདི་སྐྱེ་འགྲོ་རྣམས་ལ་སྨྱོ་འབོག་སོགས་འཚེ་བ་ཆེ་དྲགས་པར། སློབ་དཔོན་གྱིས་ཨར་ལ་གཏད་པས་བྷ་ཏ་ཧོར་གྱི་ཡུལ་དུ་བྲོས་པར་བཤད་པ་དང་གོ་རིམ་འགྲིག་པར་མངོན་ནོ། །སྨྲས་པ། །མདོ་རྒྱུད་ཆོས་ཕུང་ཡན་ལག་བརྒྱད་ལྡན་ཆབ། །མཁས་གྲུབ་ལོ་པཎ་གངས་རིའི་ཞལ་སྒོ་ལས། །འོངས་པའི་གླེགས་བམ་དལ་འགྲོའི་མཛའ་ན་མོས། །རྒྱལ་བསྟན་རྩ་ལག་མི་(༣༩བ)


GLG019_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་དམ་དུ་འཁྱུད། །སྐྱོན་བྲལ་རྟེན་བཟང་རྒྱུད་ཀྱི་ཞིང་ས་ལ། །མྱང་འདས་སེམས་ཀྱི་ས་བོན་གསོལ་བཞིའི་བརླན། །རྣམ་པར་བཞད་པས་ཚུལ་ཁྲིམས་མྱུ་གུའི་འབྲས། །མངོན་མཐོའི་དཔལ་ཡོན་བླ་ན་སྤེལ་བར་ཤིས། །གསང་སྔགས་མཐུ་གྲུབ་རྗེ་འབངས་ཉེར་ལྔ་ཡི། །བརྗོད་བྲལ་བློ་ལས་འདས་པའི་རྫུ་འཕྲུལ་གྱིས། །འཕགས་ཡུལ་གྲུབ་པའི་དབང་ཕྱུག་དམ་པ་རྣམས། །འབྲོག་དགོན་དབེན་པའི་གནས་སུ་ཡིབས་སམ་སྙམ། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །རེ་ཞིག་ནས་རྒྱའི་ཧྭ་ཤང་མ་ཧཱ་ཡ་ན་བོད་དུ་འོངས་ཏེ། ལུས་ངག་གི་དགེ་བ་བྱས་པས་འཚང་མི་རྒྱ། ཅི་ཡང་ཡིད་ལ་མི་བྱེད་པས་འཚང་རྒྱ་ཟེར་ནས་སྒོམ་བསླབས་པས་བོད་འབངས་མང་པོ་ལོག་པའི་ལམ་ལ་ཁྲིད། བཙན་པོ་ཡང་བཀས་བཅད་དཀའ་བར་གྱུར་ཀྱང་མཁན་པོའི་གསུང་དྲན་ཏེ། རྒྱ་གར་ནས་ཀ་མ་ལ་ཤཱི་ལ་གདན་དྲངས་པ་བཞིན་བྱོན་ཏེ། ཏྭོན་རྩེན་རྩོད་པས་ཏྭོན་མུན་ཕམ་སྟེ་ཧྭ་ཤང་རྒྱ་ཡུལ་དུ་བརྫངས། དེའི་ལུགས་མི་བྱེད་པར་བཀས་བཅད། ཀ་མ་ལས་སྒོམ་རིམ་གྱི་བསྟན་བཅོས་བརྩམས། སྦ་བཞེད་དུ། བཙན་པོས་རྒྱའི་ཆོས་འདི་མིན་ནམ་བྱས་པས་ཏྭོན་མུན་དང་། ལུས་ལ་མེ་གཏོང་བའི་བརྩེ་བ་དེ་ཆོས་མིན་ནམ་བྱས་པས་བརྩེ་མིན་པར་གྲགས་པར་བཤད་པ་ནི་ལྷད་ཞུགས་པའི་བླུན་ཚིག་གི་རྟོག་བཏགས་ལས་རྒྱུ་མཚན་མེད་ཅིང་། ཏྭོན་མུན་དང་རྩེན་མུན་ཞེས་པ་རྒྱ་ནག་གི་སྐད་དེ། བོད་སྐད་དུ་ཅིག་ཅར་བ་དང་རིམ་གྱིས་པར་འགྱུར་ཞེས་མཁས་པའི་དབང་པོ་བུ་སྟོན་ཞབས་གསུང་བ་ལེགས་སོ། །དེ་ཡང་རྒྱལ་པོ་རྣམ་གནོན་ཞེས་པ་ལྕགས་ཕོ་འབྲུག་གི་ལོ་ལ་བོད་འབངས་(༤༠ན)


GLG019_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

བྱིངས་ཀྱི་སྣང་ངོར་ཚད་པའི་སྙུན་གྱིས་མྱ་ངན་ལས་འདས་ལ། ལས་ལྡན་རྣམས་ཀྱི་ཡིད་ངོར་ཆོས་དབྱིངས་བདེ་བའི་རང་བཞིན་ཟད་མི་ཤེས་པའི་ཆུ་གཏེར་ཆེན་པོར་སྣ་ཚོགས་སྤྲུལ་པའི་བཀོད་པ་ཉལ་འགྲོའི་རྒྱུན་ཀུན་གཉིས་མེད་ཀྱི་ངང་དུ་མཛད་དེ་རྗེ་བཙུན་འཇམ་དཔལ་རྡོ་རྗེའི་ཐུགས་ཀར་ཐིམ་མོ། །བང་སོ་མུ་ར་རི་ལ་བརྩིགས། ཆོས་ཀྱི་རྒྱལ་པོ་འདི་ལ་བཙུན་མོ་འགའ་ཞིག་ཡོད་ཀྱང་ཚེ་སྤོང་བཟའ་ལ་སྲས་གསུམ་བྱུང་བའི་ཆེ་བ་མུ་ནི་བཙན་པོ་རྒྱལ་སར་བསྐོས། འབངས་ཀྱི་ལྟོགས་ཕྱུག་ལན་གསུམ་དུ་སྙོམས་ཀྱང་། མི་འགྱངས་པར་སྔར་བཞིན་གྱུར་པར། ལོ་པཎ་རྣམས་ཀྱིས་སྔོན་གྱི་སྦྱིན་པའི་འབྲས་བུ་ཡིན་པར་གསུངས་པས། རྣམ་དཀར་གྱི་ལས་ལ་ལྷག་པར་མོས་པ་ཐོབ་སྟེ། བསམ་ཡས་སུ་སྡེ་སྣོད་གསུམ་གྱི་མཆོད་པ་བཙུགས། མདོ་སྡེའི་མཆོད་པ་དེང་སང་ཡང་ཡོད། རྒྱལ་སྲིད་མཛད་ནས་ལོ་གཅིག་དང་ཟླ་བ་བདུན་ལ་ཡུམ་གྱི་དུག་བཏང་ནས་གྲོངས། བང་སོ་མུ་ར་རི་ལ་བརྩིགས། མུ་ཁྲི་བཙན་པོ་དང་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་མ་གོ་བར་དཔའ་བོ་གཙུག་ལག་གིས། འདིའི་གཅེན་དུ་མུ་ཁྲི་བཙན་པོ་བྱུང་བའི་ཐ་ཆད་ཀྱི་གཏམ་སྨྲས་ཤིང་། ཆོས་རྗེ་བསོད་ནམས་གྲགས་པས། ལོ་གཅིག་དང་ཟླ་བ་བདུན་གྱི་རིང་ལ་ལྟོགས་ཕྱུག་ལན་གསུམ་སྙོམས་ལོང་མེད་ཅེས་ཞིབ་པ་ལྟར་སྨྲ་བ་ནི་མུ་ཅོར་ཏེ། སྔོན་གྱི་ལས་འབྲས་ཀྱི་ཤུགས་དགག་པར་མ་ནུས་པའི་བྱེད་པོས་དབུལ་པོ་རྣམས་ལ་མཁོ་རྒུའི་ཡོ་བྱད་ཕུན་སུམ་ཚོགས་པ་བྱིན་ཀྱང་མི་རིང་བར་ཕོངས་པ་ཡིན་ལ། སྐབས་ཤིག་ན་ལྟོགས་ཕྱུག་སྙོམས་པ་ཙམ་དུ་མ་ཟད་འདུས་བྱས་ཐམས་ཅད་འཇིག་པའི་(༤༠བ)


