Nitartha Digital Library
Tibetan
 
previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


KMC011_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་པར་སྤྱད་ཅིང་དོགས་པ་མེད་པ་ཡང་རྣམ་པར་མི་རྟོག་པའི་རང་བཞིན་གྱི་སེམས་ཀྱིས་ནི། བཙུན་མོ་ཤེས་རབ་མ་ཐམས་ཅད་ཅེས་པས་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་རྣམ་ཐར་སྒོ་གསུམ་པོ་རྗེས་སུ་སྤྱད་པས་དགའ་བར་བྱ་བ་དང་། མཛའ་བོ་གཉེན་བཤེས་ལ་སྙིང་དུ་སྡུག་ཅིང་ཕོངས་པར་བལྟ་བའི་ཆགས་པར་མི་བྱ་ཞིང་འདོད་ཆགས་སྤངས་པ་དེ་བཞིན་དུ། མི་མཐུན་པ་གདུག་པའི་ལས་བྱེད་པའི་དགྲ་བོ་ལ་ཞེ་སྡང་ཉིད་ཀྱང་སྤང་ངོ་། །རང་གཞན་ཡེ་ཤེས་སུ་མཉམ་པར་རྟོགས་ནས། ཕྱིའི་ལྷ་རྟེན་རྡོ་ཤིང་འཇིམ་པའི་བདག་ཉིད་ལས་གྲུབ་པའི་གཟུགས་བརྙན་གྱི་ལྷ་འདི་འདྲ་བ་རྣམས་ལའང་ཕྱག་མི་བྱའོ། །སྐྱེ་བོ་རྣམས་ཀྱིས་དམན་ཞིང་ངན་པར་འཛིན་པའི་རིགས་གཡུང་པོ་སྟེ་རིགས་ངན་དང་དམངས་རིགས་ཀྱི་བྱེ་བྲག་གདོལ་པ་སྟེ་ཤན་པ་དང་ཀོ་ལྤགས་ཀྱི་ལས་བྱེད་པ་ལྷམ་མཁན་སོགས་དང་། ཕྱག་དར་མཁན་སོགས་རེག་པ་ལས་རིང་དུ་འདོར་བ་མི་བྱེད་པ་དང་། རིགས་མཐོ་བར་གྲགས་པ་བྲམ་ཟེ་རྒྱལ་རིགས་རྗེའུ་ཚོང་པ་དང་། དམངས་ཕལ་པ་ཡིན་ཡང་རིགས་ངན་དུ་མི་བརྩི་བ་རྣམས་


KMC011_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བདག་གི་ལུས་ལྟར་རེག་པའམ་ཉེ་བར་བྱས་ནས་ལྷག་པར་དང་དུ་བླང་བ་མི་བྱེད་པ་སྟེ། མདོར་ན་མཐོ་དམན་བར་མའི་སེམས་ཅན་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་དང་དབྱེར་མེད་པའི་ཕྱིར་གཙང་སྨེ་མི་བྱེད་པ་ཉིད་ཀྱི་དོན་ཏོ། །འདི་རྣམས་ཀྱི་ངེས་དོན་ཕལ་ཆེར་དེ་ཁོ་ན་ཉིད་ཀྱི་ལེའུར་བཤད་པ་ལྟར་རོ། །གཉིས་པ་ནི། བདུད་རྩི་ལྔ་དང་བུ་རམ་ཆང་། །དུག་དང་ནིམྦ་བུ་བཙས་སྐྱེས། །སྐྱུར་དང་མངར་དང་བསྐ་ལ་སོགས། །ཁ་བ་ལན་ཚྭ་ཚ་བ་དང་། །དྲི་ང་དྲི་ཞིམ་མཆི་རྣག་རྣམས། །བྱང་ཆུབ་སེམས་བསྲེས་རབ་ཏུ་བཟའ། །གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །རང་བྱུང་མེ་ཏོག་རྙེད་ནས་ནི། །པདྨའི་སྣོད་དུ་བཞག་པ་དང་། །ལུད་པ་དང་ནི་སྣབས་དག་གིས། །བསྲེས་ནས་བརྟུལ་ཞུགས་ཅན་གྱིས་བཏུང་། །ཞེས་གསུངས་ཏེ། འདིར་ཡིག་དོན་གོ་བདེར་བཤད་པ་ལྟར་ན། ཟས་སུ་དྲི་ཆེན་དྲི་ཆུ་རཀྟ་བྱང་སེམས་ཤ་ཆེན་ཏེ་བདུད་རྩི་ལྔ་དང་། བུ་རམ་དང་ཆང་དང་དུག་དནྡའི་འབྲས་བུ་དང་ཤིང་ནིམྤ་ཁ་བ་དང་བུ་བཙས་སྐྱེས་ཤ་པ་དང་། སྐྱུར་མངར་བསྐ་བ་སོགས་དང་ཁ་བ་ལན་ཚྭ་བ་ཚ་བ་སྟེ་རོའི་བྱེ་


KMC011_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་རྣམས་དང་། དྲི་ང་བ་སྟེ་མི་ཞིམ་པ་དང་དྲི་ཞིམ་པ་དང་མཆི་མ་དང་རྣག་རྣམས་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་དང་བསྲེས་ནས་རབ་ཏུ་བཟའ་བར་བྱ་བར་བཤད་ལ། གྲུབ་ཆེན་རྣམས་ཀྱི་འགྲེལ་པ་འགའ་ཞིག་ཏུ་བུ་རམ་ལ་སོགས་པ་ནི་བདུད་རྩི་ལྔ་སོགས་ཀྱི་འཆད་བྱེད་དང་བྱང་སེམས་འཕེལ་བར་བྱེད་པའི་བཅུད་ལེན་དུ་བསྟེན་པར་འཆད་དེ། དེའང་བུ་རམ་ཁྲག་གི་ཁམས། ཆང་རི་ལས་སྐྱེས་པའམ་རྐང་མར། དུག་དྲིའི་ལོ་མའམ་ཞགས། ནིམྦ་ལྤགས་པ། བུ་བཙས་སྐྱེས་དྲི། འདི་ལ་འགོས་ལོ་ཆེན་པོས་རྡོ་རྗེ་མཁའ་འགྲོའི་རྒྱུད་དུ། བྱིས་པ་སྐྱེས་མ་ཐག་ཤི་བའི་རོ་ལ་བདུད་རྩི་ལྔ་ཚང་བར་བཤད་གསུང་ངོ་། །སྐྱུར་བ་རང་བྱུང་མེ་ཏོག་གམ་སྐྱུ་རུ་ར་དང་། མངར་བ་ཆུ་དང་། བསྐ་བ་ཤ་ལ་སོགས་པའི་ཁོངས་སུ་ཁ་བ་ཀུན་ཏུ་རུ། ལན་ཚྭ་ཚིལ། ཚ་བ་ལུད་པའམ་ཛ་མ་དང་། དྲི་ང་དྲིའི་མར་ཁུ། དྲི་ཞིམ་མམ་ཤ་ཀ་ར་ཛ་སེན་མོའི་བར་གྱི་དྲི་མ། མཆི་མ་རྒྱ་མཚོ་ལས་སྐྱེས་པ་སྟེ་དྲི་ཆུ་བསྡུས་པའི་ཚྭ། རྣག་ཁ་བའི་རྒྱ་མཚོ་རྣམས་ཀྱང་བྱང་ཆུབ་སེམས་ག་པུར་དང་བསྲེས་ནས་རབ་ཏུ་བཟའ་བར་བྱ་བར་བཤད་དོ། །


KMC011_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

མདོར་ན། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སུ་ངེས་པའི་སེམས་ཀྱིས་ནི་མི་བཟའ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པས་བཟའ་སྟེ། གཞན་ཡང་རང་བྱུང་གི་མེ་ཏོག་གཞོན་ནུ་མའི་ཟླ་མཚན་རྙེད་ནས་ནི། བརྡར་བརྟགས་པ་པདྨའི་སྣོད་མིའི་ཐོད་པའི་ནང་དུ་བཞག་པ་དང་། ལུད་པ་དང་ནི་ངར་སྣབས་ནི་སྒྲ་ཇི་བཞིན་པ་དག་གིས་སྔར་གསུངས་པ་རྣམས་དང་བསྲེས་ནས་སྤྱོད་པ་ལ་གནས་པའི་བརྟུལ་ཞུགས་ཅན་གྱིས་བཏུང་ངོ་། །ཞེས་པ་སྟེ་བཟང་ངན་དང་ཞིམ་མི་ཞིམ་སོགས་ཀྱི་རྟོགས་པ་དང་བྲལ་བར་བྱ་བའི་དོན་ནོ། །ཕྱག་ན་རྡོ་རྗེས་བདེ་མཆོག་སྟོད་འགྲེལ་ལས་བདུད་རྩི་རིལ་བུའི་སྒྲུབ་ཐབས་རྒྱས་པར་གསུངས་པའི་ལག་ལེན་དང་། གོང་དུ་སྨོས་པའི་དམ་རྫས་དེ་རྣམས་སྦྱར་ཞིང་བསྟེན་པའི་ཚུལ་དཔལ་རང་བྱུང་རྒྱལ་བས་རྒྱས་པར་གསུངས་པ་ནི་དྲི་མེད་འོད་དུ་རྟོགས་པར་བྱ་དགོས་པ་དང་། རྒྱུད་སྡེ་ཟབ་མོ་རྣམས་མཐའ་དྲུག་དང་ཚུལ་བཞིའི་ཕྱག་རྒྱས་བཅིངས་ཏེ་ཤིན་ཏུ་བརླིང་པོར་གསུངས་པས་ཚིག་རེ་རེ་ལའང་འགྲེལ་ཚུལ་མི་འདྲ་བ་དུ་མ་འཕགས་བོད་གཉིས་ཀར་བྱུང་ཞིང་། སྐབས་འདིར་ཡང་བུ་རམ་ལ་སོགས་པའི་བཤད་ཚུལ་དང་


KMC011_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ངོས་འཛིན་མི་འདྲ་བ་མང་དུ་གསུངས་པ་ཕྱོགས་སུ་བསྡུས་པ་ནི་རྗེ་ཕྲིན་ལས་པའི་འགྲེལ་བཤད་ལས་གསལ་བས་འདིར་མ་བྲིས་སོ། །གསུམ་པ་ནི། སྨད་གཡོགས་ཁ་དོག་སྣ་ཚོགས་དང་། །རོ་བསྲེག་ཐལ་བས་དེ་བཞིན་བརྒྱན། །མེ་ཏོག་རབ་སོང་གནས་རྙེད་པས། །མགོ་སྐྱེས་ལེགས་པར་བཅིང་བར་བྱ། །ཞེས་གསུངས་ཏེ། སྤྱོད་པའི་སྐབས་སུ་སྨད་གཡོགས་ཁ་དོག་དང་བཟང་ངན་སྣ་ཚོགས་པ་ཇི་ལྟར་རྙེད་པ་ཕྱག་དར་ཁྲོད་པ་དང་མཚུངས་པ་དང་། མིའི་རོ་སྲེག་པའི་ཐལ་བས་ལུས་ལ་བྱུག་པ་དེ་བཞིན་དུ་རྒྱན་ཡང་ངེས་པ་མེད་པར་བྱ་བ་དང་། མེ་ཏོག་སྲོག་རབ་ཏུ་སོང་བའི་རོ་འདོར་བའི་གནས་དུར་ཁྲོད་ལས་རྙེད་པའི་ཕྲེང་བས་མགོ་སྐྱེས་ཀྱི་སྒྲ་ལེགས་པར་བཅིང་བར་བྱའོ། །འདི་དག་ནི་རྣམ་པར་རྟོག་པ་དང་བྲལ་བའི་དོན་ཏོ། །ངེས་དོན་ནི། དཔལ་ནཱ་རོ་པས། བཟའ་བ་ནི་གཟུགས་ལ་སོགས་པའི་ཕུང་པོ་ལྔའོ། །བཏུང་བ་ནི་བྱང་ཆུབ་ཀྱི་སེམས་ཞུ་བའི་ཁུ་བའོ། །བགྲོད་བྱ་ནི་རྒྱུར་གྱུར་པའི་ཡེ་ཤེས་སོ། །ཞེས་པ་ནས། གང་གི་ཚེ་སེམས་ཀྱི་རྡོ་རྗེ་དབང་པོ་རྣམས་ཡེ་ཤེས་ཀྱི་རྒྱུར་བྱས་ནས་དཀྱིལ་འཁོར་འཁོར་ལོའི་རང་


KMC011_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱིས་རྣམ་པར་འགྱུར་བ་དེའི་ཚེ་ཤིང་དང་རྡོ་བ་ལ་སོགས་པ་ལ་ཕྱག་མི་བྱའོ། །ཞེས་དང་། ཁ་སྦྱོར་དྲི་མེད་ལས་བདུད་རྩི་ལྔ་སོགས་ཀྱི་ངེས་དོན། གཉིས་མེད་ཡེ་ཤེས་སུ་རྟོགས་པ་དང་། མི་བཟའ་ཅུང་ཟད་ཡོད་མ་ཡིན་གྱི་བར་གྱི་སྐུ་རྡོ་རྗེ་དང་། རང་བྱུང་མེ་ཏོག་སོགས་གསུང་རྡོ་རྗེ་དང་། སྨད་གཡོགས་སོགས་ཐུགས་རྡོ་རྗེ་ལ་མངོན་ཞེན་སྤོང་བའི་ཚུལ་གྱིས་རྒྱས་བཤད་འབྱུང་ངོ་། །དྲུག་པ་མིག་སོགས་སྐྱེ་མཆེད་ཀྱི་རྣམ་དག་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་རྡོ་རྗེ་སྙིང་པོས་གསོལ་བ། །ཐམས་ཅད་ཡུལ་གྱི་རྣམ་དག་པ། །བཅོམ་ལྡན་འདས་ཀྱིས་སྔར་གསུངས་པ། །ངེས་པར་དབང་པོ་དྲུག་གི་གྲངས། །རྣམ་པར་དག་པ་མ་མཛད་པ། །ཞེས་གསུངས་ཏེ། སྤྲོས་མེད་ཀྱི་སྤྱོད་པ་གསུངས་པའི་རྗེས་དེ་ནས་རྡོ་རྗེ་སྙིང་པོས་རྡོ་རྗེ་འཆང་ཆེན་པོ་ལ་གསོལ་བ། དབང་པོ་ཐམས་ཅད་ཀྱི་ཡུལ་གཟུགས་སོགས་ཀྱི་རྣམ་པར་དག་པ་བཅོམ་ལྡན་འདས་ཉིད་ཀྱིས་སྔར་བརྟག་པ་དང་པོའི་ལེའུ་དགུ་པར་གསུངས་ན་ཡང་། ངེས་པར་སྦྱར་ནས་དབང་པོ་དྲུག་གི་གྲངས་དང་མཐུན་པའི་ལྷའི་རྣམ་པར་དག་པ་གསུངས་པར་མ་མཛད་པ་


KMC011_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཤད་དུ་གསོལ། ཅེས་ཞུས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ལ་གཏི་མུག་རྡོ་རྗེ་མ། །རྣ་བ་ཞེ་སྡང་རྡོ་རྗེ་མ། །སྣ་ལ་སེར་སྣ་མ་ཞེས་བཤད། །ཁ་ལ་འདོད་ཆགས་རྡོ་རྗེ་མ། །ལུས་ལ་ཕྲག་དོག་རྡོ་རྗེ་མ། །ཡིད་ལ་བདག་མེད་རྣལ་འབྱོར་མ། །དབང་པོ་རྣམས་ནི་དག་བྱའི་ཕྱིར། །འདིས་ནི་གོ་ཆ་སེམས་དཔའ་ཆེ། །ཞེས་གསུངས་ཏེ། དེ་ལྟར་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐྱེད་རིམ་མངོན་རྟོགས་ཀྱི་སྐབས་སུ་ཧེ་རུ་ཀ་དང་རྣལ་འབྱོར་མའི་འཁོར་ལོའི་ལྷ་བསྐྱེད་ནས། མིག་ལ་གཏི་མུག་རྣམ་པར་སྣང་མཛད་དག་པའི་ངོ་བོ་དང་མི་ཕྱེད་པའི་མཁའ་འགྲོ་མ་གཉིས་སུ་མེད་པས་རྡོ་རྗེ་མ། དེ་བཞིན་དུ། རྣ་བར་ཞེ་སྡང་དག་པ་མི་བསྐྱོད་པ་དང་མི་ཕྱེད་པས་རྡོ་རྗེ་མ། སྣ་ལ་སེར་སྣ་དག་པ་རིན་འབྱུང་དང་མི་ཕྱེད་པས་རྡོ་རྗེ་མ། ཁ་ལ་འདོད་ཆགས་དག་པ་འོད་དཔག་མེད་དང་མི་ཕྱེད་པས་རྡོ་རྗེ་མ། ལུས་ལ་ཕྲག་དོག་དག་པ་དོན་གྲུབ་དང་མི་ཕྱེད་པས་རྡོ་རྗེ་མ། ཡིད་ལ་རྣམ་ཤེས་དག་པ་བདག་མེད་མ་རྡོ་རྗེ་སེམས་དཔའ་དང་གཉིས་སུ་མེད་པའི་རྣལ་འབྱོར་མ་སྟེ། ཐ་


KMC011_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

མལ་པའི་དབང་པོ་མ་དག་པ་རྣམས་ནི་རྣམ་པར་སྦྱངས་ནས་དག་པར་བྱ་བའི་ཕྱིར་ལྷ་མོ་སོ་སོ་བསྒོམ་པ་ཡིན་པས། འདིས་ནི་རྡོ་རྗེའི་མིག་སོགས་ལ་མི་མཐུན་པས་མི་ཚུགས་པར་སྲུང་བའི་གོ་ཆར་འགྱུར་བའང་ཤེས་པར་གྱིས་ཤིག །སེམས་དཔའ་ཆེ་བའི་ཡོན་ཏན་དང་ལྡན་པ་ཞེས་འཛིན་པའི་ཆེད་དུ་གདམས་པ་སྟེ། རྗེ་མར་པས། སྐྱེ་མཆེད་ཀྱི་ལྷ་དགོད་པ་ནི་དབང་པོའི་སྒོ་དག་པ་དང་། གོ་ཆར་འགྱུར་བ་དང་མངོན་ཤེས་དྲུག་འབྱུང་བའོ། །ཞེས་གསུངས་པ་ལྟར། དེ་དག་གི་དོན་རྒྱས་པ་བཤད་རྒྱུད་རྡོ་རྗེ་མགུར་དང་སྦྱོར་བར་བྱའོ། །བདུན་པ་གསང་བའི་བརྡ་བསྟན་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་པ། དགོངས་པའི་སྐད་ནི་ཅི་ཞེས་བགྱི། །རྣལ་འབྱོར་མ་ཡི་དམ་ཚིག་ཆེ། །ཉན་ཐོས་ལ་སོགས་མི་ཤེས་པ། །རྒོད་དང་ལྟ་བ་དག་གིས་དང་། །འཁྱུད་དང་དེ་བཞིན་གཉིས་གཉིས་ཀྱི། །རྒྱུད་ཀྱང་རྣམ་པ་བཞི་རྣམས་ཀྱིས། །དགོངས་པའི་སྐད་ནི་མ་བསྒྲགས་པ། །བཅོམ་ལྡན་ངེས་པར་གསུང་དུ་གསོལ། །ཞེས་འབྱུང་སྟེ། སླར་ཡང་སེམས་དཔའ་རྡོ་རྗེ་སྙིང་པོས་གསོལ་པ་ལ། ངེས་པར་གསུང་དུ་གསོལ།


KMC011_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་བཤད་པའི་གཞིར་དྲང་། གང་གིས་བཤད་ན། བཅོམ་ལྡན་འདས་ཀྱིས་སོ། །གང་བཤད་ན། དགོངས་པ་དང་བཅས་པའི་གསུང་ངག་ལ་དགོངས་པའི་སྐད་ཅེས་བྱ་སྟེ་དེ་ནི་ཅི་སྐད་ཅེས་བགྱི། རྣལ་འབྱོར་མའི་རྒྱུད་ལས་གསུངས་པའི་མི་འདའ་བའི་དམ་ཚིག་ཆེན་པོའི་བརྡ་སྐད། ཐེག་པ་དམན་པར་ཞུགས་པའི་ཉན་ཐོས་རང་རྒྱལ་གྱི་རིགས་སུ་ངེས་པར་འབྱུང་བ་དང་ལ་སོགས་པས་ཐེག་པ་ཆེན་པོ་ལ་ཞུགས་པ་ཡོངས་སུ་མ་རྫོགས་པ་རྒྱུད་སྡེ་གཞན་པ་རྣམས་ཀྱིས་ཀྱང་མི་ཤེས་པ་སྟེ་དེ་ཡང་། རྒོད་པའི་འདོད་ཆགས་སྦྱོང་བྱེད་བྱ་རྒྱུད་དང་། ལྟ་བའི་འདོད་ཆགས་སྦྱོང་བྱེད་སྤྱོད་རྒྱུད་དག་གིས་དང་། འཁྱུད་པ་ལག་བཅངས་ཀྱི་འདོད་ཆགས་སྦྱོང་བྱེད་རྣལ་འབྱོར་གྱི་རྒྱུད་དང་། དེ་བཞིན་དུ་ཕོ་མོ་གཉིས་ཀའི་དབང་པོ་སྤྲོད་པ་ལས་བྱུང་བའི་འདོད་ཆགས་སྦྱོང་བྱེད་རྣལ་འབྱོར་བླ་ན་མེད་པ་སྟེ། རྒྱུད་ཀྱང་དེ་ལྟར་རྣམ་པ་བཞི་རྣམས་ཀྱིས་ཀྱང་དགོངས་པའི་སྐད་ནི་འདི་དང་འདི་ལྟ་བུའོ་ཞེས་མ་བསྒྲགས་པ་གང་ཡིན་པའོ། །གཉིས་པ་ལ་གསུམ། དགོངས་པའི་སྐད་དངོས། གྲོགས་ཕྱག་རྒྱའི་རིགས་དབྱེ། བརྡའི་དགོས་པ་བསྟན་པའོ། །


KMC011_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་ནི། དགོངས་པའི་སྐད་ནི་སྐད་ཆེན་པོ། །དམ་ཚིག་བརྡ་ནི་རྒྱས་པ་རུ། །རྡོ་རྗེ་སྙིང་པོ་ངས་བཤད་ཀྱིས། །ཁྱོད་ནི་རྩེ་གཅིག་སེམས་ཀྱིས་ཉོན། །མ་ད་ན་ཆང་བ་ལ་ཤ། འདུ་བ་མ་ལ་ཡ་ཛཾ་བརྗོད། །འགྲོ་བ་ཁེ་ཊ་རོ་ནི་ཤྲཱ་བ། །རུས་པའི་རྒྱན་ནི་ནི་རཾ་ཤུ། །འོང་བ་ཕྲེཾ་ཁ་ཎ་རུ་བརྗོད། །ཅང་ཏེའུ་ཀྲྀ་པཱི་ཊ་རུ་བརྗོད། །སྐལ་མེད་དུ་དྷུ་རཾ་ཞེས་བརྗོད། །སྐལ་ལྡན་ཀཱ་ལིཉྫ་རཾ་བརྗོད། །རེག་མིན་ཌིཎྜི་མ་ཞེས་བརྗོད། །ཐོད་པ་པདྨ་བྷ་ཛ་ནཾ། །བཟའ་བ་ཏྲི་པི་ཊ་ཞེས་བརྗོད། །ཚོད་མ་མཱ་ལ་ཏཱནྡྷ་ན། །བཤང་བ་ཙ་ཏུཿས་མཾ་བརྗོད། །གཅི་བ་ཀསྟུ་རི་ཞེས་བརྗོད། །རང་བྱུང་སིཧླར་ཤེས་པར་བྱ། །ཁུ་བ་ཀརྤུ་ར་ཞེས་བརྗོད། །ཤ་ཆེན་ཤཱ་ལིཾ་ཛཾ་ཞེས་བརྗོད། །དབང་པོ་གཉིས་སྦྱོར་ཀུནྡུ་རུ། །རྡོ་རྗེ་བོ་ལ་ཞེས་བཤད་དེ། །པདྨ་ཀཀྐོ་ལ་ཞེས་ཟེར། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་པ་འགྱུར་འདི་ལ་མེད་ཀྱང་འགོས་འགྱུར་སོགས་དང་རྒྱ་དཔེ་ལ་ཡོད་པར་བཤད་དོ། །དགོངས་པའི་སྐད་ཅེས་པ་ནི་དགོས་པ་ཆེན་པོ་དང་ལྡན་ཅིང་རྒྱུད་འདི་ལས་གཞན་པའི་ཡུལ་དུ་མ་གྱུར་པས་སྐད་ཆེན་པོ་མི་འདའ་བའི་དམ་ཚིག་གི་བརྡ་


KMC011_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་དེ་ནི་རྒྱས་པ་རུ། ཞུ་བ་པོ་རྡོ་རྗེ་སྙིང་པོ་ལ་ངས་བཤད་ཀྱིས་ཁྱོད་ནི་མ་ཡེངས་པར་རྩེ་གཅིག་པའི་སེམས་ཀྱིས་ཉོན་ཅིག་ཅེས་གདམས་ནས། དགོངས་པའི་སྐད་རྣམས་རིམ་པར་གསུངས་ཏེ། དེའང་བརྡ་འདི་དག་རྣམས་ནི་ཕལ་ཆེ་བ་འབྲས་བུའི་མིང་རྒྱུ་ལ་བཏགས་པ་ཡིན་ནོ། །དེ་ཡང་མ་ད་ན་ཞེས་པ་ནི་མྱོས་བྱེད་བཟི་བ་ལ་འཇུག་པས་ཆང་ལ་བཏགས་ཏེ་ཆང་འཐུང་ན་བཟི་བས་སོ། །བ་ལ་ནི་སྟོབས་ཏེ་ཤ་ཟོས་ན་སྟོབས་སྐྱེ་བས་དེ་ལ་བཏགས་པའོ། །མ་ལ་ཡ་ཞེས་པ་ཙནྡན་ཡིན་ཏེ། ཙནྡན་གྱི་དྲི་ཕུན་སུམ་ཚོགས་པ་ལ་སྲོག་ཆགས་འདུ་བ་ལྟར། ཚོགས་ཀྱི་འཁོར་ལོའི་དུས་སུ་ཡང་དཔའ་བོ་དཔའ་མོ་རྣམས་འདུ་བས། འདུ་བ་ལ་མ་ལ་ཡ་ཛཾ་བརྗོད་དོ། །ཞིང་དང་ཉེ་ཞིང་ལ་སོགས་པ་ནི་ས་རབ་ཏུ་དགའ་བ་ལ་སོགས་པའི་བརྡ་སྐད་ཡིན་ཏེ་སངས་རྒྱས་ཀྱི་སར་འགྲོ་བའོ། །འགྲོ་བ་དེ་མཚོན་པའི་བརྡའི་སྐད་ནི་ཁེ་ཊ་ཞེས་པ་སྟེ་ཕར་འགྲོ་བ་ལ་བརྗོད་པའོ། །དེ་བཞིན་དུ་རོ་མཚོན་པའི་བརྡ་སྐད་ནི་རྟོག་པ་མེད་པའི་དོན་དུ་ཤེས་རབ་ཅེས་པའོ། །འདིའང་བཟའ་བཏུང་གི་རོར་བཤད་པ་དང་། རོ་ལཱ་སྟེ་འཐབ་མོར་འཇུག་པར་བཤད་པ་


KMC011_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྣང་ངོ་། །རུས་པའི་རྒྱན་མཚོན་པའི་བརྡ་སྐད་ནི། ནི་རཾ་ཤུའོ། །ཚུར་འོང་བ་མཚོན་པའི་བརྡ་སྐད་ནི་ཕྲེཾ་ཁ་ཎ་རུ་བརྗོད་དོ། །ཅང་ཏེའུ་མཚོན་པའི་བརྡ་སྐད་ནི་རྣ་བའི་དབང་པོ་ཚིམ་པས་ཀྲྀ་པཱི་ཊ་རུ་བརྗོད་ཅིང་། དུ་དྷུར་ནི་རིང་པོའི་སྒྲ་སྟེ་དབང་མ་ཐོབ་པས་སྐལ་པ་མེད་པ་བྱང་ཆུབ་ལ་རིང་བ་མཚོན་པའི་བརྡ་སྐད་ནི་དུ་དྷུར་ཞེས་བརྗོད་ལ། སྐལ་ལྡན་ལ་ཀ་ལིཉྫ་ར་བརྗོད་པ་ནི་དུས་ཏེ་དུས་ཚོད་གཅིག་ལ་སྐལ་ལྡན་གྱིས་བྱང་ཆུབ་རྙེད་པའི་བརྡ་སྐད་ཉིད་དོ། །རིགས་ངན་མིས་རིག་ཏུ་མི་རུང་བ་ལ་ནི་རེག་མིན་ཏེ་དེ་མཚོན་པའི་བརྡ་སྐད་ཌིཎྜི་མ་ཞེས་བརྗོད་དོ། །མིའི་ཐོད་པ་མཚོན་པར་བྱེད་པའི་བརྡ་སྐད་ནི་པདྨ་བྷ་ཛ་ནཾ་ཞེས་བྱ་སྟེ། བྷ་ཛ་ནི་ལོངས་སྤྱོད་པའི་དོན་ཡིན་པས་ཐོད་པའི་ནང་དུ་བཟའ་བ་ལ་ལོངས་སྤྱོད་པས་སོ། །བཟའ་བས་ཚིམས་པར་བྱེད་པས་ན་དེས་མཚོན་པའི་བརྡ་སྐད་ནི་ཏྲི་པཱི་ཊ་ཞེས་བརྗོད་ལ། ཤ་ཆེན་གྱི་ཚོད་མ་མཚོན་པའི་བརྡ་སྐད་ནི་མཱ་ལ་ཏིནྡྷ་ནིའོ། །བཤང་བ་ནི་ཙ་ཏུར་ས་མཾ་སྟེ་བཞི་མཉམ་དུ་བརྗོད་ཅིང་ཨ་རུ་ར་རོ་བཞི་ཆ་མཉམ་པས་དེས་མཚོན་པའོ། །གཅི་བ་ནི་ཀསྟུ་རི་ཞེས་གླ་རྩིའི་མིང་དུ་བརྗོད་ལ། རང་བྱུང་རཀྟ་


