Nitartha Digital Library
Tibetan
ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་འབུམ།


   
  collapse section
   
   
   
   
   
ལེའུ་གསུམ་པ། བྱེད་པ་ཡོན་ཏན་བསྟན་པ།
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   


 
previousལེའུ་གསུམ་པ། བྱེད་པ་ཡོན་ཏན་བསྟན་པ། next

ལེའུ་གསུམ་པ། བྱེད་པ་ཡོན་ཏན་བསྟན་པ།

དེའི་ཡན་ལག་ཡོན་ཏན་བསྟན་པ་ལ་གསུམ། མདོར་བསྟན། རྒྱས་པར་བཤད། དོན་བསྡུ་བའོ། །དང་པོ་ལ་གསུམ། དོན་དམ་ཀུན་རྫོབ་དང་། དག་ཐོབ་གཉིས་དང་། སྡོམ་གྱིས་ཚིག་བསྟན་པའོ། །དང་པོ་དོན་དམ་ཀུན་རྫོབ་ནི། རང་དོན་གཞན་དོན་དོན་དམ་སྐུ་དང་ནི། དེ་ལ་བརྟེན་པའི་ཀུན་རྫོབ་སྐུ་ཉིད་དེ། །བྲལ་དང་རྣམ་པར་སྨིན་པའི་འབྲས་བུ་ནི། །ཡོན་ཏན་དབྱེ་བ་དྲུག་ཅུ་བཞི་འདི་དག །ཅེས་པའོ། །གཉིས་པ་དག་ཐོབ་གཉིས་ནི། བདག་ཉིད་ཀྱི་ནི་འབྱོར་པའི་གནས། །དམ་པའི་ཆོས་ཀྱི་སྐུ་ཡིན་ཏེ། །དྲང་སྲོང་རྣམས་ཀྱི་བརྡ་ཡི་སྐུ། །ཕ་རོལ་ཕུན་སུམ་ཚོགས་པའི་གནས། །དང་པོའི་སྐུ་ནི་སྟོབས་ལ་སོགས། །བྲལ་བའི་ཡོན་ཏན་རྣམས་དང་ལྡན། །གཉིས་པ་སྐྱེས་བུ་ཆེན་པོའི་མཚན། །རྣམ་སྨིན་ཡོན་ཏན་དག་དང་ལྡན། །ཞེས་པའོ། །གསུམ་པ་སྡོམ་གྱིས་ཚིགས་བསྟན་པ་ནི། སྟོབས་ཉིད་མ་རིག་སྒྲིབ་ལ་རྡོ་རྗེ་བཞིན། །མི་འཇིག་ཉིད་ནི་འཁོར་དུ་སེང་གེ་བཞིན། །དེ་བཞིན་གཤེགས་པའི་མ་འདྲེས་མཁའ་བཞིན་ཏེ། །ཐུབ་པའི་བསྟན་པ་རྣམས་གཉིས་ཆུ་ཟླ་བཞིན། །ཞེས་པའོ། །གཉིས་པ་རྒྱས་བཤད་ལ་དྲུག་སྟེ། བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་སྟོབས་བཅུ་བཤད་པ་དང་། བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་མི་འཇིགས་པ་བཞི་དང་། བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། །བཤད་པ་དཔེ་དང་སྦྱར་བ་གཉིས་ཀྱིས་མཚན་བཟང་བཤད་པ་དང་། དེ་མདོ་དང་སྦྱར་བ་དང་། དཔེ་དོན་སྦྱར་བ་རྒྱས་བཤད་དོ། །དེ་ལ་དང་པོ་བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་སྟོབས་བཅུ་བཤད་པ་ལ། སྟོབས་བཅུ་བསྟན་པ་དང་། བཤད་པ་དང་། དཔེ་དང་སྦྱར་བའོ། །དང་པོ་སྟོབས་བཅུ་བསྟན་པ་ནི། གནས་དང་གནས་མིན་ལས་རྣམས་ཀྱིས། །རྣམ་སྨིན་དང་ནི་དབང་པོ་དང་། །ཁམས་རྣམས་དང་ནི་མོས་པ་དང་། །ཀུན་འགྲོའི་ལམ་དང་བསམ་བསྟན་སོགས། །ཉོན་མོངས་དྲི་མ་མེད་པ་དང་། །གནས་ནི་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཞི་བ་དག །མཁྱེན་པའི་སྟོབས་ནི་རྣམ་པ་བཅུ། །ཅེས་པའོ། །དེ་ལ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ནི། སྦྱིན་པའི་རྒྱུ་ལས། འབྲས་བུ་ལོངས་སྤྱོད་འབྱུང་བ་ནི་གནས་ཡིན། ཚུལ་ཁྲིམས་བསྲུང་བའི་རྒྱུ་ལས། འབྲས་བུ་བདེ་འགྲོ་མཐོ་རིས་སུ་སྐྱེ་བ་ནི་གནས་ཡིན། རྒྱུ་དེ་ལས་ངན་འགྲོར་སྐྱེ་བ་ནི་གནས་མ་ཡིན་པ་སོགས་མངོན་སུམ་དུ་མཁྱེན་པའོ། །སྟོབས་བཅུ་ཕྱི་མ་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །གཉིས་པ་བཤད་པ་ནི། གནས་དང་གནས་མིན་རྣམ་སྨིན་ཁམས་དང་འགྲོ་བ་མོས་པ་སྣ་ཚོགས་དང་། །ཉོན་མོངས་རྣམ་བྱང་དབང་པོའི་ཚོགས་དང་སྔོན་གནས་རྗེས་སུ་དྲན་པ་དང་། །ལྷ་ཡི་མིག་དང་ཟག་པ་ཟད་ཚུལ་ཞེས་པའོ། །གསུམ་པ་དཔེ་དང་སྦྱར་བ་ནི། མི་ཤེས་གོ་ཆ་རྩིགས་བརྟན་དང་། །ཤིང་རྣམས་འབིགས་དང་གཞིག་དང་གཅོད་ཕྱིར་སྟོབས་གང་ཡིན་པ་རྡོ་རྗེ་བཞིན། ཞེས་པའོ། །གཉིས་པ་བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱི་མི་འཇིག་པ་བཞི་ལ། མི་འཇིགས་པ་བཞི་བསྟན་པ་དང་། བཤད་པ་དང་། དཔེ་དང་སྦྱར་བའོ། །དང་པོ་མི་འཇིགས་པ་བཞི་བསྟན་པ་ནི། ཆོས་ཀུན་རྫོགས་པར་ནུབ་པ་དང་། གེགས་ནི་འགོག་པར་བྱེད་པ་དང་། །ལམ་སྟོན་པ་དང་འགོག་སྟོན་ལ། །མི་འཇིགས་པ་ནི་རྣམ་པ་བཞི། །ཞེས་པའོ། །གཉིས་པ་བཤད་པ་ནི། བདག་གཞན་ཤེས་བྱའི་དངོས་པོ་རྣམ་ཀུན་ཤེས་བྱ་ཤེས་མཛད་ཕྱིར། །སྤངས་དངོས་སྤོངས་དང་སྤངས་མཛད་ཕྱིར་དང་བསྟེན་བྱ་བསྟེན་པའི་ཕྱིར། །ཐོབ་བྱ་བླ་མེད་ཤིན་ཏུ་དྲི་མེད་ཐོབ་དང་ཐོབ་མཛད་ཕྱིར། །རང་གཞན་དོན་བདེན་གསུངས་ཕྱིར་དྲང་སོང་གང་དུ་འང་ཐོག་པ་མེད། །ཞེས་པའོ། །གསུམ་པ་དཔེ་དང་སྦྱར་བ་ནི། རི་དྭགས་དབང་པོ་ཇི་ལྟར་ནགས་མཐར་རྟག་འཇིགས་མེད། །རི་དྭགས་རྣམས་ལ་སྐྲག་པ་མེད་པར་རྒྱུ་བ་ལྟར། དེ་བཞིན་ཚོགས་ན་ཐུབ་པའི་དབང་པོ་སེང་གེ་ཡང་། །ལེགས་གནས་ལྟོས་མེད་བརྟེན་པའི་རྩལ་དང་ལྡན་པར་གནས། །ཞེས་པའོ། །གསུམ་པ་བསྟན་བཤད་དཔེ་དང་སྦྱར་བ་གསུམ་གྱིས་མ་འདྲེས་པའི་ཆོས་བཅོ་བརྒྱད་བཤད་པ་ལ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་བསྟན་པ་དང་། བཤད་པ་དང་། དཔེ་དང་སྦྱར་བའོ། །དང་པོ་བསྟན་པ་ནི། འཁྲུལ་དང་ཅ་ཅོ་མི་མངའ་སྟེ། །སྟོན་ལ་དྲན་པ་ཉམས་མི་མངའ། །མཉམ་པར་མ་བཞག་ཐུག་མི་མངའ། །འདུ་ཤེས་སྣ་ཚོགས་ཀྱང་མི་མངའ། །མ་བརྟག་བཏང་སྙོམས་མི་མངའ་སྟེ། །འདུན་པ་བརྩོན་གྲུས་དྲན་པ་དང་། །ཤེས་རབ་རྣམ་གྲོལ་རྣམ་གྲོལ་གྱིས། །ཡེ་ཤེས་གཟིག་པ་ཉམས་མི་མངའ། །ལས་རྣམས་ཡེ་ཤེས་སྔོན་འགྲོ་དང་། །དུས་ལ་ཡེ་ཤེས་སྒྲིབ་པ་མེད། །དེ་ལྟར་བཅོ་བརྒྱད་འདི་དང་གཞན། །སྟོན་པའི་མ་འདྲེས་ཡོན་ཏན་མིན། །ཞེས་པའོ། །གཉིས་པ་བཤད་པ་ནི། འཁྲུལ་དང་ཅ་ཅོ་བསྙེལ་དང་ཐུགས་ཡོ་ཐ་དད་ཀྱིས་ནི་འདུ་ཤེས་དང་། ངང་གིས་བཏང་སྙོམས་དྲང་སྲོང་ལ་མེད་འདུན་པ་དང་ནི་བརྩོན་འགྲུས་དང་། དྲན་དང་རྣམ་དག་དྲི་མེད་ཤེས་རབ་རྟག་ཏུ་རྣམ་པར་གྲོལ་བ་དང་། །ཤེས་བྱའི་དོན་ཀུན་གཟིགས་པ་རྣམ་གྲོལ་ཡེ་ཤེས་ལས་ནི་ཉམས་མི་མངའ། །གང་གི་ལས་གསུམ་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཡི་རྗེས་སུ་འཇུག་པ་དང་། །དུས་གསུམ་རྟག་ཏུ་ཐོགས་མེད་ངེས་པར་མཁྱེན་པ་རྒྱ་ཆེན་འཇུག་པ་སྟེ། །འགྲོ་བར་འཇིགས་མེད་དམ་ཆོས་འཁོར་ལོ་ཆེན་པོ་རབ་སྐོར་བ། །ཐུགས་རྗེ་ཆེན་པོ་དང་ལྡན་རྒྱལ་བ་ཉིད་དེ་སངས་རྒྱས་རྣམས་ཀྱི་བརྙེས། ཞེས་པའོ། །གསུམ་པ་དཔེ་དོན་སྦྱར་བ་ནི། ས་སོགས་ལ་ཡོད་ཆོས་ཉིད་གང་ཡིན་ཆོས་ཉིད་དེ་ནི་ནམ་མཁའི་མིན། །ནམ་མཁའི་མཚན་ཉིད་སྒྲིབ་མེད་ལ་སོགས་མཚན་ཉིད་གང་དེ་གཟུགས་ལ་མེད། །ས་ཆུ་མེ་རླུང་ནམ་མཁའ་མཚུངས་པ་འཇིག་རྟེན་ན་ནི་ཐུན་མོང་ཏེ། །མ་འདྲེས་ཉིད་ནི་སྡུག