Nitartha Digital Library
Tibetan
 
previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next

ཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།


KMC013_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་དུ་ཡོད་པ་ཕྱིས་དགེ་ཚུལ་ཁྱུང་གྲགས་ཀྱིས་དེ་ནས་རྒྱ་ཆེར་འགྲེལ་གྱི་རྒྱ་དཔེ་བརྙེད་དེ་བསྒྱུར་ནས་བོད་དུ་རྩལ་བཤད་བྱས་པས་རང་གཟོ་ཡིན་ཟེར་ནས་སྒྲོ་སྐུར་བྱུང་བར་སྣང་ཡང་། ནག་ཚོ་དང་ཕྱིས་ཀྱི་ལོ་ཙྪ་བ་གཞན་གྱིས་ཀྱང་བསྒྱུར་ཞིང་རྒྱ་གར་ན་འགྲན་ཟླ་མེད་པའི་བསྟན་བཅོས་སུ་གྲགས་པའི་ཚུལ་རྣམས་ཡི་གེ་རྙིང་པ་མང་པོ་ན་སྣང་བས་ཚད་མར་གྱུར་པའི་བསྟན་བཅོས་ཉིད་དོ། །བུ་དོང་ཆོས་ཀྱི་རྒྱལ་པོས་དབང་རྣོན་ལ་ཀུན་དཀྲིས་ཆེན་པོ་སོགས་མི་དགོས་པར་བླ་མ་ལ་ཁྲོས་པ་ཙམ་གྱིས་ཀྱང་འབྱུང་ཞིང་བཤག་པ་ཡང་དེ་མ་ཐག་བཤགས་ཅིང་བསྡམས་ནས་སྡོམ་པ་བླངས་པས་སྐྱེ་ལ། དབང་བརྟུལ་ལ་ནི་ཀུན་བཀྲིས་ཆེན་པོ་དགོས་ཅིང་ཟླ་དྲུག་སོགས་ཀྱིས་སྦྱོང་བར་བཤད་པ་ནི་དགོངས་པ་བརྟག་དགོས་ཏེ། ཀུན་བཀྲིས་ཆེན་པོ་མེད་ཀྱང་རྩ་ལྟུང་འབྱིན་ཤེས་པའི་དབང་རྣོན་དེ་ནི་རྩ་ལྟུང་འབྱིན་ཐབས་ཁོ་ན་ལ་དབང་པོ་རྣོ་བར་ཐལ་བ་དང་། སྤྱིར་སྔགས་བླ་མེད་ཀྱི་དབང་རྣོན་ནི་ཐབས་རྒྱ་ཆེ་བ་དང་ཤེས་རབ་ཟབ་པ་གཉིས་བདེ་བླག་ཏུ་རྟོགས་པས་དབང་པོ་རྣོ་བ་ཡིན་ལ། དེ་ལྟ་བུ་ནི་གཉེན་པོ་མྱུར་ཞིང་བརྟན་པའི་ཕྱིར་རྩ་ལྟུང་


KMC013_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

གི་རྒྱུ་ལ་མི་འཇུག་པ་དང་། རྐྱེན་དྲག་པོའི་དབང་གིས་ཅུང་ཟད་ཤོར་སྲིད་ནའང་ཞེ་ཐག་པ་ནས་དེའི་རྒྱུན་འཐུང་བ་དང་རྗེས་སུ་འབྲེང་བར་མི་བྱེད་ཅིང་ཤེས་པའི་ཁོང་ན་གཉེན་པོའི་བསམ་པ་དང་མ་བྲལ་བ་ཉིད་དུ་འབྱུང་བས་དེ་མ་ཐག་རྒྱུན་གཅོད་ཅིང་སྡོམ་པར་འགྱུར་བས་འདི་ལ་ནི་རྩ་ལྟུང་ཤིན་ཏུ་འབྱུང་རིང་བས་བཤད་པ་དེ་གོ་ལྡོག་པའི་ཕྱིར་དང་། ཉིད་ཀྱིས་ཀྱང་རྩ་ལྟུང་དང་པོའི་སྐབས་སུ་རྒྱུའི་ཡན་ལག་ནི། རྡོ་རྗེ་སྙིང་པོ་རྒྱན་ལས། སྙིང་ནས་སློབ་དཔོན་སྨོད་པ་དང་། །ཞེས་བཞེད་པས་ཞེ་སྡང་ངམ་ཕྲ་དོག་གི་དབང་གིས་སྙིང་ཐག་པ་ནས་སྨོད་པར་བྱེད་པའོ། །ཞེས་ཀུན་དཀྲིས་དྲག་པོ་དགོས་པར་བཤད་པ་དང་ཡང་འགལ་བའི་ཕྱིར་རོ། །མདོར་ན་དབང་བཞི་རིམ་པས་ཐོབ་ཅིང་དེའི་ལམ་སྒོམ་པའི་རྣལ་འབྱོར་པ་དེས་རང་སྐབས་ཀྱི་ལྟ་བ་དང་སྒོམ་པའི་ཉམས་མྱོང་གི་རྒྱུན་མ་ཆད་པས་དམ་ཚིག་དང་མི་འགལ་བར་སྤྱོད་དགོས་པ་ལས། སྐབས་འགར་ཉོན་མོངས་པའི་རྐྱེན་དྲག་པོ་ལ་སོགས་པའི་དབང་གིས་ཡུལ་ཡུལ་ཅན་ཐ་མལ་དུ་བཟུང་སྟེ་ཉམས་མྱོང་གི་རྒྱུན་ཆད་ནས་ཆགས་སྡང་རྨོངས་གསུམ་རང་རྒྱུད་པའི་ཀུན་ལྡང་དྲག་པོ་བཟོད་མེད་དུ་སྐྱེས་


KMC013_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། སླར་ཡང་ཕྱིན་ཅི་ལོག་གི་ཞེན་པས་དེ་ཉིད་ལ་མཆོག་ཏུ་བཟུང་ནས་དེ་ལས་ལྡོག་པར་མི་བྱེད་པ་ནི་རྩ་ལྟུང་དུ་གྱུར་པ་ཅེས་བྱ་སྟེ། ཡུལ་ཡུལ་ཅན་ཐ་མལ་དུ་ཞེན་པས་སྔགས་ཀྱི་ལྟ་བ་རྒྱུན་ཆད། ཉམས་མྱོང་ཡལ་བས་སྒོམ་པ་རྒྱུན་ཆད། ཆགས་སྡང་རྨོངས་གསུམ་གྱི་ཀུན་ལྡང་དྲག་པོ་སྐྱེས་པས་ངན་སོང་གི་རྒྱུ་བསྒྲུབས། དེ་དག་སྔར་དབང་དུས་ལ་སོགས་པར་ཁས་བླངས་པ་རྣམས་དང་འགལ་བས་དམ་ཚིག་ཉམས། དེ་ཉིད་ལ་མཆོག་ཏུ་བཟུང་ཞིང་སླར་མི་ལྡོག་པར་ཞེན་པས་བཤེགས་སྡོམ་ལ་མི་འཇུག་ཞིང་དེའི་ངང་དུ་ལོ་ཟླ་ལ་སོགས་པར་འདས་ན་གནས་སྐབས་སུ་མཐོང་ཆོས་ལ་ནད་དང་མཚོན་དང་རྒྱལ་པོའི་ཆད་པ་སོགས་མི་འདོད་པ་དུ་མ་འབྱུང་ཞིང་དེ་དང་འགྲོགས་པ་སོགས་ཀྱི་རྣལ་འབྱོར་པ་རྣམས་ཀྱང་དེའི་ཤན་གྱིས་གོས་ཏེ་ཏིང་ངེ་འཛིན་འགྲིབ་པ་སོགས་དམ་ཚིག་གི་གྲིབ་ཏུ་འགྱུར། ཤི་འཕོས་ནས་ངན་སོང་དང་ངན་འགྲོ་རྣམས་སུ་འཕེན་པས་ན་རྩ་ལྟུང་དུ་གྱུར་པ་ཅེས་བྱའི། གནད་འདི་ལྟ་བུ་མི་ཤེས་པར་སྡོམ་སྡོམ་མིན་སོགས་ཉན་ཐོས་པས་རྣམ་རིག་མ་ཡིན་པའི་གཟུགས་སུ་སྐྱེ་བར་འཆད་པ་ལྟར་རྩ་ལྟུང་བྱ་བའི་དངོས་པོ་


KMC013_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཞིག་ཆུ་བུར་ལྟར་སྐྱེ་བར་ལྟ་བ་རྣམས་ནི་མ་ཡིན་ཏེ་རང་ཉིད་ཀྱི་རྒྱུད་སྔགས་ཀྱི་ཆོས་མིན་དུ་གྱུར་པ་ལ་རྩ་ལྟུང་ཞེས་བརྗོད་པ་ཡིན་ནོ། །ཁ་ཅིག་ལུས་ངག་ཏུ་ཐོན་པ་ཅེས་ཟེར་བ་དེ་ནི་ཐམས་ཅད་ལ་མ་ཡིན་ཏེ། དག་པའི་ཆོས་ལ་སོམ་ཉི་ཟ་བ་སོགས་བསམས་པ་ཙམ་གྱིས་ལྟུང་བར་འགྱུར་བའི་ཕྱིར་རོ། །དམ་ཚིག་རྒྱ་མཚོར་ཡང་ལུས་ངག་སྦྱོར་བརྟེན་ཞེས་མ་བཤད་དམ་ཞེ་ན། དེ་ནི་དང་པོ་དང་བཅུ་བཞི་པ་ལྟ་བུ་སྐྱེས་བུ་ཡུལ་དུ་བྱས་པ་རྣམས་ལ་ལུས་ངག་གང་རུང་དུ་ཐོན་པ་དགོས་པ་མང་བས་དེའི་དབང་དུ་མཛད་དེ་དཔེ་མཚོན་པ་ཡིན་གྱི་བཅུ་བཞི་པོ་ཐམས་ཅད་ལ་ལུས་ངག་ཏུ་ཐོན་དགོས་པར་གསུངས་པ་མ་ཡིན་ནོ། །ཇི་ལྟར་སྲུང་བའི་ཚུལ་ནི། བླ་མ་སངས་རྒྱས་སུ་ཤེས་ཏེ་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཐ་དད་དུ་མི་འབྱེད་པར་རྟག་ཏུ་མོས་གུས་བསྐྱེད་ཅིང་གསོལ་བ་འདེབས་པ་འདིས་ནི་གཙོ་བོར་དང་པོ་སྡོམ་ལ། ཞར་ལ་རྩ་ལྟུང་ཐམས་ཅད་ཀྱང་སྡོམ་སྟེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བླ་མའི་བཀར་ཤེས་པས་གཉིས་པ་དང་དྲུག་པ་སྡོམ། སྣང་སྲིད་སྣོད་བཅུད་བླ་མའི་རང་བཞིན་དུ་ཤེས་པས་གསུམ་པ་དང་བཞི་པ་དང་བདུན་པ་དང་བརྒྱད་


KMC013_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་བཅུ་པ་དང་བཅུ་གཉིས་པ་དང་བཅུ་བཞི་པ་རྣམས་སྡོམ། བླ་མ་ཉིད་གཟུགས་དང་གཟུགས་མ་ཡིན་པ་དང་བདེན་བརྫུན་དང་ཡོད་མེད་ལ་སོགས་པའི་མཚན་མར་མི་གནས་ཅིང་མཚན་མ་ཐམས་ཅད་ཀྱང་བླ་མའི་ངོ་བོ་ལས་མི་གཡོ་བར་ཤེས་པས་ལྷག་མ་རྣམས་སྡོམ་སྟེ་རྩ་བའི་ལྟུང་བ་ཐམས་ཅད་ཀྱི་ཆུ་ལོན་གྱི་མཆོག་ནི་འདི་ཡིན་ལ། དེ་བཞིན་དུ་སྡོམ་པ་དང་དམ་ཚིག་དབང་རིམ་གཉིས་ལ་སོགས་པ་ཐམས་ཅད་གཅིག་ཏུ་གྱུར་པའི་སྙིང་པོ་ནི་འདི་ཁོ་ན་སྟེ། དེའི་ཕྱིར་སྒྲུབ་རྒྱུད་རིན་པོ་ཆེ་འདིས་མོས་གུས་དཀར་པོ་ཆིག་ཐུབ་ཅེས་དང་། ལམ་ཟབ་མོ་བླ་མ་མོས་གུས་ཀྱི་ལམ་ཞེས་བཞེད་པ་ཡིན་ནོ། །དེ་བཞིན་དུ་ཐེག་གསུམ་གྱི་ཆོས་ཐམས་ཅད་སངས་རྒྱས་ཀྱི་བཀའ་ཐབས་ཀྱི་སྒོར་ཤེས་པ་དང་། བཅུད་ཀྱི་སེམས་ཅན་ཐམས་ཅད་དང་ཁྱད་པར་གྲོགས་རྡོ་རྗེའི་དཔུན་རྣམས་དཀྱིལ་འཁོར་པར་ཤེས་པ་དང་། ཐམས་ཅད་ཀྱང་བདེ་བར་འདོད་པའི་བྱམས་པ་དང་མི་འབྲལ་བ་དང་། ཚངས་པ་པ་དང་ཉི་མ་པ་སོགས་མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་དངོས་སུ་འཇུག་མི་ནུས་པ་རྣམས་འདུལ་བའི་ཕྱིར་