GLG019_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་ཅན་ཡིན་པས་སོ། །འབྲིང་པོ་མུ་རུག་བཙན་པོ་ནི་སྔར་རྒྱལ་པོ་དང་བློན་པོ་ཞང་གཉིས་འཛམ་གླིང་གསུམ་གཉིས་དབང་དུ་བསྡུ་བའི་གྲོས་མཛད་ཚེ། སྲས་ཀྱི་བཀའ་བགྲོས་སར་བྱོན་པས། ཞང་གི་བུ་འུ་རིངས་ཀྱིས་རྗེ་བློན་བཀའ་འགྲོས་སར་རེ་ཞིག་མ་འབྱོན་བྱས་པར། སྲས་ཀྱི་ཆུ་གྲི་བསྣུན་ཏེ་བཀུས། བློན་པོ་འགོས་ཀྱིས་ཞལ་ལྕེ་འདར་གསུམ་དང་དགའ་གསུམ་བཅད་དེ། སྲས་རེ་ཞིག་སྤྱུགས་པ་སླར་མོན་ནས་སྤྱན་དྲངས་ཏེ་རྒྱལ་སྲིད་ལ་བསྐོ་བར་རྩོམ་པ་ན། བློན་པོའི་ཤུལ་མི་ཞང་སྣ་ནམ་གྱིས་བཀྲོངས་སོ། །དེ་ཡང་དཔའ་བོ་གཙུག་ལག་གིས། མུ་ནེ་བཙན་པོ་ཡབ་ཀྱི་དགུང་ལོ་སོ་བཞི་པ་ཆུ་སྟག་ལ་འཁྲུངས་བར་བཤད་པ་ལྟར་ན། ཆུ་ཕོ་སྟག་གི་ལོ་ཆོས་རྒྱལ་དགུང་ལོ་སོ་བཞིར་སླེབ་པ་དངོས་སུ་བསྟན་པས། ཤིང་སྦྲུལ་ལ་སོ་བདུན་པའི་དགུང་སྐག་ཡོད་པས། གོང་དུ་རྒྱལ་པོ་ལྕགས་ཕོ་རྟ་ལ་འཁྲུངས་པ་དག་པའི་ཕྱོགས་བཟུང་བ་དང་། སྦ་བཞེད་དུ་ཡོས་ལ་འཁྲུངས་པའི་བཞེད་པ་བསྒྱུར་བ་སོགས་གང་དང་ཡང་མི་འགྲིག་པའི་ནང་འགལ་གྱི་ཚིག་མངོན་སུམ་དུ་སྟོན་པ་འདི་འདྲ་ནི། གཞུང་ལུགས་ལ་ཐོས་བསམ་བྱས་པ་ལྟ་ཅི་སྨོས་ཤེས་པ་རང་བཞིན་དུ་གནས་པ་སུས་ཀྱང་མི་སྨྲ་བས་གཟུར་གནས་ཀུན་ལེགས་པར་སོམས་ཤིག །སྲས་ཆུང་བ་མུ་ཏིག་བཙན་པོ་སད་ན་ལེགས་འཇིང་ཡོན་གྱིས་དགུང་ལོ་བཞིའི་སྟེང་དུ་རྒྱལ་སྲིད་བཟུང་། སློབ་དཔོན་གྱིས་ཆོས་སྐལ་སྩལ། རྒྱལ་རབས་འགའ་ཞིག་ཏུ་རྒྱལ་པོ་འདིའི་མཚན་ལ་ཁྲི་ལྡེ་སྲོང་བཙན་དུ་འཆད་པ་ནི་སྒྲ་སྦྱོར་བམ་གཉིས་པ་སོགས་མ་མཐོང་བའི་སྐྱོན་ནོ། །ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་མཆོད་པ། ཤུལ་ན་བཞུགས་པའི་ལོ་པཎ་རྣམས་ལ་ཕུལ་(༤༡ན)