KMC011_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སི་ཧླར་ཤེས་པར་བྱ་སྟེ་དེ་དང་། ཁུ་བ་དཀར་ཆ་ལ་ཀ་སྤུ་ར་ཞེས་ག་བུར་གྱི་མིང་དུ་བརྗོད་པའང་ཁ་དོག་གི་ཆ་ནས་མཚོན་པའོ། །ཤ་ཆེན་ལ་ཙནྡན་གྱི་མིང་ཟུར་ཆགས་པ་ཤ་ལི་ཛ་ཞེས་ནུས་པ་སོགས་ཀྱིས་མཚོན་པས་བརྗོད་པའོ། །ཕོ་མོའི་དབང་པོ་གཉིས་སྦྱོར་གྱི་འཁྲིག་པ་ལ་ཀུན་ཏུ་རུ་དང་། སྐྱེས་པའི་རྡོ་རྗེ་ལ་བོལླ་བདེ་བ་ཞེས་བཤད་དོ། །བུད་མེད་ཀྱི་པདྨ་ནི་ཀཀྐོ་ལ་སྟེ། སྟོང་པ་ཞེས་ཟེར་བས་བདེ་སྟོང་གི་རྟེན་དུ་གྱུར་པའོ། །ངེས་དོན་ནང་དུ་ནི། བདེ་བའི་ཆང་དང་། ཡེ་ཤེས་ཀྱི་སྟོབས་དང་། འཁོར་ལོ་བཞི་ལ་རླུང་སེམས་འདུ་བ་དང་། དབུ་མར་རླུང་འགྲོ་བའི་རོ་དང་། བྱང་ཆུབ་ཀྱི་སེམས་འཆིང་བའི་རྒྱན་དང་ཐིག་ལེ་བསྐུལ་བའི་འོང་བ་དང་། སྲོག་རླུང་ཚིམ་པར་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་མི་འདོར་བའི་སྐལ་མེད་དང་། རྩ་རླུང་བྱང་ཆུབ་ཀྱི་སེམས་ལ་སོགས་པའི་ཁམས་རྣམས་གཡོ་བ་མེད་པར་བརྟན་པ་ལ་སོགས་པའི་དོན་དུ། ཁུ་བའི་བདེ་བ་མྱོས་བྱེད་ཆང་། ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་དུ་མ་འབུམ་ཕྲག་ལྔ་པ་ལས་གསུངས་པ་རྡོ་རྗེ་སྙིང་པོའི་འགྲེལ་པར་བཤད་ཅིང་། ཁ་སྦྱོར་དྲི་མེད་དུ་སྐུ་གསུམ་


KMC011_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་འབྱུང་ལྡོག་གི་དབྱེ་བས་ཧེ་རུ་ཀ་དང་རིགས་དང་། ལྷ་མོའི་དབྱེ་བར་འཆད་ལ། དེ་བཞིན་དགོངས་པའི་སྐད་ཉིད་དང་། ཞེས་མདོར་བསྟན་པ་འདིར་རྒྱས་པར་མཛད་པས་ལེའུ་བདུན་པ་ལ་ངེས་པར་སྟེར་བ་ཡིན་ནོ་ཞེས་རྗེ་མར་པའི་གསུང་ངོ་། །གཉིས་པ་ནི། ཁ་དོག་དབྱེ་བས་ཕྱེ་བ་ལས། །རིགས་ནི་རྣམ་པ་ལྔ་རུ་བཤད། །འདི་ནི་གསང་བའི་སྐད་ཡིན་ནོ། །ཕྱག་རྒྱ་ལྔ་ནི་བསྡུས་པ་ཉིད། །གཡུང་མོ་རྡོ་རྗེའི་རིགས་སུ་བཤད། །གར་མ་དེ་བཞིན་པདྨའི་རིགས། །རང་འཚེད་མ་ནི་རིན་ཆེན་རིགས། །སྐྱེ་གཉིས་དེ་བཞིན་གཤེགས་པའི་རིགས། །ཚོས་མ་ལས་ཀྱི་རིགས་ཉིད་དེ། །ཕྱག་རྒྱ་འདི་རྣམས་དངོས་གྲུབ་སྦྱིན། །འདི་རྣམས་ཁུ་བ་རྡོ་རྗེར་འགྱུར། །བརྟུལ་ཞུགས་ཅན་གྱིས་མཆོད་ནས་བཏུང་། །ཞེས་གསུངས་ཏེ། ཁ་དོག་གི་སྐད་དོད་ཝརྞ་རིགས་ལ་འཇུག་པས་དེའི་དབྱེ་བས་ཕྱེ་བ་ལས། རིགས་ནི་འཆད་པར་འགྱུར་བ་རྣམ་པ་ལྔ་རུ་བཤད་པ་འདི་ནི་གསང་བའི་སྐད་དམ་བརྡའི་བྱེ་བྲག་ཡིན་ནོ། །དེའང་གང་ཞེ་ན། ཕྱག་རྒྱ་ལྔ་རྣམས་ནི་རིགས་བསྡུས་པ་ཉིད་དེ། བརྟག་པ་དང་པོའི་ལྔ་པ་སོགས་སུ་བསྟན་པ་ལྟར། གཡུང་མོ་མི་བསྐྱོད་པ་


KMC011_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་རིགས་སུ་རྣམ་པར་དག་པའི་ངོ་བོར་བཤད་ཅིང་། གར་མ། དེ་བཞིན་དུ། འོད་དཔག་མེད་དག་པའི་ངོ་བོ་པདྨའི་རིགས་དང་། འདིར་ཤྭ་ས་ཀཱི་རང་འཚོད་དུ་བསྒྱུར་ཡང་། པདྨ་ཅན་ལ་སོགས་པར་ཁྱི་ཤ་འཚེད་མ་ནི་ཙཎྜ་ལཱིའོ། །ཞེས་ཤྭ་ཁྱི་མཚོན་པ་སྟེ་ཅི་ཡང་གསོད་ཅིང་འཚེད་པ་གདོལ་མ་སྟེ་ལཱ་མ་ནི་རིན་འབྱུང་དག་པའི་ངོ་བོ་རིན་ཆེན་རིགས་དང་། བྲམ་ཟེ་མའི་མངལ་དང་རིག་བྱེད་འདོད་པ་གཉིས་ལས་སྐྱེ་བ་རིགས་དེའི་བྱེད་ཆོས་སུ་འཇོག་པས་སྐྱེ་བ་རིགས་དེའི་བྱེད་ཆོས་སུ་འཇོག་པས་སྐྱེ་གཉིས་མ་སྟེ་བྲམ་ཟེ་མོ་ནི་རྣམ་སྣང་དག་པའི་ངོ་བོ་དེ་བཞིན་གཤེགས་པའི་རིགས་དང་། ཚོས་མཁན་མ་དོན་གྲུབ་དག་པའི་ངོ་བོ་ལས་ཀྱི་རིགས་ཉིད་དེ། ཕྱག་རྒྱ་མ་འདི་རྣམས་མཆོག་གི་དངོས་གྲུབ་ཕྱག་རྒྱ་ཆེན་པོ་སྦྱིན་པ་མོ་སྟེ། འདི་རྣམས་བསྟེན་པ་ལས་བྱུང་བའི་ཁུ་བ་ཡང་གཟུང་འཛིན་གྱི་རྣམ་རྟོག་འཇོམས་པའི་རྡོ་རྗེ་ལྟ་བུར་སྐྱོན་འཇོམས་ཤིང་གཉིས་མེད་ཡེ་ཤེས་བསྐྱེད་པར་འགྱུར་བས། ལམ་ལ་གནས་པའི་བརྟུལ་ཞུགས་ཅན་ཀུན་ཏུ་རུས་མཆོད་ནས་བདུད་རྩི་ཅི་བདེ་བར་བཏུང་ངོ་། །འདིའི་ངེས་དོན་ཡང་། བརྡ་ཕྱག་རྒྱ་མ་ལྔ་ལ།


KMC011_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་ཅན་ཡེ་ཤེས་ལྔའི་རིགས་སོ་སོར་བསྟན་པ་ཁོ་ནས་ངེས་པ་ཡིན་ཡང་། ཁ་སྦྱོར་དྲི་མེད་དུ། ཁུ་བ་རྡོ་རྗེ་འཆང་ཡབ་ཡུམ་གཉིས་མཆོད་ནས་བདེ་བ་ཆེན་པོ་ཡང་དག་པར་སྡུད་པ་བཏུང་བའི་དོན་དུ་བཤད་དོ། །གསུམ་པ་ནི། རྡོ་རྗེ་སྙིང་པོ་སེམས་དཔའ་ཆེ། །གསང་བའི་སྐད་ནི་མཚར་ཆེ་བ། །ང་ཡིས་ཁྱོད་ལ་གང་བཤད་པ། །དེ་རྣམས་ཐམས་ཅད་གུས་པས་ཟུངས། །ཀྱེ་རྡོ་རྗེ་འདིར་དབང་བསྐུར་གང་། །གསང་བའི་སྐད་ཀྱིས་མི་སྨྲ་བ། །དེ་ནི་དམ་ཚིག་ཉམས་པར་ནི། །འགྱུར་བ་འདི་ལ་ཐེ་ཚོམ་མེད། །འཚེ་བ་དང་ནི་རྐུན་མ་དང་། །གདོན་དང་རིམས་དང་དུག་གིས་ཀྱང་། །གལ་ཏེ་སངས་རྒྱས་གསང་བའི་སྐད། །མི་གསུང་ན་ཡང་འགྲོངས་པར་འགྱུར། །རང་གི་དམ་ཚིག་རིགས་རྙེད་ནས། །གལ་ཏེ་ཚིག་འདི་མི་སྨྲ་ན། །གནས་བཞི་ལས་སྐྱེས་མཁའ་འགྲོ་མ། །དེ་ཡི་ཚེ་ན་འཁྲོ་བར་བྱེད། །ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སྙིང་པོ་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བོས་ཏེ། རྒྱུད་སྡེ་ཕལ་དུ་མ་གྲགས་ཤིང་མ་རྒྱུད་ལས་འབྱུང་བའི་གསང་བའི་སྐད་ནི་ངོ་མཚར་ཆེ་བ། རྡོ་རྗེ་འཛིན་པ་ངས་ནི་ཁྱོད་ལ་གང་བཤད་པ་དེ་རྣམས་ཐམས་ཅད་གུས་


KMC011_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡིད་ལ་ཟུངས་ཤིགདེའི་དགོས་པའང་ཀྱེའི་རྡོ་རྗེ་ཞེས་བྱ་བའི་དཀྱིལ་འཁོར་ཆེན་པོ་འདིར་དབང་བཞི་རྫོགས་པར་བསྐུར་བ་ཐོབ་པ་གང་ཞིགཚོགས་འཁོར་དང་ཐབས་ཤེས་འདུ་བའི་དུས་སུ་ངག་གི་བརྡ་ལ་གནས་དགོས་པ་ལ། གསང་བའི་སྐད་གཞན་གྱིས་སྤྱོད་ཡུལ་དུ་མ་གྱུར་པས་མི་སྨྲ་བ་དེ་ནི་འདའ་བར་དཀའ་བའི་ངག་གི་དམ་ཚིག་ལས་ཉམས་པར་ནི་འགྱུར་བར་བཤད་པས་དོན་འདི་ལ་བདེན་ནམ་བརྫུན་གྱི་ཐེ་ཚོམ་མེད་དེ་རྡོ་རྗེ་འཆང་ཆེན་པོའི་བཅས་པ་ལས་འདས་པའི་ཕྱིར་རོ། །དེ་དང་འགལ་བའི་ཉེས་པ་ཅི་ཞིག་འབྱུང་ཞེ་ན། ཆར་མི་འབབ་ཅིང་ཆར་ཆེས་པ། བྱི་བ་ནེ་ཙོ་ཆ་ག་པ། ཐོག་སེར་འདི་དྲུག་བློ་ལྡན་གྱིས། མཚུངས་པ་ཉིད་དུ་འཚེ་བར་ཤེས། ཞེས་བཤད་པ་རྣམས་དང་། ཆོམ་རྐུན་པ་དག་གིས་ཀྱང་གླགས་ལྟ་བ་དང་། གནོད་སྦྱིན་ལ་སོགས་པའི་གདོན་དང་། མི་མ་ཡིན་གྱིས་བྱས་པའམ་འབྱུང་བ་འཁྲུགས་པའི་རིམས་ནད་དང་། ཁ་ཟས་ལ་སོགས་པའི་དུག་གིས་ཀྱང་འཆི་བར་འགྱུར་ཏེ། གལ་ཏེ་ཞེས་པ་བརྒྱ་ལམ་ན་སངས་རྒྱས་ཀྱིས་ཀྱང་དུས་དེ་དག་གི་ཚེ་གསང་བའི་སྐད་མི་གསུང་ན་ཡང་འགྲོངས་པར་


KMC011_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་ན་ཕལ་པ་ལ་སྨོས་ཅི་དགོས་པ་དང་། ཁྱད་པར་རང་གི་དམ་ཚིག་མཐུན་པའི་རིགས་ཀྱི་གྲོགས་སྐད་ཤེས་པ་རྙེད་ནས་ཀྱང་། གལ་ཏེ་ཚིག་འདི་མི་དགོས་སོ་ཞེས་པས་ཁྱད་དུ་བསད་དེ་མི་སྨྲ་ན། གནས་བཞི་ལས་སྐྱེས་ཞེས་པ་རྗེ་མར་པས་སྔགས་དང་ཞིང་དང་ལས་དང་ལྷན་ཅིག་སྐྱེས་པའི་མཁའ་འགྲོ། ཡང་ན་སྤྱི་མགྲིན་སྙིང་ལྟེའི་གནས་བཞིར་རྩའམ་ཐིག་ལེའི་གཟུགས་ཀྱིས་གནས་པའི་རྣལ་འབྱོར་མར་འཆད་པ་ལྟར། ཕྱི་ནང་གི་ལྷ་མོ་རྣམས་དེའི་ཚེ་ན་ཁྲོ་བ་དང་སྡང་བར་བྱེད་ཅིང་དངོས་གྲུབ་མི་སྨིན་པའི་ཉེས་དམིགས་ཡོད་ལ། སྨྲ་བའི་ཕན་ཡོན་དེ་ལས་བཟློག་ནས་འཚེ་བ་མེད་པ་ནས་དགྱེས་ཏེ་དངོས་གྲུབ་སྩོལ་བར་འགྱུར་རོ། །དེ་ལ་ལྷན་སྐྱེས་ནི། འོག་མིན་དུ་གནས་པའི་འཕགས་པ་ལ་ལྷ་མོའི་ཚུལ་དུ་སྣང་བའི་ལོངས་སྐུ་དང་། ཞིང་སྐྱེས་ནི། ཡུལ་སོ་གཉིས་ལ་སོགས་པར་རྣལ་འབྱོར་མའི་གཟུགས་སུ་སྟོན་པ་བླ་ན་མེད་པའི་ཏིང་ངེ་འཛིན་དང་ལྡན་པ་དང་། སྔགས་སྐྱེས་ནི། སྔགས་ལམ་གྱི་རྒྱུད་སྦྱངས་པ་ཡུལ་དབུས་ལ་སོགས་པར་མཁའ་འགྲོ་མའི་སྐྱེ་གནས་འཛིན་པ་དང་། ལས་སྐྱེས་ནི། སྐྱེ་བ་སྔོན་དུ་སྔགས་ལམ་ལ་གོམས་པར་


KMC011_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པས་ལམ་ཐོབ་པའི་བུད་མེད་ལ་གོང་མ་རྣམས་བཞེད་དོ། །འདིའི་ངེས་དོན་ཁ་སྦྱོར་དྲི་མེད་ལས་གསལ་བར་གསུངས་པ་ནི་དེ་ཉིད་དུ་ཤེས་པར་བྱ་སྟེ་འདིར་ནི་མང་བའི་དོགས་པས་མ་དྲིས་སོ། །གསུམ་པ་ལེའུའི་མཚན་ནི། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བའི་སྡོམ་པའི་ལས། རྒྱུད་ཐམས་ཅད་ཀྱི་གླེང་གཞི་དང་གསང་བའི་སྐད་ཅེས་བྱ་བའི་ལེའུ་སྟེ་གསུམ་པའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེ་མཁའ་འགྲོ་མ་དྲ་བ་སྡོམ་པ་ལས། རྒྱུད་གསུམ་པོ་ཐམས་ཅད་ཀྱི་གླེང་སློང་བའི་གཞི་སྡོམ་པ་དམ་ཚིག་ལ་སོགས་པ་དང་། གསང་བའི་སྐད་བསྟན་པའི་ལེའུ་སྟེ་གསུམ་པའི་ཚིག་དོན་རྣམ་པར་བཤད་པའོ།། །།བཞི་པ་ཕྱག་རྒྱ་བསྡུས་པའི་དོན་ཅེས་བྱ་བ་འབྱུང་སྟེ། ལེའུའི་འབྲེལ་ནི། ཕྱི་མའི་ལེའུ་གསུམ་པར། དབང་ལ་སོགས་པ་བརྟག་པ་དང་པོར་མི་གསལ་བ་ལྔའི་ཁ་སྐོང་བ་གསལ་པོར་བཤད་ཀྱང་། གླུ་གར་སོགས་ཁྱད་པར་མང་པོའི་གསལ་བྱེད་མ་གསུངས་པས། དེ་དག་ལ་ངེས་པ་སྟེར་བའི་དོན་དུ་འདི་འཆད་པར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། གྲོལ་ལམ་བསྐྱེད་རྫོགས་གཉིས་དང་གྲོགས་སྤྱོད་པ་དང་འབྲེལ་ལོ། །ལེའུ་བཞི་པ་འདིས་


KMC011_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

ནི་བརྟག་པ་དང་པོའི་ལེའུ་དྲུག་པར་གླུ་གར་དང་། ལེའུ་བཞི་པར་དབུ་རྒྱན་དང་། ལེའུ་གཉིས་པར་ལྷ་མོའི་ས་བོན་དང་། ལེའུ་དང་པོར་དཀྱིལ་འཁོར་གསུམ་གྱི་དོན་རྣམས་ཅུང་ཟད་བསྡུས་ཏེ་གསུངས་པས། དེ་དག་ལ་ཐེ་ཚོམ་གྱི་གནས་བཞི་བསལ་ནས་ངེས་པ་སྐྱེད་པ་དང་། གཏོར་མ་ལ་སོགས་པ་རྒྱས་པར་འཆད་པའི་དོན་དུ་གསུངས་པའོ། །འདི་ལ་གསུམ། ཞུ་བའི་ཚིག་གིས་མཚམས་སྦྱར་བ། ལེའུའི་གཞུང་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་མཁའ་འགྲོ་མ་ཐམས་ཅད་ཐེ་ཚོམ་དུ་གྱུར། ཡིད་གཉིས་སུ་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་ཐེ་ཚོམ་བསལ་དུ་གསོལ། །སྤྱོད་པའི་ལེའུ་ལས་གང་བཤད་པ། །གླུ་དང་གར་ནི་དངོས་གྲུབ་སྦྱིན། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །གླུ་ནི་ཅི་ལགས་གར་ཀྱང་ཅི། །ལྷའི་ལེའུ་ལས་གང་གསུངས་པ། །ཞེ་སྡང་ལ་སོགས་ཕྱག་རྒྱ་རྣམས། །དེ་ལ་བདག་ནི་ཐེ་ཚོམ་མཆིས། །གང་གི་ཕྱག་རྒྱ་ཕྱག་རྒྱ་ཅི། །སྔགས་བཏུ་བ་ལས་གང་གསུངས་པ། །བདག་མེད་ལ་སོགས་ས་བོན་ཉིད། །དེ་ལ་བདག་ནི་འཁྲུལ་པ་འཁྲུངས། །


KMC011_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ས་བོན་ས་བོན་གང་། །རིགས་ཀྱི་ལེའུ་ལས་གང་བཤད་པ། །བཅུ་དྲུག་གཉིས་ཀྱི་བདག་ཉིད་རྩ། །བཅོམ་ལྡན་བདག་ནི་འཁྲུལ་གྱུར་པས། །དེ་རྣམས་རྣམ་དག་བཤད་དུ་གསོལ། །ཅེས་འབྱུང་སྟེ། ལེའུ་གསུམ་པའི་རྗེས་དེ་ནས་སེམས་དཔའ་རྡོ་རྗེ་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་དང་རྡོ་རྗེ་བདག་མེད་མ་ལ་སོགས་པ་མཁའ་འགྲོ་མ་ཐམས་ཅད་གདུལ་བྱའི་འདོད་པ་བསྐང་བའི་ཕྱིར་དུ། བརྟག་པ་དང་པོའི་ཚིག་དོན་ལ་དཔྱད་པས་དོན་གང་ཡིན་པ་ལ་སོམ་ཉི་ཟ་བས་ཐེ་ཚོམ་དུ་གྱུར། བློའི་སྒྲོ་འདོགས་མ་ཆོད་པས་ཡིད་གཉིས་སུ་གྱུར་ཏེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་བཅོམ་ལྡན་འདས། བདག་ཅག་རྣམས་ཀྱི་ཐེ་ཚོམ་གྱི་གནས་འདི་དག་བསལ་དུ་གསོལ། ཞེས་སྙན་གསན་ཕབ་ནས། དེ་ཡང་བརྟག་པ་དང་པོའི་སྤྱོད་པའི་ལེའུ་ལས་གང་བཤད་པའི་གླུ་དང་གར་གྱིས་མཆོད་པས་ན་དངོས་གྲུབ་སྦྱིན་པར་བྱེད་པས་དེ་དག་རྟག་ཏུ་བྱའོ། །ཞེས་གསུངས་ན། དེ་ཇི་ལྟར་བྱ་བ་སྔར་མ་གསུངས་པས། གནས་དེ་ལ་བདག་ཅག་རྣམས་ནི་ཐེ་ཚོམ་མཆིས་ན། གླུ་ནི་ཇི་ལྟ་བུ་


KMC011_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། གར་ཡང་ཇི་ལྟར་བགྱི་བ་ལགས། ལྷ་དབང་བསྐུར་བའི་ལེའུ་ལས་གང་གསུངས་པ་ཞེ་སྡང་ལ་སོགས་པ་དག་པའི་ཕྱག་རྒྱ་རྣམས་ཀྱིས་རྒྱས་གདབ་པར་བྱའོ། །ཞེས་གསུངས་ན། རྒྱས་གདབ་དེ་རྣམས་སྔར་མ་གསུངས་པས། དེ་ལའང་བདག་ཅག་རྣམས་ནི་ཇི་ལྟར་ཡིན་སྙམ་དུ་ཐེ་ཚོམ་མཆིས་ཏེ། ལྷ་གང་དང་གང་ལ་རིགས་བདག་གང་གིས་ཕྱག་རྒྱས་གདབ་པ་ལ་སོགས་པ་དང་། ཕྱག་རྒྱ་ཞེས་པའི་དོན་ཡང་ཅི་ལྟ་བུ་ཞིག་ལགས། སྔགས་ཀྱི་ལེའུ་ལས་དབྱངས་བཅོ་ལྔ་རྣལ་འབྱོར་མ་རྣམས་ཀྱི་ས་བོན་དུ་གང་གསུངས་པ་དེ་ལ་བདག་མེད་མ་ལ་སོགས་པ་ལྷ་མོ་རྣམས་ཀྱི་ས་བོན་ཉིད་གང་ལགས། དེ་རྣམས་ལ་བདག་ཅག་རྣམས་ནི་ཐེ་ཚོམ་གྱི་འཁྲུལ་པ་སྐྱེས་ཤིང་འཁྲུལ་པ་འདི་སེལ་བའི་སླད་དུ། གང་དང་གང་གི་ས་བོན་ལས་སྐྱེད་པའི་ཚུལ་དང་། བཟླས་པའི་ས་བོན་གང་ལགས་པ་གསུངས་ཤིགརྡོ་རྗེ་རིགས་ཀྱི་ལེའུ་ལས་གང་བཤད་པ་རྩའི་གཙོ་མོ་སུམ་ཅུ་རྩ་གཉིས་ཞེས་པ། བཅུ་དྲུག་ཚན་པ་གཉིས་ཀྱི་བདག་ཉིད་ཀྱི་རྩལ། བཅོམ་ལྡན་འདས་བདག་ཅག་རྣམས་ཀྱིས་ནི་གཉིས་གཉིས་གང་ལྟར་སྦྱོར་ཆ་མ་འཚལ་བས་འཁྲུལ་པར་གྱུར་


KMC011_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པས་ན། རྩ་དེ་རྣམས་ལྷ་མོ་སོ་སོ་དང་རྣམ་པར་དག་པའི་ངེས་པ་གང་ལགས་པ་བཤད་དུ་གསོལ། ཞེས་སོ། །གཉིས་པ་ལ་གཉིས། ཞུས་པ་དང་རྗེས་སུ་འབྲེལ་བའི་ལན་དང་། ཐུན་མོང་གི་གསལ་བྱེད་དོ། །དང་པོ་ལ་བཞི། གླུ་གར་ཇི་ལྟར་བྱ་བ། ཕྱག་རྒྱའི་དོན། ལྷ་མོ་རྣམས་ཀྱི་ས་བོན། རྫོགས་རིམ་རྒྱས་བཤད་དོ། །དང་པོ་ལ་གསུམ། གླུ་གར་དང་ལྷའི་རྣལ་འབྱོར་འབྲེལ་བ། དེ་ལས་བྱུང་བའི་ཕན་ཡོན། འདུ་བའི་དུས་ཀྱི་མཚན་མའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀོལླ་ཨི་རིཊ་ཐི་ཨ་བོ་ལཱ། མུམ་མུ་ཎི་རེ་ཀཀྐོ་ལཱ། གྷ་ཎི་ཀྲི་པི་ཊ་ཧོ་བཱཛྫཨི། ཀ་རུ་ཎི་ཀེ་ཨ་ཨི་ཎ་རོ་ལཱ། ཏ་ཧིཾ་བ་ལ་ཁཱ་ཛྫ་ཨ་ཨཱི། གཌྷེཾ་མ་ཨཱཎཱ་བི་ཛྫ་ཨ་ཨི། ཧ་ལེ་ཀཱ་ལིཉྫ་ར་བ་ཎི་ཨ་ཨི། དུ་དྷུ་ར་ཕཱ་ཛྫི་ཨ་ཨི། ཙ་ཨུ་ས་མ་ཀ་ཙྪུ་རཱི་སི་ཧླཱ། ཀཱ་པུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎ་སཱ་ལིཾ་ཛ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲཻ་ཁ་ཎ་ཁཾ་ཊ་ཀ་རནྟེ། ཤུདྡྷ་ཨ་ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཾ་ཤུ་ཨཾ་གེ་ཙ་ཌཱ་ཝི། ཏེ་ཧཱིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། མཱ་ལ་ཨ་ཛེ་ཀུནྡུ་རུ་བཱཊྚ་ཨི། ཌི་ཎྜི་མ་ཏ་ཧིནྣ་བཛྫི་ཨ་ཨི། དྲན་པ་མི་འཕྲོགས་རྣལ་འབྱོར་པས། །ཧེ་རུ་ཀ་ཡི་གཟུགས་ཀྱིས་གར། །


KMC011_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་བྲལ་མིན་གོམས་སེམས་ཀྱིས་ནི། །འདོད་ཆགས་སེམས་ཀྱིས་བསྒོམ་པ་ཉིད། །རྡོ་རྗེ་ཆོས་དང་སངས་རྒྱས་དང་། །རྣལ་འབྱོར་མ་དང་མ་མོ་ཡིས། །གླུ་དང་གར་ནི་འདི་དག་གིས། །ལེགས་པར་གླུ་བླང་གར་ཀྱང་བྱ། །ཞེས་གསུངས་ཏེ། ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྡོ་རྗེའི་གླུ་འདི་འཆད་པ་ལ་གསུམ། དང་པོ་ཡི་གེའི་དོན་དང་ཕྱི་དོན་ལྟར་བཤད་ན། ཀོ་ལ་ཨི་རི་ནི་པཱུ་རྣ་གི་རི་གང་བའི་རི་ཞེས་པའི་བརྡ་སྐད་དེ་ག་ཕྱིས་ནས་ཨི་བཞག་པ། ཥྛི་ཨཱ་གནས་ཏེ་སྠི་ཏིའི་ཏ་ཕྱིས་ནས་ཨ་བཞག་པ། བོ་ལཱ་བརྗོད་མ་ཐག་པ་ལྟར་ཕོའི་དབང་པོ། མུམ་མུ་ཎི་རེ་ཞིང་དུ་གནས་པ། ཀཀྐོ་ལ་མོའི་དབང་པོ། གྷ་ཎ་ཚོགས་ཏེ་ག་ཎའི་ག་ཡིག་གྷ་རུ་བྱས་པ། ཀི་པཱ་ཊ་ཅང་ཏེའུ། ཀྲྀའི་ར་ཕྱིས་པ། ཧོ་བཛྫ་ཨི་དཀྲོལ་བར་བྱ། ཀ་རུ་ཎི་སྙིང་རྗེ། ཀི་ཨ་ཨི་ཎི་རོ་ལ། ཅ་ཅོ་མི་བྱ་ཞེས་པ་ཀི་ལའི་གསལ་བྱེད་ཕྱིས་པ། ཡང་ན་གང་མེ་བྱ་ན། རོ་ལཱ་འཐབ་མོ་མི་བྱ་བའོ། །ཏ་ཧིཾ་དུས་དེར། བ་ལ་ཤ་། ཨི་བཟའ་བར་བྱ། གཱ་ཌེཾ་འབད་པས། མ་ཨ་ཎཱ་ཆང་སྟེ། མ་ད་ནའི་ད་ཕྱིས་ནས་ཨ་བཞག་པ་མྱོས་བྱེད། བིཛྫ་ཨ་ཨི། བཏུང་བར་བྱ་བ། ཧ་ལི་ནི་ཀྱེ་ཧོའམ་


KMC011_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

ཀྭའམ་ཀྱེ་ཞེས་བོད་པ། ཀ་ལིཉྫ་ར་སྐལ་ལྡན་གྱི་བརྡ་སྐད་པ་ཎི་ཨ་ཨི་འོང་དུ་གཞུག །དུ་དྷུ་ར་སྐལ་མེད་ཀྱི་བརྡ་སྐད། ཕཱཛྫི་ཨ་ཨི་སྤང་བར་བྱ། ཙ་ཨུ་ས་མ་བཞི་མཉམ་སྟེ་ལེགས་སྦྱར་སྐད་དུ་ཙ་ཏུཿས་མ་ཞེས་པའི་སྒྲ་ཟུར་ཆག་པ། ཀ་ཙྪུ་རི་གླ་རྩི་སྟེ། ཀསྠུ་རེ་ཟུར་ཆག །སིཧླ་བོད་རྣམས་སི་ལ་ཞེས་ཟེར་བ། ཀསྤུ་ར་ག་བུར། ལ་ཨི་ཨ་ཨི། བྱུག་པར་བྱ། ཞེས་པ་ལ་པིའི་པ་ཕྱིས་ཨི་བཞག་པ། མ་ལ་ཨིནྡྷ་ཎ་ཚེད་མ་ལ་ཏིནྦྷ་ནཾ་ཞེས་པའི་ཏ་ཕྱིས་ཨི་བཞག་པ། སཱ་ལིཾ་ཛ་སཱ་ལུ་སྐྱེས་པ། ཏ་ཧི་དུས་དེར། བྷ་རུ་མང་དུ། ཁ་ཨི་ཨ་ཨི་བཟའ་བར་བྱ། ཞེས་ཁཱ་ཧིའི་གསལ་བྱེད་ཕྱིས་ཏེ་སྲོག་གི་ཨི་བཞག་པ། ཕྲེཾ་ཁ་ཎ་འོང་བའི་ར་ཕྱིས་ཏེ། ཕེཾ་ཁ་ཎ། ཁེ་ཊ་འགྲོ་བའི་བརྡ་སྐད། ཀ་རནྟེ་མི་ཏོག་པ། ཤུདྡྷཱ་དག་པ། ཨ་ཤུདྡྷཱ་མ་དག་པ། སྔ་མ་རྟགས་མཐའི་ཨ་དང་མཚུངས་འདྲ་བྱས་པས། ཤུདྡྷཱ་ཤུདྡྷཾ། ཎ་མ་ཎ་ཨ་ཨི། མི་བལྟ་བའོ། །ནི་རངྴུ་འོད་མེད་ཅེས་ཀུན་མཁྱེན་བུ་སྟོན་གསུངས་ཏེ། ཨ་ཨངྒ་རུས་བརྒྱན། ཨངྒ་ལུས། ཙ་ཌཱ་ཝི་གདགས་པར་བྱ། ཏ་ཧིཾ་དུས་དེར། ཛ་སྐྱེས་པ། ས་རཱ་བ་ཡིད་ཆེས་སམ་རོའི་བརྡ་སྐད། པ་ཎི་ཨ་ཨི་འབུལ་བའམ་གཞུག་པར་བྱ།


