བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་དོན་ཚང་ཞིང་འཁྱེར་བདེ་བ་ཕན་བདེའི་འབྱུང་གནས།
བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་དོན་ཚང་ཞིང་འཁྱེར་བདེ་བ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །
སངས་རྒྱས་རྣམས་ཀྱི་ཐུགས་རྗེ་མ་ལུས་པ། །གཅིག་བསྡུས་ཕྱག་ན་པད་དཀར་ལ་བཏུད་ནས། །འགྲོ་བ་སྡུག་བསྔལ་ཀུན་ལས་རང་སྒྲོལ་བའི། །ཉམས་ལེན་ཉུང་ངུ་དོན་ཚང་འདྲི་བར་བྱ། །དེ་ལ་འདིར་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་དང་འབྲེལ་བའི་ཉམས་ལེན་རྒྱུན་འཁྱེར་དུ་བྱེད་པ་ལ། ཐུགས་རྗེ་ཆེན་པོའི་མཆོད་གཏོར། རྒྱལ་ཆེན་དང་། བཀའ་སྲུང་དབང་གི་མ་བདུན་གྱི་གཏོར་མ་བཤམས། སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་བྱང་ཆུབ་མ་ཐོབ་བར། །མཆོག་གསུམ་ཀུན་ལ་སྐྱབས་འགྲོ་དུས་གསུམ་དགེས། །རང་བྱུང་རིག་པ་རང་ཤར་ཆོས་ཀྱི་སྐུ། །ཡང་དག་སྙིང་པོ་མྱུར་དུ་རྟོགས་པར་ཤོག །ལན་གསུམ་བརྗོད། རྒྱལ་ཆེན་མཐོ་འཛུགས་ནི། ཧྲཱིཿ ལས་བདག་ཉིད་དབང་ཆེན་ཁྲོ་བོའི་རྒྱལ། །དམར་ནག་ཞལ་གཅིག་ཕྱག་གཉིས་བགྲད། །གཡས་པར་དབྱུག་ཏོ་གཡོན་པ་སྡིགས་མཛུབ་མཛད། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བརྗིད། །ཧྲཱི༔ པདྨ་ཏ་ཀྲྀ་ཏ་ཧ་ཡ་གྷྲཱིི་ཝ་ཧཱུཾ་ཕཊ། མཆོད་གཏོར་རྣམས། རཾ་ཡཾ་ཁཾ་ཨོཾ་ཨཱཿཧཱུཾ་གིས་བྱིིན་གྱིས་བརླབ། ཧཱུཾ། ཐུགས་ཀ་ལས་བྱུང་དཀར་སེར་དམར་ལྗང་ཧཱུཾ། །ཡོངས་གྱུར་རྒྱལ་ཆེན་སྡེ་བཞི་འཁོར་བཅས་རྣམས། །གཏོར་མ་འདི་བཞེས་ཕྱོགས་ཀྱི་གདོན་སྲུངས་ལ། །མཐུན་པའི་རྐྱེན་རྣམས་(༢ན)
ཡིད་བཞིན་སྒྲུབ་པར་མཛོད། །ཨཱོཾ་ཌྷྲི་ཏ་རཥྚ། བི་རུ་ཌྷ་ཀ །བི་རུ་པཀྵ། བཻ་ཤྲ་ཝ་ཎ་མ་ཧཱ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཚར་བཞི་བརྗོད། གོང་གི་སྔགས་ལ། ཨརྒྷཾ་ནས། ཤཔྟའི་བར་བཏགས་པས་མཆོད། བགེགས་སྐྲོད་ནི། ཧཱུཾ། ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས། །ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་འདིར། །འདུས་པའི་ལྷ་རྣམས་མ་གཏོགས་པ། །བར་གཅོད་དགྲ་བགེགས་འབྱུང་པོའི་ཚོགས། །གནས་འདིར་མ་འདུག་གཞན་དུ་དེངས། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཐུགས་རྗེ་ཆེན་པོ་ཐུགས་ཁྲོས་ནས། ཁྲོ་ཆེན་རྟ་མགྲིན་ཁྲོས་ནས་ཀྱང་། །སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་གང་། །གདུག་པའི་མཚོན་ཆ་སྣ་ཚོགས་བསྣམས། །བར་ཆད་ཐམས་ཅད་རྡུལ་དུ་རློག །ཨཱོཾ་བཛྲ་མ་ཧཱ་ཀྲོ་དྷ་ཧ་ཡ་གྷྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཪྣྲིཏྭི་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ། བྱིན་འབེབས་ནི། ཧྲཱི༔ ཨ་ལ་ལ་ཧོ། །བྷ་ག་ཝ་ན་ས་མ་ཡ་ཧོ། ས་མ་ཡ་སྟྭཾ། ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས། །ཐུགས་རྗེ་སྤྲུལ་སྐུ་པདྨ་འབྱུང་། །ཡང་སྤྲུལ་ཐུབ་དྲུག་སྒོ་མ་བཞི། །འགྲོ་དྲུག་སེམས་ཅན་ཐུགས་རྗེས་གཟིགས། །དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག །བདག་གི་སྡིག་སྒྲིབ་སྦྱང་དུ་གསོལ། །དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ། །(༢བ)
ཀཱ་ཡ་ཝཱ་ཀ་ཙིཏྟ་ཧཱུཾ། མཆོད་གཏོར་བརླབ་པ་ནི། །ཨཱོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཐམས་ཅད་སྟོང་པར་དག་པར་སྦྱངས། ཨཱོཾ་ཨ་ཧ་ར་སརྦ་བིདྷ་ར་པཱུ་ཛ་ཏེ་ཨཱཿཧཱུཾ། ཨཱོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨཱོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨཱོཾ་བཛྲ་ཨཱ་ལོ་ཀེ་ཨཱཿཧཱུཾ། ཨཱོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨཱོཾ་བཛྲ་ནཻ་ཝི་དྱེ་ཨཱཿཧཱུཾ། ཨཱོཾ་བཛྲ་ཤཔྟ་ཨཱཿཧཱུཾ། ཨཱོཾ་ཨཱཿཧཱུཾ། དངོས་གཞི་ནི། རྡོ་རྗེའི་ར་བ་མེ་དཔུང་གུར་ནང་དུ། །བྷྲཱུཾ་ལས་རིན་ཅེན་སྣ་ལྔའི་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་མཚན་ཉིད་ཀུན་ལྡན་དབུས། །རང་ཉིད་སྐད་ཅིག་དྲན་པའི་ཏིང་འཛིན་གྱི། །སྟོང་པའི་ངང་ལས་པདྨ་ཟླ་བའི་གདན། །པད་དཀར་ཧྲཱིིཿས་མཚན་ཡོངས་སུ་གྱུར་པ་ལས། །ཐུགས་རྗེའི་མངའ་བདག་འཕགས་པ་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་བཞི་སྐུ་མདོག་དཀར་ལ་འཚེར། །དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར། །ཕྱག་གཡས་འོག་མ་རིན་ཅེན་ཤེལ་འཕྲེང་བསྣམས། །ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུབ་འཛིན། །ཞལ་འཛུམ་སྤྱན་དངས་ཤངས་ཀྱི་དབྱིངས་མཐོ་ཞིང་། །དབུ་སྐྲ་ལྕང་ལོ་མཐོན་མཐིང་གྱེན་དུ་འཁྱིལ། །སྤྱི་གཙུག་སངས་རྒྱས་སྣང་བ་མཐའ་ཡས་བཞུགས། །འདབ་མ་དྲུག་ལ་ཐུབ་པ་རིགས་དྲུག་དང་། །སྒོ་མ་བཞི་སོགས་མ་ལུས་གསལ་བར་གྱུར། །སྤྱན་འདྲེན་ནི། ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །སྲས་མཆོག་རིགས་འཛིན་པདྨ་འབྱུང་། །སྤྲུལ་སྐུ་བཅོམ་ལྡན་ཐུབ་པ་དྲུག །ཡེ་ཤེས་ལྷ་མོ་སྒོ་མ་བཞི། །འགྲོ་དྲུག་སེམས་ཅན་དོན་མཛད་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ལོ་ཀེ་ཤྭ་ར་ས་མ་ཡ་ཛཿཛཿཛཿཧཱུཾ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན་གྱིས་གདན་དབུལ། ཨ་ཏི་པུ་ཧོ༔ པྲ་ཏཱི་ཙྪ་ཧོཿས་ཕྱག་བྱ། །ཧྲཱི༔ དྲི་མེད་ཡིད་འོང་གཙང་མར་སྦྱར་བ་ཡི། །ཨརྒྷཾ་བདུག་སྤོས་མེ་ཏོག་མར་མེ་དང་། །དྲི་ཆབ་ཞལ་ཟས་སྙན་པའི་རོལ་མོ་དབུལ། །(༣ན)
གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ཡི་མཆོད་པ་རྒྱ་ཆེན་འབུལ། །བཞེས་ནས་འགྲོ་དྲུག་སྡུག་བསྔལ་སྦྱང་དུ་གསོལ། །ཨཱོཾ་བཛྲ་ཨརྒྷཾ། དྷཱུ་པེ། པུཥྤེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱེེ། ཤཔྟ་ཨཱཿཧཱུཾ། མ་ཧཱ་སརྦ་པཱུ་ཛ་ཧོ༔ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་མ་ཧཱ་བ་ལིནྟ་ཁཱ་ཧི། བསྟོད་པ་ནི། ཧྲཱི༔ ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །འགྲོ་བ་སྒྲོལ་མཛད་སྟོབས་ཆེན་ལྷ། །སྤྲུལ་པའི་སྐུ་རུ་རང་བྱུང་བ། །པདྨ་འབྱུང་གནས་ཐུགས་ཀྱི་སྲས། །གང་ལ་གང་འདུལ་ཐུབ་པ་དྲུག །ཚད་མེད་ལྷ་མོ་སྒོ་མ་བཞི། །རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ལ། །ལུས་ངག་ཡིད་གསུམ་ཕྱག་འཚལ་བསྟོད། །བཟླས་པ་ནི། རང་ཉིད་འཕགས་པར་གསལ་བའི་ཐུགས་ཀ་རུ། །པདྨ་དཀར་པོ་འདབ་དྲུག་དགྱེས་པའི་དབུས། །ཡི་གེ་ཧྲཱིཿས་མཚན་འབྲུ་དྲུག་འདབ་སྟེང་གནས། །ཨཱོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ དེ་ལྟར་གསལ་བའི་སྐུ་ལས་འོད་འཕྲོས་པས། །སྣང་བ་ཐམས་ཅད་སྣང་སྟོང་ལྷ་ཡི་སྐུ། །འཕགས་པའི་རྒྱལ་པོ་ཐུགས་རྗེ་ཆེན་པོར་དམིགས། །སྔགས་ལས་འོད་འཕྲོས་འབྱུང་བའི་སྒྲ་ལ་སོགས། །གྲགས་པ་ཐམས་ཅད་གྲག་སྟོང་སྔགས་ཀྱི་སྒྲ། །དྲན་རྟོག་སྐྱེ་འགག་གནས་གསུམ་མཐའ་བྲལ་དང་། །སྨྲ་བསམ་བརྗོད་འདས་དགོངས་པའི་ངང་ལ་བཞག །དེ་ལྟར་གསལ་བའི་རིགས་སྔགས་འབྲུ་དྲུག་པོ། །སྒྲ་ཟུང་མ་ཉམས་བརྒྱ་སྟོང་ཁྲི་འབུམ་བཟླས། །ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པ་གཙོ་བོར་བཟླ་ཞིང་། ཨཱོཾ་ཨཱཿཧཱུཾ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་ཡི་གེ་བཅུ་པའང་ཅུང་ཟད་བཟླས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་ཐང་ལྷ་རྡོ་རྗེ་འབར་བ་རྩལ་དང་། བཀའ་སྲུང་དབང་གི་མ་བདུན་འཁོར་དང་བཅས་པ་བཛྲ་ས་མ་ཡ་ཛ༔ པདྨ་ཀ་མ་ལཱ་ཡེ་སྟྭཾ། ཨོཾ་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། ཨཱོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣཱ་(༣བ)
ཏྭཱ་ཏ་ཨཱོཾ་ཨཱཿཧཱུཾ་ལན་གསུམ་གྱིས་དབུལ། གཏེར་སྲུང་ཁྱེད་རྣམས་ཀྱིས་བདག་ཅག་ཆོས་སྒྲུབ་པའི་བར་ཆད་ཞི་ཞིང་མཐུན་རྐྱེན་སྒྲུབ་པར་མཛད་དུ་གསོལ། བཛྲ་མུཿས་གཤེགས་པར་བསམས། ཉེར་བསྡུ་ནི། ཧྲཱི༔ སྣོད་བཅུད་མ་ལུས་གཞལ་ཡས་ཁང་ལ་ཐིམ། །དེ་ཉིད་ཐུབ་དྲུག་སྒོ་མ་བཞི་ལ་ཐིམ། །འཁོར་རྣམས་གཙོ་བོ་ཐུགས་རྗེ་ཆེན་པོ་ཡང་། །ཀ་དག་གདོད་མའི་ངང་དུ་འཇའ་ལྟར་ཡལ། །སྐད་ཅིག་ངང་ལ་ཆུ་ལ་ཆུ་ལྦུར་ལྟར། །རང་ཉིད་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །མཐོང་ཐོས་དྲན་པས་འགྲོ་ཀུན་འཁོར་བ་ལས། །རྣམ་པར་གྲོལ་བའི་སྐུ་རུ་ལྷུན་གྱིས་གྲུབ། །སྨོན་ལམ་ནི། འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་མཐུས། །དམྱལ་བ་ཡི་དྭགས་ལ་སོགས་མི་ཁོམ་ཀུན། །སྤངས་ནས་སྐྱེ་དང་སྐྱེ་བ་ཐམས་ཅད་དུ། །དལ་འབྱོར་ཚང་བའི་རྟེན་བཟང་རྙེད་པར་ཤོག །དེར་ཡང་བཤེས་གཉེན་དམ་པའི་མགོན་གྱིས་གཟུང་། །ཟབ་མོའི་ཆོས་ལ་ཐོས་བསམ་སྒོམ་པ་ཡི། །རིང་པོར་མི་ཐོགས་སྤྱན་རས་གཟིགས་དབང་གི །གོ་འཕང་ཐོབ་ནས་འགྲོ་ཀུན་འདྲེན་པར་ཤོག །གནས་སྐབས་སུ་ཡང་ཚེ་དང་བསོད་ནམས་དང་། །དཔལ་འབྱོར་ལོངས་སྤྱོད་མངའ་ཐང་ལ་སོགས་པ། །བླ་ནས་བླར་འཕེལ་བདེ་སྐྱིད་ཕུན་ཚོགས་པར། །སྤྱོད་པའི་སྐལ་པ་བཟང་པོར་འགྱུར་བར་ཤོག །ཤིས་བརྗོད་ནི། ཧྲཱི༔ འཁོར་འདས་ཐམས་ཅད་རིག་པའི་རང་རྩལ་དུ། །རྣམ་པར་གྲོལ་བའི་ཆོས་སྐུའི་བཀྲ་ཤིས་ཤོག །མཁའ་ལ་འཇའ་ལྟར་མ་འདྲེས་རབ་བཀྲ་བའི། །ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་བཀྲ་ཤིས་ཤོག །གདུལ་བྱའི་ཁམས་དང་བསམ་པ་ལེགས་སྟོན་པའི། །ཐུགས་རྗེ་ཆེ་ལྡན་སྤྲུལ་སྐུའི་བཀྲ་ཤིས་ཤོག །ཅེས་བྱང་གཏེར་ཐུགས་རྗེ་ཆེན་པོ་འགྲོ་བ་ཀུན་སྒྲོལ་གྱི་ལས་བྱང་གི་དོན་ཚང་ཞིང་འཁྱེར་བདེ་བ་ཕན་བདེའི་འབྱུང་གནས་འདི་ནི་ས་སྐྱོང་བློ་བཟང་མཐུ་སྟོབས་ཀྱི་རྒྱུན་གྱི་ཉམས་ལེན་དུ་དངོས་ཚུལ་ལྟར་ཟ་ཧོར་གྱི་བནྡེས་སྦྱར་བའི་ཡི་གེ་པ་ནི་དཔལ་གྲོང་སྔགས་རམས་པ་ངག་དབང་དགེ་ལེགས་སོ།། །།སརྦ་མངྒ་ལཾ།། །།