GLG019_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བྱུང་བའི་བསྙེན་བཀུར་དང་བཅས་ཏེ། སྔར་མ་འགྱུར་བའི་གསུང་རབ་འགའ་ཞིག་བསྒྱུར། བོད་ཀྱི་རྒྱལ་པོ་ལ་ང་ཆེ་བས་ལྷ་ཁང་ཉི་མ་ཙམ་ཞིག་རྩིག་གོ་གསུངས་པས། སློབ་དཔོན་མཛོད་མཁན་གྱིས་ཉི་མའི་རྒྱར་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་པས། བོད་འདིར་མི་ཤོང་ཞེས་ཞུས་པར། ཟླ་བ་ཙམ་ཞིག་རྩིག་གསུང་བར་དེ་ཡང་སྔོན་དང་འདྲ་ཚུལ་སྨྲས། སྐར་མ་ཙམ་ཞིག་རྩིག་གསུང་བར་རྒྱང་གྲགས་བཅོ་བརྒྱད་ཡོད་ཚུལ་བཞིན། བྱང་འབྲོག་གི་ཐང་ཡངས་ས་ཞིག་ཏུ་རྩིག་པར་བཀའ་གནང་བས། བློན་པོ་ཀུན་གྱིས་བྱང་དུ་བརྩིགས་ན་ལྷ་ཁང་སྟོང་པར་ལུས་འགྲོ་ཚུལ་ཞུས་པ་དང་། སླར་རྗེ་འབངས་ཀུན་གྲོས་མཐུན་པར། རྒྱལ་སྡེ་དཀར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བོད་ཀུན་ཕན་པ་དང་བདེ་བའི་ལམ་དུ་འགོད་པར་མཛད་ནས་གཤེགས་ཏེ། བང་སོ་འཕྲུལ་རྒྱལ་མདུན་ན་བརྩིགས་སོ། །དེ་ཡང་ལྷ་སྲས་མུ་ཏིག་བཙན་པོ་དང་། སད་ན་ལེགས་མཇིང་ཡོན་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་། རྒྱལ་སྲས་ལྷ་རྗེ་དེའི་སྲས་ཡིན་པ་སོགས་རང་ཉིད་ཀྱི་རྒྱུ་མཚན་གོ་རིམ་མ་ངེས་པར། དཔའ་བོ་གཙུག་ལག་གིས། ཡིག་ཆ་གཞན་དག་ལ་ཕྱི་རབས་ཀྱི་རྩོམ་རིགས་ཁོ་ནར་སྣང་བའི་དཔྱད་མི་བཟོད་པ་སོགས་སྨྲ་བ་ནི། རྗེ་བཙུན་ས་པཎ་གྱིས། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །གཙང་མའི་ངོས་ལ་འབད་དེ་འཕྱིད། །ཞེས་པའི་དོན་དང་མཚུངས་པས། ཕུ་ཐག་མཆོད་པའི་ཅལ་ཅོལ་གྱི་གཏམ་ཉུང་བར་བྱོས་ཤིག །རྒྱལ་པོ་དེ་ལ་སྲས་གཙང་མ། ལྷ་རྗེ། ལྷུན་གྲུབ། དར་མ། རལ་པ་ཅན་དང་ལྔ་བྱུང་ཀྱང་། ལྷུན་གྲུབ་ཆུང་ངུར་(༤༡བ)


GLG019_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པས་བང་སོ་མེད། ལྷ་རྗེ་ནི་དགུང་ལོ་བཅོ་ལྔ་ལ་གཤེགས་པའི་བུར་སྐྱེ་བ་བདུན་པ་ཤེལ་གྱི་བྲག་ལ་རྒྱས་བཏབ་བོ། །སྨྲས་པ། དཔལ་ལྡན་གསང་བ་ཀུན་གྱི་གན་མཛོད་ལས་འོངས་འཛམ་བུ་ནཱ་ད་མཆོག །ལུས་ཅན་ཡོངས་ཀྱི་བླ་ན་སྤྱོད་པའི་མི་བདག་མཆོད་སྡོང་རབ་འབར་བར། །གྲུབ་པའི་རང་གཟུགས་ཟློས་གར་གསར་པ་ཁམས་གསུམ་མན་ཤེལ་རྩིག་ངོས་ལ། །ཤར་བའི་ས་སྤྱོད་འགྲོ་འདིའི་བསོད་ནམས་འབུམ་ཕྲག་ཟོང་གིས་ཁུགས་ཡས་ཅི། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །སྲས་ཆེ་བ་གཙང་མ་ནི། སྲིད་པའི་ཕུན་ཚོགས་ཀྱི་དགའ་སྟོན་མཐའ་དག་ལྷ་ལམ་ལུས་ཕྲའི་བཞིན་རས་ཀྱི་ངོས་སུ་འདྲེན་བྱེད་རླུང་གི་རྒྱལ་མཚན་འཁྱུག་པ་ལྟར་མི་བརྟན་ཞིང་། ཉེས་པ་བརྒྱ་ཕྲག་བསྐྱེད་པའི་རྩ་བར་གཟིགས་ཏེ་མྱ་ངན་ལས་འདས་པའི་བསམ་པ་མཆོག་གིས་ཟིན་པའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་ཞུགས། དེ་འོག་དར་མ་ནི། རྣམ་པར་དཀར་བའི་དགེ་ཚོགས་བསྒྲུབ་པའི་བསམ་པ་ལས་ཕྱི་རོལ་ཏུ་གྱུར་ཏེ། ཆུ་སྲིན་རྒྱལ་མཚན་ཅན་གྱི་རྗེས་སུ་འཇུག་པའི་ཅེ་སྤྱང་ལ་རྒྱལ་ཁྲིམས་དམ་པའི་ཆོས་ཀྱིས་སྐྱོང་བའི་རྗེ་བོ་གདོང་ལྔའི་དབང་པོ་འཁོད་པའི་གདན་ཁྲིར་མངའ་གསོལ་བ། གཙུག་ལག་ལུགས་གཉིས་དང་མི་མཐུན་པར་འཕྲུལ་ལྡན་རིག་པའི་སྲས་ཀྱི་ཁྲིམས་ཀྱི་ཅང་ཤེས་ཁ་ལོ་མངོན་པར་སྒྱུར་བ་རྣམས་ཀྱིས་རྟོགས་ཏེ། མཐུ་སྟོབས་ཀྱི་དབང་ཕྱུག་གསང་བའི་བདག་པོ་རྗེ་བཙུན་ཕྱག་ན་པདྨ་དང་། ཟུར་ཕུད་ལྔ་པ་མིའི་སྲིད་པ་བཟུང་ནས་དགེ་ལེགས་ཀྱི་མཚན་མ་མཆོག་ཏུ་དྭངས་པའི་རི་མོ་སྣང་བརྙན་སླར་ཡང་དཔྱད་པ་གསུམ་གྱིས་ར་རིའི་དྲི་མ་ཙམ་ཡང་(༤༢ན)