KMC011_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ། ཨ་ཛེ་འདུ་བ། ཀུན་ཏུ་རུ་འཁྲིག་པའི་བརྡ་སྐད། བཱ་ཌ་ཨི་བྱེད་པ། ཌིཎྜི་མ་མི་རེག་པ། ཏ་ཧིཾ་དེ་དུས་སུ། ཎ་བཛྫ་ཨཾ་ཨི་ནི་སྤང་བར་མི་བྱ། ཞེས་པ་སྟེ། དེ་དག་ཕྱོགས་གཅིག་ཏུ་བསྡེབས་པའི་དོན་འགྱུར་ཐམས་ཅད་མཁྱེན་པ་རང་བྱུང་ཞབས་ཀྱིས་གནང་བ་ལྟར་ན། གནས་དང་ཞིང་ལ་གནས་པ་ཡི། །རྡོ་རྗེ་པདྨ་འདུས་པ་ན། ཞེས་པ་ནི། གནས་ཀོལླ་གི་རི་དང་ཞིང་མུམྨུ་རིར་གྲགས་པ་ན་གནས་པའི་རྡོ་རྗེ་པདྨས་མཚོན་ཏེ་དཔའ་བོ་དང་རྣལ་འབྱོར་མའི་འདུས་པ་བསྟན་ནས། དེ་རྣམས་ཀྱི་བྱ་བ་ནི། རྒྱུན་དུ་ཅང་ཏེའུ་བརྡུང་བར་བྱ། །སྙིང་རྗེས་ཀུ་ཅོ་བསྒྲག་མི་བྱ། །ཞེས་སམ། སྙིང་རྗེས་འཐབ་རྩོད་མི་བྱ་སྟེ། །དེ་རུ་ཤ་ནི་འབད་པས་བཟའ། །ཆང་ནི་མང་པོ་བཏུང་བར་བྱ། །ཀྱེ་ཧོ་གྲོགས་པོ་སྐལ་ལྡན་གཞུག །སྐལ་པ་མེད་པ་རྣམ་པར་སྤང་། །བཞི་མཉམ་གླ་རྩི་སིཧླ། །ག་པུར་རྣམས་ཀྱིས་བྱུག་པར་བྱ། །ཤ་ཆེན་ལས་བྱས་ཚོད་མ་ནི། །དེར་ནི་མང་དུ་བཟའ་བར་བྱ། །འགྲོ་དང་འོང་བ་རྟོག་མི་བྱ། །དག་དང་མ་དག་མི་བསམ་མོ། །མི་ཡི་རུས་རྒྱན་ལུས་ལ་གདགས། །དེར་ཡང་རོ་ནི་དབུལ་བར་བྱ། །དེར་ནི་རིགས་ངན་སྤང་མི་བྱ། །འདུས་


KMC011_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་གཉིས་ནི་སྦྱོར་བར་བྱ། །ཞེས་པ་སྟེ་གསང་བའི་སྤྱོད་པ་སྒྲ་ཇི་བཞིན་པར་སྤྱད་པའི་དོན་གོ་སླ་ཞིང་ལྷོ་བྲག་མར་པའི་གསུང་རྒྱུན་དུ་ཕྱེ་བཤད་འདི་ཙམ་ལས་མི་མཛད་པར་གྲགས་སོ། །གཉིས་པ་སྦས་པའི་དོན་ནི། དཔལ་ནཱ་རོ་པས། དཀྱིལ་འཁོར་འཁོར་ལོ་ལ་སྦྱར་བ་ལྟར་ན། བོལླ་ནི་རྡོ་རྗེ་བྱང་ཆུབ་ཀྱི་སེམས། ཀོ་བདེ་བ། ལླ་ཨི་རེ་བཟུང་ནས་སོ། །ི་ཨ་བྱང་ཆུབ་ཀྱི་སེམས་རྡོ་རྗེར་གནས་པ། མུམྨུ་ཎི་རེའི་སྒྲས་ལྟེ་བའི་དཀྱིལ་འཁོར། ཀཀྐོ་ལ་ནི་པདྨ་སྟེ་པདྨའི་ཆགས་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་འཁྱུད་པ། གྷ་ཎ་རྒྱུན་མ་ཆད་པར། ཀི་པི་ཊི་རྡོ་རྗེ་བསྐུལ་བ། ཀ་རུ་ཎ་ཞུ་བའི་རྣམ་པས་འཇིག་རྟེན་གསུམ་གྱི་ངོ་བོ་འཛིན་པ་སྟེ། འོན་ཀྱང་བྱང་ཆུབ་ཀྱི་སེམས་ཐམས་ཅད་རྡོ་རྗེའོ། །བོ་ལ་དབང་པོ་གཉིས་སྲུབ་པས་རོལ་ནི་ཚོགས་པར་བཤད་དོ། །ཏ་ཧིཾ་ཞེས་པ་བོ་ལ་ཀཀྐོ་ལ་སྦྱོར་བ་ན་བ་ལ་བཟའ་བར་བྱའོ། །བ་ལ་ནི་ཤ་སྟེ་དེ་བཞིན་གཤེགས་པ་ལྔ་གཟུགས་སོགས་ཀྱི་རང་བཞིན་ཡིན་པས་ཕུང་པོ་ལྔའོ། །དེ་རྣམས་བཟའ་བར་བྱ་ཞིང་རང་བཞིན་མེད་པར་བྱས་ཏེ་བྱང་ཆུབ་ཀྱི་སེམས་ཞུ་བར་གྱུར་པ་ཉིད་དང་། མ་ད་ན་ཆང་སྟེ་མེ་ལོང་ལྟ་


KMC011_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལ་སོགས་པའི་ཡེ་ཤེས་ལྔ་དང་ལྡན་པའི་བྱང་སེམས་སོ། །ག་ཌེཾ་ནི་བོ་ལ་ཀཀྐོ་ལ་སྦྱར་བས་ཡང་དག་པར་བསྣམས་ནས་ཆེར་བཏུང་བ། ཧ་ལེ་བོད་པ། ཀཱ་ལིཉྫ་ར་སྐལ་བར་ལྡན་པ་བྱང་ཆུབ་ཀྱི་སེམས་པདྨའི་ཟེའུ་འབྲུར་འདུག་པ། དུ་དྷུ་ར་སྐལ་མེད་མིག་སོགས་སྐྱེ་མཆེད། དོར་བ་ནི་སེལ་བར་བྱེད་པ་སྟེ་རང་བཞིན་མེད་པའི་གནས་སུ་རྣམ་པར་འཇོག་པའོ། །བཞི་མཉམ་གྱི་སྒྲས་རྣམ་སྣང་། གླ་རྩི་མི་བསྐྱོད་པ། སིཧླ་རིན་ཆེན་འབྱུང་ལྡན། ག་པུར་འོད་དཔག་མེད་རྣམས་ལྷན་ཅིག་བཅོམ་ལྡན་འདས་དབྱེར་མེད་པའི་ཡན་ལག་གིས་བཞུགས་པ། ཚེད་མ་ཕུང་པོ་ལྔ། ཤ་ལི་ཛ་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱུན་མི་ཆད་པར་བདག་གི་དབང་དུ་བྱ་བ། འགྲོ་བ་དང་འོང་བ་འདི་དག་འགོག་པས་དག་པ་དང་མ་དག་པའི་ཤེས་པས་རྟོགས་པར་མི་ནུས་སོ། །རུས་པའི་རྒྱན་འདིས་ཡེ་ཤེས་ལྔའི་བདག་ཉིད་བྱང་ཆུབ་ཀྱི་སེམས་རྡོ་རྗེ། ཙ་ཌ་བི་ཡིད་ལ་མི་བྱེད་པར་འཇོག་པ། ཤྲ་བ་རོ་སྟེ་བདག་མེད་པའི་བྱང་སེམས་པདྨའི་སྣ་རྩེར་གནས་པ། བདེ་བ་དང་ལྷན་ཅིག་མིག་ལ་སོགས་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་རྒྱུར་བྱས་ནས་བྱང་སེམས་རྡོ་རྗེ་ཤེས་


KMC011_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

རབ་དང་ལྷན་ཅིག་ཏུ་འདུ་བ། ཀུན་ཏུ་རུ་ནི་གཉིས་འདུ་བ། རབ་ཏུ་འཇུག་པ་ནི་རེག་པ་ཡིན་ལ། ཌིཎྜཱི་མི་རེག་པ་སྟེ་ཐམས་ཅད་གཅིག་ཏུ་གྱུར་པའི་ཕྱིར་རོ། །གསུམ་པ་རྒྱ་འགྲེལ་ཕལ་ཆེར་གྱི་དགོངས་པ་རང་བྱིན་རླབས་ལ་སྦྱར་ན། ཀོལླ་སོགས་སྤྱི་བོའི་འཁོར་ལོ། བོ་ལ་ཐབས་ཧ་ཡིག །མུམྨུ་ཎི་ལྟེ་བའི་འཁོར་ལོ། ཀཀྐོ་ལ་ཨཾ་ཡིག །བྷ་ཎ་སོགས་དེ་གཉིས་ཚོགས་པའི་ནཱ་དའི་བདག་ཉིད་ཅང་ཏེའི་སྒྲ་ལས་ཉོན་གྱི་བག་ཆགས་འཇོམས་པའི་ཆེད་དུ་རྒྱུན་མི་ཆད་པར་སྒྲོག་པ། གྱེན་དུ་བསྐྱོད་པའི་གཏུམ་མོ་རོ་ལཱ་རྩོད་པ་མ་ཡིན་པར། ཀ་རུ་ཎ་ཐབས་ཀྱི་ངོ་བོ་ལ་རྟག་ཏུ་འཁྱུད་པས་བསྐུལ་ནས། ཏ་ཧིཾ་སྦྱོར་བ་གོམས་པ་ལ་བརྟེན་ཏེ་འཁོར་ལོ་སོ་སོའི་ས་བོན་བསྲེགས་བ་ཟ་བ་དང་། མ་ད་ན་བྱང་སེམས་ཀྱི་རྒྱུན་མི་འཛག་པར་འཐུང་ཞིང་། ཤ་གཟུང་བའི་ཡུལ། ཆང་འཛིན་པའི་སེམས། ཟ་འཐུང་གི་དོན་སྣང་བ་མེད་པར་བྱེད་ལ། གཱ་ཌེཾ་གཉིས་མེད་བརྟན་པར་གྱུར་པ། སྐལ་ལྡན་ཐབས་ཤེས་དབྱེར་མེད་ཀྱི་ཡེ་ཤེས་ལ་གཞུག་ཅིང་། སྐལ་མེད་སྟོང་ཉིད་ལ་ཞེན་པ་འདོར་བ། བཞི་མཉམ་སྙིང་གའི་པདྨའི་ཕྱོགས་ཀྱི་ཡི་གེ་འབྱུང་བཞིའི་ལྷ་མོ་བཞི་


KMC011_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་བཞིར་གནས་པ། གླ་རྩི་ལྟེ་བའི་ྃཧཱུ། སིཧླ་མགྲིན་པའི་འཁོར་ལོའི་ལྟེ་བར་། ག་པུར་སྤྱི་བོར་འདབ་མའི་དབྱངས་བཅུ་དྲུག །མཱ་ལ་ལྟེ་བའི་འདབ་མའི་སྡེ་པ་བདུན་གྱི་ཡི་གེ། ཨིནྡྷ་སྙིང་གའི་ཨ་ཨི་ཨུ་ཨེ་དང་མགྲིན་པར་ཡི་གེ་དེ་དག་རིང་པོ། སཱ་ལི་ཕུང་ཁམས་རྣམས། བྷ་རུ་ག་བ་ལ། ཟ་བ་ལོངས་སྤྱོད་པ་སྟེ། མདོར་ན་དེའི་དྲི་མ་དག་ཅིང་བདེ་བ་དམ་པ་ཐོབ་པའོ། །ཕེཾ་སོགས་ཨཾ་གི་འོད་ཟེར་སྟེང་དུ་འགྲོ་བ། ཁེ་ཌ་ཧཾ་ལས་དཀར་ཆ་འོག་ཏུ་བབ་པས་མ་དག་པ་མི་དམིགས་པ་འགྱུར་ཞིང་། ནི་རཾ་ཤུ་ཟླ་ཕྱེད། ཨཾ་ག་ལུས་ཏེ་སྔ་མའི་ཡི་གེ་རྣམས་ཐིག་ལེས་བརྒྱན་པའི་དོན་ཏོ། །མགོ་བོའི་སྟེང་ནས་ཤ་རའི་སྒྲས་བདུད་རྩི་འཛག་པ་ཐིག་ལེའི་རྣལ་འབྱོར་དང་། ལྟེ་འོག་སོར་བཞི་ནས་འོད་ཟེར་སླར་འབར་བས། བདུད་རྩིའི་ཐིག་ལེ་ལ་སེམས་འཛིན་པ་ཀུན་ཏུ་རུ་སྟེ། དེས་དབུ་མ་མི་སྤོང་བ་ཕྲ་མོའི་རྣལ་འབྱོར་གྱི་རིམ་པས། ཉོན་མོངས་དང་བཅས་པའི་རྩ་དང་ཡི་གེ་བསྲེག་ཅིང་སྦྱང་ནས། དྲི་མ་མེད་པའི་ལྷན་སྐྱེས་ཀྱི་ངོ་བོས་ལུས་ཐམས་ཅད་དག་པར་བྱས་ཏེ་བདེ་སྟོང་ཟུང་འཇུག་གི་རྟོགས་པ་བསྐྱེད་པའི་དོན་ཏོ། །འདི་དག་ལ་པདྨ་ཅན་སོགས་རྒྱ་


KMC011_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་རྣམས་ནས་བཤད་ཚུལ་ཤིན་ཏུ་རྒྱས་པར་འབྱུང་ཡང་འདིར་ནི་དེ་ཙམ་ལས་མ་སྤྲོས་སོ། །གླུ་འདི་ཚིགས་སུ་བཅད་པས་དྲུག་སྐྱེས་སོགས་ཀྱི་བརྡ་དང་སྦྱར་བའི་ཚུལ་གྱིས་བླང་བ་དང་གར་བྱེད་པའི་ཚེ། བསྐྱེད་རིམ་པས་ཀྱེའི་རྡོ་རྗེ་བཞི་པོ་གང་རུང་ངམ་རྣལ་འབྱོར་མའི་སྐུར་དམིགས་པའི་དྲན་པ་གཅིག་ལ་རྐྱེན་གྱིས་མི་འཕྲོག་པ་དང་། རྫོགས་རིམ་པས་དྲན་པ་ཉོན་མོངས་པས་མི་འཕྲོགས་ཤིང་བར་དུ་མ་བཅད་པའི་རྣལ་འབྱོར་གོམས་པ་ལས། ཧེ་རུ་ཀའི་གཟུགས་ཀྱིས་ཏེ་གར་གྱི་ཉམས་དགུ་དང་ལྡན་པས་གར་ཇི་ལྟར་བྱ་བའི་དུས་སུ། ལྷ་དང་སེམས་ཅན་ལ་རྗེས་སུ་ཆགས་པ་དང་བྲལ་བར་མིན་པར་བྱང་ཆུབ་ཀྱི་སེམས་དང་། བསྐྱེད་པའི་ང་རྒྱལ་གོམས་ཤིང་རྒྱུད་ལ་འདྲིས་པར་བྱས་པའི་སེམས་ཀྱིས་ནི་གར་བྱ་བ་དང་། བདེ་བ་ཆེན་པོའི་རང་བཞིན་འདོད་ཆགས་ཀྱི་རྣམ་པའི་སེམས་ཀྱིས་འདོད་ཆགས་ཅན་འདུལ་བར་བསྒོམ་པ་ཉིད་དེ། རྡོ་རྗེ་མགུར་ལས། གླུ་དང་གར་ལ་རབ་ཞེན་པའི། །སེམས་ཅན་རྣམས་ནི་བསྡུ་བའི་ཕྱིར། །སངས་རྒྱས་གར་མཁན་རོལ་པར་མཛད། །སངས་རྒྱས་མཁན་གར་རྡོ་རྗེ་ཡི། །འདོད་ཆགས་ཅན་


KMC011_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བྱང་ཆུབ་སྒྲུབ། །ཅེས་པ་འདི་བཤད་ལ། ཐབས་ཀྱིས་གླུ་ལེན་ན་རྡོ་རྗེ་ཆོས་འོད་དཔག་མེད་དང་། གར་བྱེད་ན་སངས་རྒྱས་རྣམ་སྣང་གི་ཚུལ་གྱིས་བྱ་བ་དང་། ཤེས་རབ་མས་གླུ་ལེན་ན་རྣལ་འབྱོར་མ་གོས་དཀར་མོ་དང་། གར་བྱེད་ན་མ་མ་སྤྱན་མ་ཡིས་བྱ་སྟེ། གླུ་འདིར་བཤད་མ་ཐག་པ་དང་གར་བཤད་རྒྱུད་དུ་རྒྱས་པར་བསྟན་པ་རྣམས་ནི་ཐབས་ཤེས་སོ་སོའི་ལྷའི་རྣལ་འབྱོར་འདི་དག་གིས། ལེགས་པར་གླུ་བླང་བ་དང་། སྤྲོ་བའི་སེམས་ཀྱིས་རྐང་སྟབས་བརྒྱད་སོགས་དོན་དང་འབྲེལ་བའི་གར་ཡང་བྱའོ། །འདིའི་ངེས་དོན་ནཱ་རོ་པས། རྡོ་རྗེ་ཆོས་ཀྱི་ཞེས་པ་ལ་བརྗོད་དུ་མེད་པའི་དོན་གསལ་བར་བྱེད་པ་གསུང་རྡོ་རྗེའི་བདག་ཉིད་གླུ་རྣམས་ཀྱིས་སོ། །སངས་རྒྱས་ཀྱིས་ཞེས་པ་ཟག་པ་མེད་པའི་འཇིག་རྟེན་གྱི་ཁམས་རྣམས་སུ་མཚན་དང་དཔེ་བྱད་ཀྱི་ངོ་བོའི་སྐུ་སྒྱུ་མ་ལྟ་བུའི་དོན་རབ་ཏུ་རྟོགས་པར་བྱེད་པ་ལོངས་སྤྱོད་རྫོགས་པའི་གར་རྣམས་ཀྱིས་སོ་ཞེས་བཤད་དོ། །གཉིས་པ་ཕན་ཡོན་ནི། འདི་ཉིད་ཀྱིས་ནི་ཚོགས་བསྲུང་ཞིང་། །དེ་བཞིན་བདག་ཀྱང་བསྲུང་བ་ཉིད། །འདིས་ནི་འཇིག་རྟེན་དབང་དུ་བྱེད། །འདིས་ནི་སྔགས་ཀྱི་བཟླས་པ་


KMC011_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །ཅེས་གསུངས་ཏེ། གླུ་གར་དེ་ལྟར་བྱས་པ་འདི་ཉིད་ཀྱིས་སྒྲུབ་པ་པོའི་འཁོར་གྱི་ཚོགས་འཚེ་བ་ལས་བསྲུང་ཞིང་། དེ་བཞིན་དུ་རྣལ་འབྱོར་པ་བདག་ཀྱང་འཇིགས་པ་ལས་བསྲུང་བ་ཉིད་དེ། རྡོ་རྗེ་མགུར་ལས། འཆི་བའི་ཚེའམ་མུ་གེའམ། །ཕས་ཀྱི་རྒོལ་བའི་གནོད་པའམ། །རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང་། །ཆར་མེད་པ་དང་ཞི་བའོ། །ཞེས་སོགས་གསུངས་པ་ལྟར། ཉེས་པ་དེ་རྣམས་ལས་རང་གཞན་སྲུང་བ་དང་། འདིས་ནི་འཇིག་རྟེན་ལྷ་དང་མི་ཡིད་དགའ་བས་དབང་དུ་བྱེད་ལ། འདིས་ནི་དཔའ་བོ་དང་རྣལ་འབྱོར་མ་རྣམས་རྒྱུད་བསྐུལ་བའམ་ཡིད་སྐྱོབ་པའམ་གླུ་ཚིག་ཐམས་ཅད་སྔགས་ཀྱི་བཟླས་པ་རྣམ་པར་དག་པས་དེ་ཉིད་མཆོག་ཏུ་བྱས་པའང་འགྱུར་རོ། །གསུམ་པ་ནི། གང་དུ་གུས་པས་གླུ་ལེན་དང་། །གང་དུ་གུས་བཅས་གར་བྱེད་པ། །ཚོགས་ཀྱི་བདག་པོས་སྔར་བྱས་ནས། །དེ་ལ་དྲི་ནི་མཚོན་པར་བྱ། །སྒོག་པའི་དྲི་ནི་དང་པོ་ཉིད། །དེ་ནས་ཡང་ནི་བྱ་རྒོད་དྲི། །ག་བུར་མ་ལ་ཡ་ཛཾ་ཉིད། །ངང་པ་དང་ནི་བུང་བའི་སྒྲ། །གླུ་ཡི་མཐའ་ནས་མཉན་པར་བྱ། །བ་ལང་ཚེ་ཡི་སྒྲ་ཡང་ནི། །ཕྱི་རོལ་ཚལ་དུ་མཚོན་བྱ་


KMC011_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བ། །གླུ་ཡི་བྱིན་རླབས་མཚན་ཉིད་དོ། །ཞེས་གསུངས་ཏེ། དཀྱིལ་འཁོར་གྱི་སའི་ཆོ་ག་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པའི་དུས་སུ་གནས་གང་དུ། རྒྱུད་ལས་དགོས་པ་ཁྱད་པར་ཅན་དང་ལྡན་པར་གསུངས་པ་ལ་གུས་པས་གླུ་དེ་ལྟར་ལེན་པ་དང་གང་དུ་བྱིན་གྱིས་རློབ་པ་ལ་གུས་པ་དང་བཅས་པའི་སེམས་ཀྱིས་གར་བྱེད་པ་དེའི་ཚེ། དཔའ་བོ་དང་དཔའ་མོའི་ཚོགས་ཀྱི་འཁོར་ལོའི་བདག་པོས་ཏེ་སློབ་དཔོན་གྱིས། ཐམས་ཅད་ཀྱི་སྔར་ཏེ་སྔོན་དུ་བྱས་ནས། གཞན་རྣམས་ཀྱིས་ཀྱང་དེའི་རྗེས་སུ་སློབ་པར་བྱའོ། །དེ་ལ་མཁའ་འགྲོ་མས་བྱིན་གྱིས་རློབ་ཅིང་འདུ་བའི་མཚན་མ་དྲིས་ནི་མཚོན་པར་བྱ་སྟེ། སྒོག་པའི་དྲི་ལྟ་བུ་ལྡང་བ་ནི་དང་པོ་ཉིད་དུ་འབྱུང་ཞིང་། དེ་ནས་ཡང་ནི་བྱ་རྒོད་ཀྱི་ལུས་ཀྱི་དྲི་ང་བ་ལྟ་བུ་དང་། སླར་ག་བུར་དང་མ་ལ་ཡ་ཛཾ་སྟེ། ཙནྡན་གྱི་དྲི་ཞིམ་པོ་ཉིད་འབྱུང་བ་གར་གྱི་བྱིན་རླབས་དང་། གླུ་ལེན་པའི་དུས་སུ། ངང་པའི་སྐད་ཀྱི་གདངས་ལྟ་བུ་དང་ནི། བུང་བའི་སྒྲ་ལྟར་རྒྱུན་ཆགས་པ་དག །གླུའི་མཐའ་མ་ནས་མིའི་རྣ་བར་སྙན་པ་མཉན་དུ་རུང་བ་འབྱུང་བས་མཉན་པར་བྱ་བ་དང་། བ་ལང་ལ་འཚེ་བའི་ལྕེ་སྤྱང་རྣམས་སྒྲ་


KMC011_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

འབྱིན་པ་ལྟ་བུ་ཡང་ནི་ཚོགས་ཁང་ནང་ངམ་གནས་ཀྱི་ཕྱི་རོལ་གྱི་ཚལ་དུའང་མཚོན་པར་བྱ་བ་གླུའི་བྱིན་རླབས་ཀྱི་མཚན་ཉིད་དོ། །འདི་དག་གི་ངེས་དོན་ཡང་། ཁ་སྦྱོར་དྲི་མེད་ལས། སྒོག་པའི་སྐད་དོད་ལ་སུ་ན་རོལ་རྩེད་ཀྱི་ངེས་ཚིག་དང་པོའི་དགའ་བའི་ཡེ་ཤེས། གྲྀ་ཌྷ་འདོད་པ་དང་མངོན་པར་འདོད་པ་བྱ་རྒོད་ཀྱི་དྲི་མཆོག་དགའ། ག་བུར་གྱི་དྲི་ཁྱད་དགའ། མ་ལ་ཡ་ཛ་བཞི་པ་ལྷན་སྐྱེས་སོ། །ངང་པ་ཧཾ་ས་ཐུགས་རྡོ་རྗེ། བུང་བ་རྐང་དྲུག་གིས་དྲུག་པ་རྡོ་རྗེ་འཆང་གི་ཡེ་ཤེས་ཀྱི་རང་བཞིན། གོའི་སྒྲས་དབང་པོ་རྣམས་གཟུང་འཛིན་གཅོད་པ་ལྕེ་སྤྱང་། ཕྱི་རོལ་ཡུལ་རྣམས། ཚལ་ཡང་དག་པའི་ཡེ་ཤེས། སྒྲ་ནཱ་དའི་རང་བཞིན་ཞེས་འཆད་དོ། །གཉིས་པ་ཕྱག་རྒྱའི་དོན་ལ་གཉིས། ཕྱག་རྒྱའི་དགོས་པ་དང་རྒྱས་མ་བཏབ་པའི་ཉེས་པ། རྒྱས་འདེབས་དངོས་སོ། །དང་པོ་ནི། ཕྱག་རྒྱ་རྟགས་དང་མཚན་མ་སྟེ། །འདིས་ནི་རིགས་ནི་མཚོན་པར་བྱ། །རིགས་འཆོལ་བསྒོམ་པའི་སྦྱོར་བ་ལས། །དངོས་གྲུབ་མེད་ཅིང་སྒྲུབ་པོའང་མེད། །ཅེས་གསུངས་ཏེ། ལྷ་མོ་གང་ལ་རིགས་གང་གིས་རྒྱས་བཏབ་པའི་ཕྱག་རྒྱ་ནི་རིགས་ཀྱི་རྟགས་དང་། འདེ་བས་


KMC011_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དེའི་རིགས་ཅན་དུ་མཚོན་པར་བྱེད་པའི་མཚན་མ་སྟེ། ཚུལ་འདིས་ནི་རིགས་རྣམས་ནི་སོ་སོར་མཚོན་ཏེ་བསྒོམ་པར་བྱའོ། །གལ་ཏེ་རིགས་དང་རྒྱས་འདེབས་འཆོལ་ཏེ་འཁྲུགས་པ་དང་། རིགས་བདག་མེད་པར་བསྒོམ་པའི་སྦྱོར་བ་ལས། འདོད་པའི་དངོས་གྲུབ་ཐོབ་པ་མེད་ཅིང་སྒྲུབ་པོའང་དོན་གྱི་འབྲས་བུ་མེད་པར་འགྱུར་བས། རིགས་བདག་ཐ་དད་པ་བསྒོམ་དགོས་སོ། །གཉིས་པ་ནི། ཞེ་སྡང་ཕྱག་རྒྱས་བདག་མེད་མ། །གཏི་མུག་ཕྱག་རྒྱས་རྡོ་རྗེ་མ། །སེར་སྣའི་ཕྱག་རྒྱས་དཀར་མོ་ཉིད། །ཆགས་པས་ཆུ་མ་ཕྱག་རྒྱས་གདབ། །ཕྲག་དོག་ཕྱག་རྒྱས་མཁའ་འགྲོ་མ། །ཞེ་སྡང་ཕྱག་རྒྱས་པུཀྐ་སཱི། །གཏི་མུག་ཕྱག་རྒྱས་རི་ཁྲོད་མ། །སེར་སྣའི་ཕྱག་རྒྱས་གདོལ་པ་མོ། །འདོད་ཆགས་ཕྱག་རྒྱས་གཡུང་མོ་ཉིད། །ཡང་ནི་དཀར་མོ་ཞེ་སྡང་ལས། །གཏི་མུག་ཕྱག་རྒྱས་ཆོམ་རྐུན་མ། །སེར་སྣའི་ཕྱག་རྒྱས་རོ་ལངས་མ། །འདོད་ཆགས་ཕྱག་རྒྱས་གྷསྨ་རཱི། །གཏི་མུག་ཕྱག་རྒྱས་ས་སྤྱོད་མ། །འདོད་ཆགས་ཕྱག་རྒྱས་མཁའ་སྤྱོད་མ། །འདོད་པས་ཕྱག་རྒྱར་ཤེས་པར་བྱ། །ཞེས་གསུངས་ཏེ། དེ་ཡང་ཞེ་སྡང་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མི་