KMC013_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་པ་ཉིད་ཀྱི་ཐབས་ཀྱི་མཛད་པར་གསུངས་ན་ནང་པའི་གྲུབ་མཐའ་ཐ་དད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཏེ་གྲུབ་པའི་མཐའ་ཐམས་ཅད་མཉམ་ཉིད་དུ་ཤེས་པ་དང་། གྱ་ཚོམས་སུ་སྔགས་ཀྱི་གསང་བ་མི་སྒྲོག་ཞིང་ཡོན་ཏན་དང་ཤེས་པ་སྤོང་བ་དང་། ཕུང་པོ་ལྔ་གཟོད་ནས་རིགས་ལྔར་དག་པར་ཤེས་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཚུལ་མཐའ་ཡས་པས་བཤད་པ་ཐམས་ཅད་ལ་ཡང་ཐ་ནའང་བསམ་གྱིས་མི་ཁྱབ་པའི་བློས་འཇུག་པ་དང་། གདུག་པ་ཅན་མ་རུངས་པའི་ལས་ལས་ལྡོག་པར་འབད་པ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་གཟོད་ནས་ཉེ་བར་ཞི་ཞིང་སྤྲོས་པས་མ་གོས་སྤྲོས་པ་ལས་མི་གཡོ་བའི་ཚུལ་བློའི་སྤྱོད་ཡུལ་མ་ཡིན་པ་ཤེས་པས་ལྟ་བ་དང་གྲུབ་པའི་མཐའ་གང་ལའང་མ་ཆགས་ཅིང་ཆེད་དུ་ལྟ་བ་མེད་པ་དང་། སེམས་ཅན་འོངས་པ་རྣམས་ལ་ཡང་ཇི་ཙམ་འཚམ་པའི་ཆོས་ཀྱིས་བསྡུ་བ་དང་། དམ་ཚིག་གི་རྫས་ཕྱི་ནང་ཐམས་ཅད་ལ་ཡང་མ་ཞེན་ཞིང་མི་སྨད་པས་གནས་སྐབས་ལྟར་སྤྱོད་པ་དང་བུད་མེད་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་མའི་ངོ་བོར་ཤེས་པས་སྨོད་པ་དང་ཆགས་པ་མེད་པར་མོས་པར་བྱ་བ་སྟེ་དེ་དག་དང་མི་


KMC013_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

འབྲལ་བར་སྤྱད་པས་རྩ་ལྟུང་རྣམས་རེ་རེ་ཞིང་མི་འབྱུང་བར་འགྱུར་རོ། །དེ་རྣམས་ཀྱང་ཚིག་གི་བསྒྲིགས་བཅུར་དུ་འདོན་པ་ཙམ་དང་རྟོག་པས་གྲངས་འདྲེན་པའི་བཅད་ཤེས་རམ་རམ་པ་རྒྱུན་མི་འཆད་བྱེད་པ་ནི་མ་ཡིན་ཏེ་སྔོན་དུ་བླ་མས་སློབ་མ་དཀྲི་བའི་རིམ་པ་ལ་བརྟེན་ནས་རྒྱུད་ལ་འདྲེས་པར་བྱས་ཏེ་ཤེས་པའི་ཁོང་དུ་ས་བོན་ལྟར་གནས་པ་རྐྱེན་གང་དང་ཕྲད་པ་དེའི་གཉེན་པོ་དེ་ཁོང་ནས་ཚུར་སྐྱེ་བ་ཞིག་ཡིན་ཏེ། དཔེར་ན། རང་ཉིད་ཀྱི་མིང་སར་དུ་བཏགས་པ་ལྟ་བུ་ལ་སྔོན་གྱི་དུས་ཅུང་ཟད་ཙམ་ལས་ཕྱིས་རྟག་ཏུ་བདག་གི་མིང་འདིའོ་ཞེས་བརྗོད་པ་དང་བསམ་མི་དགོས་པར་ཡེངས་པའི་ཚེ་ཡང་མིང་དེ་ནས་བོས་མ་ཐག་ངར་འཛིན་གྱི་བློ་ཤུགས་འབྱུང་དུ་སྐྱེ་བར་སྣང་ན་རྡོ་རྗེ་ཐེག་པའི་ཡེ་ཤེས་ཁྱད་པར་གྱི་ལམ་འདི་ལ་བདག་དང་བདག་གིར་འཛིན་པ་དང་བྲལ་བའི་ཡེ་ཤེས་ཤུགས་འབྱུང་དུ་སྐྱེ་བ་ནི་ལྟ་ཅི་སྨོས་པའི་ཕྱིར་རོ། །མདོར་ན་རྟག་ཏུ་སྐྱེད་རྫོགས་ཀྱི་རྣལ་འབྱོར་དང་མི་འབྲལ་བ་ཁོ་ནས་རྩ་ལྟུང་ཐམས་ཅད་ལགས་སོ། །ཡན་ལག་གང་གིས་ལྟུང་བར་འགྱུར་ཞེ་ན། གང་ལས་འབྱུང་བ་གཞིའི་ཡན་ལག་ནི་རྡོ་རྗེ་སློབ་དཔོན་


KMC013_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བུད་མེད་ཀྱི་བར་སོ་སོ་ཡིན་ལ། གང་ལ་འབྱུང་བ་རྟེན་གྱི་ཡན་ལག་ནི་དབང་སོ་སོ་ཐོབ་ཅིང་དེའི་ལམ་སྒོམ་པའི་རྣལ་འབྱོར་པ་སོ་སྐྱེར་གནས་པ་དེ་དག་ལའོ། །ཇི་ལྟར་འབྱུང་བ་བསམ་པའི་ཡན་ལག་ནི་སྔགས་ཀྱི་ལྟ་བ་དང་བྲལ་ཏེ་རང་དང་ལྟུང་བ་སོ་སོའི་ཡུལ་ཐ་མལ་དུ་ལྟ་བས་ཉོན་མོངས་དྲག་པོ་སྐྱེས་པའི་དབང་དུ་གྱུར་ཏེ་ཉེས་དམིགས་སུ་མི་ལྟ་བར་ཚམ་ཚོམ་མེད་པར་དོན་དེ་ལ་འཇུག་པའོ། །ཉོན་མོངས་དྲག་པོ་ལ་བརྟེན་ནས། །ཅེས་རྩ་ལྟུང་ཐམས་ཅད་ལ་ཉོན་མོངས་དྲག་པོས་ཀུན་ནས་སློང་དགོས་ན་གཟུགས་རྣམ་སྣང་དུ་བཤད་པ་ལ་སོམ་ཉི་ཟ་བ་དང་དེ་ཁོ་ན་ཉིད་མཚན་མར་ལྟ་བ་ལྟ་བུ་དགུ་པ་དང་། བཅུ་གཅིག་པ་ལ་འདི་མེད་དོ་སྙམ་ན། ཡོད་དེ། མཚན་མར་ལྟ་བའི་བློ་དེ་ཉིད་མ་རིག་པ་དྲག་པོ་ཡིན་ལ། དེ་ནི་རྩ་བའི་ཉོན་མོངས་པ་ཡིན་པའི་ཕྱིར་རོ། །དེ་ལྟར་སྤྱིའི་དོན་བཤད་ནས་གཉིས་པ་སོ་སོའི་དོན་ལ་བཅུ་བཞི་ལས། རེ་རེ་ལ་ཡང་ངོ་བོ། ལྟུང་བར་འགྱུར་བའི་རྒྱུ་མཚན། ཡུལ། བསམ་པ། དངོས་གཞི། དུས། ལྟུང་བར་འགྱུར་ཚུལ། ལྟུང་མེད་དེ་བརྒྱད་རེས་ཤེས་པར་བྱའོ། །དེ་ཡང་རྩ་ལྟུང་དང་པོ་ལ། ངོ་བོ་ནི། སློབ་མས་མི་


KMC013_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བ་སྤྱད་པས་སྔགས་ཀྱི་བླ་མ་དམ་པའི་ཐུགས་སུན་འབྱིན་པ་ནི་སྐབས་འདིའི་རྩ་ལྟུང་དང་པོའི་ངོ་བོ་ཡིན་ལ། ལྟུང་བར་འགྱུར་བའི་རྒྱུ་མཚན་ནི། འཇིགས་བྲལ་དཔའ་བོའི་ཞབས་ཀྱིས། གང་ཕྱིར་རྡོ་རྗེ་འཛིན་པ་ཡི། །དངོས་གྲུབ་སློབ་དཔོན་རྗེས་འབྲེང་གསུངས། །དེ་བས་དེ་ལ་བརྙས་པ་ནི། །རྩ་བའི་ལྟུང་བ་དང་པོ་ཡིན། །ཞེས་གསུངས་པ་ལྟར། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་རྡོ་རྗེ་སློབ་དཔོན་གྱི་རྗེས་སུ་འབྲེང་ལ། རྡོ་རྗེའི་སློབ་དཔོན་ནི། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དེ་མཆོད་ན། གདན་བཞིའི་རྒྱུད་ལས། དུས་གསུམ་སངས་རྒྱས་ཀུན་མཆོད་པས། །སློབ་དཔོན་བ་སྤུའི་ཁུང་བུ་མཆོག །ཞེས་པའི་བསོད་ནམས་ཐོབ་ལ། བརྙས་ན་ནི་སངས་རྒྱས་ཐམས་ཅད་བརྙས་པར་འགྱུར་བའི་ཕྱིར་དམ་ཚིག་ཐམས་ཅད་ཀྱི་རྩ་བ་ཡིན་པས་སྲུང་བར་གདམས་པའོ། །ཁ་ཅིག་རྒྱུད་མྱུར་བར་འཆོས་པའི་བླ་མ་ནི་རྫོགས་པའི་སངས་རྒྱས་ཀུན་དང་མཉམ་ཞེས་བཀའ་དྲིན་མཉམ་པ་ལ་འཆད་པ་དེ་ནི་མ་ཡིན་ཏེ། དགེ་བའི་བཤེས་གཉེན་སངས་རྒྱས་དང་འདྲ་བ་དང་མཉམ་པར་ལྟ་བ་ནི་ཕ་རོལ་ཏུ་ཕྱིན་པ་དང་ཉན་ཐོས་


KMC013_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཐེག་པར་ཡང་ཡོད་དེ། གྱད་བུ་ནོར་གྱིས་སྟོན་པའི་སྔོན་དུ་འཕགས་པ་རྟ་ཐུལ་ལ་ཕྱག་བྱས་པ་ལ་ལེགས་སོ་ཆེར་བསྩལ་བ་དང་ནོར་བཟང་གི་རྣམ་ཐར་ལས་བཤད་པའི་ཕྱིར་རོ། །དེས་ན་སྔགས་ཀྱི་ཚུལ་ལ་ནི་སངས་རྒྱས་ཐམས་ཅད་གཅིག་ཏུ་དབྱེར་མེད་པའི་ངོ་བོ་བླ་མར་ཤེས་པས་དེ་ལས་ལྷག་པའི་སྐྱབས་གནས་མི་ཚོལ་བ་ཡིན་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་འདུས་པའི་དཀྱིལ་འཁོར་སྤྲུལ་ཏེ་བླ་མ་དང་དཀྱིལ་འཁོར་གང་ལ་མོས་དྲིས་པས། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་ཡི་དམ་ལ་མོས་པར་ཞུས་པ་དང་ཟས་ལ་རྟོག་པ་བྱས་པ་གཉིས་ཀྱིས་ཚེ་འདིར་སངས་རྒྱས་མི་འཐོབ་པར་བསྟན་པ་དང་། དཔལ་ནཱ་རོས་དགྱེས་རྡོར་གྱི་དཀྱིལ་འཁོར་སྤྲུལ་ཏེ་སྔོན་དུ་ཡི་དམ་ལ་ཕྱག་བྱེད་དམ་བླ་མ་ལ་ཕྱག་བྱེད་དྲིས་པ་ན་རྗེ་མར་པས་སྔོན་དུ་ཡི་དམ་ལ་ཕྱག་མཛད་པས། རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། །ཞེས་གདུང་རྒྱུད་འཆད་པར་ལུང་བསྟན་པ་ལྟ་བུ་ཡིན་ནོ། །དེས་ན་སངས་རྒྱས་སྟོང་གི་ནང་ན་བླ་མ་བྲན་ཁོལ་གྱི་རྣམ་པར་འདུག་ཡང་དེ་ཐམས་ཅད་བླ་མའི་སྤྲུལ་པར་ཤེས་པས་སྤྲུལ་གཞི་བླ་མ་དེ་ལ་འདམ་པ་ཅིག་གནད་ཆེ་སྟེ། རྗེ་


KMC013_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་གྲགས་པ་རྒྱལ་མཚན་གྱི་གཡས་གཡོན་དུ་བཅོམ་ལྡན་འདས་དང་རྡོ་རྗེ་འཆང་བཞུགས་པ་ཅིག་ནམ་མཁར་བྱོན་ནས་ཁྱོད་སྡོམ་པ་ལེན་ན་མཁན་པོ་གང་ལ་ཞུ། དབང་བསྐུར་ཞུ་ན་སློབ་དཔོན་སུ་ལ་ཞུ་ཞེས་གསུང་བ་ན། རྗེ་ས་སྐྱ་པཎྜི་ཏས་བདག་གི་སྡོམ་པ་དང་དབང་བསྐུར་ཐམས་ཅད་རྗེ་བཙུན་བླ་མ་ཉིད་ལ་ཞུའོ་ཞེས་བླ་མ་ལ་འདམས་པས་ཆོས་དང་སྲིད་ཀྱི་བསྟན་པ་ཆེར་དར་བའི་རྟེན་འབྲེལ་འགྲིག་པ་ལྟ་བུའོ། །ཡུལ་བླ་མ་བཤད་པ་ལ་ཡང་གཉིས། བླ་མའི་རྣམ་གཞག་སྤྱིར་བསྟན་པ་དང་། རྩ་ལྟུང་གི་ཡུལ་བྱེ་བྲག་ཏུ་ངོས་བཟུང་བའོ། །དང་པོ་ནི། དུས་འཁོར་རྩ་རྒྱུད་ཀྱི་ལུང་འགྲེལ་ཆེན་དུ་དྲངས་པ་རྣམས་ཀྱིས་བཤད་པར་བྱའོ། །དེ་ཡང་། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ཅེས་རང་བཞིན་གྱི་ཡོན་ཏན་དང་། སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །གསང་སྔགས་འཆང་བྱེད་སློབ་དཔོན་ཏེ། །ཅེས་སྦྱངས་སྟོབས་ཀྱི་ཡོན་ཏན་དང་། དང་བའི་བདག་ཉིད་དབང་པོ་ཐུལ། །


KMC013_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་སྒོམ་སྟོབས་ཀྱི་ཡོན་ཏན་ཏེ་གསུམ་ལྡན་ནམ། ཡང་ན་ཉོན་མོངས་ཀྱིས་མི་འཕྲོགས་པས་བརྟན་པ། དྲེགས་པ་དང་བྲལ་བའི་ཕྱིར་དུལ་བ། ཆོས་ཐམས་ཅད་ལ་སོམ་ཉི་མེད་པའི་ཕྱིར་བློ་གྲོས་དང་ལྡན་པ། ཆོས་ཉིད་ཟབ་མོ་ཁོང་དུ་ཆུད་ཅིང་ཆོས་སྟོན་པའི་དཀའ་བ་དང་ལོག་སྒྲུབ་སོགས་ལ་ཇི་མི་སྙམ་པའི་ཕྱིར་བཟོད་པར་ལྡན་པ། གྱ་གྱུས་སློབ་མ་བསླུ་བ་དང་ཁ་གསག་དང་ལོག་འཚོ་མེད་པའི་ཕྱིར་དྲང་ཞིང་གཡོ་སྒྱུ་མེད་པ། སྔགས་ཀྱི་ཚོགས་རྣམས་དང་རྒྱུད་དང་རྒྱུད་གཞན་རྣམས་ལ་མཁས་ཅིང་དེ་དག་གི་ཇི་ལྟར་སྒྲུབ་པའི་སྦྱོར་བ་ལ་གོམས་པ། སློབ་མའི་ཟང་ཟིང་དང་རིགས་རུས་དང་འབྲེལ་བ་སོགས་མི་ལྟ་བར་ཆོས་སྟོན་པའི་སྙིང་བརྩེ་དང་ལྡན་པ། སྡེ་སྣོད་གསུམ་དང་ཕྱི་རིག་པའི་གནས་ལ་སོགས་པ་རང་གཞན་གྱི་བསྟན་བཅོས་ལ་མཁས་པ། རྡོ་རྗེ་སྙིང་རྒྱན་གྱི་རྒྱུད་ལས། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་དང་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་སྟེ། །ཕྱི་ཡི་དེ་ཉིད་བཅུ་ཅེས་བྱ། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཕྱིར་ལྡོག་གཉིས་ཀྱི་ཆོ་ག་དང་། །ཁ་


KMC013_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་གྱིས་ནི་ལྷ་སྒྲུབ་དང་། །དཀྱིལ་འཁོར་སྒྲུབ་དང་རབ་གནས་ཏེ། །གསང་བའི་དེ་ཉིད་བཅུ་ཞེས་བྱ། །ཞེས་བཤད་པའི་ཕྱི་དང་གསང་བའི་དེ་ཉིད་བཅུ་ཤེས་ཅིང་ཁྱད་པར་དཀྱིལ་འཁོར་གྱི་ལས་ལ་མཁས་པ། ལུས་སེམས་ཤིན་ཏུ་སྦྱངས་པ་ཐོབ་པས་དང་བའི་བདག་ཉིད་ཅན། དེ་ཁོ་ན་ཉིད་རྟོགས་པས་དབང་པོ་མཆོག་ཏུ་ཐུལ་བ་སྟེ་ཆོས་བཅུ་གཅིག་དང་ལྡན་པར་གསུངས་ལ། བསྡུས་རྒྱུད་ལས། དང་པོར་ཡང་དག་བསྟེན་བྱ་བླ་མ་དག་ཡང་དམ་ཚིག་ལྡན་ཞིང་རྡོ་རྗེའི་ཐེག་ལ་ལྷག་པར་གནས། །དེ་ཉིད་བསྒོམས་ཅིང་མ་ཆགས་དྲི་མ་དག་དང་རྣམ་པར་བྲལ་ཞིང་བཟོད་པའི་ངང་ཚུལ་ལམ་ལ་ཞུགས། །སློབ་མ་རྣམས་ལ་ལམ་ནི་སྦྱིན་བྱེད་དམྱལ་བའི་འཇིགས་པ་འཕྲོག་ཞིང་དེ་ཉིད་ལས་ནི་ཚངས་སྤྱོད་ལྡན། །བདུད་རྣམས་ལ་ནི་རྡོ་རྗེའི་དབྱུག་པ་དེ་ཡང་འཛིན་མའི་གཞི་ལ་རྡོ་རྗེ་སེམས་དཔའ་རབ་གྲགས་པའོ། །ཞེས་ཕྱི་ནང་གི་དམ་ཚིག་ལ་གནས་པ་མུ་སྟེགས་དང་ཉན་རང་གིས་མི་ཕྱེད་པའི་ཕྱིར་རྡོ་རྗེའི་ཐེག་པ་སྟེ་སངས་རྒྱས་ཀྱི་ཐེག་པས་འགྲོ་བ། འཇིག་རྟེན་


KMC013_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་སྒྲུབ་པའི་དེ་ཁོ་ན་ཉིད་བསྒོམས་པ། ཕྱི་ནང་དང་གཉིས་ཀའི་བདོག་པ་ཐམས་ཅད་ལ་ཡོངས་སུ་ལྟོས་པ་མེད་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་ང་རྒྱལ་དང་ཕྲ་དོག་དང་སེར་སྣ་རྣམས་ཀྱི་དྲི་མ་དང་བྲལ་བ། འབྲས་བུ་ལ་ལྟོས་པ་མེད་པའི་བཟོད་པའི་རང་བཞིན་གྱིས་སངས་རྒྱས་ཀྱི་ལམ་ཆེན་པོར་ཞུགས་པ། ལམ་དེ་ཉིད་སློབ་མ་རྣམས་ལ་བརྩེ་བ་ཁོ་ནས་སྟེར་ཞིང་ངན་སོང་གི་འཇིགས་པ་འཕྲོག་པར་ནུས་པ། ཕྱི་ནང་གསང་བའི་ཚངས་སྤྱོད་མཆོག་ཏུ་མི་འགྱུར་བ་ཤིན་ཏུ་དག་པ་སྟེ་ཆོས་བརྒྱད་དང་ལྡན་པ་ནི་རྡོ་རྗེའི་སློབ་དཔོན་ཡིན་ལ། དེ་ནི་བདུད་བཞི་པོ་རྣམས་འཇོམས་པ་ལ་རྡོ་རྗེའི་དབྱུག་པ་ལྟ་བུ་ཡིན་ལ། ས་སྟེང་དུ་རྡོ་རྗེ་སེམས་དཔའམ་རྡོ་རྗེ་འཆང་དུ་བརྗོད་པར་བྱ་ཞིང་ལྷ་མི་ཐམས་ཅད་ཀྱིས་བླ་མར་བྱ་བའོ། །མདོར་ན་དུས་ཀྱི་འཁོར་ལོའི་ཞལ་བཞིས་མཚོན་པ་མཆོག་ཏུ་མི་འགྱུར་བ་ཕྱག་རྒྱ་ཆེན་པོ་རང་གིས་རྟོགས་ཅིང་གཞན་ལ་སྟོན་ནུས་པ་སྟེ། སངས་རྒྱས་ཞལ་འདི་གང་གི་ཞལ་དང་ཐུགས་ལ་གནས་པར་གྱུར་པ་དེ་ནི་དཔལ་ལྡན་བླ་མའོ། །ཞེས་སོ། །དེ་ཉིད་ཀྱང་རྟེན་ཉན་ཐོས་ཀྱི་


KMC013_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་དང་དགེ་ཚུལ་དང་དགེ་སློང་གི་རིམ་པས་རྡོ་རྗེ་འཛིན་པ་དམན་འབྲིང་མཆོག་གསུམ་སྟེ། དེ་ཉིད་བཅུ་ནི་ཡོངས་ཤེས་པ། །གསུམ་ལས་དགེ་སློང་མཆོག་ཡིན་ཏེ། །འབྲིང་ནི་དགེ་ཚུལ་ཉིད་དུ་བརྗོད། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་སོ། །རེ་རེའང་རང་ལ་བཀའ་དྲིན་གྱིས་དབྱེ་བས་གསུམ་དུ་འགྱུར་ཏེ། དབང་རྒྱུད་མན་ངག་གསུམ་ག་ཐོབ་པ་ནི་གསུམ་ལྡན་གྱི་བླ་མ་དང་། གང་རུང་གཉིས་ཐོབ་ན་གཉིས་ལྡན་དང་། གཅིག་ཁོ་ན་ཐོབ་ན་གཅིག་ལྡན་དུ་འཇོག་ལ། དེ་དག་ཡང་གོང་རིམ་གྱིས་བཀའ་དྲིན་ཆེ་བ་ཡིན་ནོ། །གལ་ཏེ་དེའི་མཐུས་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་རྟོགས་ན་ནི་བཀའ་དྲིན་བླ་ན་མེད་པ་ཡིན་ཏེ། མན་ངག་ཐམས་ཅད་ཀྱི་སྐབས་དོན་གྲུབ་པས་མན་ངག་སྦྱིན་པའི་བླ་མར་འགྱུར་ལ། བརྗོད་བྱ་དོན་གྱི་རྒྱུད་ཐམས་ཅད་མངོན་སུམ་དུ་བྱས་པའི་ཕྱིར་ཡང་དག་པའི་རྒྱུད་སྟོན་པ་པོ་དང་། དོན་དམ་པ་འབྲས་བུའི་དབང་མངོན་སུམ་དུ་ཐོབ་པའི་ཕྱིར་དབང་ཐམས་ཅད་ཀྱི་མཆོག་སྟེར་བ་པོ་སྟེ་གསུམ་ལྡན་ལས་ཀྱང་ཆེས་གསུམ་ལྡན་དུ་གྱུར་པ་ཡིན་ལ། དེ་ལ་སྒྲུབ་བརྒྱུད་འདིས་རྩ་བའི་བླ་མ་ཞེས་བཞེད་ཅིང་


KMC013_Page_0516
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་བུ་ལ་དེང་སང་གྲགས་པའི་རྗོད་བྱེད་ཚིག་གི་དབང་རྒྱུད་མན་ངག་ཐོབ་དགོས་པར་ཡང་མ་ངེས་ཏེ། ཙ་པུ་པས་རྡོ་རྗེ་རྣལ་འབྱོར་མ་སྤྲུལ་པའི་གཟུགས་ཅན་ཁུར་བས་གྲོལ་བ་ལྟ་བུ་དཔག་ཏུ་མེད་པའི་ཕྱིར་དང་། དཀོན་མཆོག་ཟ་མ་ཏོག་གི་མདོ་ལས། དབྱར་གནས་ཀྱི་ནང་དུ་འཇམ་དཔལ་མ་འོངས་ནས་ཕྱིས་གསོ་སྦྱོང་གི་ཚེ་འོངས་པ་ན། འོད་སྲུང་ཆེན་པོས་གང་དུ་དབྱར་ཁས་བླངས་དྲིས་པས། འཇམ་དཔལ་གྱིས་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོའི་འཁོར་དུའོ་ཞེས་ཟེར་བ་དང་། སེམས་དཔའ་ལྟུང་བ་ཅན་འདི་དང་ལྷན་ཅིག་གསོ་སྦྱོང་བྱར་མི་རུང་ངོ་སྙམ་ནས་གནས་ནས་དབྱུང་བའི་གསོལ་བཞིའི་ལས་བྱེད་པའི་ཕྱིར་དགེ་འདུན་བསྡུ་བའི་གཎྜི་བརྡུངས་པ་ན། བཅོམ་ལྡན་འདས་ཀྱིས་རང་གི་སྤྱོད་ཡུལ་སྟོན་ལ། ཉན་ཐོས་ཆེན་པོ་རྣམས་མགུ་བར་གྱིས་ཅིག་གསུངས་པས། འཇམ་དཔལ་གྱིས་ཏིང་ངེ་འཛིན་བྱས་པའི་མཐུས་སངས་རྒྱས་ཀྱི་ཞིང་མཐའ་ཡས་པའི་སངས་རྒྱས་སོ་སོའི་དྲུང་ན་འཇམ་དཔལ་གནས་ཅིང་བདག་ཁོ་ན་འདྲ་བ་རྣམས་དེ་དབྱུང་བའི་ཕྱིར་གཎྜི་བརྡུང་བར་མཐོང་བས། སྟོན་པས་ཁྱོད་འཇམ་དཔལ་འདིའམ་གཞན་འདི་རྣམས་


KMC013_Page_0517
[མ་དཔེ་གཟིགས་ན་འདིར་གནོན།]

སུ་ཞིག་སྐྲོད་ཅེས་གསུངས་པས་ཞུམ་སྟེ་གཎྜི་འདོར་བར་འདོད་ན་འདོར་བར་ཡང་མ་ནུས། སྒྲ་ཡང་མ་ཆད་ནས་སླར་བཅོམ་ལྡན་འདས་བདག་ནི་ཤེས་པ་ཕྱོགས་གཅིག་པ་དང་ལྡན་པས་བྱང་ཆུབ་སེམས་དཔའ་ཡུལ་ཚད་མེད་པ་རྣམས་ཀྱི་སྤྱོད་ཡུལ་མ་འཚལ་ནས་བསྐྲད་པར་བརྩམས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཟོད་པར་གསོལ་ལོ་ཞེས་བྱས་པ་ན་སྒྲ་ཆད་ནས་སྟོན་པས་འཇམ་དཔལ་འདི་སྙེད་ཅིག་ཐམས་ཅད་གདུལ་བའི་དབང་གིས་ཁྱིམ་པའི་ནང་དུ་དབྱར་གནས་སོ། །འཇམ་དཔལ་གྱིས་གསལ་རྒྱལ་གྱི་བཙུན་མོའི་འཁོར་ལས་བཙུན་མོ་དང་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་དང་སྨད་ཚོང་རྣམས་ལྔ་བརྒྱ་ལྔ་བརྒྱ་རེ་ཕྱིར་མི་ལྡོག་པར་བཀོད་དོ། །མང་པོ་ཅིག་ཉན་ཐོས་སུ་བཏུལ་ལོ། །གསོལ་པ། ཆོས་གང་བསྟན་པས་བཏུལ། བཀའ་བསྩལ་པ། འཇམ་དཔལ་ཉིད་ལ་དྲིས་ཅིགདེས་སྨྲས་པ། སེམས་ཅན་དེ་ལྟ་བུ་དག་ནི་ཆོས་བཤད་པས་ཡོངས་སུ་སྨིན་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་གང་དག་དགའ་བའི་རྩེད་མོས་ཡོངས་སུ་སྨིན་པར་འགྱུར་བ་ཡང་ཡོད། རབ་ཏུ་བཟུང་བ་དང་། ཚར་བཅད་


KMC013_Page_0518
[མ་དཔེ་གཟིགས་ན་འདིར་གནོན།]

པ་དང་། སྦྱིན་པ་བྱིན་པ་དང་། ཕོངས་ཅིང་དབུལ་བ་དང་། བཀོད་པ་ཆེན་པོ་སོགས་ནས་ཕན་གདགས་པས་ཡོངས་སུ་སྨིན་པར་འགྱུར་བ་ཡང་ཡོད་དོ། །ཅེས་བཤད་པ་དང་། ནོར་བཟང་གི་རྣམ་ཐར་ལས། བཅོམ་པ་མོ་ལྷའི་བཤེས་གཉེན་གྱིས་གཟུགས་ཚོང་གི་ཐ་སྙད་དུ་བྱས་ཏེ་འདོད་ཆགས་ཀྱི་དོན་དུ་སྐྱེ་བོ་རྣམས་འོངས་པ་ན། ཁ་ཅིག་ལ་བལྟས་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་སྐྱེས་ཏེ་ཕྱིར་མི་ལྡོག་པར་འགྱུར་བ་དང་། དེ་བཞིན་དུ་སྨྲས་པ་དང་བཟུང་བ་དང་གུད་དུ་འགྲོ་བ་དང་འཁྱུད་པ་སོགས་ལས་ཏིང་ངེ་འཛིན་གྱི་སྒོ་ཐ་དད་པར་རེ་སྐྱེས་ཏེ་དེ་ཁོ་ནས་ཕྱིར་མི་ལྡོག་པར་འགྱུར་བར་བཤད་ལ། བོད་ཡུལ་དུའང་ཅོག་རོ་སྨོན་པ་བྱ་བས་དམ་པ་རྒྱ་གར་མཐོང་བ་ཙམ་གྱིས་བྱིན་རླབས་ཞུགས་ཏེ་ཀུན་བཏགས་ཀྱི་འཆིང་བ་ཆད་པ་དང་། རྗེ་སྒམ་པོ་པའི་སློབ་མ་མང་པོ་ཁ་ཅིག་གིས་སྒམ་པོའི་རི་མཐོང་བས་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས་པ་དང་། དེ་བཞིན་དུ་སྐུ་མཐོང་བ་དང་གསུང་ཐོས་པ་ཙམ་དང་མ་མཇལ་ཡང་གསོལ་བ་བཏབ་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་རྟོགས་པ་སྐྱེས་པ་དུ་མ་བྱུང་བ་སོགས་སྒྲུབ་བརྒྱུད་འདི་ལ་བགྲང་གིས་མི་ལང་བར་


KMC013_Page_0519
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ཡིན་ནོ། །དེ་ལ་ཇི་ལྟར་ལྟ་བ་ནི་རྡོ་རྗེ་མཁའ་འགྲོ་ལས། དེ་ལྟ་བུའི་སློབ་དཔོན་ལ་ཇི་ལྟར་བལྟ་བར་བགྱི་བཀའ་བསྩལ་པ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་རང་བཞིན་ཡོན་ཏན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཞེས་དཀོན་མཆོག་ཐམས་ཅད་འདུས་པའི་ངོ་བོར་ལྟ་ལ། རྒྱུད་རྣམས་ལས་ཐོར་བུར་གསུངས་པའི་ཚིག་སྣ་བསྡུས་པ་བླ་མ་ལྔ་བཅུ་པར་བཤད་པ་ལྟར་སེམས་དང་ཅིང་གཡོ་མེད་པ་དང་ངག་སྙན་ཞིང་དུས་སུ་བདེན་པ་དང་གསོང་པོར་སྨྲ་བ་དང་ལྡན་པས་ལུས་ངག་ཡིད་གསུམ་གྱི་ཁ་ན་མ་ཐོ་བ་ཐམས་ཅད་བསྡམས་ཏེ་དྲན་པ་དང་ཤེས་བཞིན་དང་འཇིགས་པ་དང་ལྡན་པས་ལུས་དང་ལོངས་སྤྱོད་དང་སྒྲུབ་པའི་བཀུར་སྟིས་མཉེས་པར་བྱ་བ་སྟེ་བདག་གིས་བླ་མ་ཉི་ཤུ་པར་ཡང་བཤད་དོ། །སྤང་བར་བྱ་བའི་བླ་མའི་མཚན་ཉིད་ཀྱང་། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཅིང་ཆགས་ལ་མ་


KMC013_Page_0520
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་དང་། །རང་བསྟོད་བླ་མར་སློབ་མ་ནི། །བློ་བཟང་ལྡན་པས་མི་བྱའོ། །ཞེས་སྙིང་རྗེ་མེད་པས་སེམས་ཅན་འདོར་བ་དང་རྒྱུད་ཁྲོ་ཞིང་ཞེ་གདུག་པས་ཁོན་རིང་དུ་འཛིན་པ་དང་རིགས་སམ་རྫས་སམ་ཐོས་པས་ཁེངས་པ་དང་ཕྱི་ལོངས་སྤྱོད་དང་ནང་སེམས་ཅན་ལ་ཀུན་ནས་ཆགས་པ་དང་སྤྱོད་པ་མ་བསྡམས་པས་ཆང་མྱོས་པར་འཐུང་བ་སོགས་བག་མེད་ཀྱི་ལས་ལ་འཇུག་པ་དང་། རྙེད་བཀུར་གྱི་རྒྱུའམ་ཕྲ་དོག་གི་བློས་རང་ཉིད་བསྟོད་ཅིང་སྐྱེས་བུ་དམ་པ་གཞན་ཐོས་པར་མི་བཟོད་པ་རྣམས་ཡིན་ལ། བསྡུས་རྒྱུད་ལས། ང་རྒྱལ་དང་ལྡན་ཁྲོ་བས་ཟིལ་མནན་རྫས་ལ་བརྐམ་ཞིང་ཐོས་པ་དག་ཡང་མེད། །སློབ་མ་རྣམས་ནི་སླུ་བ་དོན་དུ་གཉེར་ཞིང་མཆོག་གི་བདེ་བའི་གནས་ལས་སེམས་ཉམས་དབང་མ་བསྐུར། །ལོངས་སྤྱོད་དག་ལ་ཀུན་ཆགས་བག་མེད་རྩུབ་མོའི་ཚིག་དང་བཅས་ཅིང་དབང་པོའི་དོན་དུ་འདོད་ལྡན་པ། །དེ་ཉིད་དམྱལ་བ་བཞིན་དུ་སློབ་མ་མཁས་པ་རྣམས་ཀྱིས་རྫོགས་པའི་བྱང་ཆུབ་རྒྱུར་ནི་སྤང་བར་བྱ། །ཞེས་མཁས་པའི་རྫས་སམ་དབང་ཕྱུག་གམ་དེ་ཉིད་བཅུ་ཤེས་པས་ལམ་ཅུང་ཟད་ཐོབ་པས་གཟུགས་ལ་སོགས་པས་མངོན་


KMC013_Page_0521
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁེངས་པ་ནི་ང་རྒྱལ་ཡིན་ལ། དེ་དང་ལྡན་ན་འོག་མ་ཁྱད་དུ་གསོད་པའི་ཕྱིར་སྙིང་རྗེ་དང་བྲལ་བར་འགྱུར་བས་འདི་གཉིས་ནི་སྐྱོན་ཆེས་ཆེན་པོའོ། །གསང་བའི་དམ་ཚིག་རྣམས་ནུས་པ་མེད་པར་གསང་སྒྲོགས་སུ་སྤྱོད་པ་ནི་དམ་ཚིག་དང་བྲལ་བའོ། །སེར་སྣས་རྫས་སོག་པ་དང་དགེ་འདུན་དང་མཆོད་རྟེན་གྱི་རྫས་ལ་སོགས་པ་ལྕི་བའི་རྫས་ལ་ལོངས་སྤྱོད་པ་ནི་རྫས་ལ་བརྐམ་པའོ། །འདི་ནི་ཤིན་ཏུ་ཉེས་པ་ལྕི་སྟེ་སངས་རྒྱས་དང་ཆོས་ཀྱི་དཀོར་སྤྱད་པ་ནི་གཉེན་པོ་ཆེན་པོས་རྣམ་སྨིན་མི་མྱོང་བར་སྤྱོད་ནུས་ཀྱང་དགེ་འདུན་གྱི་རྫས་གང་ཟག་གིས་སྤྱད་པ་ནི་རྣམ་སྨིན་གྱི་འབྲས་བུ་མ་མྱོང་བར་སྦྱོང་མི་ནུས་པར་ཐེག་ཆེན་དང་ཐེག་དམན་གྱི་མདོ་དུ་མར་བཤད་ཅིང་གཤིན་རྗེའི་གཤེད་གྲུབ་པའི་རྣལ་འབྱོར་པས་དགེ་འདུན་གྱི་ཏིལ་གྱི་ཕུབ་མ་ཉུང་ངུ་ཞིག་མ་བྱིན་པར་བླངས་པས་གཤིན་རྗེ་གཤེད་ཀྱི་གཟུགས་ཀྱིས་ཡི་དྭགས་སུ་གྱུར་པ་སོགས་དུ་མ་བཤད་པའི་ཕྱིར་རོ། །དེས་ན་དེང་སང་གི་མཁས་པ་རྣམས་ཀྱིས་རྒྱུ་འབྲས་ལ་ཐུགས་ཆེས་པར་མཛོད་ལ། རང་རང་གི་ཉེ་དུ་དང་འཁོར་གཡོག་དང་སློབ་མ་སོགས་བརྩེ་འོས་སུ་གྱུར་པ་


KMC013_Page_0522
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ལྕགས་ཀྱི་མེ་མདག་འབུམ་ཕྲག་བརྒྱའི་ཡང་དོ་ཟླ་མིན་པའི་དགེ་འདུན་གྱི་རྫས་ཆེས་ལྕི་བ་བག་མེད་དུ་སྤྱོད་དུ་འཛུད་པ་འདི་མི་མཛད་པར་ཞུའོ། །ཐོས་པ་མེད་པ་ནི་ཡང་དག་པའི་ལམ་མི་ཤེས་པ་སྟེ། འགྲེལ་ཆེན་ལས། རྨོངས་པ་སྟེ་དམ་པའི་ལམ་གྱི་མན་ངག་དང་བྲལ་བའོ། །ཞེས་སོ། །དེས་ན་སྒྲུབ་བརྒྱུད་འདིས་ཐེག་པ་གསུམ་ཤེས་པ་རྒྱ་ཆེར་ཐོས་པ་དང་། རིག་པའི་གནས་ལྔ་ཤེས་པ་མང་དུ་ཐོས་པ་དང་། ཐར་པའི་ཐབས་ཀྱི་མན་ངག་ཕྱིན་ཅི་མ་ལོག་པ་རྫོགས་པར་ཤེས་པ་ལེགས་པར་ཐོས་པ་དང་། འཇིག་རྟེན་གྱི་ཁམས་གཞན་གྱི་ཆོས་གྱི་རྣམ་གྲངས་ཐོས་པ་ཚད་མེད་པར་ཐོས་པ་དང་། མ་ཐོས་པའི་རྣམ་པ་མེད་པ་མཐར་ཐུག་པར་ཐོས་པ་ཅེས་བཞག་པའི་ལེགས་པར་ཐོས་པ་ཉིད་མེད་དུ་མི་རུང་བར་བཞེད་པ་དང་ཁྱད་མེད་དོ། །བརྫུན་སྨྲ་བ་ནི་སློབ་མ་བསླུ་བའོ། །དེ་ཁོ་ན་ཉིད་མ་རྟོགས་པ་ནི་མཆོག་གི་བདེ་བའི་གནས་ལས་སེམས་ཉམས་པ་ཡིན་ལ། སེམས་ཉམས་པ་དེས་དབང་བསྐུར་བར་མི་ནུས་པས་ན་དབང་བསྐུར་མེད་པར་རྒྱུད་འཆད་པར་འགྱུར་བའོ། །འདིར་འགྲེལ་ཆེན་ལས། དབང་བསྐུར་མེད་པར་རྒྱུད་འཆད་པ་པོ་ཅེས་