་བསྔལ་ཙམ་ཡང་འཇིག་རྟེན་དག་ན་ཐུན་མོང་མིན། །ཞེས་བྱ་བ་གསུངས་སྟེ། དེ་ཡང་སྐུའི་སྤྱོད་ལམ་ལ་འཁྲུལ་པ་མི་མངའ། །གསུངས་ལ་ཅ་ཅོ་མི་མངའ། །ཐུགས་ལ་འཁྲུལ་པ་མི་མངའ་བ་སོགས་བཅོ་བརྒྱད་པོ་འདི་རྣམས་སངས་རྒྱས་བཅོམ་ལྡན་འདས་ཁོ་ནའི་ཁྱད་ཆོས་ཡིན་གྱིས། །ཉན་ཐོས་དང་། རང་སངས་རྒྱས་སོགས་གང་ལ་ཡང་མེད་པས་དེ་དག་དང་མ་འདྲེས་པའི་ཆོས་ཞེས་བྱའོ། །བཞི་པ་དཔེ་དང་སྦྱར་བ་གཉིས་ཀྱིས་མཚན་བཟང་བཤད་པ་ལ། མཚན་བཟང་བཤད་པ་དང་། དཔེ་དང་སྦྱར་བའོ། །དང་པོ་མཚན་བཟང་བཤད་པ་ནི། ལེགས་གནས་འཁོར་ལོས་མཚན་པ་དང་། །ཡངས་དང་ཞབས་ལོང་མི་མངོན་དང་། སོར་མོ་རིང་དང་ཕྱག་ཞབས་ནི། །དྲ་བ་ཡིས་ནི་འབྲེལ་པ་དང་། ལྤགས་འཇམས་གཞོན་ཤ་ཅན་ལེགས་ཉིད། །སྐུ་ནི་བདུན་དག་མཐོ་བ་དང་། །བྱིན་པ་ཨེ་ན་ཡ་འདྲ་གསང་། །གླང་པོ་བཞིན་དུ་སྦུབས་སུ་ནུབ། །རོ་སྟོད་སེང་གེ་དང་འདྲ་བ། །ཐལ་གོང་བར་མེད་རྒྱས་པ་དང་། །དཔུས་མགོ་ལེགས་ཟླུམ་ཕྱག་འཇམ་ལ། །ཟླུམ་ཞིང་མཐོན་དམན་མེད་པ་དང་། །ཕྱག་རིང་ཡོངས་སུ་དག་པ་ཡི། །འོད་ཀྱི་དཀྱིལ་འཁོར་དང་ལྡན་དང་། །མགྲིན་པ་དྲི་མེད་དུང་འདྲ་དང་། །འགྲམ་པ་རི་དྭགས་རྒྱལ་པོ་འདྲ། །ཚེམས་ནི་བཞི་བཅུ་མཉམ་པ་དང་། དཀར་དང་ཚེམས་ཐག་བཟང་བ་དང་། །རྣམ་དག་ཚེམས་མཉམ་ཉིད་དང་ནི། །མཆེ་བ་རབ་མཆོག་དཀར་བ་ཉིད། །ལྗགས་རིང་མཐའ་མེད་བསམ་མེད་པ། །རོ་བྲོ་བ་ཡི་མཆོག་ཉིད་དང་། །རང་བྱུང་ཀ་ལ་པིང་ཀ་ཡིས། །སྒྲ་དང་ཚངས་པའི་དབྱངས་ཉིད་དང་། །སྤྱན་བཟང་ཨུཏྤལ་ཁྱུ་མཆོག་རྫི་འདྲ་དང་། །ཞལ་མཛེས་དྲི་མེད་མཛོད་སྤུ་དཀར་ལྡན་པ། །གཙུག་གཏོར་དབུ་ལྡན་དག་ཅིང་སྲབ་པ་དང་། ལྤགས་པ་གསེར་གྱི་མདོག་འདྲ་སེམས་ཅན་མཆོག །བ་སྤུ་ལེགས་ཕྲ་འཇམ་ཞིང་རེ་རེ་ནས། །སྐུ་ཡི་གྱེན་དུ་གཡས་ཕྱོགས་འཁྱིལ་པ་དང་། །དབུ་སྐྲ་དྲི་མེད་རིན་ཆེན་མཐོན་ཐིང་བཞིན། །ནྱ་གྲོ་རྫོགས་པའི་ལྗོན་ཤིང་དཀྱིལ་འཁོར་འདྲ། །ཀུན་ཏུ་བཟང་པོ་དཔེ་མེད་དྲང་སྲོང་ཆེ། །སྲེད་མེད་བུ་ཡི་སྟོབས་མངའ་མཁྲེགས་པའི་སྐུ། །བསམ་མི་ཁྱབ་འབར་སུམ་ཅུ་རྩ་གཉིས་པོ། །འདི་དག་སྟོན་