KMC011_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱོད་པའི་ཕྱག་རྒྱས་རྣམ་པར་ཤེས་པའི་ཕུང་པོའི་ངོ་བོ་བདག་མེད་མ་ལ་རྒྱས་འདེབས་པ་དང་། གཏི་མུག་དག་པ་མེ་ལོང་ཡེ་ཤེས་རྣམ་སྣང་གི་ཕྱག་རྒྱས་གཟུགས་ཕུང་གི་རང་བཞིན་རྡོ་རྗེ་མ་དང་། སེར་སྣ་དག་པ་མཉམ་ཉིད་ཡེ་ཤེས་རིན་འབྱུང་གི་ཕྱག་རྒྱས་ཚོར་བའི་ཕུང་པོའི་རང་བཞིན་དཀར་མོ་ཉིད་དང་། འདོད་ཆགས་དག་པ་སོ་སོར་རྟོག་པའི་ཡེ་ཤེས་འོད་དཔག་མེད་པས་འདུ་ཤེས་ཀྱི་ཕུང་པོའི་རང་བཞིན་ཆུའི་རྣལ་འབྱོར་མ་ལ་ཕྱག་རྒྱས་གདབ་པ་དང་། ཕྲག་དོག་དག་པ་བྱ་གྲུབ་ཡེ་ཤེས་དོན་ཡོད་གྲུབ་པའི་ཕྱག་རྒྱས་འདུ་བྱེད་ཀྱི་ཕུང་པོའི་རང་བཞིན་རྡོ་རྗེ་མཁའ་འགྲོ་མ་ལ་རྒྱས་གདབ་སྟེ། ཕུང་པོ་ལྔ་དང་ཡེ་ཤེས་གཉིས་སུ་མེད་པར་གྲུབ་པས་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱས་འདེབས་སུ་བཤད་དོ། །དེ་བཞིན་དུ་ངེས་པར་བྱས་ཏེ། ཞེ་སྡང་མི་བསྐྱོད་པའི་ཕྱག་རྒྱས་པུཀྐ་སཱི་ལ་བཏབ་པ་ལུས་ལ་སེམས་ཀྱི་རྒྱ་དང་། གཏི་མུག་རྣམ་སྣང་གི་ཕྱག་རྒྱས་རི་ཁྲོད་མ་ལ་བཏབ་པ་སེམས་ལ་ལུས་ཀྱི་རྒྱ་དང་། སེར་སྣ་རིན་འབྱུང་གི་ཕྱག་རྒྱས་གདོལ་པ་མོ་ལ་བཏབ་པ་རྒྱུ་ལ་འབྲས་བུའི་རྒྱ་དང་། འདོད་ཆགས་འོད་དཔག་མེད་ཀྱི་ཕྱག་རྒྱས་


KMC011_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གཡུང་མོ་ཉིད་ལ་བཏབ་པ་འབྲས་བུ་ལ་རྒྱུའི་རྒྱ་དང་། ཚུལ་དེས་ཡང་ནི་དཀར་མོ་ལ་ཞེ་སྡང་ལས་བྱུང་བའི་མི་བསྐྱོད་པས་རྒྱས་བཏབ་པ་ལུས་ལ་སེམས་ཀྱི་རྒྱ་དང་། གཏི་མུག་རྣམ་སྣང་གི་ཕྱག་རྒྱས་ཆོམ་རྐུན་མ་ལ་བཏབ་པ་སེམས་ལ་ལུས་ཀྱི་རྒྱ་དང་། སེར་སྣ་རིན་འབྱུང་གི་ཕྱག་རྒྱས་རོ་ལངས་མ་ལ་བཏབ་པ་རྒྱུ་ལ་འབྲས་བུའི་རྒྱ་དང་། འདོད་ཆགས་འོད་དཔག་མེད་ཀྱི་ཕྱག་རྒྱས་གྷསྨ་རཱི་ལ་བཏབ་པ་འབྲས་བུ་ལ་རྒྱུའི་རྒྱ་དང་། གཏི་མུག་རྣམ་སྣང་གི་ཕྱག་རྒྱས་ས་སྤྱོད་མ་ལ་བཏབ་པ་དང་། འདོད་ཆགས་འོད་དཔག་མེད་ཀྱི་ཕྱག་རྒྱས་མཁའ་སྤྱོད་མ་ལ་བཏབ་པ་གཉིས་ངོ་བོ་ཉིད་ལ་ཉིད་ཀྱི་རྒྱ་སྟེ། རྒྱས་འདེབས་ཚུལ་བཞིན་བྱེད་པར་འདོད་པས་དེ་རྣམས་ལྷ་སོ་སོའི་ཕྱག་རྒྱར་ཤེས་པར་བྱའོ། །གསུམ་པ་ལྷ་མོ་བཅོ་ལྔའི་ས་བོན་ནི། ཨཱ་ལི་དང་པོ་བདག་མེད་མ། །ཨཱ་ལི་གཉིས་པ་རྡོ་རྗེ་མ། །ཨཱ་ལི་གསུམ་པ་དཀར་མོ་ཉིད། །བཞི་པ་ཆུ་ཡི་རྣལ་འབྱོར་མ། །ལྔ་པ་རྡོ་རྗེ་མཁའ་འགྲོ་མ། །དྲུག་པ་པུཀྐ་སཱི་ཞེས་བརྗོད། །བདུན་པ་ཉིད་ནི་རི་ཁྲོད་མ། །བརྒྱད་པ་སྨེ་ཤ་ཅན་དུ་བརྗོད། །དགུ་པ་ཡང་ནི་གཡུང་མོ་ཉིད། །ཡན་ལྔ་གཉིས་དཀར་མོ་ཉིད། །བཅུ་


KMC011_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཆོམ་རྐུན་མ་རུ་བརྗོད། །བཅུ་གཉིས་རོ་ལངས་མ་ཞེས་བརྗོད། །བཅུ་གསུམ་པ་ནི་གྷསྨ་རཱི། །ཅུ་བཞི་པ་ནི་ས་སྤྱོད་མ། །བཅོ་ལྔ་པ་ནི་མཁའ་སྤྱོད་མ། །རྣལ་འབྱོར་མ་ཡི་ས་བོན་ཉིད། །ཅེས་གསུངས་ཏེ། དེ་ཡང་ཨཱ་ལི་བཅུ་དྲུག་ལས། དང་པོ་ཨ་ཐུང་ངུ་ནི་གཙོ་མོ་བདག་མེད་མའི་ས་བོན་ནོ། །ཨཱ་ལི་གཉིས་པ་ཨཱ་རིང་པོ་ནི་རྡོ་རྗེ་མའི་ས་བོན། ཨཱ་ལི་གསུམ་པ་ཨི་ཐུང་ངུ་ནི་དཀར་མོ་ཉིད་དང་། བཞི་པ་ཨཱི་རིང་པོ་ནི་ཆུའི་རྣལ་འབྱོར་མ། ལྔ་པ་ཨུ་ཐུང་ངུ་ནི་རྡོ་རྗེ་མཁའ་འགྲོ་མ། དྲུག་པ་ཨཱུ་རིང་པོ་ནི་པུཀྐ་སཱི་ཞེས་བརྗོད་པའི་དང་། བདུན་པ་རྀ་ཐུང་ངུ་ནི་རི་ཁྲོད་མ། བརྒྱད་པ་རཱྀ་རིང་པོ་ནི་སྨེ་ཤ་ཅན་ཏེ་གདོལ་པ་མོའི་ས་བོན་དུ་བརྗོད་པ་དང་། དགུ་པ་ྀ་ཐུང་ངུ་ཡང་ནི་གཡུང་མོ་ཉིད་དང་། ཡང་ནི་ལྔ་གཉིས་ཏེ་བཅུ་པ་ྀ་རིང་པོ་ནི་དཀར་མོ་ཉིད་དང་། བཅུ་གཅིག་པ་ཨེ་ཐུང་ངུ་ནི་ཆོམ་རྐུན་མ་རུ་བརྗོད་པའི་དང་། བཅུ་གཉིས་པ་ཨཻ་རིང་པོ་ནི་རོ་ལངས་མ་ཞེས་བརྗོད་པའི་དང་། བཅུ་གསུམ་པ་ཨོ་ཐུང་ངུ་ནི་གྷསྨ་རཱི། བཅུ་བཞི་པ་ཨཽ་རིང་པོ་ནི་ས་སྤྱོད་མ། བཅོ་ལྔ་པ་ཨཾ་ནི་མཁའ་སྤྱོད་མའི་ས་བོན། དེ་ལྟར་ཡི་གེ་བཅོ་ལྔ་པོ་རྣམས་


KMC011_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་བཞིན་རྣལ་འབྱོར་མ་བཅོ་ལྔ་རྣམས་ཀྱི་ས་བོན་ཉིད་ཡིན་ནོ། །ངེས་པའི་དོན་ཀྱང་ཁ་སྦྱོར་དྲི་མེད་ལས། དགའ་བ་དང་མཆོག་དགའ་དང་དགའ་བྲལ་གྱི་རང་བཞིན་མཁའ་འགྲོ་མ་གསུམ། བཞི་པ་བྱང་ཆུབ་ཀྱི་སེམས་ཏེ་འདི་ལ་དེའི་རྣལ་འབྱོར་ཡོད་པས་སོ། །ལྔ་པ་མེ་ལོང་སོགས་ཡེ་ཤེས་ལྔའི་བདག་ཉིད། དྲུག་པ་ཡེ་ཤེས་དེ་རྣམས་སྤྲོ་བའི་རང་བཞིན་ཐབས། བདུན་པ་དེ་དང་ཤེས་རབ་གཉིས་མེད། བརྒྱད་པ་རྡོ་རྗེ་གསུམ་མི་ཕྱེད་པ། དགུ་པ་གཟུང་འཛིན་ཀུན་སྤངས་པ། བཅུ་པ་སྤྲོ་བསྡུའི་ཡེ་ཤེས་སོགས་དང་། ཡང་ན་རྩ་བའི་དབྱངས་ལྔ་བདེན་པ་གཉིས་ཀྱི་དབྱེ་བས་བཅུ་དང་། བཅུ་གཅིག་པ་འོད་གསལ་བ། བཅུ་གཉིས་པ་ཡང་དག་པའི་ཡེ་ཤེས། བཅུ་གསུམ་པ་བདེ་བ་ཆེན་པོ། བཅུ་བཞི་པ་བརྟན་པའི་ཡེ་ཤེས། བཅོ་ལྔ་པ་ཆོས་ཀྱི་དབྱིངས་ཞེས་བཤད་དོ། །བཞི་པ་རྫོགས་རིམ་རྒྱས་བཤད་ལ་གསུམ། རྟེན་རྩའི་རྣམ་དགབྱང་ཆུབ་ཀྱི་སེམས་མི་སྤང་བར་བསྟན་པ། དེ་མངོན་དུ་བྱེད་པའི་ཐབས་སོ། །དང་པོ་ནི། རིགས་ཀྱི་ལེའུ་ལས་རྩ་རྣམས་གང་། །བཅུ་དྲུག་གཉིས་ཀྱི་བདག་ཉིད་གསུངས། །རྩ་ནི་གཉིས་གཉིས་རྣལ་འབྱོར་མ། །རེ་རེའི་


KMC011_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་རྣམས་སུ་བརྗོད། །རྐྱང་མ་རོ་མ་ཀུན་འདར་མ། །བདག་མེད་རྣལ་འབྱོར་མ་ཞེས་བརྗོད། །གང་ཕྱིར་བཅུ་དྲུག་ཆ་མེད་པས། །འབད་པས་ཀུན་གྱི་ལྷག་མ་སྤང་། །ཅིའི་སླད་དུ་ཞེ་ན། དོན་གྱི་བྱ་བ་མི་བྱེད་ཕྱིར། །བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལིའི་གཟུགས། །རྣལ་འབྱོར་མ་རྣམས་དེ་ཡི་ཆ། །ཞེས་གསུངས་ཏེ། དྲི་བའི་ཐེ་ཚོམ་བཞི་པ་རྡོ་རྗེ་རིགས་ཀྱི་ལེའུ་ལས་རྩ་རྣམས་རྒྱས་པར་གང་བསྟན་པའི་བཅུ་དྲུག་ཚན་གཉིས་ཀྱི་བདག་ཉིད་སུམ་ཅུ་རྩ་གཉིས་སུ་གསུངས་པ་ལས། རྩ་ནི་གཉིས་གཉིས་རྣམ་པར་དག་པ་རྡོ་རྗེ་མ་སོགས་རྣལ་འབྱོར་མ་རེ་རེའི་རྣམ་པའམ་རིམ་པ་རྣམས་སུ་བརྗོད་དེ། མི་ཕྱེད་མ་དང་གཞོལ་མ་རྡོ་རྗེ་མ། ཕྲ་གཟུགས་མ་དང་རངས་མ་གསང་བའི་གཽ་རཱི་མ། རྩེ་བ་མ་དང་སྤྱི་མ་ཆུའི་རྣལ་འབྱོར་མ། གཡོན་པ་མ་དང་རྒྱུ་སྦྱིན་མ་རྡོ་རྗེ་མཁའ་འགྲོ་མ། ཐུང་ངུ་མ་དང་སྦྱོར་བྲལ་མ་པུཀྐ་སཱི། རུས་སྦལ་སྐྱེས་མ་དང་སྡུ་གུ་མ་ཤ་ཝ་རཱི། སྒོམ་པ་མ་དང་གྲུབ་མ་ཙནྡྲ་ལཱི། དབང་མ་དང་འཚེད་མ་གཡུང་མོ། སྐྱོན་མ་དང་ཡིད་བཟང་མ་གཽ་རཱི། འཇུག་མ་སུམ་སྐོར་


KMC011_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཙཽ་རཱི། མ་མོ་དང་འདོད་མ་རོ་ལངས་མ། མཚན་མོ་དང་ཁྱིམ་མ་གྷསྨ་རཱི། བསིལ་སྦྱིན་མ་དང་གཏུམ་མོ་མཁའ་སྤྱོད་མ། ཚ་བ་མ་དང་འདོད་མ་ས་སྤྱོད་མ་སྟེ་ལྷ་མོ་བཅུ་བཞི། རྩའི་གཙོ་མོ་རྐྱང་མ་རོ་མ་ཀུན་འདར་མ་གསུམ་པོ་རྣམ་པར་དག་པ་བདག་མེད་རྣལ་འབྱོར་མ་ཞེས་བརྗོད་དོ། །རྒྱུ་མཚན་གང་གི་ཕྱིར་ན། རྒྱུད་འདིར་ལྷ་མོ་བཅོ་ལྔ་ཕྱི་ནང་གི་ཟླ་བའི་ཆ་བཅོ་ལྔ་དང་སྦྱར་བ་ལས། ཕྱི་ནང་གི་ཟླ་བ་ལ་བཅུ་དྲུག་པའི་ཆ་ཤས་མེད་པ་ལྟར་ལྷ་མོའང་བཅུ་དྲུག་མེད་པས། འབད་པས་རྩ་དང་འཕོ་བ་དང་དབྱངས་ཡིག་ཀུན་གྱི་ལྷག་མར་ལུས་པའི་རྩ་བདུད་དྲལ་མ་ནམ་མཁའ་དང་ཨཿཚེགས་དྲག་ཅན་རྣམས་རྣལ་འབྱོར་མ་དང་སྦྱོར་བ་སྤང་བར་བྱའོ། །འོ་ན་ཕྱི་ནང་གི་ཟླ་བ་ལ་ཆ་ཤས་བཅུ་དྲུག་མེད་པའི་རྒྱུ་མཚན་ཅི་ཞེ་ན། ཆ་ཤས་བཅུ་དྲུག་ཏུ་དབྱེ་ཡང་བཅུ་དྲུག་པ་དེས་ཟླ་བའམ་བྱང་སེམས་འཕེལ་བར་བྱེད་པའི་དོན་གྱི་བྱ་བ་མི་བྱེད་པའི་ཕྱིར་རོ། ལྷ་མོ་བཅོ་ལྔ་དག་པའི་རྩ་སུམ་བཅུས་ཐིག་ལེ་འཕེལ་བའི་བྱ་བ་བྱེད་ལ་དབུ་མ་ནི་གང་བའི་ཆའོ། །དེ་ལྟར་ན་བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི་ཕྱིའི་ཟླ་བ་ནི། ནང་དུ་ཀུན་ད་བྱང་ཆུབ་ཀྱི་སེམས་སུ་འགྱུར་


KMC011_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བྱང་སེམས་བདེ་བ་ཆེན་པོ་དེ་ཉིད་ཀྱང་ཐིག་ལེའི་ཆ་བཅོ་ལྔ་ཨཱ་ལི་བཅོ་ལྔའི་གཟུགས་ཏེ་ངོ་བོར་གནས་ཤིང་། རྣལ་འབྱོར་མ་བཅོ་ལྔ་རྣམས་ནི་བྱང་སེམས་དེའི་ཆ་བཅོ་ལྔ་དག་པ་ཡིན་ནོ། །བདུད་དྲལ་མ་ལ་སྐབས་འདིར་ལྷ་དང་སྦྱར་བའི་རྣམ་དག་མེད་ཀྱང་ཕྱི་ནང་གི་ཟླ་བའི་སྟོང་ཕྱོགས་མཚོན་པས་ལྷ་བཅོ་ལྔ་རྣམས་ཀྱི་ཆོས་ཉིད་ཀྱི་རྣམ་པར་དག་པའོ། །སྐབས་འདིར་བཅུ་དྲུག་པའི་ཆ་ཟླ་བོ་མེད་ཅིང་གཅིག་པུར་གྱུར་པ་སོགས་བཤད་ཚུལ་རྣམས་ལ་དགག་བཞག་གི་སྤྲོས་པ་ཆེ་ཞིང་རྒྱ་འགྲེལ་རྣམས་སུའང་དོན་འདི་གསལ་བར་མ་བྱུང་བས་རེ་ཞིག་བཤད་ཚུལ་གོ་བདེ་ཡོངས་གྲགས་ལྟར་བྲིས་པའོ། །དོན་འདི་རྒྱས་པར་དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་ཤིང་། བདེ་མཆོག་སྡོམ་འབྱུང་ལས་ཀྱང་། ཡར་ངོའི་ཚེས་གཅིག་ནས་བཟུང་ནས། །ཇི་སྲིད་ཉ་ཡི་བར་དུ་སྟེ། །ཡར་ངོ་ཡི་ནི་ཚེས་གཅིག་ལ། །རྐང་པའི་སོར་མོར་ཡི་གེ་ཨ། །ཞེས་པ་ནས། ཇི་སྲིད་གནམ་སྟོང་གི་ནི་བར། །དེ་ཉིད་ཀྱི་ནི་འཕོ་བར་འགྱུར། །ཞེས་གསུངས་པའང་། དཔལ་རང་བྱུང་རྡོ་རྗེ་སོགས་བོད་ཀྱི་བླ་མ་རྣམས་ཀྱིས་འདིའི་རྒྱས་བཤད་དུ་སྦྱོར་བར་བཞེད་


KMC011_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དོ། །གཉིས་པ་ནི། རྡོ་རྗེ་སྙིང་པོས་གསོལ་བ། རྣལ་འབྱོར་མ་ཀུན་ལས་བྱུང་བ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཉིད། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ག་བུར་ཅི་ནས་ངེས་མི་སྤང་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཞེས་གསུངས་ཏེ། བྱང་སེམས་ཨཱ་ལི་དང་རྣལ་འབྱོར་མའི་ངོ་བོར་གསུངས་པའི་དོན་རྟོགས་ནས་དེ་ལས་འཕྲོས་ཏེ། བཅོམ་ལྡན་འདས་ལ་རྡོ་རྗེ་སྙིང་པོས་གསོལ་བ། རྣལ་འབྱོར་མ་བཅོ་ལྔ་ཀུན་གྱི་ངོ་བོ་ལས་བྱུང་བའི་བྱང་སེམས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་དགའ་བའི་རང་བཞིན་དེ་ཉིད་ཉོན་མོངས་པས་འགྲིབ་པ་མེད་ཅིང་བདེ་བའི་བཅུད་དུ་གྱུར་པས་བཏུང་བའི་མཆོག་ལྟ་བུ། སྤྲོས་པ་བྲལ་བས་ལུས་ཐམས་ཅད་དུ་ཁྱབ་པས་ནམ་མཁའ་ཉིད་དང་མཚན་ཉིད་འདྲ་བ། རྟེན་དང་བརྟེན་པའི་བྱང་ཆུབ་ཀྱི་སེམས་སུ་འབྲེལ་བས་རྟེན་ག་བུར་གྱི་བརྡས་བསྟན་པ་ཅི་ནས་ཀྱང་ངེས་པར་མི་སྤང་བ་ལགས་སམ། ཞེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་དཔའ་ཆེན་པོས་ཇི་སྐད་སྨྲས་པ་དེ་བཞིན་དུ་དོན་དམ་པའི་རྟེན་ཀུན་རྫོབ་བྱང་སེམས་ཅི་ནས་ཀྱང་མི་


KMC011_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པར་བྱ་བ་ཡིན་ནོ། །ཞེས་མཐུན་འགྱུར་གནང་བའོ། །འདིར་རྗེ་མར་པས། འཆི་ལྟས་བརྟག་དང་སྨན་སྦྱོར་དང་། །སློབ་མར་གསང་བའི་དབང་སྦྱིན་དང་། །བདུད་རྩི་སྒྲུབ་པའི་དུས་བཞི་སྟེ། །གཞན་དུ་རང་གི་དམ་ཚིག་སྤང་། །ཞེས་སྤྱིར་བཏང་དམིགས་བསལ་གྱི་དབྱེ་བ་མཛད་དོ། །གསུམ་པ་ལ་བཞི། ཞུས་ལན་གྱི་སྒོ་ནས་མདོར་བསྟན། ཐབས་ཀྱི་ཡན་ལག་རྒྱས་པར་བཤད། སྡོམ་པ་ཕྱི་ནང་གི་རྣམ་པར་དབྱེ། སེམས་ཅན་སངས་རྒྱས་ཀྱི་རང་བཞིན་དུ་བསྟན་པའོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་བ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་རླབས་པའི་རིམ་པས་ཀྱང་། །ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་བསྐྱེད། །ཀུན་རྫོབ་ཀུནྡ་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ལ་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོས་གསོལ་བ། ཐབས་གང་གིས་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་ཅིང་རྒྱས་པར་བྱེད་པ་


KMC011_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ལགས། ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྙིང་པོ་ལེན་ཅིང་འཛིན་པས་དཀྱིལ་འཁོར་ཉོན་མོངས་པའི་ཚོགས་གཅོད་པར་བྱེད་པའི་འཁོར་ལོའང་བཤད་ཅིང་འཆད་འགྱུར་དཀྱིལ་འཁོར་འཁོར་ལོའི་མན་ངག་གི་ཐབས་དང་ནི། རང་ཉིད་ལྷག་པར་བྱིན་གྱིས་བརླབ་པ་སྒྱུ་མ་ལྟ་བུའི་རིམ་པས་ཀྱང་། ཀུན་རྫོབ་དང་དོན་དམ་པའི་གཟུགས་སམ། རཱུ་པ་རང་བཞིན་ལ་འཇུག་པས་དེ་དག་གི་རང་བཞིན་ཅན་གྱི་བྱང་ཆུབ་ཀྱི་སེམས་གཉིས་ནི་རབ་ཏུ་བསྐྱེད་པར་བྱ་སྟེ། དེ་ཡང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་ཉིད་དང་། དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་གཟུགས་སམ་རང་བཞིན་ཅན་ནོ། །འདིར་མཚོ་སྐྱེས་ཞབས་ཀྱིས་དཀྱིལ་འཁོར་འཁོར་ལོའི་ཐབས་དོན་དམ་དང་། རང་བྱིན་བརླབ་ཀུན་རྫོབ་རྟོགས་བྱེད་དུ་འཆད་ཅིང་གཞན་དག་དེ་ལས་ལྡོག་པར་ཡང་བཤད་ལ། རྗེ་མར་པས། གང་ཟག་ཆགས་ཅན་དཀྱིལ་འཁོར་སྙིང་པོ་ས་ཧ་ཛ་ལེན་ཅིང་འཁོར་ལོ་སྒྲོ་འདོགས་གཅོད་པ། ཆགས་བྲལ་རང་གིས་རང་ཉིད་བདེ་བ་ཆེན་པོར་བྱིན་གྱིས་རློབས་པ་དང་། རིམ་པ་ནི། ཐབས་ཙཎྜ་ལཱི་དང་སྒྱུ་ལུས་འོད་གསལ་ལ་


KMC011_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཇི་སྙེད་པ། ཀུན་རྫོབ་དོན་དམ་གྱི་ལམ་གཉིས་ག་ལ་སྦྱར་རོ། །ཞེས་གསུངས་པ་ལྟར། དེ་དག་འགལ་མེད་དུ་འདོད་པར་བྱའོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་འཁོར་ལོ་དང་། རང་བྱིན་རླབས་སོ། །དང་པོ་ལ་གསུམ། ཀུན་རྫོབ་བྱང་སེམས་ཀྱི་གནས་དང་དེ་འཁོར་འདས་སུ་འགྱུར་ཚུལ། སྐྱེད་བྱེད་ལས་རྒྱའི་མཚན་ཉིད། དེ་བསྟེན་པའི་ཐབས་སོ། །དང་པོ་ནི། བུད་མེད་ཀཀྐོལ་བདེ་བ་ཅན། །ཨེ་ཝཾ་རྣམ་པའི་རང་བཞིན་དུ། །བདེ་བ་སྲུང་བ་ཉིད་ཀྱི་ཕྱིར། །བདེ་བ་ཅན་ཞེས་རབ་ཏུ་བསྒྲགས། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །རྡོ་རྗེ་འཛིན་པ་རྣམས་ཀྱི་གནས། །འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཉིད། །འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །འཁོར་བ་གཟུགས་དང་སྒྲ་ལ་སོགས། །འཁོར་བ་ཚོར་བ་ལ་སོགས་པ། །འཁོར་བ་དབང་པོ་རྣམས་ཉིད་དེ། །འཁོར་བ་ཞེ་སྡང་ལ་སོགས་པ། །འདི་རྣམས་ཆོས་ནི་མྱ་ངན་འདས། །རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཉིད། །རྨོངས་མེད་འཁོར་བ་དག་པས་ནི། །འཁོར་བ་མྱ་ངན་འདས་པར་འགྱུར། །བྱང་ཆུབ་


KMC011_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་མྱ་ངན་འདས། །ཀུན་རྫོབ་དོན་དམ་ཚུལ་ཅན་ནོ། །ཞེས་གསུངས་ཏེ། བྱང་སེམས་དེ་གཉིས་གནས་གང་དུ་བསྐྱེད་ན། བུད་མེད་ཀྱི་ཀཀྐོ་ལ་སྟེ་ལས་རྒྱའི་བྷ་ག་བདེ་བ་ཅན་དུ་བསྐྱེད་དོ། །དེ་ལ་བདེ་བ་ཅིའི་ཕྱིར་བརྗོད་ན། དོན་དང་རྟགས་ཀྱི་ཨེ་ཝཾ་གི་རྣམ་པའི་རང་བཞིན་དུ་གྲུབ་པ་བྱང་སེམས་བདེ་བ་ཆེན་པོ་མི་ཉམས་ཤིང་འཛག་མེད་དུ་སྲུང་བ་ཉིད་ཀྱི་ཕྱིར་བླ་མེད་ཀྱི་རྒྱུད་རྣམས་སུ་བདེ་བ་ཅན་ཞེས་རབ་ཏུ་བསྒྲགས་ཤིང་། ཕུང་ཁམས་སྐྱེ་མཆེད་མཆོག་ཏུ་མི་འགྱུར་བར་དག་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྡོ་རྗེ་འཛིན་པ་རྣམས་ཀྱི་འབྱུང་གནས་དང་བརྟེན་པའི་གནས་སུའང་ཤེས་པར་བྱའོ། །ཞེས་ཡིག་དོན་དངོས་བསྟན་སྦས་དོན་གསལ་བར་བཤད་པ་དང་། མཐར་ཐུག་གི་དོན་ལ་སྦྱོར་ན། བུད་མེད་ཀྱི་ཀཀྐོ་ལ་ཞེས་བརྡས་བསྟན་པ་དེ་ཉིད་བདེ་བ་ཅན་དུ་བརྗོད་དེ། ཨེ་ཝཾ་གྱི་ཡི་གེའམ་རྣམ་པ་ཤེས་རབ་དང་ཐབས་དབྱེར་མེད་པའི་རང་བཞིན་དུ་གྲུབ་ཅིང་། ཨ་བནྡ་སྲུང་བའི་དོན་ལས་འཕོ་བ་མེད་པའི་བདེ་བ་སྲུང་བ་ཉིད་ཀྱི་ཕྱིར། ཟུང་འཇུག་གི་གཞིའི་ཨེ་ཡིག་ཆོས་ཀྱི་འབྱུང་གནས་ལ་བདེ་བ་ཅན་ཞེས་རྒྱུད་འདི་ཉིད་དུ་རབ་


KMC011_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་བསྒྲགས་ཤིང་། ཝཾ་ཡིག་བརྟེན་པའི་ཡེ་ཤེས་སྒྲིབ་པ་མེད་པས་སངས་རྒྱས་སྲིད་ཞིའི་མཐའ་སྤངས་པའི་བྱང་ཆུབ་སེམས་དཔའ་དང་ལྷན་ཅིག་སྐྱེས་དགའི་རྡོ་རྗེ་འཛིན་པ་རྣམས་ཀྱི་རྟེན་དུ་གྱུར་པའི་གནས་སོ། །དེ་ལྟར་རྟེན་དང་བརྟེན་པ་བདེན་གཉིས་ཐ་མི་དད་པ་འདི་ཉིད་གློ་བུར་བའི་དྲི་མ་དང་རྗེས་སུ་འབྲེལ་བའི་དུས་སུ་འཁོར་བ་ཞེས་བྱ་སྟེ། འདི་ཉིད་ཀྱི་ངོ་བོ་དྲི་མ་མེད་པར་གདོད་ནས་གནས་པས་མྱ་ངན་ལས་འདས་པ་ཉིད་ཡིན་ནོ། །དེས་ན་འཁོར་བ་རང་བཞིན་རྣམ་པར་དག་པ་སྤངས་ནས་གཞན་དུ་དེ་ལས་ལོགས་སུ་ནི། མྱ་ངན་ལས་འདས་པ་རྟོགས་པར་མི་འགྱུར་ཏེ། སྲིད་པ་ཉིད་ནི་ཡོངས་ཤེས་པ། །མྱ་ངན་འདས་པ་ཞེས་སུ་བརྗོད། །ཅེས་མདོ་སྔགས་ཀྱི་ངེས་དོན་རྣམས་ལས་གསུངས་པའི་ཕྱིར་རོ། །དེ་གསལ་བར་སྟོན་པ་དང་། འཁོར་བ་ཞེས་ངོས་བཟུང་བའི་གནས་ཡུལ་གཟུགས་དང་སྒྲ་ལ་སོགས་པ་ལེའུ་གསུམ་པར་བསྟན་པའི་སྐྱེ་མཆེད་ཡུལ་དང་བཅས་པ་དང་། གཞན་ཡང་འཁོར་བ་ཡུལ་ཅན་ཚོར་བ་ལ་སོགས་པ་ཕུང་པོ་ལྔ་དང་། འཁོར་བ་མིག་སོགས་དབང་པོ་དྲུག་རྣམས་ཉིད་དེ་ཉེ་བར་ལེན་པའི་ཕུང་པོ་