KMC013_Page_0523
[མ་དཔེ་གཟིགས་ན་འདིར་གནོན།]

པ་སྟེ་སྤང་བར་བྱའོ། །ཞེས་གསུངས་པ་ཡང་དབང་བསྐུར་གྱི་ཚིག་གི་ཆོ་ག་ཙམ་མ་བྱས་པ་ལ་དགོངས་པ་མ་ཡིན་ཏེ། དེ་ནི་མཆོག་གི་བདེ་བའི་གནས་ལས་སེམས་ཉམས་པས་ཀྱང་བྱེད་པར་ནུས་པའི་ཕྱིར་རོ། །དེས་ན་དབང་དུ་མ་སོང་བའི་དབང་བསྐུར་བྱས་ཀྱང་དབང་བསྐུར་མ་བྱས་པ་ཉིད་དུ་དགོངས་པ་ཡིན་ཏེ། དབང་གི་ཟློས་གར་དུ་ཟད་པས་སོ། །འཁོར་བའི་ལོངས་སྤྱོད་ལ་ཆགས་པ་དང་བག་མེད་ནི་ཆང་འཐུང་བ་སྟེ་མཉམ་པར་མ་བཞག་པ་དང་། འཁྲིག་པ་ལ་སྲེད་པ་ནི་དབང་པོ་གཉིས་ཀྱི་བདེ་བའི་འདོད་ལྡན་ཏེ་འདི་རྣམས་ཐམས་ཅད་དམ་གང་རུང་རྣམས་དང་ལྡན་པ་ནི་དེ་ཉིད་བཅུ་དང་དཀྱིལ་འཁོར་གྱི་ལས་སོགས་ཅུང་ཟད་ཤེས་ཀྱང་ཐར་འདོད་རྣམས་ཀྱིས་བླ་མ་མི་བྱ་སྟེ་དམྱལ་བ་ལྟར་རྒྱང་དུ་སྤང་བར་བྱའོ། །རྡོ་རྗེ་མཁའ་འགྲོ་ལས་ཀྱང་། གང་ཡང་ཁྲོ་དང་སྒྱུ་ཅན་དང་། །ངག་ནི་ཤིན་ཏུ་རྩུབ་པ་དང་། །ཡོན་ཏན་དག་གིས་ཆོག་ཤེས་པ། །དེ་ནི་བླ་མར་བརྟེན་མི་བྱ། །ཞེས་སོ། །དེས་ན་གཟུར་གནས་ཀྱི་བློས་ལེགས་པར་བརྟགས་ཏེ་སྐྱོན་དང་བྲལ་བ་ཡང་དག་པའི་མཚན་ཉིད་དང་ལྡན་པ་བསྟེན་པར་བྱ་སྟེ། དོན་དམ་བསྙེན་


KMC013_Page_0524
[མ་དཔེ་གཟིགས་ན་འདིར་གནོན།]

པར། དེ་ཕྱིར་སློབ་མ་རྣམས་ཀྱིས་བླ་མ་གསེར་བཞིན་དུ། །ལེགས་པར་བརྟགས་ལ་སྡིག་པ་ཅུང་ཟད་ཡོད་མ་ཡིན། །ཞེས་དང་། འགྲེལ་ཆེན་དུ། ཡོངས་སུ་བརྟགས་ནས་སྐྱོན་དང་བྲལ་བའི་བླ་མ་བསྟེན་པར་བྱ་ཞིང་སྐྱོན་དང་ལྡན་པ་སྤང་བར་བྱའོ། །ཞེས་སོ། །སྤྱིར་བརྟག་པ་ནི་སྔོན་དུ་ཡིན་མོད་ཀྱང་གལ་ཏེ་སྐྱོན་དེ་དག་དང་ལྡན་པས་ཐར་པའི་ལམ་ལ་གེགས་བྱེད་ན་ནི་སློབ་དཔོན་དུ་གྱུར་ཟིན་ཡང་སྤང་བར། འགྲེལ་ཆེན་ལས། བླ་མར་བྱས་ཀྱང་བྱ་བ་མ་ཡིན་པ་བྱེད་པ་ནི་ཐར་པ་དོན་དུ་གཉེར་བའི་སློབ་མས་སྤང་བར་བྱ་བའི་ཉིད་དོ། །ཅེས་སྔ་འགྲེལ་གྱི་རྩོད་སྤོང་དང་བཅས་ཏེ་གསུངས་ལ། འོན་ཡང་སློབ་དཔོན་དུ་གྱུར་ཟིན་ན་ཟང་ཟིང་གི་སྦྱིན་པ་ལ་སོགས་པས་དེའི་སེམས་མགུ་ཞིང་བཀས་གནང་བར་བྱས་ཏེ་རང་ཉིད་མ་དད་པ་མེད་པར་བྱས་ལ། སླར་དམ་པ་བཙལ་དགོས་ཀྱི་ཐུགས་འཁྲུག་པར་ནི་བྱར་མིི་རུང་སྟེ་ཕྱིས་བླ་མའི་རྟེན་འབྲེལ་འཆུག་པར་འགྱུར་བ་དང། བརྟུལ་ཞུགས་ཉེར་ལྔའི་རྗེ་བོ་ལ་འཁུ་བར་འགྱུར་བའི་ཕྱིར་རོ། །དེས་ན་ཇོ་བོ་རྗེས་ཤཱནྟི་པ་ལ་འབུལ་བ་ཕུལ་ནས་སེམས་ཙམ་གྱི་ལྟ་བ་མི་འཛིན་པར་ཞུས་པ་ལྟ་བུའོ། །སྤྱིར་


KMC013_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པ་ལ་སོགས་པ་དམ་པ་མང་ཞིག་རང་ཚུལ་སྦས་ཏེ་སྐྱེ་བོའི་ངོར་བཏང་སྙོམས་པ་ལྟར་གནས་པ་དང་། ཐ་སྙད་སོགས་ཅུང་ཟད་ཤེས་པ་ཁ་ཅིག་རྙེད་བཀུར་གྱི་ཆེད་དུ་མཚན་ཉིད་དང་ལྡན་ལྡན་ལྟར་འཆོས་པ་གཡོ་ཅན་གྱི་སྤྱོད་པ་ལ་གནས་པའང་འབྱུང་སྲིད་པར་སྣང་ལ། རྟོག་པ་པོའང་གཟུར་གནས་དང་རྣམ་དཔྱོད་དང་ཐོས་པ་དང་སྐལ་བ་དང་ངེས་འབྱུང་དུ་འཛོམ་པ་མེད་ན་བརྟག་མི་ནུས་ལ། དེ་འཛོམ་པ་ནི་ཕྱི་དུས་དཀའ་བར་སྣང་ལ། དམ་པའི་སྤྱོད་པ་མིན་པ་ལྟར་སྣང་བ་དེ་དག་ཡང་རང་རང་ལ་མི་གནོད་པའི་གདེང་ཡོད་པར་སྲིད་པས། དེང་སང་ནི་དོན་དམ་བསྙེན་པར། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེ། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བརྟེན་པར་གྱུར་པའོ། །ཞེས་པ་ལྟར། ཡོན་ཏན་ལྷག་པ་དང་ལྡན་པ་བཙལ་ཞིང་དེའི་ཡོན་ཏན་གྱི་ཆ་རྣམས་རང་ཉིད་ཀྱི་རྒྱུད་ལ་བླང་ཞིང་སྐྱོན་གྱི་ཆ་མཐོང་བ་རྣམས་ལ་རང་ཉིད་ཀྱི་མ་དག་པའི་ལས་སྣང་དུ་ལྟ་བ་དང་། ཆོས་ཐམས་ཅད་མཉམ་ཉིད་ལ་སོགས་པས་ཡིད་བཞོས་ཏེ་མ་


KMC013_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དད་པ་མེད་ཅིང་། འོན་ཡང་སྐྱོན་དེ་རང་རྒྱུད་ལ་མ་གོས་པར་བྱས་ཏེ་ལམ་ཇི་ལྟར་སྒྲུབ་ཚུལ་ཡང་དག་པར་ནོད་དགོས་པར་སྣང་ངོ་། །དེ་བཞིན་དུ་ཁྱིམ་པ་ཡང་རབ་བྱུང་གིས་བླ་མར་མི་བྱ་ཞིང་རབ་བྱུང་རྡོ་རྗེ་འཛིན་པ་ཡོད་བཞིན་དུ་དེས་རབ་གནས་དང་ཚོགས་ཀྱི་གཙོ་བོ་སོགས་མི་བྱ་སྟེ། ཁྱིམ་པ་ཕན་ཚུན་དུ་མཆོད་པ་བྱས་རེས་ཀྱིས་ཆོག་པའི་ཚེ་དཀོན་མཆོག་གསུམ་རྒྱུན་འཆད་པར་འགྱུར་བ་དང་། དགེ་འདུན་ལ་བརྙས་པར་འགྱུར་བ་དང་། ཁྱིམ་པ་རྡོ་རྗེ་འཛིན་པ་དེ་ལོངས་སྤྱོད་ལ་ཆགས་པ་དང་བསོད་སྙོམས་སྤྱོད་པས་ངོ་ཚ་བའི་ལེ་ལོས་རབ་ཏུ་མ་བྱུང་བར་ཟད་པའི་ཕྱིར་དང་། གོས་དཀར་ནི་ཀླ་ཀློའི་བརྟུལ་ཞུགས་ཡིན་པའི་ཕྱིར་དང་། རབ་བྱུང་གནས་ནས་འབྱིན་པ་ཁ་ཅིག་ངུར་སྨིག་དང་ཕྲལ་ཞིང་གོས་དཀར་པོ་ལྟ་བུ་ཁྱིམ་པའི་རྟགས་ཀྱིས་གཡོགས་ནས་འབྱིན་པའི་ཕྱིར་ཏེ། གང་ཞིག་ཁྱིམ་པ་བསྟི་གནས་སྤྱོད། །གཡོག་པོ་ཞིང་པ་ཚོང་པ་དང་། །དམ་ཆོས་ཚོང་བའི་རྨོངས་པ་སྟེ། །ས་ལ་རྡོ་རྗེ་འཛིན་པ་མིན། །ཞེས་དང་། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོས་བླ་མར་མི་བྱ་སྟེ། །ཅེས་དང་། ས་ཐོབ་མ་གཏོགས་སློབ་དཔོན་ནི། །ཁྱིམ་གནས་


KMC013_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཚེ་མཆོད་བྱེད་པ། །དེ་ཚེ་སངས་རྒྱས་ཆོས་དང་ནི། །དགེ་འདུན་ལ་ནི་གུས་མེད་འགྱུར། །ཞེས་དང་། ལྷ་ཁང་སོགས་ཀྱི་རབ་གནས་ནི། །རྟགས་ཅན་གྱིས་ནི་བྱ་བ་ཉིད། །གནས་ཅིག་དག་ན་གསུམ་ཡོད་ན། །ཁྱིམ་པ་གོས་དཀར་ལྡན་པས་མིན། །ཞེས་དང་། སློང་མོ་དང་ནི་གོས་དམར་གྱིས། །ངན་པའི་བདག་གང་ངོ་ཚ་ནས། །གཡེམ་བཅས་ཕྱག་དང་མཆོད་བྱེད་པས། །སངས་རྒྱས་པ་རྣམས་ལམ་ཉམས་པར་འགྱུར་རོ། །ཞེས་དང་། གང་ཚེ་གོས་དམར་མཐོང་གྱུར་ནས། །སྡིག་ཅན་རྣམས་ནི་ཞེ་སྡང་འགྱུར། །ཀླ་ཀློའི་ཆོས་དགའ་སངས་རྒྱས་པ། །དེ་ཚེ་དཀར་པོའི་གོས་ལ་མོས། །ཞེས་དང་། འགྲེལ་ཆེན་ལས། སངས་རྒྱས་པའི་བསྟན་པ་ནི་དུས་ཐམས་ཅད་དུ་གོས་དཀར་པོ་མ་ཡིན་ཏེ། དེ་ལྟར་ཡང་འཇམ་དཔལ་གྱི་ཡུལ་གཙུག་ལག་ཁང་དུ་དགེ་སློང་དང་དགེ་ཚུལ་ཕམ་པར་གྱུར་པ་དེའི་ཚེ་གོས་དཀར་པོ་བྱིན་ཞིང་ངུར་སྨྲིག་བླངས་ཏེ་གཙུག་ལག་ཁང་ནས་ངེས་པར་འབྱིན་པར་བྱེད་དོ། །ཅེས་དང་། གང་ཞིག་དགེ་སློང་རྡོ་རྗེ་འཛིན་པ་ཡོད་ཀྱང་གནོད་པའི་གནས་སྐབས་ཐོབ་པ་དག་བསྟེན་པར་བྱེད་ན་འདི་ནི་དགེ་འདུན་ལ་


