Nitartha Digital Library
Tibetan
སངས་རྒྱས་རྡོ་རྗེའི་བཀའ་འབུམ།།

1 occurrence of གཡར་ཁང་
[Clear Hits]


  
collapse section
  
 collapse section
  
  
  
ཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་ཚུལ་བཤད་པ།
 
  


1 occurrence of གཡར་ཁང་
[Clear Hits]

 
previousཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་ཚུལ་བཤད་པ།next

ཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་ཚུལ་བཤད་པ།


JSD005_Page_0056
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་པའི་ཚུལ་བཤད་པ་ནི། སྤྱིར་ན་བོད་གངས་ཅན་གྱི་ལྗོངས་སུ་ད་ལྟ་ཡོངས་གྲགས་ཆོས་ལུགས་ཁག་རྣམ་པ་བཞི་ཡོད་པའི་ནང་གསེས། རི་བོ་


JSD005_Page_0057
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་ལུགས་པ་ནི་ཇོ་བོ་བཀའ་གདམས་པ་ལ་གསར་རྙིང་གཉིས་དབྱེ་བའི་གསར་མ་དེ་ལ་ངོས་འཛིན་པ་ལས་མེད་ཅིང་། དེ་དག་གི་དགོངས་པའི་ཞེ་ཕུག་ནི་མདོ་སྔགས་ཀྱི་ལམ་ཐམས་ཅད་སྐྱེས་བུ་གསུམ་གྱི་ལམ་དུ་བསྡུ་བར་མཛད་པའི་གཞུང་ཇོ་བོ་རྗེའི་ལམ་སྒྲོན་ལ་ཁུངས་སུ་བྱས་པའི་བྱང་ཆུབ་ལམ་གྱི་རིམ་པ་ཆེ་ཆུང་རྣམས་ཡིན། དེ་ལ་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་ཆེ་བ་བཞི་ལྡན་གྱི་ཁོག་ཏུ་བཀྲལ་ནའང་། དེའི་རྗེས་འཇུག་རྟོག་གེར་བརྟེན་པ་ཁ་ཅིག་ནི་དེང་སང་གོ་བ་ལྡོག་ཕྱོགས་སུ་ལེན་པར་སྣང་བ་ནི་རྗེ་བདག་ཉིད་ཆེན་པོའི་བསྟན་པ་ཤིན་ཏུ་སྙིགས་མར་གྱུར་པའི་དབང་གིས་བྱུང་བར་གོར་མ་ཆག །དེ་ཡང་ཇོ་འབྲོམ་ཡབ་སྲས་དང་བཀའ་གདམས་སྐུ་མཆེད་རྣམས་ནི་བཀའ་གདམས་ལྷ་བཞི་ཙམ་ལ་བསྟེན་པ་མ་གཏོགས་ཆོས་སྐྱོང་གྲགས་ཆེ་བ་སྐུ་ལྔ་དང་།


JSD005_Page_0058
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཅན་རྡོ་རྗེ་ལེགས་པ་སོགས་བོད་ཀྱི་འཇིག་རྟེན་པའི་ལྷ་སྲུང་གང་ལའང་བསྟེན་རིགས་སུ་མི་འདུག་སྟེ། བཀའ་གདམས་གླེགས་བམ་ཞལ་གཟིགས་ཀྱི་ཚོམ་ལས། རྒྱལ་བུ་འབྲོམ་གྱིས། དབང་གི་རྒྱལ་པེ་ང་ལ་གསོན། །གང་དག་རྒྱུན་དུ་མཆོད་བྱས་ནས། །འཆི་ཁར་དབུགས་ནི་ལེན་པ་མཐོང་། །དེ་འདྲའི་ལྷ་ངན་འདྲེ་བས་རྩོག །མཆོད་འཕྲོ་ཉིད་ནས་བརྡུང་བར་རིགས། །དེ་བས་ཕྱི་མ་ངན་འགྲོར་འདྲེན། །མཆོད་བསྟོད་ནོངས་པ་གཅིག་གིས་འཇོམས། །རྡོར་ལེགས་པེ་དཀར་ལ་སོགས་པ། །དོན་མེད་འགོང་པོས་དགོས་པ་མེད། །ཅེས་སྐྱོན་ཡོན་རྒྱུ་མཚན་དང་བཅས་པ་གསལ་བར་གསུངས་པ་བཞིན་དུ། ཕྱིས་བྱུང་དགེ་ལྡན་པའི་སྐྱེས་ཆེན་གྲགས་ཆེ་བ་པཎ་ཆེན་བློ་བཟང་ཆོས་རྒྱན་སྐུ་ཕྲེང་རིམ་བྱོན་རྣམས་དང་། ཕུར་ལྕོགས་ངག་དབང་བྱམས་པ། ཞོགས་དོན་ཡོད་མཁས་