GLG019_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དྲུངས་ནས་ཕྱུང་སྟེ་རྣམ་པར་དཀར་བའི་མཛད་པ་བླ་ལྷག་ཏུ་སྟོན་པའི་ཆེད་དུ་འཇིག་རྟེན་ཀུན་གྱི་ཅོད་པན་ལ་ཞབས་སེན་པདྨ་དཀར་པོའི་ཆུན་བུ་མཛེས་བྱེད་ཀྱི་རྒྱན་དུ་སྤུད་པའི་རིགས་སྟོབས་ཀྱིས་ཁྱད་པར་དུ་འཕགས་པའི་ཟ་མ་ཏོག་ཏུ་དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་འཕྱུར་བུར་བལྟམས་པའི་མངའ་བདག་ཁྲི་ལྡེ་སྲོང་བཙན་རལ་པ་ཅན་བོད་འབངས་ཡོངས་ཀྱི་རལ་པའི་ལན་བུ་རྣམ་པར་འདུད་པའི་སེང་གེ་རྐང་པ་བརྒྱད་པའི་ཁྲི་ལ་མངའ་གསོལ། དེ་ཡང་མངའ་བདག་འདི་མི་ཟད་པ་ཞེས་པ་མེ་ཕོ་ཁྱིའི་ལོ་ལ་འཁྲུངས་པ་ནས་བཟུང་སྟེ་ལང་ཚོ་གཞོན་ནུའི་དུས་ཉིད་ནས་སྔོན་གྱི་བག་ཆགས་བཟང་པོ་སད་པའི་རྣམ་འགྱུར་ཅི་ཡང་མཛད་ཅིང་། ཁྱད་པར་ཁྲི་ཐོག་ཏུ་ཕེབས་ནས་རྒྱལ་ཐབས་ཀྱི་བྱ་བ་ལེགས་བྱས་ཀྱི་རྒྱུར་བསྒྲུབས་ནས་འབྲས་བུའི་དགའ་སྟོན་ལ་སྤྱོད་པར་རབ་ཏུ་ཆས་པ། ཆོས་བློན་བྲན་ཁ་དཔལ་གྱི་ཡོན་ཏན་གྱིས་བྱས། སྒྲ་སྦྱོར་བམ་གཉིས་པ་ལས། རྟའི་ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་གིའུ་ཤང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་རྗེ་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་འཚལ་ཞེས་སོགས་ལྟར། ཉི་འོག་གི་མཁན་པོ་ཛེ་ན་མི་ཏྲ། སུ་རེན་ཏྲ་བོ་དྷི། དྷ་ན་ཤཱི་ལ་སོགས་པཎྜི་ཏ་དུ་མ་དང་། ལོ་ཙཱ་བ་སྐ་ཅོག་སོགས་གདན་འཛོམ་པར་བྱས་ཏེ། སྔར་ཡབ་མེས་ཀྱི་རིང་ལ་མདོ་སྔགས་ཀྱི་ཆོས་ཕལ་ཆེ་བ་བསྒྱུར་ཟིན་ནའང་། ཡུལ་དབུས་འགྱུར། ཨོ་རྒྱན། བལ་ཡུལ། རྒྱ་ནག་སོགས་སྐད་དུ་མ་ལ་བརྟེན་ནས་བསྒྱུར་བའི་བོད་སྐད་ལ་བསྒྱུར་དུ་མ་བཏུབ་པ་འགའ་ཞིག་སོ་སོའི་རང་སྐད་དུ་བཞག་པས་གོ་དཀའ་ཞིང་། བརྡ་རྙིང་དང་སྡེབ་འགའ་ཞིག་ལ་བརྟེན་ནས་འགྱུར་མི་བདེ་བ་དང་ཀླག་(༤༢བ)


GLG019_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་ཞིང་ལེགས་སྦྱར་གྱི་སྐད་དང་མི་མཐུན་པ་རྣམས་དབུས་འགྱུར་གྱི་རྒྱ་དཔེ་སཾ་སྐྲྀ་ཏའི་ལུགས་གཞིར་བྱས་པ་རྣམས་དང་སྒོ་བསྟུན། རྒྱ་དཔེའི་བཅད་ལྷུག་སྤེལ་མའི་སྡེབ་སྦྱོར་སོགས་བོད་སྐད་ལ་ཇི་བཞིན་མི་འབྱུང་ཞིང་། དེ་དང་བསྟུན་ན་གོ་མི་བདེ་བས་དོན་རྟོགས་སླ་བ་གཙོ་བོར་བྱས། རྒྱ་སྐད་དུ་ཚིག་བསྡོམས་པ་རྣམས་དེ་ལྟར་བསྒྱུར་ན་གངས་ཅན་ལྗོངས་ཀྱི་སྐད་དུ་འཕྱུགས་འགྲོ་བ་དག་ཕྲལ་ཏེ་བསྒྱུར་བ། ཀུ་ཤ་ལ་ཨི་ཀཎ་གྱི་རྐྱེན་བྱིན་པའི་ཀཽ་ཤི་ཀ་ལྟ་བུ་སྒྲ་གཅིག་དོན་མང་གཅིག་ཏུ་འཆད་པར་གཏན་ཚིགས་ཀྱིས་བསྒྲུབ་དཀའ་བ་ཀུན་རང་སོར་བཞག །མདོར་ན་བྱིངས་ལས་མིང་དང་ཚིག་གིས་བསྒྲུབས་ཤིང་། རྣམ་དབྱེ་དེ་ཕན་ཉེ་སྒྱུར་ཚིག་ཕྲད་སོགས་མཐའ་དག་ལ་ཞིབ་མོར་དཔྱད། དེ་ཉིད་བོད་ཀྱི་སྐད་ལ་དོན་འགྱུར་གཙོ་བོར་བྱས་ཏེ་གཏན་ལ་ཕབ། ཆོས་ཀྱི་རྒྱལ་པོ་མེས་དབོན་གྱི་རིང་ལ་མཆོག་དམན་མཐའ་དག་གི་སེམས་ཀྱི་རི་དྭགས་རང་ཉམས་སུ་འཁྱམ་པར་མི་ནུས་པའི་ཞགས་པ་དམ་པོས་ཡངས་པའི་རྒྱལ་ཁམས་མཐའ་དག་རང་སར་བདེ་བའི་ཁྲིམས་ཀྱི་བྱ་བ་མཐའ་ཀླས་པར་མཛད་པས། ཡིད་འཕྲོག་མའི་གཏམ་རྒྱུད་ལས། བྱང་ཕྱོགས་ལྔ་ལྡན་སྐྱིད་ཅིང་རྒྱལ་བ་དེ། རྒྱལ་པོ་དེ་ཡི་རྒྱལ་ཁྲིམས་ཆོས་བཞིན་སྤྱད་པ་དང་། འབངས་འཁོར་གཡོག་རྣམས་ཀྱིས་རྒྱལ་པོའི་བཀའ་ལ་ཉན་པས་སྐྱིད་པ་ཡིན་ཞེས་པའི་དོན་དང་མཐུན་པར་གྱུར་ཅིང་། དེ་ཡང་ཁྲིམས་ནི་བོད་རྒན་པོ་ཡ་རབས་རྣམས་ཀྱི་གླེང་བའི་སྲིད་པའི་ཁོག་རུབ་ཆེན་པོ་ལ་དོན་སུམ་ཅུ་རྩ་གཉིས་སུ་གྲགས་པའི་བཅུ་དགུ་པ་ཁྲིམས་ཆེན་པོ་ལ། ཁྲི་རྩེ་འབུམ་གཞེར་གྱི་ཁྲིམས། གསེར་ཐང་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས། མདོ་(༤༣ན)