KMC013_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

བརྙས་པ་ཆེན་པོ་སྟེ་ངེས་པར་འདི་ནི་བདེ་བར་གཤེགས་པའི་རྣམ་པར་དབྱེ་བ་ཉམས་པར་བྱེད་པའོ། །ཞེས་སོ། །གོས་དཀར་པོ་གསུངས་པའང་འཕགས་པའི་ཡུལ་ན་དཀར་པོ་ནི་ཁྱིམ་པའི་རྟགས་གཙོ་བོ་ཡིན་པའི་ཕྱིར་གསུངས་པ་སྟེ། བོད་ཡུལ་ན་ནི་ཁྱིམ་པ་རྣམས་ཀྱང་གོས་ཁ་དོག་ཐམས་ཅད་གོན་ཞིང་དེ་བཞིན་དུ་བསྟན་པ་ཉམས་པའི་ཕྱིར་ཁྱིམ་པ་མགོ་རེག་དང་སྐྲ་ཅན་གྱིས་རབ་བྱུང་གི་རྟགས་འཛིན་པའང་མང་དུ་ཡོད་མོད། སྡོམ་པ་མ་བསྡམས་པའི་ཕྱིར་དེ་ཐམས་ཅད་ཀྱང་ཁྱིམ་པ་ཅེས་བྱ་སྟེ། བོད་ཡུལ་ན་ནི་སྡོམ་པ་བླངས་ཅིང་སྲུང་བས་ཁྱད་པར་དུ་བྱེད་པ་མ་གཏོགས་རྟགས་ཀྱིས་འབྱེད་མི་ནུས་པར་སྣང་ལ། དེ་བཞིན་དུ་ཟས་ངོ་སྲུང་བའི་ཕྱིར་དགེ་སློང་གིས་ཁྱིམ་པ་ལས་འདུལ་བའི་ལུང་སྡེ་བཞི་ཉན་པ་དང་། ཁྱིམ་པ་རྣམས་ཀྱིས་འདུལ་བའི་རྩོད་པ་བྱེད་པ་དང་། དགེ་སློང་ཁ་ཅིག་ཡང་ཁྱིམ་པའི་ཡང་བྲན་ཐོབ་ན་འདོད་པའི་དོན་གྲུབ་པར་བྱས་ཏེ་དེ་དག་གི་གོ་རེ་ལོང་བྱེད་ཅིང་དེ་མ་ཐོབ་པ་རྣམས་ལ་བརྙས་པ་དང་། དེ་བཞིན་དུ་རིགས་རུས་དང་མངའ་ཐང་དང་རྫས་དང་སྡོད་ས་དང་གྲགས་པའི་གཏན་ཚིགས་ལས་རྡོ་རྗེ་སློབ་དཔོན་གྱི་


KMC013_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམན་དུ་འཇོག་པར་སྣང་བས། དེང་སང་བོད་ཀྱི་ཡུལ་དུས་འདིར་ནི་ཆོས་ཀྱི་རྣམ་གྲངས་འདི་དག་ཉེ་བར་མི་མཁོ་མོད་ཀྱང་རང་ཉིད་ཚེ་རབས་ཕྱི་མ་རྣམས་སུ་མདོ་སྔགས་ཀྱི་བསྟན་པ་ཚུལ་བཞིན་དུ་གནས་པའི་ཞིང་དུ་སྐྱེས་ཏེ་མཆོག་འགྲུབ་པའི་རྒྱུ་ཙམ་དུ་སྦྱར་བར་ཟད་དོ། །གལ་ཏེ་བྱང་ཤམྦྷ་ལའི་རིགས་ལྡན་སོགས་ཁྱིམ་པའི་རྡོ་རྗེ་འཛིན་པ་མཆོག་ཏུ་མ་ཡོད་དོ་སྙམ་ན། དེ་དབང་ནི་ཡེ་ཤེས་ཀྱིས་རྒན་པ་ཡིན་ཏེ་གལ་ཏེ་རྟགས་ཅན་གྱི་རྡོ་རྗེ་འཛིན་པ་ཐམས་ཅད་དེ་ལྟ་མིན་ལ། ཁྱིམ་པ་རྡོ་རྗེ་འཛིན་པ་ཅིག་ས་ཐོབ་པའམ་མ་ཐོབ་ཀྱང་མངོན་ཤེས་ཅན་ཡིན་ན་ནི་ཡེ་ཤེས་ཀྱིས་རྒན་པའི་ཕྱིར་དེ་ཐམས་ཅད་ཀྱི་གཙོ་བོར་འགྱུར་ཏེ་དེ་ནི་དགེ་སློང་བཅུ་དང་མཉམ་པར་གསུངས་སོ། །གལ་ཏེ་དམ་ཆོས་སྨྲ་བ་དཀོན་པོར་གྱུར་པས་ཁྱིམ་པའམ་དགེ་ཚུལ་མངོན་ཤེས་མ་ཐོབ་པ་ལས་དགེ་སློང་གིས་དམ་ཆོས་གནང་དགོས་ན་ནི་ཆོས་ཉན་པའི་ཚེ་དེའི་མདུན་དུ་སྐུའམ་པོ་ཏི་སོགས་བཞག་སྟེ་དངོས་སུ་རྟེན་དང་སློས་སླ་ན་དེ་ལ་ཕྱག་བྱ་ཞིང་གནས་སྐབས་གཞན་དུ་ཕྱག་དང་རྐང་པ་བཀྲུ་བ་དང་ཟན་ཁོལ་བྱེད་པ་མ་གཏོགས་པའི་བསྙེན་བཀུར་


KMC013_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱ་བ་སྟེ། འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བདར་ཏེ། །ཁྱིམ་པ་འམ་ནི་སར་བུ་ལ། །བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ། །ཞེས་དང་། མཆོག་མིན་ལས་དང་ཕྱག་སྤངས་ནས། །སྟན་བསྟབ་པ་དང་ལྡང་བ་དང་། །དོན་བྱ་ལ་སོགས་བསྙེན་བཀུར་འདིར། །ཐམས་ཅད་བརྟུལ་ཞུགས་ཅན་གྱིས་བྱ། །ཞེས་སོ། །གལ་ཏེ་རང་ལ་ཡེ་ཤེས་སྟེར་བ་པོ་ཡིན་ན་ནི་ཁྱིམ་པར་གནས་ཀྱང་རྡོ་རྗེ་འཆང་བ་ཉིད་ཡིན་པས་ཚུལ་བཞིན་དུ་བསྟན་དགོས་སོ། །མདོར་ན་རྗེ་རྒོད་ཚང་པས་སྤྱིར་བླ་མའི་མཚན་ཉིད་མང་དུ་གསུངས་ཀྱང་ཁྱོད་རང་གི་སྤྱི་བོར་ང་བསྒོམས་ལ། གསོལ་བ་ཐོབ་བྱས་ནས་ཁོས་དེ་ལྟར་བཏབ་པ་ཙམ་གྱིས་རྒྱུད་ཀྱི་སྐྱོན་ཐམས་ཅད་ཟད། ཡོན་ཏན་ཐམས་ཅད་སྐྱེ། ཕྱག་རྒྱ་ཆེན་པོའི་རྟོགས་པ་མཐར་ཐུག་འོང་བ་ཅིག་དགོས། དེ་མེད་ན་རྙིགས་དུས་ཀྱི་སེམས་ཅན་གྱི་མགོན་སྐྱབས་མི་ནུས། དེ་འོང་བར་བྱེད་པ་ལ་རང་རྒྱུད་ཀྱི་སྐྱོན་ཐམས་ཅད་ཟད། ཡོན་ཏན་ཐམས་ཅད་རྫོགས་ནས་སངས་རྒྱས་སུ་སོང་བ་ཅིག་དགོས་ཅེས་གསུངས་པ་དེ་ཁོ་ན་སྒྲུབ་བརྒྱུད་འདི་བཞེད་པ་ཡིན་ནོ། །གཉིས་པ་རྩ་ལྟུང་དང་པོའི་


KMC013_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་ཁྱད་པར་དུ་བཤད་ན། བླ་མ་རང་ཉིད་ཀྱི་ཚེ་འདིའི་བྱ་བ་མ་གྲུབ་པའི་བརྙེད་བཀུར་ཆུངས་པའི་ཟས་ནོར་དང་བུད་མེད་ལ་སོགས་པའི་རྒྱུའི་གཞན་གྱིས་ཕྱེ་བའི་རྒྱུ་སོགས་ལས་འཁྲུག་པ་ནི་རང་དོན་ལས་འཁྲུག་པ་སྟེ་དམ་པ་མ་ཡིན་པ་ཅེས་བྱའོ། །སློབ་མ་མི་དགེ་བ་ལ་ཞུགས་ཅིང་ཆོས་བཞིན་མི་སྤྱོད་པས་བླ་མ་དེ་ཐུགས་བྱུང་ཞིང་འཁྲུག་པར་གྱུར་པ་ནི་གཞན་དོན་ལས་འཁྲུག་པ་དེ་བླ་མ་དམ་པ་སྟེ། འགྲེལ་ཆེན་ལས། གཞན་གྱི་དོན་ལས་བླ་མ་གང་གི་ཐུགས་འཁྲུགས་པར་གྱུར་པ་དེ་ནི་བླ་མ་དམ་པའོ། །རང་གི་དོན་ལས་བླ་མ་གང་གི་ཐུགས་འཁྲུགས་པ་དེ་ནི་བླ་མ་དམ་པ་མ་ཡིན་པའོ། །ཞེས་སོ། །བླ་མ་དམ་པ་དེ་ལ་ནི་ཞེ་སྡང་དང་ཁོང་ཁྲོས་འཁྲུག་པ་དང་ནམ་ཡང་ཕན་མི་འདོགས་སོ་ཞེས་བློས་འདོར་བ་སོགས་ནི་མི་འབྱུང་སྟེ། ཉོན་མོངས་བཅོམ་པའི་ཕྱིར་དང་། སེམས་ཅན་ཐམས་ཅད་ཀྱི་སྐྱབས་མཛད་པའི་ཕྱིར་རོ། །དེས་ན་བདག་གིས་བསྟན་པའི་ཆོས་ཀྱིས་འདི་འདུལ་མ་ནུས་སོ། །ཀྱེ་མ་ཞེས་དགོངས་པ་དེ་ཉིད་ལ་ཐུགས་འཁྲུགས་པ་ཅེས་བྱའི། ཞེ་སྡང་ལ་སོགས་པས་དྲག་ཏུ་འཁྲུགས་ན་ནི་དམ་པ་མ་ཡིན་པ་ཉིད་དུ་འགྱུར་


KMC013_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །འོ་ན་ཆེར་འཁྲུགས་པ་མེད་པས་རྩ་ལྟུང་དུ་མི་འགྱུར་རོ་སྙམ་ན། དེ་ཉིད་ཀྱིས་རྩ་ལྟུང་དུ་མི་འགྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་མགོན་པོ་མཉམ་པའི་ཐུགས་ཅན་མཁའ་ལྟར་སྤྲོས་པ་ཞི་བ་དེ་ཉིད་ལ་ཀུན་ནས་མནར་སེམས་ཀྱིས་ཞེ་སྡང་བར་བྱས་པའི་ཕྱིརརོ། །དེ་ལྟ་བུའི་བླ་མ་དམ་པ་ལ་བརྙས་པ་ནི་རྩ་ལྟུང་ཡིན་གྱི་དམ་པ་མ་ཡིན་པ་ལ་བརྙས་པ་ནི་རྩ་ལྟུང་དང་པོ་རྫོགས་པ་མ་ཡིན་ཏེ། སློབ་མ་མི་དགེ་བ་ལ་ཞུགས་པས་ཐུགས་འཁྲུགས་པ་མིན་པའི་ཕྱིར་རོ། །འགྲེལ་ཆེན་ལས། རང་གི་དོན་ལ་ཞུགས་པའི་བླ་མ་ནི་མི་དགེ་བ་བཅུ་ལ་ཞུགས་པ་ལས་མ་ཡིན་ནོ་ཞེས་པ་སྟེ་ངེས་པའོ། །ཞེས་སོ། །དམ་པ་མ་ཡིན་པ་ལ་རྩ་ལྟུང་དང་པོའི་ཡུལ་ཡོངས་སུ་མི་རྫོགས་ཀྱང་བརྙས་སུ་རུང་བ་ནི་མ་ཡིན་ཏེ། ཡུལ་སེམས་ཅན་ཐ་མལ་པ་ཅིག་ལ་བྱམས་པ་སྤངས་ན་ཡང་རྩ་ལྟུང་བཞི་པ་ཡིན་ན་བླ་མར་བྱས་པ་ལ་ལྟ་སྨོས་ཀྱང་ཅི་དགོས་པའི་ཕྱིར་རོ། །བསམ་པ་ནི། བླ་མ་ལ་བླ་མ་ཉིད་དུ་ཤེས་པས་གཞན་དུ་འདུ་ཤེས་མ་འཁྲུལ་ཞིང་ཁྲོ་བ་སོགས་ཀུན་དཀྲིས་དྲག་པོ་སྐྱེས་ཅིང་དགྲ་ལྟར་བལྟ་བས་གནོད་པ་བྱེད་པའམ་བརྙས་པར་འདོད་པ་ཞེ་ཐག་པ་ནས་དྲག་ཏུ་