པས་མི་དབང་མཚན་དུ་གསུངས། །ཞེས་པའོ། །གཉིས་པ་དཔེ་དང་སྦྱར་བ་ནི། ཇི་ལྟར་སྤྲིན་མེད་མཁའ་ལ་ཟླ་བའི་གཟུགས། །སྟོན་ཀའི་ཆུ་སྔོན་མཚོར་ནི་མཐོང་བ་ལྟར། །དེ་བཞིན་རྒྱལ་སྲས་ཚོགས་ཀྱི་ཁྱབ་བདག་གཟུགས། །རྫོགས་སངས་དཀྱིལ་འཁོར་ནང་དུ་མཐོང་བར་འགྱུར། །ཞེས་པའོ། །ལྔ་པ་མདོ་དང་སྦྱར་བ་ནི། ཡོན་ཏན་དྲུག་ཅུ་རྩ་བཞི་སོགས། འདི་དག་སོ་སོར་རྒྱུར་བཅས་ཏེ། །གོ་རིམ་ཅི་བཞིན་རིན་ཆེན་གྱིས། །མདོ་ཡི་རྗེས་འབྲངས་ཤེས་པར་བྱ། །ཅེས་པའོ། །དྲུག་པ་དཔེ་དོན་སྦྱར་བ་རྒྱས་བཤད་ལ་ལྔ། ཡོན་ཏན་སྤྱིའི་དཔེ་དོན་སྦྱར་བཤད་དང་། བྱེ་བྲག་ཏུ་སྟོབས་བཅུའི་སྦྱར་བཤད། མི་འཇིགས་པ་བཞིའི་སྦྱར་བཤད་དང་། དཔེ་འགོད་པའི་དོན་དང་། མ་འདྲེས་པའི་སྦྱར་བཤད་དོ། །དེ་ལ་དང་པོ་ཡོན་ཏན་སྤྱིའི་དཔེ་དོན་སྦྱར་བཤད་ནི། མི་ཕྱེད་པ་དང་མི་ཞན་དང་། །མཚུངས་པ་མེད་དང་གཡོ་མེད་ཕྱིར། །རྡོ་རྗེ་སེང་གེ་མཁའ་དག་པ། །ཆུ་ཡི་ཟླ་བ་དཔེས་བསྟན་ཏོ། །ཅེས་པའོ། །གཉིས་པ་བྱེ་བྲག་ཏུ་སྟོབས་བཅུའི་སྦྱར་བཤད་ནི། སྟོབས་སོགས་རྣམས་ལས་སྟོབས་དྲུག་དང་། །གསུམ་དང་གཅིག་གིས་རིམ་པ་བཞིན། །ཤེས་བྱ་སྙོམས་པར་འཇུག་པ་དང་། །བག་ཆགས་བཅས་པ་ཀུན་བསལ་བས། །གོ་ཆ་རྩིག་པ་ཤིང་བཞིན་དུ། ཕུག་དང་བཞིག་དང་བཅད་ཕྱིར་རོ། །བརླིང་དང་སྙིང་བརྟན་མི་ཕྱེད་པས། །དྲང་སྲོང་སྟོབས་ནི་རྡོ་རྗེ་འདྲ། །གང་ཕྱིར་བརླིང་བ་སྙིང་པོའི་ཕྱིར། །གང་ཕྱིར་བརྟན་པ་མི་ཕྱེད་ཕྱིར། གང་ཕྱིར་སྙིང་པོ་བསྟན་པའི་ཕྱིར། །མི་ཕྱེད་ཕྱིར་ན་རྡོ་རྗེ་བཞིན། །ཞེས་བྱ་བ་གསུངས་ཏེ། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མཁྱེན་པའི་སྟོབས་བཅུ་ནི། མི་མཐུན་པའི་ཕྱོགས་ཀྱི་གཞིག་ཅིང་འགོག་པར་མི་ནུས་པས། རྡོ་རྗེ་ཕ་ལམ་དང་འདྲ་བ་ཉིད་དོ། །དེ་ཡང་འགྱུར་བ་མེད་པས་བརླིང་བ་སྟེ། སྙིང་པོ་གདོད་མ་ནས་གནས་པ་དེ་ཉིད་མངོན་དུ་གྱུར་པའི་ཕྱིར། །དེ་ནི་རྐྱེན་གཞན་གྱི་མི་ཕྱེད་པའི་ཕྱིར་བརྟེན་པ་ཉིད་དོ། །འདིར་མི་མཐུན་པའི་ཕྱོགས་ནི་རྣམ་པ་གསུམ་སྟེ། ཤེས་བྱའི་བསྒྲིབ་པ་