GLG019_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

ལོན་ཞུས་བཅད་ཀྱི་ཁྲིམས། དཀོན་ཅོག་གི་ཆོས་ཁྲིམས། ཇོ་མོ་མངའ་དགས་ཀྱི་ཁྲིམས་དང་དྲུག་ཏུ་ཕྱེ་བས། ངན་ལ་ཆད་པ་གཅོད་ཅིང་བཟང་ལ་བྱ་དགའ་སྟེར། མཐོ་བའི་གཉའ་ནས་གནོན་ཅིང་དམའ་བ་ཐབས་ཀྱིས་སྐྱོང་བའི་བཀའ་ཁྲིམས་ཀྱི་སྲོལ་བཟང་པོའི་འོད་སྣང་སྲིད་རྩེའི་བར་དུ་ཁྱབ་པའི་བདེ་སྐྱིད་ཀྱི་པུཎྜ་རི་ཀ་ཆེས་ཆེར་རྒྱས་པ་བར་སྐབས་སུ། སྡིག་བློན་མི་གཙང་བའི་འདམ་གྱི་དྲི་མས་ཅུང་ཟད་སྦགས་པ་ལྷག་མ་ཙམ་ཡང་དག་པར་མཛད་དེ་ཡངས་པའི་ནོར་འཛིན་གྱི་ཁྱོན་ཀུན་ཏུ་དྲིལ་བསྒྲགས་གཞན་ཡང་སྨན་གྱི་བཅོས་ལུགས་བཞི། དཔྱད་མཁན་གྱི་གབ་རྩེ་ལྔ། ཡ་རབས་ཀྱི་སྐྱེན་བདུན། མཛངས་པའི་མིག་བཅུ་གཉིས། ཕོ་ལྟང་གི་ཉེར་བརྒྱད། མོ་ལྟང་གི་ཉེར་བཅུ་གཉིས། ཕྱག་རྒྱ་དྲུག །རྒྱལ་པོའི་གདན་བཞི། བློན་པོའི་གྲལ་བརྒྱད། ཕྱག་རྐ་རྩ་བུ་བརྒྱད། མཛའ་སྡུམ་བཞི་སོགས་བོད་འབངས་ཀྱི་གཏམ་དང་ཡིག་ཚང་དུ་གྲགས་ཤིང་། ལག་ཏུ་སྟེར་འོས་པ་རྣམས་ལེན་པའི་སྲོལ་ཆོས་ཀྱི་རྒྱལ་པོ་འདི་ཡན་དུ་མ་ཉམས་པར་གནས་པ་ཡིན་ནོ། །དཔའ་བོ་གཙུག་ལག་གིས། གསང་སྔགས་རྫོགས་འཚང་རྒྱ་བའི་རྒྱུ། །ནོར་བུ་མི་བཙོང་སྙིང་ལ་བཅང་། །ཞེས་པའི་ཁྲིམས། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བྱུང་བར་སྨྲ་བ་ནི་བླུན་ཚིག་སྟེ། ཆོས་རྒྱལ་གྱི་དུས་སྣོད་ལྡན་འགའ་ཞིག་ལ་བཙན་པོ་རང་གི་ཐུགས་རྗེ་ཆེན་པོ་ཞི་ཁྲོ་སོགས་གནང་བ་ལས། གསང་སྔགས་ཀྱི་ཆོས་ནོར་གྱི་ཕྱིར་འཚོང་པ་ལྟ་བུའི་ཁྱབ་གདལ་དུ་གྲགས་པ་མེད་པས། ཁྱད་གཞི་མེད་པའི་ཁྱད་ཆོས་དང་། དགེ་བཅུའི་ཁྲིམས་ཀྱི་སྟེང་དུ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་མཛད་པར། དེ་གཉིས་དྲིལ་བས་བཅུ་དྲུག་ཡིན་པ་ལྟར་སྨྲ་བ་སོགས། འཆལ་(༤༣བ)


GLG019_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཤིན་ཏུ་མང་ངོ་། །འདིའི་དུས་སུ་རྒྱ་བོད་གཉིས་མ་མཐུན་པར། གཏུམ་དྲག་རྔམ་བརྗིད་དང་ལྡན་པའི་དམག་གི་དཔུང་ཚོགས་ཆེན་པོ་རྒྱ་ནག་པོའི་ཡུལ་དུ་གཡུལ་བཤམས་ཏེ། ཙི་ནའི་རྒྱལ་ཁམས་དུ་མ་བཅོམ་ཞིང་། མི་དཔོན་དང་། དཔའ་བོ་སྟག་ཤར་མང་དུ་བསད་དེ་ཆམ་ལ་ཕབ། དེ་ནས་རྒྱའི་ཧྭ་ཤང་དང་བོད་ཀྱི་ལོ་པཎ་རྣམས་ཀྱིས་བར་དུ་བཞུགས་དེ་ཚིག་གི་སྦྱངས་བཤད་ཀྱིས་དབོན་ཞང་མཐུན་པར་མཛད། རྒྱའི་གུང་གུ་རྨེ་རུར་རྡོ་རིང་ཞིག་བཙུགས་ཏེ་རྒྱ་བོད་ཀྱི་ས་མཚམས་སུ་བཅད་ནས་ཕན་ཚུན་གཉིས་ཀས་ས་མཚམས་ལས་ཕྱི་རོལ་དུ་བསྒྲལ་བའི་དམག་གི་གཡུལ་བཤམས་པ་སོགས་མི་བྱེད་པའི་དཔང་དུ་ལྷ་ཀླུ་གཉན་པོ་བཞག་སྟེ་བྲོ་བོར་བའི་ཡི་གེ་ལྷ་ས། རྒྱ་རྗེའི་ཕོ་བྲང་། རྨེ་རུ་གསུམ་གྱི་རྡོ་རིངས་ལ་བྲིས། དུས་དེར་རྒྱ་བོད་གཉིས་མཐུན་ཞིང་འབྲེལ་བཟང་བར་བྱུང་བས། གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་བཙན་པོ་དབོན་ཞང་ཞེས་གླེང་སྐད། དེ་ཡང་བཙན་པོའི་ཐུགས་སུ་འགྲོ་བ་ཀུན་ལ་ཕན་པ་དང་བདེ་བ་མ་ལུས་པར་འབྱུང་བའི་སྒོ་དམ་པ་ནི་ལུང་དང་རྟོགས་པའི་བསྟན་པ་རིན་པོ་ཆེ་ལ་རག་ལས་ཤིང་དེ་འཛིན་ཞིང་སྤེལ་བར་བྱེད་པ་དགེ་འདུན་ལ་ལྟོས་པར་དགོངས་ཏེ། དབུ་སྐྲ་ལ་དར་ཡུག་བཏགས་པའི་སྟེང་ལ་རབ་ཏུ་བྱུང་བ་རྣམས་བཞུགས་སུ་འཇུག་པ་དང་། དགེ་འདུན་མི་རེ་ལ་འབངས་མི་ཁྱིམ་བདུན་དུ་བཅད་དེ་འབུལ་བ་སོགས་འཕགས་པའི་ཡུལ་དུ་བྱུང་བའི་ཆོས་ཀྱི་རྒྱལ་པོ་རྣམས་ཀྱི་མཛད་པ་ལས་བླ་ལྷག་ཏུ་གྱུར་པའི་མཛད་པ་བཟང་པོའི་གཏམ་ཀུན་གསལ་གྱི་མཐའ་ཀླས་པར་ཁྱབ་བོ། །དེ་ནས་མེས་རྣམས་ཀྱི་གཙུག་ལག་ཁང་ལ་རྙེད་བཀུར་ཞིག་གསོས་མཛད་ཅིང་། གསར་དུ་གཙུག་ལག་ཁང་འོག་ཐོག་གསུམ་(༤༤ན)


GLG019_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ། བར་ཐོག་གསུམ་ས་ཕག །སྟེང་ཐོག་གསུམ་ཤིང་ལས་གྲུབ་པ། ཐོག་རེ་རེ་བཞིན་བྱ་འདབ། སྒོ་ཕ་གུ་དྲ་ཕྱེད་སོགས་ཀྱིས་རྣམ་པར་མཛེས་ཤིང་། སྟེང་གི་རྒྱ་ཕུབ་རླུང་གིས་བསྐྱོད་ཚེ་གདུགས་ལྟར་འཁོར་བའི་ངོ་མཚར་གྱི་ཆུ་འཛིན་འཕྲེང་བ་ཡིད་ཀྱི་སྐབས་གསུམ་པའི་ལམ་དུ་འཁྲིགས་པ་ལས། ཆེད་དུ་བརྗོད་པའི་དབྱར་སྐྱེས་ཀྱི་རྔ་གསང་ཕྱོགས་བྲལ་གཙུག་ཕུད་ཅན་གྱི་རྣ་བར་སྒྲོག་པའི་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས་པའི་སྟེང་ཐོག་ཏུ་མཆོག་གསུམ་དམ་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཞུགས། བར་གྱི་ཐོག་གསུམ་དུ་ལོ་པཎ་རྣམས་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱིས་དུས་མདའ། འོག་ཐོག་གསུམ་དུ་རྗེ་བློན་རྣམས་སྡེ་བཞིའི་སྒོ་འཕར་བརྒྱ་ཕྲག་མངོན་པར་ཕྱེ་ནས་མཆོག་དམན་ཀུན་ལ་བདེ་སྐྱིད་ཀྱི་དཔལ་འབྱོར་ཆར་དུ་བསྙིལ་ལོ། །སྨྲས་པ། སྡེ་བཞིའི་ཆ་ཤས་ཡོངས་རྫོགས་རྒྱལ་ཐབས་ཀྱི། །འཁོར་ལོ་ལྷ་ལམ་འཛིན་མར་རྒྱུ་བའི་འོད། །ཕན་བདེའི་ས་སྨོས་འཕྲེང་བ་རབ་བཞད་ཚེ། །ལེགས་བྱས་ག་བུར་གསར་པའི་ཐིགས་པ་འཛག །གངས་ཅན་ཁ་བའི་ངོས་སུ་སུམ་རྩེན་མདངས། །དྲི་བྲལ་གསར་དུ་འཕོས་པའི་སྒྱུ་མའི་གྲོང་། །སྔོན་མེད་གཙུག་ལག་གཟུགས་བརྙན་ངོ་མཚར་གཏམ། །སྐབས་གསུམ་པ་རྣམས་གླེང་བའི་ཅ་ཅོ་སྒྲོག །རྩོད་ལྡན་ས་འཛིན་བགྲོད་པ་ཁྲིམས་གཉིས་ཀྱི། །གཞོམ་མེད་རྡོ་རྗེ་རྩེ་བརྒྱས་བཅོམ་པའི་ཚེ། །རྫོགས་ལྡན་གསར་པའི་མགྲོན་དེ་འགུགས་པའི་སླད། །ཕན་བདེའི་གཉིས་འཐུང་སྣ་ཞབས་རིང་དུ་རྐྱོང་། །ཞེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །དེ་ལྟར་ཚུལ་(༤༤བ)