KMC011_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་བུ་སྡུག་བསྔལ་ལ། འཁོར་བའི་རྒྱུ་ཞེ་སྡང་ལ་སོགས་པ་ཉོན་མོངས་དང་ལས་ཀུན་འབྱུང་གིས་འཁོར་བ་མཐའ་དག་བསྡུས་པ་ཡིན་ལ། ཆོས་འདི་རྣམས་ཀྱི་ཆོས་ཉིད་ནི་གདོད་ནས་དག་ཅིང་མྱ་ངན་ལས་འདས་པས་འཁོར་འདས་དབྱེར་མེད་དུ་གྲུབ་བོ། །དེ་ལྟར་ན་འཁོར་འདས་ཐ་དད་དུ་སྣང་བ་ཅི་ཞིག་ཡིན་ཅེ་ན། བདག་དང་བདག་གི་བ་གཟུང་འཛིན་རྣམས་སམ། གཟུགས་སོགས་ཀྱི་རང་བཞིན་མ་ཤེས་པར་ཤེས་བྱའི་སྒྲིབ་པས་རྨོངས་པའི་ཕྱིར་འཁོར་བའི་གཟུགས་བརྙན་འཁྲུལ་པ་ཅན་དུ་སྣང་བ་ཉིད་ཡིན་ལ། རང་བཞིན་ཤེས་ནས་སྒྲིབ་པའི་རྨོངས་པ་དེ་དག་བྲལ་ཞིང་མེད་པའི་ཚེ་འཁོར་བའི་སྣང་བ་དག་པས་ནི་འཁོར་བའི་རང་བཞིན་མྱ་ངན་ལས་འདས་པར་འགྱུར་རོ། །དོན་དམ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་དེ་ལྟ་བུ་ནི་ཐོག་མ་མེད་པ་ནས་མྱ་ངན་ལས་འདས་པའི་ངོ་བོ་སྟེ། མ་རྟོགས་པ་རྟོགས་བྱེད་ཀྱི་ཐབས་དང་དྲི་བཅས་ཀུན་རྫོབ། རྟོགས་པ་དྲི་མེད་དོན་དམ་གྱི་ངང་ཚུལ་ཅན་ཡིན་ནོ་ཞེས་དྲང་ངེས་སྤེལ་ནས་བཤད་པའོ། །གཉིས་པ་ནི། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །གཟུགས་དང་ལང་ཚོས་རྣམ་པར་བརྒྱན། །


KMC011_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་བསངས་དལ་མ་རིགས་བཟང་མ། །སིཧླ་ག་བུར་འབྱུང་བའི་གནས། །རང་གི་དབང་བསྐུར་ཀྱེ་རྡོ་རྗེ། །སྐྲ་བཟང་སྒྲུབ་པ་པོ་ལ་དགའ། །ཞེས་གསུངས་ཏེ། བསྟེན་པར་འོས་པའི་ལས་ཀྱི་ཕྱག་རྒྱའི་མཚན་ཉིད་ནི། ཤིན་ཏུ་བཞིན་རས་བཟང་ཞིང་མཛེས་པ། ཕྲག་དོག་སོགས་ཤས་ཆུང་བས་ཡོན་ཏན་གྱི་མིག་ཡངས་མའམ་མཐོན་མཐིང་གི་མིག་རས་ཟུམ་པ་མ་ཡིན་པས་ཡངས་མ། གཟུགས་ཁྱད་པར་ཅན་དང་ལོ་བཅུ་དྲུག་ལོན་པའི་ལང་ཚོས་རྣམ་པར་བརྒྱན་པ། དམར་བ་དཀར་བའི་མདོག་འདྲེས་པའི་སྔོ་བསངས། སྤྱོད་ལམ་མི་འཚུབས་བརྟན་ཅིང་དལ་བ་མ། རང་རིགས་དང་མཐུན་པས་བཟང་བའམ་རིགས་ལྔ་སོགས་ཀྱི་ནང་ནས་བཟང་བ་རྒྱལ་རིགས་སམ་བྲམ་ཟེ་མ་ཁམས་རྒྱས་པས་སིཧླ་དང་ག་བུར་གཉིས་ཀ་འབྱུང་བའི་གནས་སུ་གྱུར་པ། བརྟེན་པར་བྱེད་པའི་བླ་མ་རང་གིས་དབང་བཞི་བསྐུར་ཅིང་ཀྱེའི་རྡོ་རྗེ་ཡབ་ཡུམ་གྱི་རྣལ་འབྱོར་ལ་བརྟེན་ནས་རྒྱུད་སྦྱངས་པ། སྐྲ་བཟང་བ་ཡང་སྟུག་ཅིང་མི་བཤོར་ལ་ཁ་དོག་ནག་པོ་ལས་གཞན་མ་ཡིན་པ། སྒྲུབ་པ་པོ་ལ་རྗེས་སུ་དགའ་བས་ཆགས་པ་དང་ལྡན་པའོ། །གསུམ་པ་ནི། དེར་


KMC011_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆང་ཡང་བཏུང་བར་བྱ། །དེ་ནས་རང་ཡང་བཏུང་བ་ཉིད། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །ཕྱི་ནས་ཕྱག་རྒྱ་རྗེས་ཆགས་བྱ། །བོ་ལ་ཀཀྐོ་ལར་བཅུག་ནས། །ཀུནྡུ་རུ་བྱེད་བརྟུལ་ཞུགས་ཅན། །དེར་ནི་སྦྱོར་བ་ལས་བྱུང་བའི། །ག་བུར་མཁས་པས་མི་སྤང་སྟེ། །དེ་ནི་ལག་ཏུ་མི་བླང་ཞིང་། །ཉ་ཕྱིས་དུང་ཆོས་ཉིད་དུ་མིན། །ངེས་པར་བློ་དང་སྟོབས་ཀྱི་ཕྱིར། །མི་འཆི་ལྕེ་ཡིས་བླང་བ་ཉིད། །ག་བུར་ཉིད་ནི་བདག་མེད་མ། །བདེ་བ་བདག་མེད་ཚུལ་ཅན་ཉིད། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ཞེས་གསུངས་ཏེ། གནས་སྐབས་དེར་ནི་ཀུན་རྫོབ་བྱང་སེམས་བསྒྲུབ་པའི་ཕྱིར་ལས་ཀྱི་ཕྱག་རྒྱས་སྔོན་དུ་ཤ་བཟའ་ཞིང་ཆང་ཡང་བཏུང་བར་བྱ། དེ་ནས་རང་ཡང་ཤ་བཟའ་ཞིང་ཆང་བཏུང་བ་ཉིད་ཀྱི་མཐར། རང་ཐབས་དང་གཞན་ཤེས་རབ་ཀྱི་དོན་མཆོག་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ནི་རབ་ཏུ་བསྒྲུབ་པའི་ཕྱིར་ཡིན་གྱི། ཡུལ་ལ་སྲེད་པ་ཁོ་ནས་རང་དགར་སྤྱོད་པ་མ་ཡིན་པས། བསམ་སྦྱོར་དེ་འདྲ་བས་ཟིན་པའི་ཕྱི་ནས་ཕྱག་རྒྱ་དང་གཉི་ག་རྗེས་ཆགས་བྱ་སྟེ། འདུ་ཤེས་གསུམ་ལྡན་གྱི་རྣལ་འབྱོར་རྩེ་གཅིག་པས་བོ་ལ་ཀཀྐོ་ལར་བཅུག་ནས་ཀུན་ཏུ་རུ་རྗེས་


KMC011_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱི་བདེ་བ་ལམ་དུ་བྱེད་པའང་ཁམས་མི་ཉམས་པའི་བརྟུལ་བ་བརྟན་པོ་ལ་ཞུགས་ཤིང་གནས་པ་ཅན་གྱིས་སོ། །དུས་དེར་ནི་ཕན་ཚུན་སྦྱོར་བ་བྱས་པ་ལས་བྱུང་བའི། གལ་ཏེ་ག་བུར་ཤོར་ན་བླང་དོར་ལ་མཁས་པས་ཡལ་བར་མི་སྤང་སྟེ། དེ་ནི་ལག་ཏུ་བཙན་ཐབས་ཀྱིས་མི་བླང་ཞིང་། ཉ་ཕྱིས་དང་དུང་ཆོས་ཀྱི་སྣོད་ཉིད་དུ་བླང་བའང་མིན་ཏེ། ངེས་པར་ནི་ཐེ་ཚོམ་དང་བྲལ་བའི་དོན་དང་། དགོས་པ་ཡང་བློ་སྟེ་ཤེས་རབ་དང་། ལུས་ལ་སྟོབས་ཀྱི་ཕྱོགས་རྒྱས་ཤིང་བརྟན་པའི་ཕྱིར། མི་འཆི་ཞེས་པ་བདུད་རྩི་ཨ་མྲྀ་ཏའི་རྣམ་གྲངས་སུ་འགྲོ་བ་དེ་ཉིད་སྒྲུབ་པ་པོས་འོག་གི་སྣ་རྩེའི་ལྕེའམ། མི་ནུས་ན་ཁའི་ལྕེ་ཡིས་བླང་བ་ཉིད་དུ་བྱའོ། །དེ་ལ་ག་བུར་ཉིད་ནི་བདག་མེད་མ་ཡིན་ཏེ། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་བྱེད་པས་ལྷན་སྐྱེས་བདེ་བ་བདག་མེད་པའི་ཚུལ་ཅན་ནམ་རང་བཞིན་ཉིད་དུ་གྲུབ་པའི་ཕྱིར། དེ་ཡི་བདེ་བ་ཞུ་བདེ་ཁོ་ན་ལས་འདས་པ། བདེ་སྟོང་ཕྱག་རྒྱ་ཆེན་པོར་འགྱུར་རོ། །ངེས་པའི་དོན་ཡང་། ཁ་སྦྱོར་དྲི་མེད་ལས། ཤིན་ཏུ་བཞིན་བཟང་ཞེས་པ་ལོངས་སྤྱོད་རྫོགས་སྐུ་དང་། མིག་ཡངས་པ་ཆོས་སྐུ་


KMC011_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

དང་། གཟུགས་དང་ལང་ཚོས་བརྒྱན་པ་སྤྲུལ་སྐུའི་རང་བཞིན། སྔོ་བསང་ཤེས་རབ་དང་ཐབས་དབྱེར་མེད་པ་མི་གཡོ་བ། རིགས་ལྔའི་ཆ་ཤས་ཀྱིས་བཟའ་ཞིང་། ཉི་ཟླ་ག་པུར་དང་སིཧླ། ཞེས་པ་ནས། བློ་བདེན་པ་གཉིས་དབྱེར་མེད་དུ་ངེས་པ། སྟོབས་ནི་སྟོབས་བཅུ་མི་འཇིགས་པ་སོགས་ཉེ་བར་མཚོན་པའི་དོན་དུ་བཤད་དོ། །སློབ་དཔོན་མི་ཐུབ་ཟླ་བས། ཤིན་ཏུ་བཞིན་བཟང་ནས་འདིའི་བར་གྱི་ཀུན་རྫོབ་བྱང་སེམས་བསྐྱེད་ཚུལ། འདི་ནས་སྡོམ་པ་ཞུ་བའི་བར་གྱིས་དོན་དམ་བྱང་སེམས་བསྐྱེད་ཚུལ་བསྟན་པར་འཆད་དོ། །གཉིས་པ་རང་བྱིན་རླབས་བཤད་པ་ལ་གསུམ། གཏུམ་མོ་དམ་ཚིག་གི་ཕྱག་རྒྱའི་གནས་དང་མཚན་ཉིད། དེ་ཉིད་ལམ་དུ་ཁྱེར་ཚུལ། དེའི་རང་བཞིན་ཡེ་ཤེས་སུ་བསྟན་པའོ། །དང་པོ་ནི། གོང་དུ་བཤད་པའི་ཚིག་རྐང་ཐ་མ་འདིར་ཡང་སྦྲེལ་དགོས་པས། དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །དང་པོའི་དབྱངས་ཡིག་རང་བཞིན་ཏེ། །བློ་ཞེས་སངས་རྒྱས་རྣམས་ཀྱིས་བརྟགས། །རྫོགས་པའི་རིམ་པའི་རྣལ་འབྱོར་ལས། །དེ་ཉིད་བཅོམ་ལྡན་ཤེས་རབ་མ། །དེ་ནི་རིང་མིན་ཐུང་བ་མིན། །


KMC011_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

གྲུ་བཞི་མ་ཡིན་ཟླུམ་པོ་མིན། །དྲི་དང་རོ་དང་མྱང་ལས་འདས། །ལྷན་ཅིག་སྐྱེས་དགའ་བྱེད་པ་ཅན། །ཅེས་གསུངས་ཏེ། རྟེན་ག་བུར་དེའི་བརྟེན་པ་དོན་དམ་བདེ་བའི་གཟུགས་ཅན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་རང་བཞིན་ཕྱག་རྒྱ་ཡང་འདི་ཡིན་ལ་ཆེན་པོ་ཡང་ཡིན་པས་ཕྱག་རྒྱ་ཆེན་པོ་ཞེས་པ་དེ་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཡིན་མོད་ཀྱི། ནང་ལུས་ལ་གནད་དུ་བསྣུན་པའི་ཚེ། ལྟེ་བ་སྤྲུལ་པའི་དཀྱིལ་འཁོར་རྩ་གསུམ་གྱི་མདོ་ཉིད་དུ་གནས་པ། ཆོས་ཀྱི་སྒོའི་གཟུངས་དང་པོའི་དབྱངས་ཡིག་ཨ་ཐུང་གཏུམ་མོའི་རང་བཞིན་ཏེ། དེ་ནི་བེམ་པོ་ལས་འདས་པའི་ཡེ་ཤེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་རང་བཞིན་ཡིན་པས་བུ་དྡྷི་སྟེ་བློ་ཞེས་བྱ་བར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བརྡར་ཡང་དག་པར་བརྟགས་ཤིང་བཞག་ལ། རྫོགས་པའི་རིམ་པ་མ་བཅོས་པ་ཡོངས་སུ་གྲུབ་པའི་རྣལ་འབྱོར་བསྒོམས་པ་ལས། གཏུམ་མོ་དེ་ཉིད་རྣམ་རྟོག་སོགས་འཇོམས་པ་དང་། ལྷན་སྐྱེས་ཀྱི་སྐལ་པ་དང་ལྡན་པར་སྒྲུབ་པར་བྱེད་པས་བཅོམ་པ་དང་ལྡན་པའི་ཡོན་ཏན་ཚང་ཞིང་། བདེ་བ་ཆེན་པོ་སྐྱེད་པར་བྱེད་པས་ཤེས་རབ་མའི་


KMC011_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སུ་ཉེ་བར་གནས་པ་སྟེ། སློབ་དཔོན་བྷ་ཝ་བྷ་དྲས། ཡེ་ཤེས་ཙམ་ལ་སྙོམས་འཇུག་པ། །རྣལ་འབྱོར་ཞེས་སུ་བརྗོད་པའོ། །ཞེས་པའི་ལུང་དང་སྦྱོར་རོ། །དེ་ནི་ཚད་སོར་བཞི་ལས་རིང་བ་མིན་ཞིང་དེ་ལས་ཐུང་བ་མིན་ལ། དབྱིབས་གྲུ་བཞི་མ་ཡིན་ཞིང་ཟླུམ་པོ་མ་ཡིན་ཏེ་ཟུར་གསུམ་ཨ་ཤད་ཅེས་མན་ངག་རྣམས་སུ་གྲགས་པ་དང་། དྲི་དང་རོ་དང་མྱང་བར་བྱ་བ་ལས་འདས་པས་དབང་པོའི་ཡུལ་མ་ཡིན་པ། འབར་འཛག་གི་མཐུས་དགའ་བ་བཞིའམ་གསུམ་རིམ་པས་ཉམས་སུ་མྱོང་བར་འགྱུར་མོད་ཀྱི། གཙོ་བོར་དོན་གྱི་ལྷན་ཅིག་སྐྱེས་དགའ་རྒྱུད་ལ་སྐྱེད་པར་བྱེད་པ་ཅན་ཡིན་ནོ། །འདིར་རིང་མིན་སོགས་ལ་རྒྱ་འགྲེལ་རྣམས་ལས་དབྱིབས་དང་བྲལ་བར་འཆད་པ་དང་། དཔལ་རང་བྱུང་རྒྱལ་བས་ཨ་ཐུང་ངུ་མིན་ལ་རིང་པོ་མིན་པ་ཐམས་ཅད་ལ་ཁྱབ་པ་ཞེས་གསུངས་སོ། །གཉིས་པ་ནི། དེ་ལས་སྐྱེས་པའི་རྣལ་འབྱོར་པས། །དེ་ཡི་བདེ་བ་ཟ་བ་ཉིད། །དེ་དང་ལྷན་ཅིག་ཕྱག་རྒྱ་ཆེ། །བདེ་བ་སྦྱིན་པའི་དངོས་གྲུབ་འགྱུར། །གཟུགས་སྒྲ་དེ་བཞིན་དྲི་དང་ནི། །རོ་དང་དེ་བཞིན་རེག་བྱ་ཉིད། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཡང་། །ཤེས་རབ་


KMC011_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི་སྤྱད་པར་བྱ། །ཞེས་གསུངས་ཏེ། ལྷན་སྐྱེས་སམ་ཤེས་རབ་དེ་ལས་སྐྱེས་པའི་ཡེ་ཤེས་དང་ལྡན་པའི་རྣལ་འབྱོར་པས། མཉམ་བཞག་ཏུ་གཏུམ་མོ་དེའི་བདེ་བ་ལུགས་འབྱུང་ལྡོག་ཏུ་ལོངས་སྤྱོད་པས་ཟ་བ་ཉིད་དུ་བྱ་སྟེ། རང་སེམས་ཞུ་བདེ་དེ་དང་ལྷན་ཅིག་པ་སྟེ་དབྱེར་མེད་པར་བྱས་པས་ཟུང་འཇུག་ཕྱག་རྒྱ་ཆེན་པོ་མི་འགྱུར་བའི་བདེ་བ་སྦྱིན་པའི་དངོས་གྲུབ་འགྲུབ་པར་འགྱུར་རོ། །དེ་ལྟ་བུའི་ཕྱག་རྒྱ་ཆེན་པོའི་རྟོགས་པ་དེས་རྗེས་ཐོབ་ཏུ་ཡུལ་ཐམས་ཅད་ལ་རྒྱས་འདེབས་པའི་ཚུལ་གྱིས་བསྒོམ་པར་བྱ་སྟེ། རྣལ་འབྱོར་པས་དབང་པོ་དྲུག་གི་ཡུལ་དུ་གྱུར་པའི་གཟུགས་དང་སྒྲ་དང་དེ་བཞིན་དུ་དྲི་དང་ནི། རོ་དང་དེ་བཞིན་དུ་རེག་བྱ་ཉིད་དང་ཆོས་ཀྱི་དབྱིངས་ཞེས་པར་སྔར་ལྟར་ཁམས་ཀྱི་རང་བཞིན་ཡང་ཆོས་ཀྱི་སྐྱེ་མཆེད་སའི་ཁམས་ཏེ། རང་རིག་པའི་ཤེས་རབ་ཀྱིས་ནི་ཡུལ་ཐམས་ཅད་ལ་བདེ་བ་ཆེན་པོའི་རང་བཞིན་དུ་ཉམས་སུ་མྱོང་བས་སྤྱད་པར་བྱའོ། །ཞེས་པ་ནི་ཆོས་ཀྱི་ཕྱག་རྒྱ་ལམ་དུ་ཁྱེར་པའོ། །གསུམ་པ་ནི། དེ་ཉིད་ལྷན་ཅིག་སྐྱེས་པའི་གཟུགས། །བདེ་ཆེན་བཟང་པོའི་རྣལ་འབྱོར་མ། །དེ་ཉིད་དཀྱིལ་འཁོར་འཁོར་ལོ་


KMC011_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །དེ་ནི་མེ་ལོང་ཡེ་ཤེས་གཟུགས། །མཉམ་ཉིད་ཡེ་ཤེས་དངོས་པོ་ཅན། །ཡང་དག་གྱུར་པ་སོ་སོར་རྟོག །དེ་ཉིད་བྱ་བ་ནན་ཏན་ཏེ། །ཆོས་དབྱིངས་ཤིན་ཏུ་རྣམ་དག་མ། །དེ་ཉིད་དཀྱིལ་འཁོར་བདག་པོ་ང་། །དེ་ཉིད་བདག་མེད་རྣལ་འབྱོར་མ། །ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན། །ཅེས་གསུངས་ཏེ། རང་རིག་པའི་ཤེས་རབ་བདེ་སྟོང་གི་རང་བཞིན་ཅན་དེ་ཉིད་ཆོས་དུ་མའི་ངོ་བོར་གནས་ཏེ། ལྷན་ཅིག་སྐྱེས་པའི་དགའ་བའི་གཟུགས་སམ་རཱུ་པ་སྟེ་རང་བཞིན་ཡིན་ལ། ལྷན་སྐྱེས་ཀྱི་བདེ་ཆེན་བཟང་པོ་བསྐྱེད་པའི་རྣལ་འབྱོར་མ་ནི། བློ་ཞེས་སངས་རྒྱས་ཉིད་ཀྱིས་བརྟགས། ཞེས་པ་ལ་བསྙེགས་ཏེ་གཏུམ་མོ་ཤེས་རབ་མར་གྱུར་པས་སོ། །དེ་ཉིད་དཔེ་མེད་པའི་བདེ་བ་ཆེན་པོའི་བདག་ཉིད་དང་། མངོན་མཐོ་ངེས་ལེགས་ཀྱི་དོན་བྱེད་པས་བཟང་པོ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སྦྱོར་བའི་ཚུལ་དུ་ཡོད་པས་རྣལ་འབྱོར་མའང་ཡིན་པ་དང་། དེ་ཉིད་སྙིང་པོ་ལེན་པར་བྱེད་པས་དཀྱིལ། སྒྲིབ་པ་གཅོད་པས་འཁོར་ལོ་ཏེ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་འཁོར་ལོ་ཡིན་པ་དང་། ཡེ་ཤེས་


KMC011_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་རང་བཞིན་ཅན་ཡང་ཡིན་ཏེ། ཇི་ལྟར་ན་དེ་ནི་ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་མ་འདྲེས་པར་སོ་སོར་འཆར་བས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་གཟུགས་སམ་རང་བཞིན་ལ། སྲིད་པ་དང་ཞི་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་དངོས་པོ་ཅན་དང་། ཆོས་ཀུན་མ་འདྲེས་པར་ཡང་དག་པར་རིག་པར་གྱུར་པ་སོ་སོར་རྟོག་པའི་ཡེ་ཤེས་དང་། དེ་ཉིད་ལ་རང་གཞན་གྱི་དོན་བསྒྲུབ་པའི་ཕྲིན་ལས་འབྱུང་བས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཏེ། ཆོས་ཐམས་ཅད་ཀྱི་དབྱིངས་དྲི་མ་མེད་པས་ཤིན་ཏུ་རྣམ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དང་། ཡེ་ཤེས་དེ་ཉིད་བརྟན་གཡོའི་དཀྱིལ་འཁོར་གྱི་ཁྱབ་བདག་ཆེན་པོ་ཀྱེའི་རྡོ་རྗེ་ང་དང་། དེ་ཉིད་ཤེས་རབ་བདག་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྣལ་འབྱོར་མ་དང་། གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ཅན་ཡང་ཡིན་ནོ། །ཞེས་འབྲས་བུ་སྐྱེ་བའི་རིམ་པ་དང་སྦྱར་བ་ངེས་དོན་གྱི་བཤད་པའོ། །གསུམ་པ་སྡོམ་པ་ཕྱི་ནང་གི་རབ་དབྱེ་བསྟན་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་བ། འཁོར་ལོ་བསྒོམ་པའི་ལམ་དང་ནི། །ལྷ་རྣམས་ཇི་ལྟར་


KMC011_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཉིད། །ཐམས་ཅད་བཅོམ་ལྡན་འདས་གསུངས་ན། །སྡོམ་པའང་བདག་ལ་བཤད་དུ་གསོལ། །ཅེས་འབྱུང་སྟེ། བཅོམ་ལྡན་འདས་ལ་སེམས་དཔའ་རྡོ་རྗེ་སྙིང་པོས་གསོལ་བ། བརྟག་པ་དང་པོར་རྩའི་འཁོར་ལོ་བཞི་སྒོམ་པའི་ལམ་དང་ནི་ལུས་ལས་ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད་ཀྱི་ཚུལ་ཐམས་ཅད་བཅོམ་ལྡན་འདས་ཀྱིས་གསུངས་ལགས་ན་ཡང་། །ད་དུང་དེ་ལ་ངེས་པ་སྟེར་བའི་ཆེད་དུ་སོ་སོར་རྒྱས་པ་དང་མདོར་སྡོམ་པའམ། ལེའུ་དང་པོར་སྡོམ་པའི་དབྱེ་བ་གསུངས་ནའང་རྒྱས་བཤད་དེ་བདག་ལ་སྩལ་བར་མཛད་དུ་གསོལ། ཅེས་སོ། །གཉིས་པ་ལ་ལྔ། སྡོམ་པའི་དོན་མདོར་བསྟན་པ། ནང་གི་སྙོམས་འཇུགའཁོར་ལོ་དང་སྐུ་བཞིའི་ངེས་པ། འབྲས་བུ་བཞིར་ཕྱེ་བ། སྡེ་པ་བཞིའི་རྣམ་པར་བཞག་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣལ་འབྱོར་མ་ལུས་དབུས་གནས་སུ། །ཨ་ཡི་རྣམ་པ་སྡོམ་པའི་གནས། །ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །སྡོམ་པ་དེ་ཉིད་རབ་ཏུ་ཕྱེ། །ཞེས་གསུངས་ཏེ། ཞུས་པའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱན་མ་ལ་སོགས་པའི་རྣལ་འབྱོར་མ་བཞིའི་ལུས་སམ་དངོས་


KMC011_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་ཁམས་བཞི་དག་པ་འཁོར་ལོ་རྣམས་ཀྱི་དབུས་གནས་སུ། ལྷན་སྐྱེས་གཏུམ་མོ་ཨ་ཐུང་གི་རྣམ་པར་སྣང་བ་ནི་ཆོས་ཐམས་ཅད་ཡང་དག་པར་སྡོམ་པར་བྱེད་པའི་གནས་ཀྱི་གཙོ་བོ་ཡིན་ལ། ཚུལ་ཇི་ལྟར་བསྡམ་ན་ཕྱི་རོལ་ཏུ་སྡེ་པ་བཞིས་ལུས་ངག་ཡིད་ཉེས་པ་ལས་སྡོམ་པ་དང་། །དེའི་འབྲས་བུ་དྲི་མ་དང་བྲལ་བ་སངས་རྒྱས་རྣམས་ཀྱི་སྐུ་གསུམ་གྲུབ་པ་དེ་བཞིན་དུ། ལུས་ཀྱི་ནང་དུ་དེ་དག་གི་རྣམ་པར་སྡོམ་པ་དང་སྐུ་གསུམ་གྱི་དེ་ཉིད་རབ་ཏུ་ཕྱེ་ཞིང་གསལ་བར་བཤད་པར་བྱའོ། །གཉིས་པ་ནི། བོ་ལའི་བདེ་བ་ཕྱག་རྒྱ་ཆེ། །རྡོ་རྗེ་སྐྱེ་མཆེད་ཐབས་ཅན་ཉིད། །འདིས་ནི་གསང་བའི་སྙོམས་འཇུག་པས། །ཕྱི་རོལ་གཉིས་གཉིས་བསྟན་པ་མེད། །ཅེས་གསུངས་ཏེ། བོལླ་ནི་རྡོ་རྗེ་སྟེ་ཐབས་ཤེས་མི་ཕྱེད་པ་འཇུག་པས་དེའི་བདེ་བ་ནི་ཟུང་འཇུག་ཕྱག་རྒྱ་ཆེན་པོ། གཟུང་འཛིན་གྱིས་མི་ཕྱེད་པའི་རྡོ་རྗེ་མངོན་དུ་སྐྱེ་ཞིང་ཡུལ་ཐམས་ཅད་ལ་མཆེད་ནས་ཡེ་ཤེས་སུ་དག་པར་བྱེད་པའི་ཐབས་ལས་བྱུང་བ་ཅན་ཉིད་ཀྱི་ཚུལ་འདིས་ནི་གསང་བའི་སྙོམས་འཇུག་ཁྱད་དུ་འཕགས་པས། ཕྱི་རོལ་དུ་རྣལ་འབྱོར་པ་ལས་ཀྱི་ཕྱག་རྒྱ་དང་འདུས་པའི་དབང་


KMC011_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཉིས་སྤྲོད་པ་ལས་བདེ་བ་སྐྱེད་པར་བསྟེན་དགོས་པ་མེད་དེ། ཟག་མེད་ཀྱི་བདེ་བ་མཆོག་ཡོད་པས་སོ། །འདིར་རང་བྱུང་ཞབས་ཀྱིས། ཤེས་རབ་དང་བྲལ་ཡང་བོ་ལ་རྡོ་རྗེ་ལས་སྐྱེས་པའི་བདེ་བ་ནི་ཕྱག་རྒྱ་ཆེན་པོ་སྟེ། དེ་སྐྱེད་པ་ལ་མིག་སོགས་སྐྱེ་མཆེད་དང་མཁའ་གསང་བྱིན་གྱིས་བརླབས་ནས་ཐབས་རང་ལུས་ཧེ་བཛྲ་ཡབ་ཡུམ་དུ་བསྒོམས་ནས་དབབ་ལྡོག་བྱས་པ་འདིས་ནི་གསང་བའི་སྙོམས་པར་འཇུག་པའི་སྦྱོར་བས་ཕྱི་རོལ་དུ་ལས་རྒྱ་དང་གཉིས་གཉིས་སྤྲོད་པ་བསྟན་དགོས་པ་མེད་ཅེས་ཡེ་རྒྱའི་དོན་དུ་བཤད་དོ། །གསུམ་པ་ནི། སྐུ་གསུམ་ལུས་ཀྱི་ནང་དུ་ནི། །འཁོར་ལོའི་གཟུགས་ཀྱིས་བརྗོད་པར་བྱ། །སྐུ་གསུམ་ཡོངས་སུ་ཤེས་པ་ནི། །བདེ་བ་ཆེན་པོའི་འཁོར་ལོར་བརྗོད། །ཆོས་དང་ལོངས་སྤྱོད་སྤྲུལ་པ་དང་། །དེ་བཞིན་དུ་ཡང་བདེ་ཆེན་ཉིད། །སྐྱེ་གནས་སྙིང་མགྲིན་མགོ་བོར་ཡང་། །སྐུ་གསུམ་པོ་ནི་རྣམ་པར་གནས། །མ་ལུས་པ་ཡི་སེམས་ཅན་གྱི། །སྐྱེ་བ་གང་ལ་བརྗོད་བྱ་བ། །གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན། །གང་ཕྱིར་བསྐྱེད་དང་སྤྲུལ་བྱེད་པའི། །སྐུ་ནི་སྤྲུལ་པ་ཅན་ཞེས་བརྗོད། །སེམས་


KMC011_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་ཀྱི་རང་བཞིན་ཏེ། །ཆོས་ཀྱི་སྐུ་ཡང་སྙིང་གར་འགྱུར། །རོ་རྣམས་དྲུག་གི་གཟུགས་ཅན་གྱི། །བཟའ་བ་ངེས་པར་ལོངས་སྤྱོད་བརྗོད། །མགྲིན་པར་ལོངས་སྤྱོད་འཁོར་ལོ་དང་། །སྤྱི་བོར་བདེ་བ་ཆེན་པོ་གནས། །ཞེས་གསུངས་ཏེ། ཕྱི་རོལ་དུ་སྐུ་གསུམ་དུ་བརྗོད་པ་དེའང་དྲི་མ་དང་བཅས་པའི་ལུས་ཀྱི་ནང་དུ་ནི། རྩ་འཁོར་ལོའི་གཟུགས་ཀྱིས་བསྡོམས་པར་བརྗོད་པར་བྱ་ཞིང་། དེ་ལ་སྐུ་གསུམ་འཁོར་ལོ་བཞིར་ཇི་ལྟར་སྦྱོར་ན། སྐུ་གསུམ་དབྱེར་མེད་པར་ཡོངས་སུ་ཤེས་པ་ནི་བདེ་བ་ཆེན་པོའི་སྐུའམ་ངོ་བོ་ཉིད་སྐུའི་ཐ་སྙད་བཞག་ཀྱང་སྐུ་གསུམ་ལས་གཞན་མ་ཡིན་ཅིང་། དེ་ཉིད་བདེ་བ་ཆེན་པོའི་འཁོར་ལོར་སྡོམ་པར་བརྗོད་པས། དོན་དུ་ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། དེ་བཞིན་དུ་ཡང་བདེ་བ་ཆེན་པོའི་སྐུ་ཉིད་རྣམས་རིམ་པ་ལྟར། འབྱུང་འཇུག་གི་རླུང་སྐྱེ་ཞིང་གནས་པའི་གཞིར་གྱུར་པ་ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། མགོ་བོ་སྟེ་སྤྱི་བོར་ཡང་། སྤྲུལ་པ་ལ་སོགས་པའི་སྐུ་གསུམ་པོ་ནི་དེ་ལྟར་རྣམ་པར་གནས་སོ། །དེའི་དོན་རྒྱས་པར་བསྟན་ན། འཁོར་ལོ་བཞི་ལས་མ་ལུས་པའི་


KMC011_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཕུང་ཁམས་སྐྱེ་མཆེད་འབྱུང་བཞི་ཚོགས་པའི་ལུས་ཅན་གྱི་སྐྱེ་བའི་གཞི་ལྟེ་བ་གང་ལ། བརྗོད་པར་བྱ་བ་གང་གི་ཕྱིར་སྤྲུལ་པའི་སྐུར་བརྗོད་ཅེ་ན། ལྟེ་བའི་འཁོར་ལོས་ལུས་གསར་དུ་སྤྲུལ་ཞིང་བསྐྱེད་པ་དང་སྐྱེས་པ་གནས་ཤིང་བརྟན་པར་བྱེད་པའི་ཕྱིར་འཁོར་ལོ་དེ་ལ་སྤྲུལ་པའི་སྐུ་ཉིད་ཡིན་པར་བརྗོད་དེ། རྒྱུ་མཚན་གང་གི་ཕྱིར་ན། གཞན་དོན་དུ་རྣམ་འཕྲུལ་སྣ་ཚོགས་བསྐྱེད་པ་དང་སྤྲུལ་པར་བྱེད་པའི་སྐུ་ནི་སྤྲུལ་པའི་སྐུ་ཅན་ཅེས་བརྗོད་པ་དང་ཆོས་མཐུན་པས་སོ། །སེམས་ནི་ཆོས་སྣ་ཚོགས་ལ་སེམས་ཡིད་རྣམ་ཤེས་རྣམས་སྤྲོ་བའི་རང་བཞིན་ཏེ། དེ་དག་གི་རང་བཞིན་ཆོས་ཀྱི་སྐུ་འོད་གསལ་བ་ཡང་སྙིང་གར་གནས་པས་རྟེན་དང་བརྟེན་པ་ཉིད་དུ་འགྱུར་བའི་ཕྱིར་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་ཆོས་སྐུར་བརྗོད་ལ། རོ་རྣམ་པ་དྲུག་གི་གཟུགས་ཅན་གྱི་བཟའ་བ་དང་བཏུང་བ་མགྲིན་པར་ངེས་པར་ལོངས་སྤྱོད་པས་མིང་ལོངས་སྤྱོད་ཅེས་བརྗོད་དེ། མགྲིན་པར་ལོངས་སྤྱོད་འཁོར་ལོ་ལ་ལོངས་སྐུར་བརྗོད་པ་དང་། སྤྱི་བོར་བདེ་བ་ཆེན་པོ་ལྷན་སྐྱེས་ཀྱི་རྟེན་ཧཾ་ཡིག་གནས་པས་དེའི་འཁོར་ལོ་ལའང་བདེ་བ་ཆེན་པོའི་སྐུ་ཞེས་བརྗོད་དོ། །འཁོར་


KMC011_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཞིས་ལུས་བསྡུས་པ་བཞིན་འབྲས་བུ་དང་སྡེ་པ་རྣམས་ཀྱང་ཆོས་མཚུངས་སུ་བསྟན་པར་རིགས་པ་ཉིད་དོ། །བཞི་པ་ནི། ཨེ་ཝཾ་རྣམ་པ་རྒྱུ་མཐུན་ཉིད། །རྣམ་སྨིན་ཆོས་ཀྱི་འཁོར་ལོ་ལས། །ལོངས་སྤྱོད་སྐྱེས་བུས་བྱེད་པ་ཉིད། །བདེ་བའི་འཁོར་ལོར་དྲི་མེད་ཉིད། །རྒྱུ་མཐུན་སོགས་པས་རབ་ཕྱེ་བའི། །འབྲས་བུ་རྣམ་པ་བཞི་ཞེས་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལས་ལ་བཅོམ་ལྡན་ཤེས་རབ་སྤྱོད། །ཇི་ལྟར་བྱས་པ་དེ་བཞིན་སྤྱོད། །རྒྱུ་མཐུན་ཞེས་ནི་རབ་ཏུ་བསྒྲགས། །ལས་ཆུང་འབྲས་བུ་ཆེ་བའི་ཕྱིར། །རྣམ་པར་སྨིན་པ་དེ་ལས་ལྡོག །རྣལ་འབྱོར་དག་ཕྱིར་དྲི་མེད་ཉིད། །བསྐྱེད་པ་སྐྱེས་བུས་བྱེད་པ་ཉིད། །ཅེས་གསུངས་ཏེ། ཨེ་ཝཾ་གྱི་རྣམ་པའམ་ཡི་གེ་ནི་ཐབས་ཤེས་དབྱེར་མེད་མཚོན་པ་ཡིན་པས། དེ་ལ་བརྟེན་ནས་སྤྱིར་ཆོས་ཐམས་ཅད་དང་། ནང་དུ་དགའ་བ་བཞིའི་གོ་རིམ་ལས་རྩ་འཁོར་ལོ་བཞི་ལ་འབྲས་བུ་བཞི་སྦྱར་ནས་བཤད་པ་སྟེ། རྒྱུ་མཐུན་ལ་རྒྱུ་འབྲས་གཉིས་ཆ་འདྲ་བས་ལྟེ་བའི་འཁོར་ལོ་ཡང་གཉིས་སུ་མེད་པའི་ཡེ་ཤེས་ཉིད་དང་། རྣམ་པར་སྨིན་པ་རྒྱུ་འབྲས་མི་འདྲ་བར་གྱུར་པ་སྙིང་ག་ཆོས་ཀྱི་


KMC011_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་ལ་བརྗོད་པ་དང་། མགྲིན་པ་ལོངས་སྤྱོད་འཁོར་ལོར་བདག་པོའམ་སྐྱེས་བུས་ལས་སྤྱད་པ་ཡུལ་ལ་སྨིན་པར་བྱེད་པ་ཉིད་དང་། བདེ་བ་ཆེན་པོའི་འཁོར་ལོ་ལ་སྤང་བྱའི་དྲི་མ་མེད་ཅིང་བྲལ་བའི་འབྲས་བུ་ཉིད་དེ། འཁོར་ལོ་བཞི་ལ་དགའ་བ་བཞི་ཉམས་སུ་མྱོང་བའི་འབྲས་བུ་རྒྱུ་མཐུན་ལ་སོགས་པར་རབ་ཏུ་ཕྱེ་བའི་ཕྱིར། དགའ་བ་ནས་ལྷན་སྐྱེས་ཀྱི་བར་ལ་འབྲས་བུ་རྣམ་པ་བཞི་ཞེས་བརྗོད་དོ། །དེ་ཡང་སྟེང་དང་ཐུར་སེལ་གྱི་ལས་ཀྱི་རླུང་གིས་བསྐུལ་བ་ཡིས། གཏུམ་མོ་འབར་བའི་ལས་ལ་བཅོམ་ལྡན་འདས་ཧཾ་ཡིག་ལས་བདུད་རྩི་འཛག་ཅིང་། ཤེས་རབ་ཀྱི་མཐུས་དགའ་བ་བཞི་ཉམས་སུ་མྱོང་བ་ལ་སྤྱོད་ཅིང་། ཇི་ལྟར་རྒྱུ་ཡས་བབས་ཀྱི་དགའ་བ་སྔ་མ་ལས་ཕྱི་མ་བྱས་ཤིང་འབྱུང་བ་དེ་བཞིན་དུ་རྒྱུན་ཆགས་པར་སྤྱོད་པས་རྒྱུ་མཐུན་ཞེས་ནི་རབ་ཏུ་བསྒྲགས་སོ། །ཞུ་བའི་བདེ་བསྐྱེད་པའི་ལས་ཀྱི་རྩོལ་བ་ཆུང་ཡང་མས་བརྟན་པའི་འབྲས་བུ་བདེ་བ་ཟག་བཅས་ཟད་ཅིང་འགྱུར་མེད་འཕེལ་བའི་འབྲས་བུ་ཆེ་བའི་ཕྱིར། རྣམ་པར་སྨིན་པ་རྒྱུ་མཐུན་རྒྱུ་དང་འདྲ་བ་དེ་ལས་ལྡོག་སྟེ། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེ་བའོ། །རྣལ་འབྱོར་གྱི་སྟོབས་


KMC011_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་དྲི་མ་དག་པའི་ཕྱིར། མགྲིན་པ་སོགས་དེ་ལས་གོང་དུ་དྲི་མ་མེད་པའི་འབྲས་བུ་ཉིད་དུ་འགྱུར་ཞིང་། སྤྱི་བོའི་བར་དུ་བརྟན་པར་བསྐྱེད་པ་སྐྱེས་བུས་དགའ་བ་སྔ་མ་གསུམ་གྱི་བྱེད་པ་ལས་ཕྱི་མ་ཤིན་ཏུ་གཡོ་བ་མེད་པ་ཉིད་དུ་གྲུབ་བོ། །ཞེས་པ་ནི་རྗེ་མཻ་ཏྲི་པ་དང་མཐུན་ལ། དཔལ་ནཱ་རོ་པའི་བཞེད་པ་རང་བྱུང་རྒྱལ་བའི་དགོངས་པ་ལྟར་ན། སྐྱེས་བུ་བྱེད་པའི་རྗེས་སུ་དྲི་བྲལ་གྱི་འབྲས་བུ་སྦྱར་ཏེ་རྒྱུད་ཚིག་གོང་འོག་བསྒྱུར་ནས་འཆད་དགོས་སོ། །ཡང་ཨེ་ཝཾ་རྣམ་པར་སོགས་མདོར་བསྟན་དང་། ལས་ཀྱི་རླུང་གིས་སོགས་རྒྱས་བཤད་དུ་བྱས་ནས་འཁོར་ལོ་བཞིར་འབྲས་བུ་བཞིར་བརྗོད་པའི་རྒྱུ་མཚན་འཆད་པར་བཞེད་པ་ལྟར་ན། ཐུར་སེལ་གྱི་ལས་ཀྱི་རླུང་གིས་ལྟེ་བའི་གཏུམ་མོ་བསྐུལ་བ་དེ་ཡིས་ལས་བྱས་པའི་འབྲས་བུ་ལ། ནང་གི་བཅོམ་ལྡན་ཤེས་རབ་མ་ཨ་ཐུང་སྤྱོད་པ་སྟེ་རྩོལ་བ་ཆེ་ཆུང་ཇི་ལྟར་བྱས་པ་དེ་བཞིན་དུ་ཞུ་བདེའང་དེ་མཚུངས་སུ་སྤྱོད་པས་ན་ལྟེ་བར་རྒྱུ་མཐུན་གྱི་འབྲས་བུར་བསྒྲགས་པ་དང་། སྙིང་གར་རླུང་སེམས་འདུས་པ་ན་རྒྱུ་རྩོལ་བ་ཆུང་ཡང་འབྲས་བུ་བདེ་བ་ཆེ་བའི་ཕྱིར་རྣམ་པར་སྨིན་པའི་འབྲས་བུ་གོང་གི་དེ་


KMC011_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ལྡོག་པ་དང་། ལྷན་སྐྱེས་ཀྱི་རྣལ་འབྱོར་ལ་གཉིས་སྣང་དག་པའི་ཕྱིར་དེའི་རྟེན་སྤྱི་བོ་ལ་དྲི་མ་མེད་པའི་འབྲས་བུར་བརྗོད་པ་དང་། རོ་དྲུག་གི་བདེ་བ་སྐྱེད་པས་མགྲིན་པ་ལ་སྐྱེས་བུས་བྱེད་པའི་འབྲས་བུར་བརྗོད་པར་འཆད་དོ། །ལྔ་པ་ནི། གང་ཕྱིར་སྤྲུལ་པ་གནས་བརྟན་ཕྱིར། །སྤྲུལ་པའི་འཁོར་ལོར་གནས་བརྟན་ཉིད། །ཆོས་ནི་སྨྲ་བས་བྱུང་བའི་ཕྱིར། །ཆོས་ཀྱི་འཁོར་ལོར་ཐམས་ཅད་ཡོད། །གང་ཕྱིར་མགྲིན་པར་ཀུན་བཀུར་ཕྱིར། །ལོངས་སྤྱོད་འཁོར་ལོ་ཀུན་བཀུར་ཉིད། །གང་ཕྱིར་བདེ་ཆེན་མགོར་གནས་པས། །བདེ་བའི་འཁོར་ལོ་དགེ་འདུན་ཆེ། །སྡེ་པ་ཞེས་བྱ་སྐུ་རུ་བརྗོད། །ཅེས་གསུངས་ཏེ། རྒྱུ་མཚན་གང་གི་ཕྱིར་འཁོར་ལོ་བཞི་ལ་སྡེ་པ་བཞིར་བརྗོད་ན། ལྟེ་བ་ནས་ལུས་སྤྲུལ་ཞིང་དེ་ཉིད་གནས་པ་བརྟན་པར་བྱེད་པའི་ཕྱིར། ལྟེ་བ་སྤྲུལ་པའི་འཁོར་ལོར་གནས་བརྟན་པའི་སྡེ་པ་ཉིད་དུ་བཞག་ཅིང་། རྒྱུ་འབྲས་ཡོད་པ་སོགས་དམ་པའི་ཆོས་ནི་སྨྲ་བའི་ཀུན་སློང་སེམས་ལས་ཡང་དག་པར་འབྱུང་བའི་ཕྱིར། སེམས་ཀྱི་རྟེན་སྙིང་ག་ཆོས་ཀྱི་འཁོར་ལོར་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། རྒྱུ་མཚན་གང་གི་ཕྱིར་ན་མགྲིན་པའི་འཁོར་ལོ་ལ་


KMC011_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

རོ་དྲུག་པོ་ཀུན་གྱིས་བསྙེན་བཀུར་བའི་ཕྱིར། མགྲིན་པ་ལོངས་སྤྱོད་ཅེས་བྱ་བའི་འཁོར་ལོ་མང་པོ་ཀུན་གྱིས་བཀུར་བ་ཉིད་དང་། གང་ཕྱིར་བདེ་བ་ཆེན་པོའི་རྟེན་ཧཾ་ཡིག་གིས་མཚོན་པ་ཕལ་ཆེར་མགོ་བོ་སྟེ་སྤྱི་བོར་གནས་པས་བདེ་བ་ཆེན་པོའི་འཁོར་ལོར་དགེ་འདུན་ཕལ་ཆེན་སྡེ་པ་སྟེ། དེ་ལྟར་སྡེ་པ་བཞི་ཞེས་བྱ་བ་ནི་སྐུ་རུ་བརྗོད་དོ། །དེའང་སྐུའམ་ལུས་ཀྱི་སྐད་དོད་ཀཱ་ཡ་ནི་མང་པོ་བསགས་ཤིང་ཚོགས་པ་ལ་འཇུག་པས། འཁོར་ལོ་རྣམས་སུ་རྩ་རླུང་བྱང་ཆུབ་ཀྱི་སེམས་དུ་མ་འདུས་པས་ལུས་དང་། བདེ་བའི་རྟེན་དུ་སྡོམ་པས་སྡོམ་པར་བརྗོད་པའོ། །འདིར་རྗེ་མར་པས་ལུས་འདི་སངས་རྒྱས་དཀོན་མཆོག་སྐུ་བཞི་དང་། ཨེ་ཝཾ་སོགས་འབྲས་བུ་བཞིས་ཆོས་དཀོན་མཆོག་དང་། སྡེ་པ་བཞི་དང་ས་བཅུ་དང་ཆོས་མཐུན་གྱི་དགེ་འདུན་དཀོན་མཆོག་བསྟན་པར་བཞེད་དོ། །བཞི་པ་སེམས་ཅན་སངས་རྒྱས་ཀྱི་རང་བཞིན་དུ་བསྟན་པ་ལ་གསུམ། ས་བཅུའི་དབང་ཕྱུག་ཆོས་མཐུན་དུ་བསྟན་པ། དེ་ལ་དོགས་པ་སྐྱེས་ཚུལ། ཐེ་ཚོམ་དཔྱིས་ཕྱིན་པར་བསལ་བའོ། །དང་པོ་ནི། ལྟོ་བ་གནས་སུ་བརྗོད་པར་བྱ། །སྐྱེ་གནས་འདོད་ཆགས་བྲལ་


KMC011_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བར་འགྱུར། །མངལ་གྱི་ཕྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་ཉིད། །མགོ་བོ་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །སྐྱེ་གནས་འཁོར་ལོའི་རྣམ་པ་ཨ། །བདེ་ཆེན་གྱི་ཡང་རྣམ་པ་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་འདོན་སྐྱེས་པ་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ། །ཞེས་གསུངས་ཏེ། སྡེ་པ་བཞིའི་བཤད་པ་ལས་འཕྲོས་ནས་ལུས་དགེ་སློང་དང་ཆོས་མཐུན་པའང་ཞར་ལ་གསུངས་པ་སྟེ། མའི་ལྟོ་བ་ནི་ཁྱིམ་མམ་གཙུག་ལག་ཁང་སོགས་དགེ་འདུན་གྱི་གནས་སུ་ཆོས་མཚུངས་པས་བརྗོད་པར་བྱ་ཞིང་། དེ་བཞིན་དུ། ཟླ་བ་རྫོགས་ཏེ་ནང་དུ་དོག་ཅིང་སྡུག་བསྔལ་བའི་འདུ་ཤེས་ཀྱིས་སྐྱེ་གནས་ནས་ཕྱིར་བྱུང་བ་འདོད་ཆགས་དང་བྲལ་བར་འགྱུར་ལ། མངལ་གྱི་ཕྲུ་མ་དམར་པོའི་དྲ་བས་བཏུམས་པ་བོད་ཀྱི་བརྡ་དང་མཐུན་པར་ཆོས་གོས་ཉིད་ཅེས་འདིར་བསྒྱུར་ཡང་རྒྱ་དཔེར་དྲ་བའི་སྐད་དོད་ཛཱ་ལ་ཞེས་པ་ཙམ་ཡོད་པ་དང་། ཅོག་གྲུ་སོགས་ཀྱིས་ལྟོ་བ་


KMC011_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

གཙུག་ལག་ཁང་ཞེས་བསྒྱུར་བའི་དོན་དང་འབྲེལ་བས་ལེགས་སོ། །དེ་བཞིན་དུ་མ་ནི་མཁན་པོ་ཉིད་དེ་ཁྲིད་ཅིང་སྐྱོང་བར་བྱེད་པ་མོར་གྱུར་པས་སོ། །སྐྱེ་བའི་ཚེ་ལག་གཉིས་དུད་དེ་ཕྱིར་འབྱུང་བས་མགོ་བོར་ཐལ་མོ་སྦྱར་བ་ལྟ་བུ་ནི་སྡོམ་པ་ལེན་དུས་ཀྱི་ཕྱག་འཚལ་བ་དང་མཚུངས་ཤིང་། སྐྱེས་ནས་བཟའ་བཏུང་ལ་ལོངས་སྤྱོད་པ་སོགས་འགྲོ་བ་སོ་སོའི་བྱ་བ་བྱེད་པ་ནི་རབ་ཏུ་བྱུང་ནས་བསླབ་ཁྲིམས་ཀྱི་གནས་ལ་སློབ་པ་དང་། མཁན་སློབ་ཀྱི་སྔགས་ཚིག་བརྗོད་པའི་རྗེས་སུ་བཟླས་པའི་ཚུལ་ནི་སྐྱེས་མ་ཐག་ནས་ཨ་དང་ཧཾ་གི་རྣམ་པའི་སྐད་གདངས་འབྱུང་བ་དང་། དེའི་དོན་ཡང་སྐྱེ་བའི་གནས་གོང་དུ་བཤད་མ་ཐག་པ་ལྟེ་བའི་འཁོར་ལོའི་སུམ་མདོར་ཡི་གེའི་རྣམ་པ་ཨ་ཡིག་གཏུམ་མོ་དང་། སྤྱི་བོ་བདེ་ཆེན་གྱི་འཁོར་ལོར་ཡང་རྣམ་པ་ཧཾ་ཡིག་ལྟ་བུའི་དཀར་ཆའི་དྭངས་མ་གནས་པའི་རྟེན་འབྲེལ་ཡིན་ལ། གཞན་ཡང་ཕྲུ་མ་དང་བྲལ་རྗེས་ལུས་གཅེར་བུ་སྐྲ་དང་ཁ་སྤུ་མེད་པ་ནི་བྲེགས་པ་དང་མཚུངས་ཤིང་། སྔགས་དེ་དག་འདོན་བཞིན་དུ་སྐྱེས་པ་དགེ་སློང་འདྲ་བར་གྱུར་པ་ཉིད་དེ། ཟས་སློང་བ་ལ་བྷིཀྵུའི་སྒྲ་འཇུག་པས་སམ། ཕ་མ་ལ་


KMC011_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་ཡིད་དུ་འོང་བ་ལའང་བྷིཀྵུའི་སྒྲ་འཇུག་པས་དགེ་སློང་གི་མིང་དུ་གྲགས་པས་སོ། །ཚུལ་འདི་དག་གི་རྐྱེན་གྱིས་ཁམས་དྲུག་ལྡན་མངལ་སྐྱེས་ཀྱི་མིའི་སེམས་ཅན་རྣམས་སངས་རྒྱས་དང་ཆོས་མཐུན་པས་དེ་ལྟར་འགྱུར་བ་ཉིད་དུ་ཐེ་ཚོམ་མེད་དེ། སྤང་བྱའི་དྲི་མ་གདོད་ནས་ཟད་པས་སངས་པ་དང་། གོང་དུ་བཤད་པའི་དཀོན་མཆོག་གསུམ་གྱི་ཡོན་ཏན་ཐམས་ཅད་རྒྱུད་ལ་རྒྱས་ཤིང་ཚང་བའི་ཕྱིར་གདོད་མའི་སངས་རྒྱས་སུ་གྲུབ་པར་མ་ཟད། མངལ་དུ་ཟླ་བ་བཅུ་གནས་པའང་ས་བཅུ་རྣམས་གོང་ནས་གོང་དུ་སྤངས་རྟོགས་རྫོགས་པ་ལྟར། ལུས་སྐུ་གསུམ་གྱི་རྟེན་དང་བརྟེན་པ་འཕེལ་ཞིང་བརྟན་ལ་ཆོས་མཐུན་པ་ཉིད་ཀྱིས། སེམས་ཅན་དེ་ལྟ་བུ་རྣམས་ས་བཅུའི་དབང་ཕྱུག་ཏུ་གྱུར་པས་ཀྱང་སངས་རྒྱས་སུ་ཐ་སྙད་འདོགས་སོ། །གཉིས་པ་ནི། དེ་ནས་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ལ་འདི་ལྟ་སྟེ། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། ཙུནྡ་དང་། པརྞ་རི་ཁྲོད་མ་དང་། འོག་ཞལ་མ་དང་། དེ་དག་ལ་སོགས་པ་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་


KMC011_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་རྣམས་ཚིག་འདི་དག་ཐོས་ནས་མཆོག་ཏུ་ངོ་མཚར་དུ་གྱུར་ཅིང་བརྒྱལ་བ་དང་། སྐྲག་པ་དང་། ས་ལ་འགྱེལ་བ་དང་། འདར་བར་གྱུར་ཏོ། །ཡང་རྡོ་རྗེ་ཅན་གྱིས་ལྷ་མོ་དེ་རྣམས་ཐམས་ཅད་ལ་གཟིགས་ནས། བསླང་བའི་ཕྱིར་ཡང་དག་པར་བསྟོད་པ། ས་དང་ཆུ་རླུང་བྱིན་ཟ་ཡི། །ལྷ་མོ་སྣོད་ཅན་ཁྱེད་ཉིད་ལ། །གང་ཞིག་སུས་ཀྱང་མི་ཤེས་པ། །དེ་ཉིད་ང་ཡིས་སྤྲོ་ཡིས་ཉོན། །བཅོམ་ལྡན་འདས་ཀྱི་གསུང་རྨི་ལམ་ལྟ་བུ་ཉེ་བར་ཐོས་ནས། དེ་རྣམས་ཐམས་ཅད་སྲོག་རྙེད་པར་གྱུར་ཏོ། །ཞེས་གསུངས་ཏེ། སེམས་ཅན་གདོད་མ་ནས་ཆོས་མཚུངས་ཀྱིས་སངས་རྒྱས་ཡིན་པར་གསུངས་པའི་རྗེས་སུ། དེ་ནས་ཟུང་དུ་འཇུག་པའི་ཡེ་ཤེས་ཀྱི་རྣལ་འབྱོར་མ་བདག་མེད་མ་ལ་སོགས་པའི་ལྷ་མོ་ཐམས་ཅད་ལ་འདི་ལྟ་སྟེ། སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། སྒྲོལ་མ་དང་། ཁྲོ་གཉེར་ཅན་དང་། ཙུནྡ་སྟེ་སྐུལ་བྱེད་མ་དང་། པརྞ་སྟེ་ལོ་མ་ཅན་རི་ཁྲོད་མ་དང་། འོག་ཞལ་མ་སྟེ་ཕག་གི་གདོང་ཅན་འོད་ཟེར་ཅན་མ་དང་། དེ་དག་གཙོ་མོར་སྨོས་པ་ལ་སོགས་པའི་ཁོངས་ནས། གྲངས་རི་རབ་ཀྱི་རྡུལ་ཕྲ་རབ་དང་མཉམ་པའི་རྣལ་


KMC011_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་རྣམས། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཚིག་འདི་དག་ཐོས་ནས་སེམས་ཅན་སངས་རྒྱས་སུ་བསྟན་པ་ལ་ཧ་ལས་ཏེ་མཆོག་ཏུ་ངོ་མཚར་དུ་གྱུར་ཅིང་། གདུལ་བྱ་སོམ་ཉི་ཅན་རྣམས་ཀྱི་བློ་དང་བསྟུན་པའི་ངོར། ཐུགས་སུ་མ་ཆུད་པར་ཁ་ཅིག་རྟོག་མེད་དུ་གྱུར་ནས་བརྒྱལ་བ་དང་། ཁ་ཅིག་དོན་མ་འཚལ་བས་སྐྲག་པ་དང་། གཞན་དག་བྲེད་དེ་ལུས་ས་ལ་འགྱེལ་བ་དང་སྔངས་པའི་སྟོབས་ཀྱིས་འདར་བར་གྱུར་ཏོ། །དེ་དག་ནང་དོན་དུ། བདག་མེད་མ་ཆོས་ཉིད་སྟོང་པ། སྤྱན་སོགས་བཞི་ལུས་ཀྱི་འབྱུང་བ་དང་འཁོར་ལོ་བཞི། ཁྲོ་གཉེར་ཅན་ཨ་ཐུང་། ཙུནྡ་ཐུར་སེལ་གྱི་རླུང་། རི་ཁྲོད་མ་རྩ་གནས། འོག་ཞལ་མ་སྤྱི་བོའི་ཧཾ་ཡིག་མ་ཐུར་བསྟན། རྣལ་འབྱོར་མ་རྣམས་རྩ་ཕྲན་བྱེ་བ་ཕྲག་ཕྱེད་བཞི། ཚིག་ཐོས་པ་འབར་འཛག །ངོ་མཚར་བ་དེ་ལས་བདེ་ཆེན་སྐྱེས་པ། བརྒྱལ་བ་མི་རྟོག་པ་སྐྱེས་པ། སྐྲག་པ་གཉིས་འཛིན་ཞི་བ། འགྱེལ་བ་ཕུང་སོགས་ཀྱི་རྟོག་པ་ཞིག་པ། འདར་བ་རླུང་དྷཱུ་ཏིར་ཐིམ་པའོ། །འདི་དག་གཞི་དུས་ལུས་ཆགས་པའི་ཚུལ་ལ་སྦྱར་བ་སོགས་བཤད་ཚུལ་མང་ངོ་། །ཡང་གནས་སྐབས་དེར། དཀྱིལ་འཁོར་གྱི་གཙོ་བོ་