གོ་ཆ་ལྟ་བུ་དང་། སྙོམས་འཇུག་གིས་སྒྲིབ་པ་རྩིག་པ་ལྟ་བུ་དང་། ཉོན་མོངས་པའི་སྒྲིབ་པ་ལྗོན་ཤིང་ལྟ་བུ་དང་གསུམ་མོ། །དེ་ལ་སྟོབས་དང་པོ་དྲུག་གིས་ཤེས་བྱའི་སྒྲིབ་པ་གོ་ཆ་ལྟ་བུ་ཕུག་ཅིང་སྟོབས་བདུན་པ་སོགས་གསུམ་གྱིས་ནི། སྙོམས་འཇུག་གི་སྒྲིབ་པ་རྩིག་པ་ལྟ་བུ་བཤིག་ལ། སྟོབས་བཅུ་པ་ནི། ཉོན་མོངས་པའི་སྒྲིབ་པ་ལྗོན་ཤིང་ལྟ་བུ་རྩད་ནས་བཅད་པའི་ཕྱིར་རོ། །གསུམ་པ་མི་འཇིག་པ་བཞིའི་སྦྱར་བཤད་ནི། འཇིགས་མེད་ཕྱིར་དང་ལྟོས་མེད་ཕྱིར། བརྟེན་ཕྱིར་རྩོལ་ནི་ཕུན་ཚོགས་པས། །ཐུབ་པ་སེང་གེ་སེང་གེ་བཞིན། །འཁོར་གྱི་ཚོགས་སུ་འཇིགས་མི་མངའ། ཀུན་མངོན་མཁྱེན་པས་གང་ལས་ཀྱང་། འཇིགས་མེད་པར་ནི་རྣམ་པར་གནས། །དག་པའི་སེམས་ཅན་དང་ཡང་བདག །མི་མཉམ་གཟིགས་ཕྱིར་ལྟོས་པ་མེད། །ཐུགས་ནི་ཆོས་རྣམས་ཐམས་ཅད་ལ། །རྩེ་ཅིག་ཕྱིར་ན་བརྟན་པ་ཉིད། །མཆོག་ཏུ་མ་རིག་བག་ཆགས་ཀྱིས། །ས་ལ་རྒལ་གཟིགས་རྩལ་ལྡན་ནོ། །ཞེས་བྱ་བ་གསུངས་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མི་འཇིགས་པ་བཞི་དང་ལྡན་པ་སྟེ། འཁོར་གྱིས་ནང་དུ་ཆོས་གསུངས་པའི་ཚེ་བདག་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པས་འདས་མ་འོངས་ད་ལྟར་དུས་གསུམ་གྱི་ཆོས་ཐམས་ཅད་མངོན་སུམ་དུ་མཐོང་ངོ་ཞེས་གསུངས་པ་ལ། ཁྱེད་ཀྱི་འདི་ལྟ་བུ་མི་ཤེས་སམ་ཞེས་རྒོལ་བའི་འཇིགས་པ་མེད་པ་དང་། བདག་ནི་ཆགས་སོགས་ཉོན་མོངས་པ་ཐམས་ཅད་བག་ཆགས་དང་བཅས་པ་སྤངས་པ་ཡིན་ནོ་ཞེས་གསུངས་པ་ལ། འདི་ལྟ་བུ་གཅིག་མ་སྤངས་སོ་ཞེས་རྒོལ་བའི་འཇིགས་པ་མེད་པ་དང་། ལམ་འདི་ཉམས་སུ་བླངས་པས་ཁམས་གསུམ་འཁོར་བ་ལས་གྲོལ་ནས་ཐར་པ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་ལ། ལམ་འདིས་འཁོར་བ་ལ་ངེས་པར་འབྱིན་མི་ནུས་ཞེས་རྒོལ་བའི་འཇིགས་པ་མེད་པ་དང་། འདི་ནི་འཆིང་བ་ཐམས་ཅད་ལས་གྲོལ་བའི་རྟེན་དུ་ཐར་པ་ཐོབ་པ་ཡིན་ནོ་ཞེས་གསུངས་པ་ལ། ད་དུང་གྲོལ་བ་མིན་ཞེས་ཆོས་མཐུན་གྱི་རྒོལ་བའི་འཇིགས་པ་མེད་པས་འཁོར་གྱིས་ནང་དུ་སེང་གེའི་སྒྲ་སྒྲོག་པའོ། །བཞི་པ་དཔེ་འགོད་པའི་དོན་ནི། འཇིག་རྟེན་ཉན་ཐོས་མཐའ་གཅིག་ཏུ། །སྤྱོད་དང་བློ་ལྡན་རང་བྱུང་རྣམས། །གོང་ནས་གོང་དུ་བློ་དག་ནི། །ཕྲ་ཕྱིར་དཔེས་ནི་རྣམ་པ་ལྔ། ཞེས་པའོ། །ལྔ་པ་མ་འདྲེས་པའི་སྦྱར་བཤད་ནི། འཇིག་རྟེན་ཀུན་གྱི་ཉེར་འཚོའི་ཕྱིར། །ས་ཆུ་མེ་རླུང་རྣམས་དང་མཚུངས། །འཇིག་རྟེན་འཇིག་རྟེན་འདས་པ་ཡིས། །མཚན་ཉིད་ལས་འདས་ནམ་མཁའ་བཞིན། །ཞེས་པའོ། །གསུམ་པ་དོན་བསྡུ་བ་གསུམ། ཆོས་སྐུའི་ཡོན་ཏན་སོ་གཉིས་བསྡུ་བ་དང་། གཟུགས་སྐུའི་ཡོན་ཏན་སོ་གཉིས་བསྡུ་བ་དང་། དེའི་དོན་མཐོང་བའི་ཚུལ་ལོ། །དེ་ལ་དང་པོ་ཆོས་སྐུའི་ཡོན་ཏན་སོ་གཉིས་བསྡུ་བ་ནི། དེ་དག་ཡོན་ཏན་སུམ་ཅུ་ནི། །གཉིས་ནི་ཆོས་སྐུས་རབ་ཕྱེ་སྟེ། །ནོར་བུ་རིན་ཆེན་འོད་མདོག་དང་། །དབྱིབས་བཞིན་དབྱེ་བ་མེད་ཕྱིར་རོ། །ཞེས་པའོ། །གཉིས་པ་གཟུགས་སྐུའི་ཡོན་ཏན་སོ་གཉིས་བསྡུ་བ་ནི། མཐོང་ན་ཚིམ་བྱེད་ཡོན་ཏན་གང་། །སུམ་ཅུ་རྩ་གཉིས་ཤེས་བྱ་བ། །སྤྲུལ་པ་ཆོས་ལ་རྫོགས་པར་ནི། །ལོངས་སྤྱོད་རྫོགས་སྐུ་གཉིས་ལ་བརྟེན། །ཞེས་པའོ། །གསུམ་པ་དེའི་དོན་མཐོང་བའི་ཚུལ་ནི། དག་ལས་རིང་དང་ཉེ་རྣམས་ལ། །འཇིག་རྟེན་རྒྱལ་བའི་དཀྱིལ་འཁོར་དུ། །ཆུ་དང་ནམ་མཁའི་ཟླ་གཟུགས་བཞིན། །དེ་ལ་མཐོང་བ་རྣམ་པ་གཉིས། ཞེས་བྱ་བ་གསུངས་ཏེ། བདེ་བར་གཤེགས་པའི་སྙིང་པོ་རྣམ་པར་དག་པ་ཆོས་སྐུ་དྲི་མ་མེད་པ་རྟོགས་པ་ལ་རིང་བ། སོ་སོ་སྐྱེ་བོ་རྣམས་ཀྱི་འཇིག་རྟེན་དུ་རྒྱལ་བའི་སྐུ་མཚན་དང་དཔེ་བྱད་ཀྱི་བརྒྱན་པ་མཐོང་བ་ནི་སངས་རྒྱས་སྤྲུལ་པའི་སྐུ་སྟེ་ཆུ་ནང་དུ་ཟླ་བའི་གཟུགས་མཐོང་བ་ལྟ་བུའོ། །སྙིང་པོ་ཆོས་སྐུ་དྲི་མ་དང་བྲལ་བ་རྣམ་པར་དག་པ་མཐོང་བ་ལས་ཉེ་བ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱལ་བའི་དཀྱིལ་འཁོར་དུ་མཐོང་བའི་སྐུ་དེ་ནི་ལོངས་སྤྱོད་རྫོགས་པ་ཅེས་བྱ་བ་སྟེ། ནམ་མཁའ་མཐོང་བའི་ཟླ་གཟུགས་ལྟ་བུའོ། །ཡོན་ཏན་དྲུག་ཅུ་རྩ་བཞི་བསྟན་པ་སྟེ་ལེའུ་གསུམ་པའོ།། ༈ །།


previousལེའུ་གསུམ་པ། བྱེད་པ་ཡོན་ཏན་བསྟན་པ། next