GLG019_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་རྣམ་པར་སྤྱོད་པ་མ་ཡིན་པའི་སྟོབས་ཀྱི་ཁེངས་པས་དྲེགས་པ་མཐའ་དག་རང་ཉམས་སུ་བྱེད་པའི་ལུགས་ཀུན་ཆུ་ཤིང་གི་སྙིང་པོ་ལྟ་བུར་མཛད་དེ་རབ་ཏུ་ལྕི་བའི་རིན་པོ་ཆེའི་གདན་ཁྲི་ལ་གཡོ་བ་མེད་པའི་ཕྱོགས་ལས་རྣམ་པར་རྒྱལ་བའི་གདུགས་དཀར་པོའི་ཁོར་ཡུག་བདེ་སྐྱིད་ཀྱི་གྲིབ་བསིལ་ལ། སྐྱེ་རྒུ་མཐའ་དག་ངལ་གསོའི་བདེ་བ་ལ་སྤྱོད་པའི་སྐབས། ནག་པོའི་ཕྱོགས་ཀྱིས་ཡིད་རྣམ་པར་བརླམས་པའི་སྡིག་བློན་རྣམས་མི་བཟོད་བའི་ཟུག་རྔུ་ཆེན་པོས་མནར་བར་གྱུར་ཏེ། ཆོས་ཁྲིམས་འཇིག་པའི་གྲོས་བཤམས་ནས། མོ་རྩིས་མཁན་པོ་རྣམས་བྱ་དགས་ཚིམས་པར་བྱས་ནས། ལྷ་སྲས་གཙང་མ་མ་སྤྱུགས་ན། རྒྱལ་སྲིད་འཇིག་པར་ལུང་བསྟན་པ་བཞིན་དུ་མོན་ལ་སྤྱུགས། སྦས་སྟག་སྣས་བློན་པོ་བྲན་ཁ་དཔལ་ཡོན་དང་བཙུན་མོ་གཉིས་མཐུན་ཞེས་རྒྱལ་པོ་ལ་ཕྲ་མ་བཅུག་པས། བཙུན་མོ་ངང་ཚུལ་ལྕེབས། བྲན་ཆེན་པོས་ལྕགས་ཀྱི་སྲོག་རྩ་བསྒྲུབས་པས་མ་འགྲུབ་པར་བཀུམ། དེ་རྗེས་བཙད་པོ་བློ་ངན་ཞེས་པ་ཆུ་མོ་བྱའི་ལོ་ལ་སྦས་སྟག་སྣ་སོགས་སྡིག་བློན་རྣམས་ཀྱིས་ཞལ་ལྟག་པའི་ངོས་སུ་གཅུས་ཏེ་བཀྲོངས་ནས་བང་སོ་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་སོ། །དེ་ནས་རི་དྭགས་མཚན་མ་ཅན་གྱི་ཀཽ་མུ་དཱི་རྣ་བ་བརྒྱད་པའི་བྱེད་པོས། སཱ་ལའི་ནགས་ལྗོངས་ཀྱི་ཡུལ་གྲུར་ཁོར་ཡུག་ཚར་དུ་དངར་བའི་སྤྲིན་གྱི་སོ་ཅན་དག་གི་ལོངས་སུ་སྤྱོད་པའི་ཤེད་ལས་སྐྱེས་མཐའ་དག་གི་བདེ་ལེགས་ཀྱི་མཐུ་ཤིན་ཏུ་ཕྲ་བར་གྱུར་པས། གྱ་གྱུའི་བྲོ་གར་རྩེ་བའི་མདུན་ན་འདོན་བཟློག་ཏུ་མེད་པའི་ལས་ཀྱི་མཐུ་མི་ཟད་པའི་ཆུ་འཛིན་གྱི་འཕྲེང་བ་སྟུག་པོ་ལས། མི་དགེ་བ་བཅུ་ལ་བག་མེད་པར་སྤྱོད་པའི་སྐྱིན་ཐང་དྲག་པོས་ལེགས་བྱས་(༤༥ན)


GLG019_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དཔྱིད་ཀྱི་མ་མའི་མངལ་ཁུར་ལས་འདས་པའི་ཐུབ་བསྟན་མྱུ་གུའི་འཁྲི་ཤིང་གསར་པ་མིང་ཙམ་དུ་གྱུར་པས། ཚངས་འཇོམས་སྡེར་བཅས་རྣམ་པར་དགེ་བའི་གཡུལ་ལས་རྒྱལ་བའི་ཀུ་ཅོ་དྲག་པོ་འདོན་བཞིན་དུ། གླང་དར་མ་འུ་དུམ་བཙན་རྒྱལ་སྲིད་དུ་དབང་བསྐུར། སྦས་སྟག་སྣས་ནང་བློན་བྱས་ཏེ། ཆོས་བསྣུབ་པར་བསམས་ཀྱང་བསྙད་མ་རྙེད་པའི་སྐབས་སུ། སང་སར་མུ་གེ་ནད་ཡམས་འགའ་ཞིག་བྱུང་བ་ལ་བསྙད་གདགས་པར་འདོད་དེ་འབངས་རྣམས་ལ་རྒྱུ་མཚན་དྲིས་པས་མ་ཤེས་ཟེར་བར། བཙད་པོས་རྒྱ་མོ་ཀོང་ཇོ་ཞེས་བྱ་བའི་གནོད་སྦྱིན་མོ་ཞིག་གིས་གནོད་སྦྱིན་གྱི་ལྷ་ཤཱཀྱ་མུ་ནི་བྱ་བ་བོད་དུ་ཁྱེར་འོངས་པས་ལན་ཏེ། དེ་ཡང་དང་པོར་ལྷ་འདི་རི་རབ་ཀྱི་རྩེར་འོངས་པས་ལྷ་རྣམས་ཀྱི་གཡུལ་ཕམ་ཞིང་འོངས། དེ་ནས་ཨོ་རྒྱན་མ་ག་དྷ་རྒྱ་ནག་སོགས་སུ་རིམ་གྱིས་འོངས་པས་མི་ཤིས་པ་བྱུང་བ་སོགས་ཡིད་ནག་པོའི་གདོན་གྱིས་བསྐྱོང་བའི་གཏམ་དུ་མ་སྨྲས། ལོ་པཎ་ཕལ་ཆེར་གཞན་དུ་བྲོས་ཤིང་། མ་བྱོན་པ་འགའ་ཞིག་བཀུམ། རབ་བྱུང་ཕལ་ཆེར་འདུལ་བའི་སྡེ་སྣོད་ལས་གསང་བའི་རྟགས་དང་བྲལ་ཞིང་། མི་ཉན་པ་རྣམས་རྔོན་པ་བྱེད་དུ་བཅུག །གསུང་རབ་ཕལ་ཆེར་ལྷ་སའི་བྲག་ལ་སྦས་ཤིང་། འགའ་ཞིག་མེ་དང་ཆུར་སྦྱངས། གཙུག་ལག་ཁང་རྣམས་འཇིག་པའི་ཐོག་མ་འཕྲུལ་སྣང་ནས་བྱ་བར་བརྩམས་ཏེ། ཇོ་བོ་རྣམ་གཉིས་ཆུ་ལ་བསྐྱུར་བའི་གཏམ་སྨྲས་པ་དང་། བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས། སྐུ་གཟུགས་ཧ་ཅང་ལྕི་བས་སྐུ་ལས་ནུས་པར་བསྙད་བཏགས་ཏེ་བྱེ་ལྟོངས་སུ་སྦས། བྱམས་པ་ཆོས་འཁོར་ཡིན་པ་ལྟར་བྱས་ནས་རྡོ་མཚོ་ལ་བསྐྱུར་ཏེ་ཀུ་སྒྲ་ཆེན་པོ་བཏོན་(༤༥བ)