KMC013_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཅིང་མི་སྡོམ་པ་སྟེ། རྡོ་རྗེ་སྙིང་རྒྱན་ལས། སྙིང་ནས་སློབ་དཔོན་སྨོད་པ་དང་། །ཞེས་སོ། །དངོས་གཞི་ནི། བསྡུས་རྒྱུད་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །ཞེས་པས་སྐུ་ལ་བསྣུན་པའམ་རབ་ཏུ་སྨོད་པའམ་འཁོར་འབྱེད་པའམའཇོམས་པ་སོགས་ལུས་ངག་ཏུ་ཐོན་པ་ཚབས་ཆེན་པོ་སྤྱད་པའི་སྒོ་ནས་བརྙས་པར་བྱས་པ་ཡིན་ལ། དུས་ནི། རྣམ་པ་ཐམས་ཅད་དུ་ཐུགས་ཀྱིས་འདོར་བ་མི་སྲིད་མོད་ཀྱང་། རེ་ཞིག་ཐུགས་ཀྱི་དགྱེས་པ་ལས་ལོག་པ་ནི་ཐུགས་བསུན་བྱུང་བ་ཞེས་བྱ་སྟེ། རྩ་ལྟུང་དང་པོ་རྫོགས་པའི་དུས་སུ་སྤྱི་ཙམ་དུ་བཞག་ལ། བྱེ་བྲག་ཏུ་གྲུབ་པའི་བླ་མ་དམ་པ་མཆོག་རྣམས་ཀྱི་ཐུགས་ནི་ཅིས་ཀྱང་སུན་འབྱིན་པར་མི་ནུས་ལ། བླ་མའི་དམ་པ་དེ་ལ་བརྙས་པས་རྩ་ལྟུང་དུ་མི་འགྱུར་བ་ཡང་མི་རིགས་པས། ཡང་དག་པར་ན་བླ་མའི་ཐུགས་འཁྲུགས་རུང་མ་འཁྲུགས་རུང་བསུན་བྱུང་རུང་མ་བྱུང་རུང་སློབ་མ་རང་ཉིད་ཀྱི་ཆ་ནས་བརྙས་པའི་བསམ་པ་མཐར་ཐུག་པར་བྱས་པ་དེ་ཉིད་རྩ་ལྟུང་དང་པོར་གྱུར་པའི་དུས་ཡིན་ཏེ། དགེ་མི་དགེ་ཐམས་ཅད་རང་གི་བསམ་


KMC013_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་བཞག་གི་ཡུལ་གྱིས་འཇོག་པ་མེད་པའི་ཕྱིར་དང་། བརྙས་པའི་བསམ་པ་མཐར་ཐུག་དེ་སྐྱེས་པ་ན་སློབ་མ་དེའི་རྒྱུད་ཀྱི་ཉམས་མྱོང་དང་ནུས་པ་ཐམས་ཅད་ཡལ་ཞིང་མི་འདོད་པའི་དངོས་པོ་ཐམས་ཅད་འབྱུང་བའི་ཕྱིར་རོ། །དེས་ན་ཐུགས་འཁྲུགས་པ་དེས་བཟུང་དུ་དགོས་པ་ནི་མ་ཡིན་ཏེ། དུས་འཁོར་རྩ་རྒྱུད་ལས། དཔལ་ལྡན་བླ་མའི་ཐུགས་སུ་ཕྱུང་། །རི་བོང་འཛིན་པ་རུ་ནི་འགྱུར། །ཞེས་དང་། སྔར་དྲངས་པའི། ཐུགས་དཀྲུགས་པ་ལས། ཅེས་དང་། སྙིང་ནས་སློབ་དཔོན་སྨོད་པ་དང་། །ཞེས་དང་། དེ་བས་དེ་ལ་བརྙས་པ་ནི། །ཞེས་བཤད་ཀྱི། ཐུགས་སུན་བྱུང་། ཞེས་དང་། ཐུགས་འཁྲུགས་པ་ལས། ཅེས་དང་། སྙིང་ནས་སློབ་དཔོན་མ་དགྱེས་དང་། །ཞེས་དང་། དེ་བས་དེ་ལ་བརྙས་པ་ལས། །དེ་ཉིད་འཁྲུགས་པར་གྱུར་པ་ནི། །ཞེས་པ་ལྟ་བུ་བཤད་པའི་ཕྱིར་དང་། སུན་ཕྱུང་བ་ལ་བྱུང་བ་དང་དཀྲུགས་པ་ལ་འཁྲུགས་པ་སོགས་ཀྱིས་མ་ཁྱབ་པའི་ཕྱིར་དང་། བླ་མ་མ་མཉེས་པ་མེད་ན་རྩ་ལྟུང་མ་ཡིན་ནོ་སྙམ་ནས་འཛེམ་བག་ཆུང་བར་འགྱུར་བའི་དགག་བྱ་ཡོད་པའི་ཕྱིར་དང་། སྐྱེས་བུ་ཡུལ་དུ་བྱས་པའི་ལྟུང་བ་ཕྱི་མ་རྣམས་ལའང་


KMC013_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དེས་ཤེས་ཏེ། སེམས་འཁྲུགས་པ་དགོས་པར་ཐལ་བའི་ཕྱིར། དེས་ན་བུ་དོང་ཆོས་ཀྱི་རྒྱལ་པོས་ཐུགས་འཁྲུགས་པ་མཐར་ཐུག་གི་དུས་སུ་འཇོག་པ་དེ་ནི་མ་ཡིན་པར་གོའོ། །ལྟུང་བར་འགྱུར་ཚུལ་ལ། འཇམ་དཔལ་གྲགས་པའི་བཞེད་པ་ལྟར་རང་འགྲེལ་དུ་ནི། ཉོན་མོངས་དྲག་པོས་བསླང་བ། དེ་ལ་དེར་ཤེས་པ། ལུས་ངག་གི་སྦྱོར་བ་མ་བསྡམས་པ། དངོས་གཞི་འཚོ་བ་དང་ཕྲལ་ཏེ་བཀྲོངས་པ། ཤེས་ཅིང་མི་འགྱོད་པ། ཡི་རང་ཞིང་མ་འཁྲུལ་བ་སྟེ་སྦྱོར་བ་བདུན་ཚང་ནས་དུས་འདས་ན་ཕམ་པ། ཐུན་ཚོད་ལས་མ་འདས་པར་བཤེགས་ན་ལྟུང་བ། འཚོ་བ་དང་མ་ཕྲལ་བའི་བསམ་སྦྱོར་དང་པོ་གསུམ་སྦོམ་པོ། གཞན་དྲུག་མ་ཚང་བའི་ལུས་ངག་ཏུ་ཐོན་པ་ཁོ་ན་ཙམ་ནི་ཉེས་བྱས་སུ་གསུངས་ཅིང་རེ་ཙམ་ལས་སྤྲོས་པ་མ་བྱུང་ཡང་དངོས་གཞི་འཚོ་བ་དང་བྲལ་ན་ནི་བླ་མ་སངས་རྒྱས་ཀྱི་ངོ་བོར་ལྟ་བའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་དཀྱིལ་འཁོར་དུ་འཇུག་པས་ཕ་དང་དེ་ཁོ་ན་ཉིད་ཀྱི་བདུད་རྩིས་གསོ་བས་མ་ཡིན་ལ། བྱ་བ་བྱས་པ་སྐམ་སར་གནས་པའི་ཕྱིར་དགྲ་བཅོམ་པ་དང་འཕགས་པའི་དགེ་


KMC013_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་ཐམས་ཅད་དེས་ཆོས་ཀྱི་བདུད་རྩིས་སྡུད་པས་དགེ་འདུན་འདུ་བའི་སྒོའི་མཆོག་གི་འབྱུང་ཁུངས་ཡིན་པའི་ཕྱིར་དེ་དག་བསད་པ་དང་ཕྲོགས་པའི་མཚམས་མེད་ལྔ་ཀར་དོན་གྱིས་འགྱུར་བའི་ཕྱིར་རྩ་ལྟུང་ཞེས་བྱས་ཀྱང་། གཞལ་དུ་མེད་ཅིང་མིང་ཡང་སྨོས་པར་དཀའ་བའི་ཉེས་པ་ཡིན་པས། འདིའི་ཉེས་པའི་ཚད་ནི་སངས་རྒྱས་ལས་གཞན་པ་སུས་མཁྱེན་ཏེ་སྨོས་པར་བྱ་བ་ཡང་མ་ཡིན་མོད་ཀྱང་ལྟུང་བའི་རིས་མཐུན་བསྡུ་བའི་དབང་དུ་མཛད་པ་ཙམ་མོ། །འདི་ནི་བཤེགས་ཅིང་དབང་བསྐུར་བླངས་ཀྱང་ཚེ་དེ་ལ་རྩ་ལྟུང་དག་ནས་སོར་ཆུད་པ་མེད་དེ། གང་ལས་རྩ་ལྟུང་བྱུང་བའི་བླ་མ་དེ་ཉིད་ལ་བཤགས་ཞིང་སླར་ལེན་དགོས་པ་ལས་དེ་ཉིད་དགྲོངས་པར་བྱས་ཟིན་པའི་ཕྱིར་དང་། དེ་ལྟ་བུ་ནི་རྡོ་རྗེའི་སློབ་དཔོན་གཞན་སུས་ཀྱང་དབང་བསྐུར་གྱིས་སྡུད་པར་མི་བྱེད་ལ། བསྡུས་སྲིད་ཀྱང་སྡུད་པ་པོ་ཉེས་པ་ཅན་དུ་འགྱུར་གྱི་རྩ་ལྟུང་དེ་སོར་མི་ཆུད་པའི་ཕྱིར་ཏེ། འདུལ་བ་ལས་ཀྱང་གང་ལས་ལྟུང་བ་བྱུང་བའི་རྒྱུ་དེ་མ་བཏང་ན་བཤགས་པར་མི་འགྱུར་བར་བཤད་པའི་ཕྱིར་རོ། །འོན་ཀྱང་འགྱོད་པ་དྲག་པོ་མི་བཟད་པ་སྐྱེས་ནས་ཉེས་པ་ལ་ཉེས་


KMC013_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཁས་བླངས་ཏེ་སྡིག་བཤགས་ཀྱི་ཚོགས་མཐའ་དག་བྱ་ཞིང་། ཁྱད་པར་བླ་མ་དེའི་སྲས་སམ་སློབ་མའི་འཇིག་རྟེན་གྱི་ཉེ་དུ་སོགས་ལ་ཡོན་ཆེར་འབུལ་ཞིང་བཤགས་པ་དང་བྲན་ཁོལ་དུ་ཁས་ལེན་པ་དང་བསྙུང་བར་གནས་པ་སོགས་ཀྱིས་རིང་དུ་སྦྱངས་པས་ལས་བསྲབས་པའི་མཚན་མ་ཅུང་ཟད་བརྙེད་པ་ན་དེ་ཉིད་ཀྱིས་ཡེ་ཤེས་ཀྱི་སྐུ་བསྟན་ཏེ་ལྟུང་བ་ལས་ལྡང་བའི་ཐབས་སྟོན་ཞིང་རིམ་པས་རྗེས་སུ་འཛིན་སྲིད་པ་ཙམ་མོ། །དེས་ན་འཚོ་བ་དང་ཕྲལ་བ་ཡན་ལག་ཏུ་མཛད་པ་ནི་སྲིད་མཐའ་དགག་པའི་དབང་དུ་མཛད་ནས། སྤྱིར་ནི། ཉོན་མོངས་ཀུན་བསླང་དེར་ཤེས་ལྡན། །ལུས་ངག་སྦྱོར་བསྟེན་བར་བཅད་དང་། །མ་འཁྲུལ་འགྱོད་མེད་ཚད་ལས་འདས། །ཅེས་པའི་སྦྱོར་བ་བདུན་སྤྱིར་བསྟན་པའི་ཚུལ་ཁོ་ན་ལྟར་སྦྱར་ཏེ་བདུན་ལྡན་ཕམ་པ། བར་མ་ཆོད་པར་བཤགས་ན་ལྟུང་བ། དང་པོ་གསུམ་ཁོ་ན་སྦོམ་པོ། ལྷག་མ་སྔར་ལྟར་འཆད་པ་དགོངས་པར་ངེས་ལ། སྲུང་བར་འདོམས་པའི་ཚུལ་ཡང་འདི་ལེགས་པར་སྣང་ངོ་། །ལྟུང་མེད་ནི། སྤྱིར་བླ་མ་ཙམ་གྱི་དབང་དུ་བྱས་ནས་ཆོས་བཞིན་གྱི་བྱ་བ་བྱས་པ་སོགས་མི་དགྱེས་པའི་