JSD005_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྐུ་ཕྲེང་ན་རིམ་རྣམས་དང་། རྭ་སྒྲེང་ཁྲི་ཆེན་ངག དབང་མཆོག་ལྡན། འབྲས་སྤུངས་འཇམ་དབྱངས་བཞད་པ། ལྕང་སྐྱ་རོལ་པའི་རྡོ་རྗེ། སྒོ་མང་བླ་མ་བློ་བཟང་དམ་ཆོས། སེ་ར་བ་སྒོམ་སྡེ་ནམ་མཁའ་རྒྱལ་མཚན། ཁྲི་ཆེན་བསྟན་པ་རབ་རྒྱས་སོགས། དགེ་ལྡན་པའི་བསྟན་འཛིན་བཟང་ལ་མང་བ་དེ་རྣམས་ནི་སྐྱེས་བུ་གསུམ་གྱི་ཆོས་སྐྱོང་བའི་སྲུང་མ། དམ་ཅན་ ི ཆོས་རྒྱལ། རྒྱལ་ཆེན་རྣམ་ཐོས་སྲས། མགོན་པོ་ཕྱག་དྲུག་པ་གསུམ་གྱི་གཙོས་རྒྱལ་བའི་བསྟན་པ་རིས་སུ་མ་ཆད་པ་སྲུང་ཞིང་ཡེ་ཤེས་ཀྱི་སྤྱན་མངའ་བ་རྣམས་བསྟེན་པར་མཛད་པ་ལས། འཁུ་ལྡོག་གདུག་རྩུབ་ཕྲག་དོག་ཅན་གྱི་འབྱུང་པོ་གསར་སྐྱེས་ཉི་ཚེ་བ་ཕན་ལས་གནོད་པ་མང་བ་སྟེར་མཁན་རིགས་མཆོད་


JSD005_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་སྒྲུབ་པའི་ལོ་རྒྱུས་མི་འདུག་ཅིང་དེ་རྣམས་ཀྱི་གསུང་འབུམ་ན་བསྟན་སྲུང་དབང་པོ་རྣམས་ཀྱི་མཚན་སྨྲོས་གྲས་སུའང་ཤུགས་ལྡན་མ་འཁོད་པ་དང་། ལྷག་པར་དགེ་ལྡན་པའི་གདན་ས་ཆེ་ཤོས་སེར་འབྲས་དགའ་གསུམ། བཀྲ་ཤིས་ལྷུན་པོ། མངའ་རིས་གྲྭ་ཚང་། དྭགས་པོ་བཤད་སྒྲུབ་གླིང་། རྒྱལ་མེ་ཏོག་ཐང་། རྒྱུད་གྲྭ་སྟོད་སྨད། བྱང་རྭ་སྒྲེང་གི་གདན་ས་རྣམས་སུ་རྒྱལ་པོ་ཤུགས་ལྡན་གྱི་མགོན་ཁང་གཏན་འཇགས་བཞེངས་པ་མེད་ཅིང་གྲྭ་ཚང་དེ་དག་གིས་སྤྱི་ཁྱབ་ཏུ་བསྟེན་པར་མི་མཛད་པ་ལ་དཔགས་ན། དེང་སང་དགེ་ལྡན་པ་ཕལ་མོ་ཆེས་ཤུགས་ལྡན་སྲུང་མའི་གཙོ་བོར་འཛིན་པ་འདི་ནི་བཀའ་གདམས་གསར་རྙིང་གཉིས་ཀའི་རིང་ལུགས་གཙང་མ་དང་ཡོངས་སུ་འགལ་བར་མཐོང་། དེ་འདྲ་ལ་དགོངས་ནས་སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པའི་མ་འོངས་ལུང་བསྟན་ལས།