KMC011_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཀྱི་རྡོ་རྗེ་ཅན་གྱིས་ལྷ་མོ་བརྒྱལ་བ་ལ་སོགས་པ་དེ་རྣམས་ཐམས་ཅད་གཟིགས་ནས་བསླང་བའི་ཕྱིར་སྒྲོ་འདོགས་པ་དང་བྲལ་བས་ཡང་དག་པར་བསྟོད་པ། ས་དང་ཆུ་དང་རླུང་དང་བྱིན་ཟ་མེའི་རང་བཞིན་རྣམ་པར་དག་པའི་ལྷ་མོའི་གཟུགས་སུ་སྟོན་པ་ཆོས་ཟབ་མོའི་སྣོད་དང་ལྡན་པ་ཁྱེད་ཉིད་ལ། ཐེག་པ་ཆེན་པོ་སྔགས་ཀྱི་གདུལ་བྱ་ཨུཏྤལ་དང་པདྨ་དཀར་པོ་དང་པདྨ་དང་ཙནྡན་ལྟ་བུའི་གང་ཟག་གང་ཞིག་ལས། སུས་ཀྱང་སེམས་ཅན་གྱི་གནས་ལུགས་སངས་རྒྱས་སུ་ཡོད་པ་མི་ཤེས་པའི་དོན་དེ་ཉིད། ཁྱབ་བདག་ང་ཡིས་ཚིག་ཏུ་སྤྲོ་བས་བརྗོད་པར་བྱ་ཡིས་ཉོན་ཅིགཅེས་བཅོམ་ལྡན་འདས་ཀྱི་གསུང་རྨི་ལམ་འོད་གསལ་དུ་ཞུགས་པ་ལས་བསླང་བར་བསྐུལ་བ་ལྟ་བུ་ཉེ་བར་ཐོས་ནས། དགོངས་པ་ཟབ་མོ་མ་ཤེས་ཏེ་བྲེད་ནས་སྲོག་འདོར་དུ་ཉེ་བ་དང་འདྲ་བ་ལས་སླར་རྟོགས་པར་འགྱུར་རོ་ཞེས་དེ་རྣམས་ཐམས་ཅད་སྲོག་རྙེད་པའི་ཚུལ་བསྟན་པར་གྱུར་ཏོ། །དེ་དག་ནང་དོན་དུ། ས་ཆུ་མེ་རླུང་གི་ལྷ་མོ་རྩ་འཁོར་ལོ་བཞི། སྣོད་ཅན་ཞུ་བདེ། སུས་ཀྱང་མི་ཤེས་པ་ལྷན་སྐྱེས་ཡེ་ཤེས། སྤྲོ་བ་དང་ཉོན་ཅེས་པ་དོན་རྟོགས་པར་


KMC011_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ། རྨི་ལམ་ལྟ་བུ་ཐོས་པ་ནི་འབར་འཛག་ལས་བདེ་སྟོང་ཉམས་སུ་མྱོང་བ། སྲོག་རྙེད་པ་ཡེ་ཤེས་མངོན་དུ་གྱུར་པའོ། །གསུམ་པ་ལ་བཞི། འཁྲུལ་གྲོལ་གྱི་ཁྱད་པར་མདོར་བསྟན་པ། དེ་ཉིད་དཔེ་དང་བཅས་པས་རྒྱས་པར་བསྟན་པ། སེམས་ཀྱི་རང་བཞིན་སངས་རྒྱས་སུ་བསྟན་པ། དེ་ཉིད་རྟོགས་མ་རྟོགས་ཀྱི་ཡོན་ཏན་དང་སྐྱོན་སོགས་བསྟན་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ལྷ་མོས་གསོལ་བ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ། བདེན་པ་མ་མཆིས་ཤིང་རྫུན་པ་མ་མཆིས་སོ། །ཞེས་གསུངས་ཏེ། གོང་དུ་སེམས་ཅན་སངས་རྒྱས་སུ་གསུངས་པའི་དགོངས་པ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་རྣམས་ནི་རང་བཞིན་རྣམ་པར་དག་པའི་ལུས་ངག་ཡིད་སྐུ་གསུང་ཐུགས་རྡོ་རྗེ་སྐྱོན་དག་ཅིང་ཡོན་ཏན་རྫོགས་པ་རྒྱུའི་རྒྱུད་ཀྱི་སངས་རྒྱས་ཉིད་ཡིན་ཏེ། དེ་བཞིན་ཉིད་ལ་དབྱེར་མེད་པའོ། །འོན་ཀྱང་གློ་བུར་བའི་དྲི་མས་ཇི་སྲིད་སྒྲིབ་པ་དེ་སྲིད་སེམས་ཅན་


KMC011_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཏགས་ཤིང་། དྲི་མ་དེ་ཉིད་བག་ཆགས་དང་བཅས་པ་ལམ་གྱིས་སྦྱངས་ཤིང་བསལ་ནས། དག་པའི་ཡེ་ཤེས་ཡོན་ཏན་མངོན་དུ་གྱུར་པའི་ཚེ་དྲི་བྲལ་འབྲས་བུའི་སངས་རྒྱས་སུ་བརྗོད་པ་ཉིད་ཀྱི་ངོ་བོ་ལ་དབྱེ་བ་མེད་པ་དང་། གནས་སྐབས་ལ་བརྟེན་ནས་སེམས་ཅན་དང་སངས་རྒྱས་སུ་དབྱེ་བ་མི་འགལ་ལོ་ཞེས་སོ། །ནང་དོན་དུ། ལྷན་སྐྱེས་ཡེ་ཤེས་ནི་སངས་རྒྱས། གློ་བུར་དྲི་མ་ནི་ཁམས་འཛག་པ་ལས་དུས་གསུམ་གྱི་སེམས་སྐྱེ་བས་ཞུ་བདེའི་སྟོབས་ཀྱིས་དེའི་དྲི་མ་བཀག་ཅིང་བསལ་ན་མཆོག་ཏུ་མི་འགྱུར་བའི་སངས་རྒྱས་ཉིད་དོ་ཞེས་པའོ། །ལྷ་མོ་ཐམས་ཅད་ཀྱིས་གསོལ་བ། བཅོམ་ལྡན་འདས་དེ་དེ་བཞིན་ཏེ། གློ་བུར་གྱི་དྲི་མ་ཀུན་རྫོབ་ཏུ་ཡོད་པས་བདེན་པ་མ་མཆིས་ཤིང་། རྣམ་པར་དག་པའི་ཡོན་ཏན་གྱི་ངོ་བོར་གནས་པ་དོན་དམ་པ་ལ་སངས་རྒྱས་སུ་བཤད་པས་བརྫུན་པ་མ་མཆིས་སོ་ཞེས་མཐུན་འགྱུར་བརྗོད་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་མི་ཤེས་འཇིག་རྟེན་པ། །བཙན་དུག་ཟོས་པས་བརྒྱལ་བར་འགྱུར། །རྨོངས་སྤངས་དེ་ཉིད་ཡིད་ཀྱིས་ནི། །དེ་ཡིས་དེ་ཉིད་


KMC011_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གཅོད། །དེ་བཞིན་ཞི་བའི་ཐབས་ཤེས་ཤིང་། །ཀྱེ་ཡི་རྡོ་རྗེར་ངལ་བསོས་ན། །མ་རིག་སོགས་པས་མི་འཛིན་ཅིང་། །གཏི་མུག་ལ་སོགས་འཆིང་བས་མིན། །རང་དང་རང་གི་རྟོགས་པ་ལས། །སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་གློ་བུར་གྱི་དྲི་མ་བསལ་བའི་དོན་དེ་གསལ་བར་བཀའ་སྩལ་པ། དཔེར་ན། དུག་གིས་གནོད་པ་སྐྱེད་པའི་ཚུལ་གང་གིས་མ་རིག་ཅིང་ཞི་བར་བྱེད་པའི་ཐབས་མི་ཤེས་པའི་འཇིག་རྟེན་པ་དག་བཙན་དུག་ཟོས་ན་དེའི་ནུས་པས་ལུས་ཁྱབ་ནས་མྱོས་ཤིང་ང་རྒྱལ་ཏེ་འཆི་བར་འགྱུར་ལ། དུག་སྨན་དུ་བྱེད་པའི་ཐབས་ལ་རྨོངས་པ་སྤངས་པ། སྔགས་སོགས་ཀྱི་དེ་ཉིད་ཤེས་པའི་ཡིད་ཅན་གྱིས་ནི་དུག་དེ་ཡི་ནུས་པས་འཆི་བ་དང་བརྒྱལ་བ་སོགས་ཀྱི་དེ་ཉིད་ཡོངས་སུ་གཅོད་པར་བྱེད་དོ། །དཔེ་དེ་བཞིན་དུ། ལས་དང་ཉོན་མོངས་པའི་ནུས་པ་ཞི་བ་མྱང་འདས་ཐོབ་པའི་ཐབས་ཤེས་ཤིང་། ཧེ་བཛྲའི་ངེས་དོན་བདེ་སྟོང་ཟུང་དུ་འཇུག་པའི་ཀྱེའི་རྡོ་རྗེར་བསྟན་པའི་རིམ་པ་གཉིས་བསྒོམས་པས་འཁོར་བར་སྡུག་བསྔལ་གྱིས་ཡུན་རིང་དུ་མནར་བའི་


KMC011_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

ངལ་བསོས་ན། མ་རིག་པ་དང་ལ་སོགས་པས་བསྟན་པ་རྒ་ཤིའི་བར་གྱི་རྟེན་འབྲེལ་བཅུ་གཉིས་ཀྱིས་སྲིད་པར་མི་འཛིན་ཅིང་། གཏི་མུག་ལ་སོགས་པའི་ཁོངས་སུ་དུག་ལྔ་གཞན་ཡང་བསྡུས་པ་རྣམས་ཀྱིས་འཆིང་བས་འཁོར་བར་འཆིང་བ་མིན་ནོ། །དེས་ན་འཆིང་བ་གྲོལ་བའི་ལམ་ལ་འབད་པས། སྒྲུབ་པ་པོ་རང་དང་ཞེས་པ་ལྷན་སྐྱེས་བདེ་བའི་རང་བཞིན་དང་། རང་གི་རིག་པའི་ཡེ་ཤེས་ཡང་དག་པར་རྟོགས་པར་གྱུར་པའི་མཐུ་ལས། སངས་རྒྱས་དག་པ་མ་ཡིན་པ་སེམས་ཅན་མ་དག་པ་ནི་གཅིག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་པའི་རྟོགས་པ་ཁྱད་པར་ཅན་སྐྱེ་བར་འགྱུར་རོ། །གསུམ་པ་ནི། དམྱལ་བ་ཡི་དྭགས་བྱོལ་སོང་དང་། །ལྷ་དང་ལྷ་མིན་མི་རྣམས་དང་། །བཤང་བའི་སྲིན་བུ་ལ་སོགས་པ། །ལྷ་དང་ལྷ་མ་ཡིན་གྱི་ཡང་། །བདེ་བ་གང་ཕྱིར་མི་ཤེས་པས། །རྟག་ཏུ་རང་བཞིན་བདེ་བ་ཅན། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་དུ་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་དུ་བསྟན་པ་མེད། །ཅེས་གསུངས་ཏེ། དེ་ལྟ་བས་ན་སེམས་ཅན་དམྱལ་བ་པ་དང་ཡི་དྭགས་དང་།


KMC011_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

བྱོལ་སོང་སྟེ་ངན་སོང་གསུམ་དུ་སྡུག་བསྔལ་བ་དང་། ལྷ་འདོད་པ་དང་གཟུགས་དང་གཟུགས་མེད་པའི་རིས་སུ་གཏོགས་པ་དང་། ལྷ་མིན་ངན་འགྲོ་བདེ་འགྲོ་ཆ་མཐུན་ལ། མིའི་འགྲོ་བ་རྣམས་དང་བཅས་པའི་འཇིག་རྟེན་གསུམ་པོའི་ནང་ནས། ཤིན་ཏུ་ཐ་ཆད་པ་བཤང་བའི་ནང་དུ་གནས་པའི་སྲིན་བུ་ལ་སོགས་པ་སྲོག་ཆགས་དམན་པ་གཞན་ཡང་བསྡུས་པ་ཡན་ཆད། མཐོ་བ་ལྷ་དང་བར་མ་ལྷ་མ་ཡིན་གྱི་ཚོགས་དང་། ཡང་གི་སྒྲས་མི་རྣམས་ཀྱིའང་། སོ་སོའི་རྒྱུད་ལ་ཡོད་པའི་བདེ་བ་ཆེན་པོ་གཉུག་མའི་ཡེ་ཤེས་དེ་ཉིད། སྒྲིབ་པ་དང་ལྡན་པ་གང་གི་ཕྱིར་རང་གིས་མི་ཤེས་པར་གྱུར་པ་ཙམ་མ་གཏོགས། དུས་རྟག་ཏུ་རང་བཞིན་རྒྱུན་མི་འཆད་པ་མི་འགྱུར་བའི་བདེ་བ་ཅན་ཡིན་པས། ཕྱིའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ནི་གང་དུ་བཙལ་ཡང་། སངས་རྒྱས་ཞེས་བྱ་བ་སེམས་ཀྱི་རང་བཞིན་དེ་ལས་གཞན་དུ་རྙེད་པར་མི་འགྱུར་ཏེ། བདེ་ཆེན་གཉུག་མའི་སེམས་ནི་གདོད་ནས་རྫོགས་པའི་སངས་རྒྱས་ཀྱི་རང་བཞིན་ཉིད་ཡིན་པས། རྒྱུ་རྒྱུད་རང་བཞིན་རྣམ་དག་དེ་ལས་འབྲས་བུ་དྲི་བྲལ་གྱི་སངས་རྒྱས་གསར་པ་གཞན་དུ་འབྱུང་ཞེས་དུས་


KMC011_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གྱི་རྒྱལ་བས་བསྟན་པ་མེད་དོ། །བཞི་པ་ནི། གདོལ་པ་སྨྱིག་མཁན་ལ་སོགས་པ། །གསོད་དོན་དོན་དུ་སེམས་པ་པོ། །དེ་རྣམས་ཀྱེ་རྡོ་རྗེ་ཤེས་ན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །བྱིས་པ་མི་ཤེས་པས་བསྒྲིབས་པ། །འདི་ཡི་འགྲོ་བ་མི་ཤེས་པ། །འགྲོ་བ་དྲུག་གི་སྲིད་པའི་མཐར། །གང་ཞིག་རྨོངས་པ་འཁོར་བར་འགྱུར། །རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེ། །ཀྱེ་ཡི་རྡོ་རྗེའི་ཐབས་རྙེད་ནས། །གང་ཞིག་ཡུལ་རྣམས་རྣམ་སྦྱོང་བ། །དེས་ནི་བླ་མེད་རྙེད་པར་འགྱུར། །ཅེས་གསུངས་ཏེ། དེ་ལྟ་ནའང་། མིའི་རིགས་དམན་པ་དང་ལས་ངན་པ་སྤྱོད་པས་སངས་རྒྱས་མི་འགྲུབ་བམ་སྙམ་ན། སྔར་རྒྱས་པར་བསྟན་པ་བཞིན་དུ། གདོལ་པ་སྟེ་མཐར་སྐྱེས་རིགས་ངན་ཤན་པ་དང་། སྨྱིག་མའི་སྣོད་སྤྱད་བྱེད་པ་དང་མདའ་མཁན་ལ་སོགས་པ་ཀླ་ཀློ་རིགས་ངན་མཐའ་དག་དང་། མདོར་ན་སྲོག་ཆགས་གསོད་པའི་བྱ་བ་དོན་དུ་གཉེར་ཞིང་བསད་པའི་ཐབས་སྣ་ཚོགས་སེམས་པ་པོ་དེ་རྣམས་ཀྱིས་ཀྱང་། ཀྱཻ་རྡོ་རྗེའི་ཐབས་ཁྱད་པར་ཅན་འདི་ཤེས་ཤིང་ཉམས་སུ་བླངས་ན་མྱུར་དུ་དངོས་གྲུབ་མཆོག་འགྲུབ་པར་འགྱུར་བ་འདི་ལ་ཐེ་ཚོམ་མེད་ཅིང་།


KMC011_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་མཐོ་བ་དང་སྲོག་ཆགས་མང་དུ་མི་གསོད་མོད་ཀྱི། བྱིས་པ་སོ་སོའི་སྐྱེ་བོ་བླང་དོར་མི་ཤེས་པའི་རྨོངས་པས་རྒྱུད་བསྒྲིབས་པ། ལམ་འདིའི་ཐར་པ་མཆོག་ཏུ་འགྲོ་བའི་ཐབས་ཀྱི་དེ་ཁོ་ན་ཉིད་མི་ཤེས་པས་གྱི་ནར་འཁོད་པ་རྣམས། འགྲོ་བ་རིགས་དྲུག་གི་གནས་སུ་འཁྱམས་ཤིང་སྲིད་པའི་མཐར་ལྷུང་སྟེ་གང་ཞིག་ལམ་ལ་མི་བརྩོན་པའི་རྨོངས་པ་དེ་དག་ནི་ནམ་ཡང་གྲོལ་དུས་མེད་པར་ཡང་དང་ཡང་དུ་འཁོར་བར་འགྱུར་ལ། རྡོ་རྗེ་སྙིང་པོ་སྙིང་རྗེ་ཆེན་པོ། ཞེས་བོས་ནས། ལེ་ལོ་དེ་ལས་ལྡོག་སྟེ། ཀྱེའི་རྡོ་རྗེའི་ཐབས་ཏེ་རྒྱུད་ཀྱི་ལམ་རིམ་གཉིས་ཀྱི་མན་ངག་རྙེད་ནས། སྐྱེས་བུ་གང་ཞིག་མ་དག་པའི་ཡུལ་ཡུལ་ཅན་གྱི་རྟོག་པ་རྣམས་རྣམ་པར་སྦྱོང་བ་ལ་འབད་པ་དེས་ནི་བླ་ན་མེད་པའི་བྱང་ཆུབ་རྙེད་ཅིང་འཐོབ་པར་འགྱུར་རོ་ཞེས་ཐབས་ཀྱི་ལམ་ཟབ་མོ་ཤེས་པའི་ཕན་ཡོན་དང་མ་ཤེས་པའི་ཉེས་དམིགས་བསྟན་པའོ། །རྩ་བའི་གཉིས་པ་ཐུན་མོང་གི་གསལ་བྱེད་ལ་བཞི། ལྷ་མོ་བརྒྱད་ཀྱི་རྒྱས་འདེབས། འབྱུང་པོ་ཐམས་ཅད་པའི་གཏོར་མ། ལྷ་མོ་གསུམ་གྱི་རིགས་བདགརིགས་བདག་གི་དབྱེ་བསྡུ་བསྟན་པའོ། །དང་པོ་ལ་གཉིས། མཚམས་མ་


KMC011_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཞུས་ལན། ཕྱོགས་མ་བཞི་དེ་མཚུངས་སུ་བསྟན་པའོ། །དང་པོ་ལ་བཞི་ལས། ཐོག་མར་པུཀྐ་སཱིའི་རིགས་བདག་གི་ཞུས་ལན་ནི། རྡོ་རྗེ་སྙིང་པོས་གསོལ་བ། ས་ནི་པུཀྐ་སཱིར་བཤད་པ། །གང་ཕྱིར་གཏི་མུག་སྲ་བ་ཉིད། །སྐུ་ནི་རྣམ་སྣང་ཉིད་གསུངས་པ། །ཇི་ལྟར་མི་བསྐྱོད་ཕྱག་རྒྱ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །སེམས་སྤངས་ནས་ནི་ལུས་ཀྱིས་ནི། །མཛེས་པ་གཞན་དུ་མི་འགྱུར་རོ། །དེ་ཕྱིར་རྣམ་པར་སྣང་མཛད་སེམས། །སྐུ་ལ་ཐུགས་ཀྱི་ཕྱག་རྒྱས་གདབ། །ཅེས་གསུངས་ཏེ། རྒྱུད་གཞན་ལས་རིགས་དང་རིགས་ཅན་གྱི་རྒྱས་འདེབས་སོགས་སུ་གསུངས་ན། རྒྱུད་འདིར་གོང་དུ་ལྷ་མོ་རྣམས་ཀྱི་རྒྱས་འདེབས་གསུངས་པ་དེ་དག་མི་འགལ་ལམ་སྙམ་པའི་དོགས་པ་སེལ་བའི་སླད་དུ། སེམས་དཔའ་རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་བ། སའི་ཁམས་དག་པ་ནི་ལྷ་མོ་པུཀྐ་སཱིར་རྡོ་རྗེ་འཛིན་པ་ཉིད་ཀྱིས་བཤད་པར་མཛད་ལ། རྒྱུ་གང་གི་ཕྱིར་གཏི་མུག་གི་རིགས་ཅན་སྲ་བ་ས་ཉིད་དང་། ལུས་སམ་སྐུ་ནི་རྣམ་སྣང་ཉིད་དུ་གསུངས་པ་དང་མཐུན་ཕྱིར། རྣམ་སྣང་གིས་རྒྱས་འདེབས་པར་རིགས་པ་


KMC011_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཇི་ལྟར་མི་བསྐྱོད་པས་ཕྱག་རྒྱས་བཏབ་པ་ལགས། ཞེས་ཞུས་པའི་ལན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་དེའི་ཁམས་ལུས་ཡིན་ཀྱང་། ལུས་འགྲུབ་པའི་རྩ་བ་སེམས་ཡིན་པས་ཐུགས་ཀྱི་རྒྱས་གདབ་དགོས་ཏེ། བརྟེན་པ་སེམས་དང་བྲལ་ཞིང་སྤངས་ནས་ནི་རྟེན་ལུས་གཅིག་པུ་ཉིད་ཀྱིས་ནི་མཛེས་པ་རྣམ་འགྱུར་གྱི་ཁྱད་པར་གཞན་གང་དུའང་འབྱུང་བར་མི་འགྱུར་རོ། །རྒྱུ་མཚན་དེའི་ཕྱིར་རྣམ་པར་སྣང་མཛད་ལ་སེམས་དང་ལྡན་པར་བསྒྲུབ་པའི་ཕྱིར། སྐུ་ལ་ཐུགས་ཀྱི་རིགས་མི་བསྐྱོད་པས་གདབ་པ་ནི་ལུས་ལ་སེམས་ཀྱི་ཕྱག་རྒྱས་གདབ་པ་ཡིན་ནོ། །གཉིས་པ་རི་ཁྲོད་མའི་ཞུས་ལན་ནི། རྡོ་རྗེ་སྙིང་པོས་གསོལ་བ། ཆུ་ཁམས་རི་ཁྲོད་མར་བཤད་པ། །མི་བསྐྱོད་ཁུ་བའི་གཟུགས་ཅན་ཉིད། །གཙོ་བོ་མི་བསྐྱོད་ཕྱག་རྒྱས་ནི། །རི་ཁྲོད་མ་ལ་ཕྱག་རྒྱར་རིགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །ལུས་སྤངས་ནས་ནི་སེམས་ཀྱིས་ནི། །གནས་པ་གཞན་དུ་མཐོང་མི་འགྱུར། །དེ་ཕྱིར་སེམས་ནི་གཏི་མུག་འགྱུར། །ས་ལ་གཏི་མུག་ཕྱག་རྒྱས་གདབ། །ཅེས་གསུངས་ཏེ། ཡང་རྡོ་རྗེ་སྙིང་པོས་གསོལ་བ། ཆུ་ཁམས་དག་པ་རི་ཁྲོད་


KMC011_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

མར་བཤད་པ་ལྟར་ན། མི་བསྐྱོད་པ་ཁུ་བ་ཆུའི་གཟུགས་སམ་རང་བཞིན་ཅན་ཉིད་འཐད་པས། གཙོ་བོ་ཞེས་བཅོམ་ལྡན་འདས་ལ་བོས་ཏེ། མི་བསྐྱོད་པའི་ཕྱག་རྒྱས་ནི་རི་ཁྲོད་མ་ལ་ཕྱག་རྒྱས་གདབ་པར་རིགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྟེན་ལུས་སྤངས་ནས་མེད་པ་ལ་ནི་བརྟེན་པ་སེམས་ཁོ་ན་ཉིད་ཀྱིས་ནི་གནས་པ་གཞན་གང་དུའང་མཐོང་བར་མི་འགྱུར་བ་དེའི་ཕྱིར། སེམས་དག་པའི་ལྷ་མོ་ལ་རིགས་བདག་ནི་གཏི་མུག་གི་བདག་ཉིད་དུ་འགྱུར་བས། ཐུགས་མི་བསྐྱོད་པའི་རིགས་ཅན་ལ་གཏི་མུག་དག་པ་རྣམ་སྣང་གི་ཕྱག་རྒྱས་གདབ་པ་ནི་སེམས་ལ་ལུས་ཀྱི་རྒྱས་འདེབས་སོ། །གསུམ་པ་གདོལ་པ་མོའི་ཞུས་ལན་ནི། རྡོ་རྗེ་སྙིང་པོས་གསོལ་བ། མེ་ནི་གདོལ་པ་མོར་བཤད་པ། །འདོད་ཆགས་ཕྱག་རྒྱས་གདོལ་པ་མོ། །རིགས་ཏེ་ཕྱག་རྒྱ་གཞན་མིན་ན། །ཇི་ལྟར་རིན་ཆེན་ཕྱག་རྒྱ་ལགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གང་ཕྱིར་འདོད་ཆགས་ཁྲག་བཤད་པ། །ཁྲག་ནི་རིན་ཆེན་འབྱུང་གནས་ཉིད། །དྲོད་ནི་ཁྲག་གི་རང་བཞིན་ཕྱིར། །འདོད་ཆགས་སེར་སྣའི་ཕྱག་རྒྱས་གདབ། །ཅེས་གསུངས་ཏེ།


KMC011_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་རྡོ་རྗེ་སྙིང་པོས་གསོལ་བ། མེ་ཁམས་དག་པ་ནི་ལྷ་མོ་གདོལ་པ་མོར་བཤད་པ་བཞིན་དུ། འདོད་ཆགས་མེ་ཁམས་དག་པ་འོད་དཔག་མེད་ཀྱི་ཕྱག་རྒྱས་གདོལ་པ་མོ་ལ་འདེབས་པར་རིགས་ཏེ་རྒྱས་འདེབས་ཀྱི་ཕྱག་རྒྱ་གཞན་འོས་པ་མིན་ན། འདིར་ཇི་ལྟར་རིན་ཆེན་འབྱུང་ལྡན་གྱི་ཕྱག་རྒྱས་བཏབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུ་མཚན་གང་གི་ཕྱིར་ན་འདོད་ཆགས་ནི་ལུས་ལ་ཁྲག་ཡོད་པ་ལས་འབྱུང་བར་བཤད་པ་དང་། ཁྲག་དག་པ་ནི་རིན་ཆེན་འབྱུང་གནས་ཉིད་ཡིན་ལ། མེ་ཁམས་དྲོད་ནི་ཁྲག་གི་རང་བཞིན་ལས་འབྱུང་བའི་ཕྱིར། རྒྱུ་འདོད་ཆགས་དག་པའི་ལྷ་ལ་འབྲས་བུ་སེར་སྣ་དག་པའི་རིགས་བདག་དེ་ལས་བྱུང་བའི་འབྲེལ་པས་གདབ་པ་ནི་རྒྱུ་ལ་འབྲས་བུའི་ཕྱག་རྒྱས་བཏབ་པའོ། །བཞི་པ་གཡུང་མོའི་ཞུས་ལན་ནི། རྡོ་རྗེ་སྙིང་པོས་གསོལ་བ། གང་ཕྱིར་གཡུང་མོ་རླུང་ཉིད་དེ། །དོན་ཡོད་རླུང་གི་གཟུགས་ཅན་ཉིད། །དོན་ཡོད་ཕྱག་རྒྱས་གཡུང་མོ་ལ། །གཙོ་བོ་ཕྱག་རྒྱར་རིགས་པར་འགྱུར། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆགས་མ་གཏོགས་ཕྲག་དོག་ནི། །ན་དུ་འབྱུང་བ་མ་ཡིན་ཏེ། །


KMC011_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཕྱིར་འདོད་ཆགས་ཕྱག་རྒྱ་ཡིས། །མཁས་པས་གཡུང་མོ་ཕྱག་རྒྱས་གདབ། །ཅེས་གསུངས་ཏེ། ཡང་རྡོ་རྗེ་སྙིང་པོས་གསོལ་བ། རྒྱུ་གང་གི་ཕྱིར་ལྷ་མོ་གཡུང་མོ་ནི་རླུང་གི་ཁམས་དག་པ་ཉིད་དུ་བཤད་དེ། དོན་ཡོད་གྲུབ་པའང་རླུང་དག་པ་དག་གི་གཟུགས་སམ་རང་བཞིན་ཅན་ཉིད་དུ་མཐུན་པས། དོན་ཡོད་གྲུབ་པའི་ཕྱག་རྒྱས་གཡུང་མོ་ལ། གཙོ་བོ་བཅོམ་ལྡན་འདས་ཕྱག་རྒྱར་འདེབས་པ་དེ་རིགས་པར་འགྱུར་བ་མ་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུ་བདག་དང་བདག་གིར་འཛིན་པའི་འདོད་ཆགས་ཀྱི་མཐུས་འབྱུང་བ་མ་གཏོགས། འབྲས་བུ་ཕྲག་དོག་ནི་གཞན་གང་དུའང་འབྱུང་བ་མ་ཡིན་ཏེ། དེའི་ཕྱིར་རྒྱུ་འདོད་ཆགས་དག་པ་སྣང་བ་མཐའ་ཡས་ཀྱི་ཕྱག་རྒྱ་ཡིས། འབྲས་བུ་ཕྲག་དོག་རླུང་ཁམས་དག་པའི་ལྷ་མོ་ལ་རྒྱས་འདེབས་པ་སྟེ་སངས་རྒྱས་ཆོས་ཐམས་ཅད་ལ་མཁས་པས་གཡུང་མོ་ལ་ཕྱག་རྒྱས་གདབ་པའི་ཚུལ་འདི་ནི་འབྲས་བུ་ལ་རྒྱུའི་རྒྱས་གདབ་པར་བསྟན་ཏོ། །གཉིས་པ་ཕྱོགས་མ་རྣམས་དེ་མཚུངས་སུ་བསྟན་པ་ནི། གང་ཕྱིར་གཟུགས་ནི་སྲ་བ་ཉིད། །དཀར་མོ་སྣང་མཛད་གསུངས་པ་ཉིད། །


KMC011_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་གསུངས་ཉིད་ཀྱི་རིམ་པ་ཡིས། །སེམས་ཀྱི་བདག་པོས་ཕྱག་རྒྱས་གདབ། །དེ་ཉིད་རིམ་པས་ཆོམ་རྐུན་མ། །དེ་བཞིན་རོ་ལངས་མ་ཉིད་དང་། །དེ་ཡི་རིགས་པས་གྷསྨ་རཱི། །མ་ལོག་པ་ལས་ཕྱག་རྒྱའོ། །ཞེས་གསུངས་ཏེ། གང་གི་ཕྱིར་གཟུགས་ནི་སྲ་བ་ས་ཁམས་ཀྱི་རང་བཞིན་ཉིད་ཡིན་པའི་ཕྱིར་གཟུགས་དག་པར་དཀར་མོ་རྣམ་པར་སྣང་མཛད་ཀྱི་རིགས་སུ་གསུངས་པ་ཉིད་ཡིན་ཀྱང་། སྔར་གོང་དུ་གསུངས་པ་ཉིད་ཀྱི་རིམ་པ་ཡིས་མཚོན་དགོས་པས། སྔར་པུཀྐ་སཱི་བཞིན་དུ་ལུས་ལ་སེམས་ཀྱི་བདག་པོ་མི་བསྐྱོད་པའི་ཕྱག་རྒྱས་གདབ་པ་དང་། སྔར་རི་ཁྲོད་མའི་རྒྱས་འདེབས་དེ་ཉིད་ཀྱི་རིམ་པས་ཆོམ་རྐུན་མ་མི་བསྐྱོད་པ་ཆུ་དག་པ་ལ་རྣམ་སྣང་གི་རྒྱས་བཏབ་པ་སེམས་ལ་ལུས་ཀྱི་རྒྱ་དང་། དེ་བཞིན་དུ་ཙཎྜལཱིའི་རྒྱས་འདེབས་ལྟར་རོ་ལངས་མ་འདོད་ཆགས་དག་པ་ཉིད་ལ་སེར་སྣ་དག་པ་རིན་འབྱུང་གིས་རྒྱས་བཏབ་པ་རྒྱུ་ལ་འབྲས་བུའི་རྒྱ་དང་། དེ་ཡི་རིགས་པས་གཡུང་མོའི་རྒྱས་འདེབས་ལྟར་ཕྲག་དོག་དག་པ་གྷསྨ་རཱི་ལ་འདོད་ཆགས་དག་པ་འོད་དཔག་མེད་འབྲས་བུ་ལ་རྒྱུའི་རྒྱས་གདབ་སྟེ། དེ་དག་ནི་རྟེན་བརྟེན་པའམ་རིགས་དང་རིགས་


KMC011_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གོ་མ་ལོག་པ་ལས་འབྲེལ་བའི་ཕྱག་རྒྱས་གདབ་པའོ། །རིགས་བདག་གི་རྒྱས་འདེབས་འདིའང་གོ་སླ་བའི་ཕྱིར་འདིར་ཡོངས་གྲགས་ལྟར་བྲིས་པ་ཡིན་ལ། རང་བྱུང་ཞབས་ཀྱི་བཞེད་སྲོལ་གོ་དཀའ་བས་མ་སྨྲོས་ལ། སྡོམ་གསུམ་ལས་ལམ་རིམ་དང་། དེ་ལས་བསྐྱེད་རིམ་དུ་གཏོགས་པར་གསུངས་ཀྱང་། དྲང་དོན་བསྐྱེད་རིམ་གྱི་རྒྱས་འདེབས་ལ། ངེས་དོན་རྒྱུ་འབྲས་ལ་སོགས་པའི་དེ་བྱུང་དང་བདག་ཉིད་གཅིག་པའི་འབྲེལ་བ་ཟབ་ཅིང་རྒྱ་ཆེ་བ་རྣམས་རྟོགས་ན་འཁོར་འདས་ཀྱི་ཆོས་ཀུན་གྱི་ཕྱག་རྒྱའི་སྡོམ་དུ་འགྱུར་བས་དེའི་ཚུལ་ཡང་ཤེས་པར་བྱ་དགོས་སོ། །གཉིས་པ་གཏོར་མའི་ཆོ་ག་ལ་གསུམ། ཇི་ལྟར་གསུངས་པའི་ཚུལ་དགོས་པ་དང་བཅས་པ། གང་གསུངས་པའི་སྔགས་དངོས། དེའི་ཕན་ཡོན་ནོ། །དང་པོ་ནི། ཀྱེ་ཡི་རྡོ་རྗེ་རྡོ་རྗེ་འཛིན། །སྙོམས་འཇུག་གནས་པའི་ལྷ་ཉིད་ལ། །སེམས་ཅན་དོན་ཕྱིར་གཏོར་མ་ཆེ། །དེ་ལ་བདག་མེད་མས་ཞུས་པ། །ཨེ་ཝྃ་རྣམ་པར་བཞུགས་ནས་ནི། །བགེགས་དང་ལོག་པར་འདྲེན་པ་ལས། །སེམས་ཅན་རྣམས་ཀྱི་སྲོག་བསྲུང་ཕྱིར། །རྡོ་རྗེ་སེམས་དཔས་གཏོར་མ་བསྟན། །


KMC011_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་ཏེ། དེ་ལ་འདིར་ཞུས་ཞེས་པ་བཤད་པའི་གཞིའོ། །ཡུལ་གང་ལ་ཞུས་ན། ཀྱཻ་རྡོ་རྗེ་མངོན་པར་བྱང་ཆུབ་པ་ལྔའི་རྡོ་རྗེ་འཛིན་པ་སངས་རྒྱས་ཀྱི་ས་ན་གང་ཟག་པ་མེད་པའི་བདེ་བ་ཡོད་པ་མཚོན་པའི་རྟགས་སུ། ཡུམ་དང་གཉིས་སུ་མེད་པར་སྙོམས་པར་འཇུག་པའི་ཚུལ་དུ་གནས་པའི་ལྷ་ཉིད་ལ་སྟེ། བཅོམ་ལྡན་འདས་ཀྱཻ་རྡོ་རྗེ་དེ་ལའོ། །ཆེད་དུ་བྱ་བ་གང་གི་ཕྱིར་དུ་ན། སེམས་ཅན་ལ་ཕན་པ་དང་བདེ་བར་འགྱུར་བའི་དོན་གྱི་ཕྱིར་དུའོ། །གང་ལས་བརྩམས་ཏེ་ཞུས་ན། གཏོར་མ་ཆེན་པོ་སྟེ་ཚོགས་གཉིས་ཀྱི་སྟོབས་དང་ལྡན་པའི་ཆོ་ག་ལས་བརྩམས་ནས་སོ། །སུས་ཞུས་ན། བཅོམ་ལྡན་འདས་དེ་ལ་ཡུམ་རྡོ་རྗེ་བདག་མེད་མས་ཞུས་པའོ། །ཚུལ་ཇི་ལྟ་བུས་ཞུས་ན། ཨེ་ཝཾ་གྱི་རྣམ་པ་ནི་ཐབས་ཤེས་རབ་གཉིས་སུ་མེད་པར་སྙོམས་པར་ཞུགས་པའི་ཚུལ་དུ་བཞུགས་ནས་ནི་ཞུས་སོ། །ཁྱད་པར་གྱི་དགོས་པ་གང་གི་དོན་དུ་ཞུས་ན། ལུས་དང་སྲོག་ལ་བར་གཅོད་བྱེད་པའི་བགེགས་དང་ལོག་པར་འདྲེན་པ་རྣམས་ལས། སེམས་ཅན་རྣམས་ཀྱི་སྲོག་ལ་སོགས་པ་བསྲུང་བའི་ཕྱིར་དུའོ། །དེ་ལྟར་ཞུས་པའི་ངོར། བཅོམ་ལྡན་འདས་རྡོ་རྗེ་སེམས་


KMC011_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

དཔས་གཏོར་མའི་ཆོ་ག་བསྟན་ཏོ། །གཉིས་པ་ནི། ཨོཾ་ཨིནྡྲ་ཛམ་ཛ་ལ་ཛཀྑ། བྷུ་ཏ་བཧྣི་བཱ་ཨུ་རཀྑ་ཙནྡ་སུཛྫ་མཱ་ད་བ་ཏ་ལ་པཱ་ཏཱ་ལེ་ཨཱཊྠ་སཔྤ་སྭཱ་ཧཱ། ཨི་དཾ་བ་ལིཾ་བྷུཉྫ་ཛི་གྷ་ཕུལླ་དྷུ་པ་མཱཾ་ས་བིཾ་གྷ་ཨཱམྦ་ས་ཀཛྫ་སཱ་དྷ་ཁནྟི་ཁུ་ཎི་ཕེ་ཌ་གཱ་ད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་ངྷརྨྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱཏ། ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུངས་ཏེ། སྔགས་འདི་དག་ལས་ཨ་ཀཱ་རོ་སོགས་འཁོར་གསུམ་རྣམ་དག་གི་སྔགས་རྣམས་སཾསྐྲྀ་ཏའི་སྐད་དུ་གསུངས་ཀྱང་། གཞན་ཕལ་ཆེ་བ་པྲ་ཀྲྀ་ཏའི་ཟུར་ཆག་པའི་སྐད་དུ་སངས་རྒྱས་ཀྱིས་གསུངས་པས། གཞུང་དག་པ་རྣམས་སུ་བལྟས་ནས་ཟུར་ཆག་འདི་ཉིད་དག་པར་བརྗོད་ཀྱི། སཾསྐྲྀ་ཏ་སོགས་སུ་བསྒྱུར་བར་མི་བྱའོ། །དེ་ཡང་། ཨོཾ་ནི། ངེས་པ་ཁོ་ནར། ཨིནྡྲ་ནི། དབང་པོ། ཛམ་ནི། གཤིན་རྗེ། ཛ་ལ་ནི། ཆུ་ལྷ། ཛཀྑ་(ཡཀྵ་)ནི། གནོད་སྦྱིན། བྷཱུཏ་ནི། འབྱུང་པོ། བ་ཧཱི་(ཨགྣི་)ནི། མེ་ལྷ། བཱ་ཨུ་(ཝཱ་ཡུ་)ནི། རླུང་ལྷ། རཀྑ་(རཀྵ་)ནི། སྲིན་པོ། ཙནྡྲ་ནི། ཟླ་བ། སུ་ཛྫ་(སུཪྱཱ་)ནི། ཉི་མ། མཱ་ད་(མཱ་ཏཱ་)ནི། མ་སྟེ་སའི་ལྷ་མོ་དང་། བཔྤ་ནི། ཕ་སྟེ་ཚངས་པའོ། །འདི་ལ་དཔལ་རང་བྱུང་གིས་ཕ་མས་གཙོ་བྱས་པའི་ཚངས་པ་ཆེན་པོ་ལ་སོགས་


KMC011_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །ཞེས་གསུངས། ཏ་ལ་ནི། ས་སྟེང་དང་། པཱ་ཏ་ལཾ་ནི། ས་འོག་གོ། །ཨཥྚ་ནི། བརྒྱད་དང་། སཔྤ་(སཪྤ་)ནི། སྦྲུལ་ཏེ་ཀླུ་ཆེན་པོ་བརྒྱད་དོ། །སྭཱ་ཧཱ་ནི། ལྷན་ཅིག་པའམ། ཤཱནྟི་པས་ཞི་བར་བྱེད་པའི་དོན་དུ་བཞེད། དེ་ལྟར་མགྲོན་གྱི་མིང་བཤད་ནས་གཏོར་མ་འབུལ་བའི་སྔགས་ནི། ཨི་དཾ་ནི། འདི། བ་ལིཾ་ནི། གཏོར་མ། བྷུཛྫ་(པུཛྫ་)ནི། གསོལ་ཅིགཛི་གྷ་(གྷྲ་)ནི། དྲི་སྣོམས་ཤིགཔུལླ་(པུཥྤ་)ནི། མེ་ཏོགདྷུཔྤ་ནི། བདུག་སྦོས། མཱཾ་ས་ནི། ཤ། པིཾ་གྷ་ནི། ཉ་ཤའམ་ཆང་དང་བཅས་པའོ། །ཕྲིན་ལས་བཅོལ་བ་ནི། ཨཱམྦྷ་(ཨཧྨ་)ནི། བདག་གི། སཔྤ་(སརྦ་)ནི། ཐམས་ཅད། ཀཛྫ་(ཀཱཪྻ་)ནི། བྱ་བ། སཱ་ད་ནི། སྒྲུབས་ཤིག་སྟེ། བདག་གི་བྱ་བ་ཐམས་ཅད་སྒྲུབས་ཤིག་པའོ། །ཁནྟི་(ཀྵནྟི་)། བཟོད་པ། ཁུ་ཎི། གསོལ་བ། ཕེ་ཊ་ག་ད་ནི། གནོད་འཚེ་སོལ་ཅིག་པའོ། །འདི་རྒྱ་འགྲེལ་ཕལ་ཆེར་དུ་འདོད་གསོལ་རྒྱུན་ཆགས་པའི་དོན་དུ་འབྱུང་ལ། རྒྱལ་བ་རང་བྱུང་ཞབས་ཀྱིས་བཟོད་གསོལ་དུ་གསུངས་སོ། །དེའི་རྗེས་སུ་འཁོར་གསུམ་མི་རྟོག་པའི་ཆོས་ཀྱི་སྦྱིན་པ་ནི། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་གསུངས་པ་ནི། སྔར་སྔགས་ཀྱི་ལེའུར་རྒྱས་པར་


KMC011_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ཟིན་པ་བཞིན་ནོ། །འདི་ལ་མགྲོན་གྱི་མིང་། གཏོར་འབུལ། ཕྲིན་བཅོལ། བཟོད་གསོལ། ཆོས་སྦྱིན་ཏེ་དོན་ཚན་ལྔ་ཚང་བར་བཞེད་དོ། །གསུམ་པ་ནི། གལ་ཏེ་འདིས་གཏོར་མས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན་རྣལ་འབྱོར་པ་རྣམས་ལེགས་པར་འགྱུར་རོ། །དེ་རྣམས་ལ་བདེ་བ་དྲི་མ་མེད་པ་དང་། ལྷ་མོ་རྣམས་དང་། འགྲོ་བ་རབ་ཏུ་འབྱོར་པ་རྣམས་དགའ་བར་འགྱུར་རོ། །གལ་ཏེ་འདིས་འབྱུང་པོའི་ཚོགས་ཀྱི་ཕྱིར་རྟག་ཏུ་གཏོར་མ་བྱིན་ན། དབང་དང་། མངོན་སྤྱོད་དང་། དགྲའི་སྡེ་འཇིག་པ་དང་། བསྐྲད་པ་དང་། གསད་པ་དང་། དགུག་པ་དང་། ཞི་བ་དང་། རྒྱས་པར་ཡང་འགྱུར་རོ། །ཞེས་གསུངས་ཏེ། བསྐྱེད་རིམ་གྱི་ཐུན་མཚམས་སུ་གལ་ཏེ་འདིར་བཤད་པའི་སྔགས་འདི་རྣམས་ཀྱིས་གཏོར་མ་བཏང་བའི་སྒོ་ནས་འབྱུང་པོ་ཐམས་ཅད་མཆོད་པར་བྱེད་ན། དེ་ལྟར་བྱེད་པའི་རྣལ་འབྱོར་པ་རྣམས་ལ་རང་གཞན་གྱི་དོན་ཐམས་ཅད་ལེགས་པར་འགྲུབ་པར་འགྱུར་རོ། །ཇི་ལྟར་འགྱུར་ཞེ་ན། རྣལ་འབྱོར་པ་དེ་རྣམས་ལ་མཐར་ཐུག་ལྷན་སྐྱེས་ཀྱི་བདེ་བ་ཟག་པའི་དྲི་མ་མེད་པ་བསྐྱེད་པ་དང་། གནས་སྐབས་སུ་ལྷ་མོ་


KMC011_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་རྣམས་དང་། འགྲོ་བ་རབ་ཏུ་འབྱོར་པ་རྒྱས་པ་པོ་རྣམས་ཀྱང་སྒྲུབ་པ་ལ་དགའ་བར་འགྱུར་རོ། །གལ་ཏེ་ཆོ་ག་འདིས་འབྱུང་པོ་གཏོར་མགྲོན་དང་། ཆེད་དུ་བྱ་བའི་ཚོགས་ཀྱི་ཕྱིར་དུས་རྟག་ཏུ་གཏོར་མ་བྱིན་ན། འདོད་པའི་དོན་ཕ་རོལ་པོ་དབང་དུ་འདུ་བ་དང་། མངོན་སྤྱོད་ཀྱི་ལས་སྤྱི་དང་བྱེ་བྲག་ཏུ་དགྲའི་སྡེ་འཇིག་པ་དང་། གནས་ནས་བསྐྲད་པ་དང་། བསད་པ་དང་། བསྒྲུབ་བྱ་དགུག་པ་དང་། ནད་སོགས་གནོད་པ་ཞི་བ་དང་། ཚེ་དང་བསོད་ནམས་རྒྱས་པར་ཡང་འགྱུར་རོ། །ཞེས་ལས་ཐམས་ཅད་གཏོར་མས་འགྲུབ་པར་བསྟན་ཏོ། །གསུམ་པ་ལྷ་མོ་གསུམ་གྱི་རིགས་བདག་བསྟན་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། རྡོ་རྗེ་སྙིང་པོས་གསོལ་བ། ཕྱག་རྒྱ་གང་གིས་མཁའ་སྤྱོད་མ། །གང་གི་ཕྱག་རྒྱས་ས་སྤྱོད་མ། །གཙོ་བོ་བདག་གིས་སྔར་མ་འཚལ། །བཅོམ་ལྡན་ཇི་ལྟར་ཕྱག་རྒྱ་བགྱི། །ཞེས་གསུངས་ཏེ། རྡོ་རྗེ་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་བ། ལྷ་མོ་གཞན་རྣམས་ཀྱི་རྒྱས་གདབ་སྔར་གསུངས་ན། གསང་བའི་ལྷ་མོ་གསུམ་པོ་ལ་ཕྱག་རྒྱས་འདེབས་ཚུལ་སྔར་མ་གསུངས་པས་ཕྱག་རྒྱ་གང་གིས་ལྷ་མོ་མཁའ་སྤྱོད་


KMC011_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལ་གདབ། གང་གི་ཕྱག་རྒྱས་ལྷ་མོ་ས་སྤྱོད་མ་ལ་འདེབས་པར་མཛད། ཅེས་དེ་གཉིས་ལ་དངོས་སུ་ཞུས་པའི་ཤུགས་ལ་བདག་མེད་མ་ལ་ཕྱག་རྒྱ་གང་གིས་རྒྱས་གདབ་པའང་ཞུ་བའི་དོན་དུ། གཙོ་བོ་བཅོམ་ལྡན་འདས་ཞེས་ཆེད་དུ་བརྗོད་ནས། རྡོ་རྗེ་སྙིང་པོ་བདག་གིས་སྔར་མ་འཚལ་ན། བཅོམ་ལྡན་འདས་ཞེས་བོས་ཏེ། ཇི་ལྟར་ཕྱག་རྒྱས་གདབ་པར་བགྱི་བ་ལགས་ཞུས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་གསུམ་འཁོར་ལོའི་དབུས་སུ་ནི། །སྐུ་གསུང་ཐུགས་སུ་ཕྱེ་བ་ལས། །སྟེང་དང་འོག་དང་དབུས་གནས་ཀྱི། །འཁོར་ལོའི་དབུས་སུ་རྣམ་པར་གནས། །ས་སྤྱོད་སྐུ་ཡི་ཕྱག་རྒྱ་ཅན། །སྟེང་ཞལ་སྐུ་ཡི་རྡོ་རྗེ་མ། །མཁའ་སྤྱོད་འདོད་ཆགས་ཕྱག་རྒྱ་ཅན། །འོག་ཞལ་གསུང་གི་རྡོ་རྗེ་མ། །ཐུགས་ཀྱི་རྡོ་རྗེས་བདག་མེད་མ། །སེམས་ནི་བདག་མེད་ཚུལ་ཅན་ཉིད། །སེམས་ནི་དབུས་ཀྱི་གནས་སུ་སྟེ། །ས་ན་བདག་མེད་མ་དབུས་སྐྱེ། །ཞེས་གསུངས་ཏེ། ཞུས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་གྱི་དབྱེ་བས། ཡུམ་བདག་མེད་མའི་དཀྱིལ་འཁོར་


KMC011_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོའི་དབུས་སུ་ནི། སྐུ་གསུང་ཐུགས་ཀྱི་རིགས་སུ་ཕྱེ་བའི་ལྷ་མོ་གསུམ་ལས། སྟེང་དང་འོག་དང་དབུས་གསུམ་དུ་བརྩེགས་མར་གནས་པ་ཉིད་ཀྱི་སྒོ་ནས་དཀྱིལ་འཁོར་འཁོར་ལོའི་དབུས་སུ་རྣམ་པར་གནས་པ་བརྗོད་ཅིང་། དེ་བཞིན་དུ་ལུས་ཀྱི་དབུས་སུ་ཡང་སྟེ། ས་འོག་གི་རང་བཞིན་སྤྲུལ་སྐུ་དང་སྐུ་རྡོ་རྗེ། ས་སྟེང་ཆོས་སྐུ་དང་ཐུགས་རྡོ་རྗེ། ནམ་མཁའ་ལོངས་སྐུ་དང་གསུང་རྡོ་རྗེའོ། །དེས་ན་དེ་གསུམ་གྱི་རྒྱས་གདབ་གང་ཞེ་ན། གནས་ས་འོག་ཏུ་སྤྱོད་པས་ས་སྤྱོད་མ་ལ་སྐུའི་རིགས་ཀྱི་རྣམ་སྣང་གི་ཕྱག་རྒྱ་ཅན་དུ་བྱ་ཞིང་། དེའི་ཞལ་སྟེང་དུ་གཟིགས་པས་སྟེང་ཞལ་མ་དང་ལུས་དག་པས་སྐུའི་རྡོ་རྗེ་མ་ཞེས་བྱའོ། །ཡང་གནས་མཁའ་ལ་སྤྱོད་པས་མཁའ་སྤྱོད་མ་ལ་འདོད་ཆགས་དག་པའི་རིགས་ཅན་གྱི་འོད་དཔག་མེད་ཀྱི་ཕྱག་རྒྱ་ཅན་དུ་བྱ་ཞིང་། དེའི་ཞལ་འོག་ཏུ་གཟིགས་པས་འོག་ཞལ་མ་དང་ངག་དག་པས་གསུང་གི་རྡོ་རྗེ་མ་ཞེས་བྱའོ། །ཐུགས་ཀྱི་རྡོ་རྗེ་མི་བསྐྱོད་པས་ལྷ་མོ་བདག་མེད་མ་ལ་རྒྱས་འདེབས་པའི་འཐད་པ་ནི། སྐབས་འདིར་བདག་མེད་མའི་མཚན་དུ་སྨོས་པ་དེ་ཡང་རང་གི་སེམས་ཀྱི་རང་བཞིན་ཆོས་དང་གང་ཟག་གི་


KMC011_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གཉིས་ཀ་མེད་པའི་ངང་ཚུལ་ཅན་དེ་ཉིད་ཡིན་ལ། དེ་ལྟ་བུའི་སེམས་ཉིད་དེ་ནི་ལུས་ཀྱི་དབུས་སྙིང་ག་ལ་སོགས་པ་ཆོས་ཐམས་ཅད་ཀྱི་དབུས་ན་གནས་པ་ལྟར་སྣང་སྟེ། དེས་ན་བདག་མེད་མ་དཀྱིལ་འཁོར་གྱི་དབུས་ཀྱི་ཆར་སྐྱེ་བ་སྟེ་དེ་ཉིད་དུ་གནས་པར་བཤད་དོ། །དེས་ན་བདག་མེད་མ་སེམས་ཀྱི་རང་བཞིན་ལ་ཐུགས་ཀྱི་རིགས་མི་བསྐྱོད་པས་རྒྱས་གདབ་པ་སྟེ་རྒྱས་གདབ་གསུམ་པ་འདི་ནི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱིས་རྒྱས་གདབ་པ་ཡིན་ནོ། །དེ་བས་ན་སྐུ་གསུམ་རྣམ་པར་དག་པ་སྲིད་པ་དང་ཞི་བ་གཉིས་སུ་མེད་པའི་རང་བཞིན་ནོ། །སྐབས་འདིར་རང་བྱུང་རྒྱལ་བའི་དགོངས་པ་རྟོགས་དཀའ་བས་འགྲེལ་བཤད་རྣམས་ལའང་མི་མཐུན་པ་ཅི་རིགས་བྱུང་ཞིང་། སྤྱན་སྔའི་གསུང་ཉིད་འགྲེལ་མཛད་གཞན་ཕལ་ཆེར་དང་མཐུན་པས་འདིར་འབྲུ་གཉེར་ཙམ་ལ་ཕན་པར་བསམ་ནས་ཕལ་ཆེར་དེའི་རྗེས་སུ་འབྲང་བའོ། །བཞི་པ་རིགས་བདག་གི་དབྱེ་བསྡུ་ལ་གཉིས། ཉན་པར་བསྐུལ་བ་དང་། བཤད་པ་དངོས་སོ། །དང་པོ་ནི། རྒྱས་པར་རབ་ཏུ་ཕྱེ་བ་ལས། །རིགས་ནི་རྣམ་པ་དྲུག་ཏུ་བརྗོད། །རྣམ་གསུམ་རྣམ་པ་ལྔ་ཉིད་ཀྱང་། །


KMC011_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ཀྱིས་རྣལ་འབྱོར་མ་ཉིད་ཉོན། །ཅེས་གསུངས་ཏེ། རིགས་ཀྱི་རྣམ་གྲངས་དུ་མར་རྒྱས་པར་རབ་ཏུ་ཕྱེ་བ་ལས་བསྡུས་ཏེ། གོང་དུ་ཇི་ལྟར་གསུངས་པ་བཞིན་རིགས་ནི་རྣམ་པ་དྲུག་ཏུ་བརྗོད་ཅིང་། བསྡུ་ན་རྣམ་པ་གསུམ་དང་འབྲིང་པོར་རྣམ་པ་ལྔར་འཇོག་པ་ཉིད་ཀྱང་། སླར་མདོར་བསྡུས་བཤད་ཀྱིས་རྣལ་འབྱོར་མ་བདག་མེད་མ་ཉིད་ཉོན་ཅིག་ཅེས་པ་སྟེ། འདི་ལ་རྗེ་མར་པས། དཔལ་བདེ་མཆོག་ལ་སོགས་པར། སྐུ་གསུང་ཐུགས་ཀྱི་ལྷའི་འཁོར་ལོ་གསུངས་པ་དེ་ཡང་། འདིར་ལྷ་མོ་གསུམ་ལས་མ་འདས་པས་དེའི་དྲིས་ལན་བསྟན། འོ་ན་རིགས་གསུམ་པོ་ཁོ་ནའམ་ཞེ་ན། རིགས་ལ་ཞེན་པ་སྤོང་བའི་ཕྱིར་རིགས་ཀྱི་དབྱེ་བ་བསྟན་ཏོ། །ཞེས་གསུངས་སོ། །གཉིས་པ་ནི། མི་བསྐྱོད་རྣམ་སྣང་རིན་ཆེན་འབྱུང་། །དཔག་མེད་ཕྲག་དོག་རྡོ་རྗེ་སེམས། །ཞེ་སྡང་གཏི་མུག་སེར་སྣ་དང་། །འདོད་ཆགས་ཕྲག་དོག་བདེ་བ་དག །འདིས་ནི་རིམ་པས་བསྒོམ་པ་ཉིད། །རྡོ་རྗེ་སེམས་དཔའ་སྤངས་ན་ནི། །ཕྱི་ནས་རིགས་ནི་རྣམ་པ་ལྔ། །འདོད་ཆགས་ཞེ་སྡང་གཏི་མུག་གིས། །དེ་རྗེས་རྣམ་པ་གསུམ་དུ་འགྱུར། །མི་བསྐྱོད་ཞེ་སྡང་གཟུགས་ཅན་གྱི། །ཐུགས་ཀྱི་


KMC011_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་རིགས་གཅིག་ཉིད། །ཞེ་སྡང་རྡོ་རྗེའི་བྱིན་རླབས་འདི། །རིགས་ནི་དྲུག་དང་ལྔ་རུ་བརྗོད། །ཅེས་གསུངས་ཏེ། དེའང་མི་བསྐྱོད་པ་དང་རྣམ་སྣང་དང་རིན་ཆེན་འབྱུང་གནས་དང་འོད་དཔག་མེད་དང་། ཕྲག་དོག་དག་པ་དོན་གྲུབ་དང་། རྡོ་རྗེ་སེམས་དཔའ་དྲུག་པོས་རིམ་པ་བཞིན་དུ། ཉོན་མོངས་པ་ཞེ་སྡང་དང་གཏི་མུག་དང་སེར་སྣ་དང་། འདོད་ཆགས་དང་ཕྲག་དོག་དང་བདེ་བ་འཇིག་རྟེན་པའི་ལྷན་སྐྱེས་དག །སྦྱོང་བྱེད་རིགས་དྲུག་པོ་འདིས་ནི་སྦྱང་བྱ་རིམ་པས་སྦྱོང་བའི་ཆེད་བསྒོམ་པ་ཉིད་ཡིན་ལ། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ་ལ་བསྡུས་ནས་ལོགས་སུ་བགྲང་བ་སྤངས་ན་ནི། ཕྱི་ནས་རིགས་ནི་གཞན་རྣམ་པ་ལྔར་གྱུར་པ་ལ། སླར་སྦྱང་བྱ་ང་རྒྱལ་དང་ཕྲག་དོག་གཉིས་པོ་འདོད་ཆགས་ལས་འབྱུང་བས་དེར་བསྡུས་ན་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་རྩ་བའི་དབང་གིས། སྦྱོང་བྱེད་ལྔ་པོ་དེའི་རྗེས་སུ་བསྡུས་ནས་རྣམ་སྣང་དཔག་མེད་མི་བསྐྱོད་དེ་སྐུ་གསུང་ཐུགས་ཀྱི་རིགས་རྣམ་པ་གསུམ་དུ་འགྱུར་ཞིང་། གཏི་མུག་འདོད་ཆགས་གཉིས་ཀྱང་སེམས་ལས་གུད་ན་མེད་པས། སེམས་མི་བསྐྱོད་པ་ཞེ་སྡང་རྣམ་པར་དག་པའི་


KMC011_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་ཏེ་རང་བཞིན་གྱིས། བཅོམ་ལྡན་འདས་དང་བདག་མེད་མ་གཉིས་ཀའི་ངོ་བོ་ཉིད་ལ་ངོ་བོ་ཉིད་ཀྱི་རྒྱས་འདེབས་པའི་རིགས་ཀྱི་བདག་པོར་གནས་པས། ཐུགས་ཀྱི་བདག་པོ་ཡིན་པ་དེ་ནི་རྒྱུད་འདིར་གསང་ཆེན་རིགས་གཅིག་ཏུ་འགྱུར་བ་ཉིད་དོ། །དེས་ན་མི་བསྐྱོད་པའི་མཚན་གཞན་ཞེ་སྡང་རྡོ་རྗེའི་བྱིན་རླབས་ཀྱིས་རྣམ་པར་འཕྲུལ་པ་འདི་ལས་རིགས་ནི་དྲུག་དང་ལྔ་རུ་འགྲོ་ཞིང་། དེ་ལས་ཕྱེ་བའི་རིགས་དུ་མའི་བར་དུའང་བརྗོད་དོ། གསུམ་པ་ལེའུའི་མཚན་ནི། ཀྱེའི་རྡོ་རྗེ་ལས་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་ཞེས་བྱ་བའི་ལེའུ་སྟེ་བཞི་པའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེའི་རྒྱུད་བརྟག་པ་ཕྱི་མ་ལས། གཞི་ལམ་འབྲས་བུའི་རྒྱུད་ཐམས་ཅད་ཀྱི་ཕྱག་རྒྱ་བསྡུས་པའི་དོན་བརྗོད་བྱའི་གཙོ་བོར་བཟུང་ནས། བསྐྱེད་རྫོགས་ཀྱི་ཟབ་མོའི་གནད་གཞན་དང་། རིམ་པ་དང་པོའི་ཆ་ལག་གླུ་གར་གཏོར་མ་བཏང་བ་སོགས་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཞི་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།ལྔ་པ་སྐུ་གསུང་ཐུགས་མངོན་པར་འབྱུང་བ་ཞེས་བྱ་བའི་ལེའུ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། དེ་ཡན་ཆད་དུ་ལྷ་རྒྱས་


previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next