ལྟ་སྒོམ་སྤྱོད་ལས་འཕྲོས་པའི་གཏམ་ཉུང་ངུ་།
༄༅། །ལྟ་སྒོམ་སྤྱོད་ལས་འཕྲོས་པའི་གཏམ་ཉུང་ངུ་། ན་མོ་མཉྫུ་ཤྲཱི་ཡེ། རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ་ནི། །ངོ་བོ་སྟོང་པས་རྟག་པའི་མཐར་མི་གནས། །རང་བཞིན་གསལ་བས་ཆད་པའི་མུ་དང་བྲལ། །གཉིས་སུ་བརྟགས་ཀྱང་གཉིས་མེད་མཉམ་པ་ཉིད། །འགྲོ་བ་ཀུན་གྱི་སེམས་ཀྱི་ཆོས་ཉིད་དེ། །འདི་ཡོད་པས་ན་འགྲོ་ཀུན་མྱང་འདས་འགྲོ། །དེ་ཉིད་མ་མཐོང་གཉིས་འཛིན་སྒྲིབ་པའི་རྒྱུས། །སྙིང་པོའི་རང་བཞིན་གདོད་ནས་རྣམ་དག་ཀྱང་། །གློ་བུར་བག་ཆགས་འཁྲུལ་བའི་སྦུབས་སུ་ཆུད། །ཡོན་ཏན་མི་མངོན་ས་འོག་གཏེར་བཞིན་གནས། །དེ་ཚུལ་ལྷ་ཡི་མིག་ལྡན་གྱིས་མཐོང་ནས། །ཕྱུང་སྟེ་རང་གཞན་དབུལ་བ་སེལ་བ་བཞིན། །བློ་ཆེན་རྣམས་ཀྱིས་དེ་ཉིད་གཟིགས་ནས་ནི། །རྣམ་མང་འགྲོ་བའི་ཁམས་ཀྱི་སྒྲིབ་བསལ་བས། །དོན་གཉིས་ལྷུན་གྲུབ་དཔག་མེད་འབྱོར་པ་འཛིན། །དེ་སླད་སྐལ་བཟང་བློ་ཆེན་སྦྱོང་བ་ཅན། །ཟབ་མོའི་གནས་ལ་འཇུག་པར་སྤྲོ་རྣམས་ཀྱིས། །བྱས་ཆོས་རྩོལ་སྒྲུབ་མང་པོས་མི་འཆིང་བར། །རང་ལ་གནས་པའི་ཆོས་སྐུ་རིན་ཆེན་གཏེར། །བླ་མའི་མན་ངག་སྟོབས་ཀྱིས་འབྱོན་པར་མཛོད། །དངོས་དང་དངོས་མེད་བློ་ཡི་སྤྱོད་ཡུལ་ཏེ། །དོན་དམ་བདེན་པ་བློ་ཡི་ཡུལ་མི་གནས། །བློ་བྲལ་གཤིས་ལ་ཕེབས་ན་ལྟ་བ་ཡིན། །བརྟག་དཔྱད་ཚོལ་འཕྲོ་མང་པོའི་དགོས་པ་སྐྱུང་། །སྒོམ་དང་མི་སྒོམ་གཉིས་ཀ་མཐའ་ཡིན་ཏེ། །མཐར་འཛིན་བསྒོམས་པས་ཡང་དག་དོན་མི་མཐོང་། །གཉུག་མའི་ངང་ལ་གནས་ན་སྒོམ་པ་ལགས། །སེམས་འཛིན་སྡུག་བཙིར་མང་པོ་བསྐྱུར་ལ་ཐོང་། །སྤྱོད་དང་མི་སྤྱོད་གཉིས་ཀ་བཅོས་མ་སྟེ། །བཅོས་མའི་སྤྱོད་པས་བྱང་ཆུབ་བགྲོད་དུས་མེད། །བྱར་མེད་དོན་ལ་སྤྱོད་ན་སྤྱོད་པའི་མཆོག །ཚུལ་འཆོས་འཆིང་བའི་ལྕགས་སྒྲོག་ཁྲོལ་དང་བདེ། །ཐོབ་དང་མ་ཐོབ་གཉིས་ཀ་ཞེ་འདོད་དེ། །ཞེ་འདོད་འབྲས་བུས་བྱང་ཆུབ་མཐོང་དུས་མེད། །མཉམ་ཉིད་ཀློང་དུ་གྱུར་ན་འབྲས་བུའི་རྩེ། །རེ་དོགས་ཞེ་འདོད་ཁུར་པོ་བོར་ན་ལེགས། །མདོར་ན་རང་ངོ་ཤེས་པ་ལྟ་བ་སྟེ། །དེ་ཡི་ངང་ལ་གནས་ན་སྒོམ་པ་ཡིན། །དེ་ལ་ཞེན་པ་མེད་ན་སྤྱོད་པའི་རབ། །ཡེ་གྲོལ་གཤིས་ལ་ཕེབས་ཚེ་འབྲས་བུར་བརྗོད། །ཀུན་ཀྱང་བློ་བྲལ་གཉུག་མའི་ངང་དུ་འདུ། །ཆོས་ཀྱི་དབྱིངས་ལ་ཐ་དད་གྲུབ་པ་མེད། །དེ་ལྟར་ཤེས་ན་སྲིད་ཞིའི་འཆིང་ལས་གྲོལ། །དེ་སྐད་ལྟ་སྒོམ་སྤྱོད་ལས་འཕྲོས་པའི་གཏམ། །ཉུང་ངུ་འདི་ཡང་པདྨ་བི་ཛས་བྲིས། །དགེ་བས་སེམས་ཀྱི་རྡོ་རྗེ་འགྲུབ་གྱུར་ཅིག །