GLG019_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

པས། བསམ་ཡས། ར་མོ་ཆེ་རྣམས་ཀྱི་གཙུག་ལག་ཁང་གི་སྒོ་ལ་ཞལ་བ་བྱས། རྒྱལ་པོ་དགྱེས་སུ་རེ་ནས་བཙུན་པ་ཆང་འཐུང་བ་སོགས་ཀྱི་གཟུགས་བརྙན་གྱིས། འོན་ཀྱང་ཁྱིམ་པ་གོས་དཀར་གྱི་རྟེན་ལ་གསང་སྔགས་སྒྲུབ་པ་དག་ནི་ནང་གི་དེ་ཉིད་རྒྱལ་བློན་གྱིས་མ་རྟོགས་ཤིང་། རབ་བྱུང་གི་རྟགས་མེད་པས་གནོད་པ་མ་བྱུང་བ་དཔག་མེད་ཡོད་པས། ཀུན་མཁྱེན་ཡེ་བཟང་རྩེ་པའི་ཞལ་ནས། དེ་ལྟར་འདུལ་བའི་བསྟན་པ་ལ་འཕེལ་འགྲིབ་བྱུང་མོད་ཀྱི། ཐེག་པ་ཆེན་པོ་གསང་སྔགས་ནི་དེང་སང་གི་བར་དུ་ནུབ་མ་མྱོང་ལ་ཞེས་གསུང་བ་ཡང་འདི་ལ་དགོངས་སོ། །དུས་དེར་ཡེལ་པར་ལྷ་ལུང་དཔལ་གྱི་རྡོ་རྗེ་ཏིང་ངེ་འཛིན་ལ་ཁོར་མོ་ཡུག་ཏུ་གནས་པའི་སྐབས། དཔལ་ལྷ་མོས། དེང་སང་བོད་ན་གྲུབ་ཐོབ་ཁྱོད་ལས་མེད་པས། རྒྱལ་པོ་སྡིག་ཅན་བསྒྲལ་རན་ཟེར་བའི་བརྡ་ཞིག་བྱུང་བས། ནང་པར་བྲན་ལ་རྒྱུ་མཚན་དྲིས་པར་ལོ་རྒྱུས་རྣམས་ཞིབ་ཏུ་བཤད་པས་བསྒྲལ་བྱའི་ཞིང་དུ་དགོངས་ཏེ། རྟ་དཀར་པོ་ལ་སོལ་བ་བྱུགས། གོས་ཕྱི་ནག་ནང་དཀར་གྱོན། ལྷ་སར་འོངས་པ་དང་། བཙད་པོ་རྡོ་རིང་གི་ཡི་གེ་ཀློག་པའི་སྐབས་སུ་འགྲིག་པས། ཕྱག་བྱེད་པ་ལྟར་བྱས་ཏེ་མཐེབ་ལྟོང་སྦྱར། བདེན་པ་བདར་ཏེ་བརྒྱབ་པས་བྲང་ལ་ཕོག །དེ་མ་ཐག་བྲོས་ཏེ་གྲིབ་ཀྱི་མ་གདོང་གི་ཆུ་ལ་བཤན་པས་སོལ་བ་དག་སྟེ་རྟ་དཀར་པོར་སོང་། གོས་ཕྱི་ནང་བསྐྱུར་བར་གྲགས་ཤིང་། དོན་དུ་མཆོག་གསུམ་དམ་པའི་ཐུགས་རྗེ་དང་རང་གི་གྲུབ་པའི་མཚན་མ་སོགས་ཀྱིས་སྣ་ཚོགས་པའི་མཐོང་སྣང་གྲུབ་བོ། །བཙད་པོ་ལག་པ་གཉིས་ཀྱིས་མདའ་ལ་འཇུ་ཞིང་། ཡང་ན་ལོ་གསུམ་གྱིས་གསོད་པ་སྔས། ཡང་ན་ལོ་གསུམ་གྱིས་འཕྱིས་ཞེས་སྨྲ་བའི་མུས་ལ་(༤༦ན)
ལྔ་པའི་ལམ་དུ་གྱུར་ཏོ། །བང་སོ་འཕྲུལ་དང་རྒྱལ་ཆེན་བར་དུ་བརྩིགས་པ་འཕྲོར་ལུས་སྐད། དུས་དེར་བཙད་པོའི་བཙུན་མོ་ཆུང་བ་ལ་སྲས་ཤིག་བཙའ་བར་ཉེེ་སྐབས་སུ་ཡོད་པར་བཙུན་མོ་ཆེ་བས་ཤེས་ཏེ། ལུས་ལ་གོས་མང་པོར་བཀྲིས་ནས་མངལ་དུ་སྲས་ཆགས་པ་སྐད་སྨྲས་མི་རིང་བར་ཆུང་མ་ལ་ཟླ་དུས་ཐིམས་པ་དང་སྲས་འཁྲུངས་པ་ཤིན་ཏུ་གཅེས་པས་མཚན་མོ་མར་མེའི་འོད་ཀྱིས་བསྲུངས་པས་གནམ་ལྡེ་འོད་བསྲུངས་སུ་གྲགས་ཤིང་། ཆེན་མས་ཀྱང་སྤང་ཕྲུག་ཅིག་རིན་གྱིས་ཉོས་ཏེ། མདང་འདི་སྐྱེས་པ་ཡིན་ནོ་ཞེས་བསྟན་པས། སོ་འདུག་པ་མཐོང་སྟེ། མདང་སྐྱེས་ཀྱི་བུ་ཆུང་ལ་སོ་ནི་གདའ། འོན་ཀྱང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས། ཁྲི་ལྡེ་ཡུམ་བརྟན་དུ་མིང་ཆགས། དེ་ནས་མངའ་བདག་གཉིས་ལང་ཚོ་ཡར་ལྡན་དུ་གྱུར་པ་དང་། ཆོས་བློན་རྣམས་ཀྱིས་རྒྱུ་མཚན་བརྗོད་པ་ལྟར། ཇོ་བོ་རྣམ་གཉིས་དང་བྱམས་མགོན་རྣམས་སོ་སོའི་ཁྲི་ལ་བཞུགས་སུ་བཅུག་ཅིང་། གཙུག་ལག་ཁང་རྣམས་སུ་མཆོད་པའི་རྒྱུན་འཛུགས་པ་སོགས་མཛད། འོན་ཀྱང་མངའ་རིས་ལ་མ་འཆམ་པར་འོད་བསྲུངས་ཀྱིས་གཡོན་རུ་དང་། ཡུམ་བརྟན་གྱིས་སྦུས་རུ་བཟུང་སྟེ་འཁྲུག་ལོང་ཆེན་པོ་བྱུང་བས། དེ་དག་ནས་བཟུང་སྟེ་རྗེ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་ཀྱིས་བོད་ཀྱི་སྤྱི་ལ་དབང་མ་སྒྱུར་སྐད་དོ། །


previousཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ནས་གླང་དར་བར་གྱི་རྒྱལ་རབས་བརྗོད་པ།next