JSD005_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

གསར་སྐྱེས་རྒྱལ་འགོང་དགྲ་ལྷའི་ཚུལ་དུ་མཆོདཿ༔ ཅེས་བོད་ཁམས་དུས་འགྱུར་ཁུག་པའི་རྟགས་སུ་གསུངས་པ་དང་ཡང་འགྲིགས་ཤིང་། དགའ་ལྡན་བསྟན་པའི་གསལ་བྱེད་ཆེན་པོ་ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་དགེ་ལྡན་བསྟན་པའི་མཛེས་རྒྱན་ལས། རྨ་ཆེན་གྱི་ལྷ་ཐོའི་ཐད་དུ་ཕེབས་ནས། རྗེ་བླ་མ་ཡབ་སྲས་ཀྱིས་འཇིག་རྟེན་པའི་ལྷ་སྲུང་བསྟེན་པར་མི་མཛད་པས། ཞེས་དང་། ཡང་། སྔ་མ་དགའ་ལྡན་ཁྲི་པ་འགའ་ཞིག་གིས་དོལ་རྒྱལ་བསྟེན་པས་བཀྲ་མི་ཤིས་པ་བྱུང་བར་ཁྲི་ཆེན་རྡོ་རྗེ་འཆང་གིས་ཁོ་ཡི་ལྷ་རྟེན་བཤིག་ཅིང་དགོད་པ་ནས་བསྐྲད་པའི་ལོ་རྒྱུས་སོགས་ཞིབ་ཏུ་གསུངས་ཞེས་དང་། པཎ་ཆེན་སྐུ་ཕྲེང་ལྔ་པ་བསྟན་པའི་དབང་ཕྱུག་གི་རྣམ་ཐར་ལས། ཆུ་བྱ་ཟླ་བ་དྲུག་པའི་ཚེས་དྲུག་ཉིན་གཅུང་སྐུ་ཞབས་དང་སྐུ་བཅར་གསོལ་དཔོན་


JSD005_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པར་བཀའ་ཕེབས་སུ། བདེ་ཆེན་ཕོ་བྲང་གི་རྩེའི་ཡང་ཐོག་གི་གཟིམས་ཆུང་དུ་དེང་སང་དོལ་རྒྱལ་གྱི་ཆོ་འཕྲུལ་སྣ་ཚོགས་ཤིག་སྟོན་ཀྱིན་འདུག་པས། ཚེས་དགུ་ཉིན་གཟིམས་ཆུང་བཤིག་རལ་དང་བཅས་བསྡུ་དགོས་ཕེབས་ཞེས་གསུངས་པ་དང་། རྒྱལ་ཆེན་ཤུགས་ལྡན་གྱི་སྐུ་ཐང་བཀྲས་ལྷུན་གཟིམས་ཆུང་གི་ཐེམ་པའི་འོག་ཏུ་མནན་པར་མཛད་པའི་ལོ་རྒྱུས་ཀྱང་མཆིས་པ་འདི་དག་ལ་དགོས་པ་ཆེན་པོ་དང་ལྡན་ཞིང་། དོན་དུ་རྒྱལ་སྲས་ཐོགས་མེད་བཟང་པོས། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། དེ་ཕྱིར་གང་ལ་བསྐྱབ་ན་མི་བསླུ་བའི། །དཀོན་མཆོག་སྐྱབས་འགྲོ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པས་མཆོད་ཡུལ་ལོག་པ་སྡུག་འདྲེ་ལ་མཆོད་བསྟོད་བྱེད་པར་དགའ་བ་རྣམས་རང་ཉིད་ཕུང་ལ་སྦྱོར་བའི་སྔ་ལྟས་


JSD005_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། ཇི་སྐད་དུ། མཆོད་པ་དམ་པ་ལ་བྱ་ཡི། །དམན་པ་མཆོད་ན་ཉེས་པའི་གཞི། །འོ་མ་སྐྱེས་བུའི་བདུད་རྩི་སྟེ། །སྦྲུལ་ལ་བྱིན་ན་དུག་འཕེལ་ལོ། །ཞེས་གསུངས་པ་ལྟར་ལགས་ན། མིག་ལྡན་གཡང་སར་མཆོང་པ་ཇི་ལྟར་རིགས། ལྷག་པར་ཡང་ནང་པའི་ཁྱུར་ཚུད་ཅིང་སྡོམ་པ་མཐའ་དག་གི་རྟེན་གཞི་ཁྱིམ་པ་དགེ་བསྙེན་ཡན་ཆད་ཀྱིས་སྐྱབས་སུ་འགྲོ་བའི་དགག་པའི་བསླབ་བྱ་གསུམ་ནི། མདོ་སྡེ་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་པ་མིན། །ཞེས་གསུངས་པས་སངས་རྒྱས་ལ་


JSD005_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་སུ་སོང་བས་རང་ཉིད་འཁོར་བ་ན་འཁོར་བ་འཇིག་རྟེན་པའི་ལྷ་ཆེན་པོ་དང་། ཁྱབ་འཇུག་ལ་སོགས་པར་ཡང་སྐྱབས་སུ་མི་འཛིན་ན། མཁའ་ལ་རྒྱུ་བའི་ཡི་དྭགས་ཀྱི་སྡེ་ཚན་དོལ་རྒྱལ་ལྟ་བུ་སྨྲོས་ཅི་དགོས། དེ་ཡང་མཁའ་ལ་རྒྱུ་བའི་ཡི་དྭགས་ནི། ལུས་སྲུལ་པོ་དང་། རོ་ལངས་དང་། སྨྱོ་བྱེད་དང་། རྗེད་བྱེད་དང་། གནོད་སྦྱིན་དང་། ཤ་ཟ་དང་། གྲིབ་གནོན་དང་། སྐེམ་བྱེད་དང་། ནམ་གྲུ་དང་། བྱད་གདོན་དང་། སྲིན་པོ་དང་། བཙན་དང་། རྒྱལ་པོ་ལ་སོགས་འབྱུང་པོའི་རིགས་ཅན་མཐའ་དག་སྟེ། འདི་དག་ལས་ཀྱི་རྫུ་འཕྲུལ་དང་ལྡན་ཞིང་ཁ་ཅིག་སྔོན་གྱི་དགེ་བ་ཕྲ་མོས་ལོངས་སྤྱོད་དང་ལྡན་ཡང་། བརྟན་ཅིང་དུས་ཚིགས་ལོག་པ་དང་། ཡུལ་ཡིད་དུ་མི་འོང་བ་དང་། འཚེ་བ་དང་། ཉམ་ང་བ་དང་། བཀྲེས་སྐོམ་དང་། ཚེ་དང་མདངས་འཕྲོག་པ་ལ་


JSD005_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་ཞིང་ཕ་རོལ་འབའ་ཞིག་ལ་གནོད་པ་བསྒྲུབ་པས་སླད་ཀྱི་སྡུག་བསྔལ་འདུ་བྱེད་པ་དང་། རྫུ་འཕྲུལ་གྱིས་སོང་ཡང་ལམ་འཕྲང་དུ་བསྲུང་བར་སྣང་བ་དང་། ཆད་པས་འཚེ་བ་དང་། གང་དུ་སྙིང་ཉེ་ནས་ཕྱིན་པ་དེ་དག་ལ་རང་ཉིད་སྔོན་འཆི་ཀའི་གནད་འཆད་པའི་ཚོར་བ་འཕོ་བས་རིག་སྔགས་དང་ཐུན་གྱི་རང་ཡང་གནད་འཆད་པའི་སྡུག་བསྔལ་གྱི་ཚོར་བ་དེས་རྟག་པར་གདུང་བས་དེ་ནད་པ་གཞན་ལ་སྤོ་བའི་བསམ་སྦྱོར་ངན་པ་དང་། གཞན་ཡང་ཁྱི་དང་བྱ་ལ་སོགས་པ་ཡང་ཡོད་པར་བཤད་པས་སྡུག་བསྔལ་དང་ལྡན་པ་དེ་ལ་གཤིན་རྗེའི་འཇིག་རྟེན་དུ་སོང་བ་ཞེས་བྱ་བས་བློ་གྲོས་ཅན་རྣམས་༔ སྐྱབས་འགྲོའི་བསླབ་པ་ལས་ཉམས་པའི་ཕུང་འགོང་ལ་བློ་ཕུག་གཏོད་པ་ནི་བཀའ་གདམས་པའི་རིང་ལུགས་ལས་ཉམས་ཤིང་ནོར་བུ་དང་མཆིང་བུ་ནོར་བའི་
ལམ་ངན་དེ་འདྲ་རྒྱང་རིང་དུ་དོར་ནས་ཆོས་རྒྱུད་གཙང་སིང་ངེ་བ་རེ་ཅི་ནས་གལ་ཆེ་བ་ལགས་སོ། །


previousཕུང་འགོང་སྐྱབས་གནས་སུ་བཟུང་བ་རྣམས་བཀའ་གདམས་རིང་ལུགས་གཙང་མ་ལས་ཉམས་ཚུལ་བཤད་པ།next