KMC013_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

གནས་མིན་པ་ལ་བླ་མ་མ་དགྱེས་པ་དང་། བླ་མ་ཉིད་ལ་ཕན་གདགས་པར་འདོད་པའི་བསམ་པས་མཛད་པ་མ་ལགས་པ་ལས་ཟློག་པར་ཞུས་པ་ལ་མ་དགྱེས་པ་དང་། བདག་ཉིད་དབུ་མ་ལ་གནས་པས་བླ་མ་སེམས་ཙམ་དུ་གནས་པའི་ལྟ་བ་མ་བཟུང་བ་ལྟ་བུས་མ་མཉེས་པ་དང་། ཆོས་མིན་གྱི་བཀའ་མ་བསྒྲུབས་པ་དང་། ལྷག་པའི་བསམ་པས་སྐུ་ལ་ཕན་པའི་སྨན་དཔྱད་བྱས་པས་མ་འཕྲོད་པར་སྐྱོན་དུ་གྱུར་པ་སོགས་ལ་ནི་དང་པོའི་ཆ་ནས་ལྟུང་བ་མེད་དེ། ཆོས་ཐམས་ཅད་སེམས་ལ་རག་ལས་པའི་ཕྱིར། སེམས་ཀྱི་བསམ་པ་རྣམ་པར་དག་ཞིང་སྐྱོན་ཅུང་ཟད་ཀྱང་མེད་ལ་དད་པ་དང་ལྡན་པའི་དབང་དུ་བྱས་པའོ། །གྲུབ་པའི་བླ་མ་དམ་པ་མཆོག་ལ་ནི་བཀའ་གཅོག་པ་སོགས་ཐུགས་དང་འགལ་བའི་ཆ་ཀུ་རེ་དང་བཞད་གད་ཙམ་དུ་ཡང་བྱར་མི་རུང་སྟེ། རྣམ་པ་མི་དགེ་བར་སྣང་བའི་བཀའ་ཡང་བསྒྲུབས་པས་དོན་ཆེན་པོར་འགྱུར་བའི་ཕྱིར་དང་། དགོས་པ་ཆེན་པོ་དང་མི་ལྡན་པའི་བཀའ་བསྩལ་འབྱུང་མི་སྲིད་པའི་ཕྱིར་ཏེེ། རྗེ་རྒོད་ཚང་པས་ཡོན་བདག་ཞིག་གིས་ཅུང་ཟད་མ་ཤེས་པ་ལ་ངའི་སེར་དམག་ད་ལྟ་ཁྱོག་གསུང་བ་ལ་མ་བཏེག་པས་དགེ་


KMC013_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

འདུན་མང་པོ་ཁ་བའི་རུད་ཀྱིས་ནོན་པ་དང་། སྟེང་འགྲོའི་ཁང་མོ་ཆེ་ཕ་གི་ལ་མེ་རྒྱོབ་ཤོག་གསུང་པ་ལ་མ་རྒྱབ་པས་དེ་རྒྱབ་ན་དུ་བས་ཁྱབ་པ་ཙམ་དུ་བྲང་ཁང་འཆགས་པ་ཡིན་ཏེ་ད་སྨིན་ཁྱུང་ཙམ་ཞིག་ལས་མི་འོང་ཞེས་གསུངས་པ་ལྟ་བུ་སྒྲུབ་བརྒྱུད་འདི་ལ་བགྲང་བ་ལས་འདས་པ་ཡོད་དོ། །དེས་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པས་ཡིད་ཆེས་པའི་མོས་གུས་དྲག་པོ་དང་། བླ་མའི་རྣལ་འབྱོར་དུས་བཞིའམ་དྲུག་ཏུ་སྒོམ་པ་སོགས་ལ་འབད་དེ་རྩ་ལྟུང་འདིས་མ་གོས་པར་བྱའོ། །རྩ་ལྟུང་གཉིས་པ་ལ། ངོ་བོ་ནི། སྔགས་པས་རྒྱལ་བའི་བཀའ་ལ་བླ་མའི་ཆོས་བཞིན་གྱི་བཀའ་ལ་ཤེས་བཞིན་དུ་ཁྱད་གསོད་ཀྱིས་འདའ་བར་བྱེད་པ་ནི་ངོ་བོ་ཡིན་ཏེ། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་གསུངས། །ཅེས་དང་། དེ་ཡི་བཀའ་ལས་འགོངས་པས་གཞན་དུ་འགྱུར་ཏེ་ཞེས་སོ། །རྒྱུ་མཚན་ནི། རྒྱལ་བའི་བཀའ་ཐམས་ཅད་ཀྱང་གདུལ་བྱ་མངོན་མཐོ་དང་ངེས་ལེགས་ལ་འགོད་པའི་རྒྱུར་གཅིག་ཞིང་ཐ་མི་དད་པའི་ཕྱིར་དང་། དངོས་གྲུབ་ནི་བླ་མའི་བཀའ་ལ་རག་ལས་པའི་ཕྱིར་རོ། །ཡུལ་ནི། ཐེག་གསུམ་


KMC013_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རྒྱལ་བའི་བཀའ་ཡང་དག་པ་ཐམས་ཅད་དེ་ཚད་ལྡན་གྱི་བསྟན་བཅོས་རྣམས་ཀྱང་བཀའ་དང་མཚུངས་ཏེ། རྒྱུད་བླར། དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོར་བླང་། །ཞེས་སོ། །བླ་མ་ནི་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དེའི་བཀའ་ནི་རྒྱལ་བའི་བཀའ་དང་ཐ་དད་པ་མེད་དེ། དེ་ལས་འགོངས་ན་མི་དགེ་བ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །བསམ་པ་ནི། བཀའ་ལ་བཀར་ཤེས་ཅིང་མ་འཁྲུལ་བས་མ་གུས་པའི་ཕྱིར་ཁྱད་དུ་གསོད་པར་འདོད་པའོ། །དངོས་གཞི་ནི། འདུལ་བ་ལས་འདི་ལྟར་གསུངས་ཀྱང་གསུངས་པ་ཁོ་ནར་ཟད་དོ་ཅེས་པ་ལྟ་བུ་ཁྱད་དུ་གསོད་པའི་ཚིག་གསལ་པོར་སྨྲ་བ་སོགས་ཀྱིས་གཞན་ལ་བརྡ་སྤྲོས་པའམ་རང་གིས་ཞེ་ནས་བསམ་པའོ། །དུས་ནི། ཡུལ་ཕ་རོལ་པོ་ཡོད་ན་དེས་དོན་གོ་བའམ། མེད་ཀྱང་རང་གི་བསམ་པ་མཐར་ཐུག་པའི་ཚེ་རྩ་ལྟུང་འདིར་འགྱུར་རོ། །འགྱུར་ཚུལ་ནི། སྤྱིར་སྦྱོར་བ་བདུན་ལྡན་གྱིས་ཕམ་པ། ཐུན་ཚོད་ལས་མ་འདས་པར་བཤགས་ན་ལྟུང་བ། ཁྱོད་ཀྱིས་སྲོག་ཆགས་བསད་མི་བྱ། །ཞེས་པ་ལྟ་བུ་སྒྲ་ཇི་བཞིན་པ་ལ་ཞེན་ཏེ། ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། །ཞེས་པ་ལྟ་བུ་ལྡེམ་


KMC013_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་ཀྱི་དོན་ཅན་ལ་སྨོད་ན་སྦོམ་པོ། ཡན་ལག་གཞན་མ་ཚང་བས་རང་ཉིད་ཀྱི་བློ་དང་མ་མཐུན་པ་ལས་སྒྲོ་སྐུར་ཕྲ་མོ་བྱེད་ན་ཉེས་བྱས་སུ་འགྱུར་ལ། རྩ་ལྟུང་དུ་མཚུངས་ཀྱང་ཐེག་ཆེན་གྱི་མདོ་རྒྱུད་དང་ཐེག་དམན་གྱི་མདོ་དང་མངོན་མཐོའི་ཐབས་ཙམ་སྟོན་པའི་བཀའ་རྣམས་ཡུལ་གྱི་ཆ་ནས་སྔ་མ་སྔ་མ་ཅུང་ཟད་ལྕི་བར་ཐོབ་སྟེ། དངོས་གྲུབ་ཀྱི་ཉེ་རྒྱུ་དང་རིང་རྒྱུའི་ཁྱད་པར་ཡོད་པའི་ཕྱིར་རོ། །ལྟུང་མེད་ནི། གཞན་དྲི་བ་ལ་རྣམ་གྲངས་བརྗོད་པ་དང་དྲང་ངེས་འབྱེད་པ་དང་གཞན་འདུལ་བའི་དགོས་པ་ཁྱད་པར་བ་མཐོང་ནས་ཁྱད་དུ་གསད་པ་ལྟར་སྟོན་པ་ཙམ་ལ་ཉེས་པ་མེད་དོ། །དེས་ན་སངས་རྒྱས་ཀྱི་བཀའ་ཐམས་ཅད་ལ་མཉམ་ཉིད་དུ་གུས་པར་བྱ་ཞིང་ཐ་ནའང་བསམ་མི་ཁྱབ་དྲན་པར་བྱ་ལ། མཐའ་དྲུག་ཚུལ་བཞི་དང་དགོངས་ལྡེམ་དགོངས་ཀྱི་གནད་ཤེས་པས་སྐབས་སོ་སོར་འཇུག་པར་བྱ་ཞིང་བསླབ་པ་ཕྲ་མོ་ཐམས་ཅད་ཀྱང་ཁྱད་དུ་མི་བསད་པར་བྱའོ། །དེ་ལྟ་མོད་ཀྱི་ར་ལི་ལྟ་བུ་རྒྱུད་ཡིན་མིན་རྩོད་པ་དང་། གཙུག་ཏོར་བམ་དགུ་མ་ལྟ་བུ་མདོ་ཡིན་མིན་རྩོད་པ་སོགས་ལ་བོད་ཕྱི་རབས་པ་རྣམས་མཁས་པའི་ཁྱད་ཆོས་སུ་


KMC013_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་ཀྱང་རྩ་ལྟུང་འདི་དང་ཆོས་སྤོང་གི་ལས་གཉི་ག་ཤིན་ཏུ་འབྱུང་ཉེ་བས་ཆོས་ཀྱི་སྤྱན་དང་འཕགས་པའི་མངོན་པར་ཤེས་པ་ཅན་ལས་གཞན་པའི་མཁས་པ་རྣམས་ཀྱིས་དེ་དག་གི་དགག་སྒྲུབ་ལ་འཇུག་པར་མི་བྱའོ། །རྩ་ལྟུང་གསུམ་པ་ལ། ངོ་བོ་ནི། ཞེ་སྡང་གིས་རྡོ་རྗེའི་དཔུན་ལ་ཁྲོས་པ་སྟེ། རྡོ་རྗེའི་དཔུན་ལ་ཁྲོས་པ་ནི། །ཉེས་པར་སྤྱོད་པ་གསུམ་པ་ཡིན། །ཞེས་དང་། ངེས་པར་དེ་བཞིན་དཔུན་ལ་ཁྲོས་པས་གསུམ་པའོ། །ཞེས་དང་། རྡོ་རྗེ་སྙིང་རྒྱན་ལས། ཞེ་སྡང་གི་ནི་མཆེད་སུན་འབྱིན། །ཞེས་སོ། །རྒྱུ་མཚན་ནི། དངོས་གྲུབ་སྒྲུབ་པའི་གྲོགས་ཡིན་པའི་ཕྱིར་དང་། ཞེ་སྡང་ལྟ་བུའི་སྡིག་པ་གཞན་མེད་པའི་ཕྱིར་རོ། །ཡུལ་ནི། ཡེ་ཤེས་ཞབས་ཀྱིས་རྣམ་གཞག་རིམ་པར། བསྟན་དང་རྡོ་རྗེའི་ཐེག་པ་ལ། །ཞུགས་པ་ཐམས་ཅད་དཔུན་དུ་བརྗོད། །ཀུན་ཀྱང་ཡེ་ཤེས་ལྡན་པས་ན། །རྡོ་རྗེ་སེམས་དཔའི་རྡོ་རྗེ་དཔུན། །དཀྱིལ་འཁོར་གཅིག་དང་སློབ་དཔོན་གཅིག །དབང་བཞི་དབང་གི་བྱེ་བྲག་གིས། །ཉེ་དང་ཁྱད་པར་བྱེ་བྲག་གོ། །ཞེས་པས་དཔུན་དང་། རྡོ་རྗེའི་དཔུན་དང་། ཉེ་བའི་དཔུན་དང་། ཁྱད་པར་གྱི་དཔུན་དང་། བྱེ་བྲག་གི་དཔུན་


KMC013_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ལྔར་གསུངས་ལ། དེ་ཡང་སྤྱིར་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་ཐམས་ཅད་ནི་དཔུན་ཙམ་མམ་མཛེས་དཔུན་ཡིན་ལ། རྡོ་རྗེའི་ཐེག་པ་དང་ཁྱད་པར་བླ་མེད་ལ་ཞུགས་པ་རྣམས་ནི་མི་ཕྱེད་པའི་ཡེ་ཤེས་དང་ལྡན་ལ་དཔུན་དུ་མཚུངས་པའི་ཕྱིར་རྡོ་རྗེའི་དཔུན་ཞེས་བྱའོ། །ཡི་དམ་གྱི་དཀྱིལ་འཁོར་གཅིག་པ་རྣམས་ནི་རྡོ་རྗེའི་དཔུན་སྤྱིི་ལས་ཉེ་བའི་ཕྱིར་རྡོ་རྗེའི་ཉེ་བའི་དཔུན་ནོ། །སློབ་དཔོན་གཅིག་པ་རྣམས་ནི་ཁྱད་པར་རྡོ་རྗེའི་དཔུན་ནོ། །བླ་མ་དང་དཀྱིལ་འཁོར་གཅིག་ལས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པ་རྣམས་ནི་དེ་ལས་ཀྱང་བྱེ་བྲག་རྡོ་རྗེའི་དཔུན་ནོ། །བླ་མ་དང་དཀྱིལ་འཁོར་གཅིག་ཡང་དབང་བཞི་རྫོགས་མ་རྫོགས་ཀྱི་ཁྱད་པར་ཡོད་ན་ནི་གཞན་རྣམས་ཁྱད་པར་གྱི་དཔུན་ཉིད་དུ་འདུ་ལ། བུམ་དབང་ལྟ་བུ་རང་ཉིད་ཀྱིས་ཇི་ཙམ་ཐོབ་པ་དང་མཚུངས་པ་དེ་བྱེ་བྲག་རྡོ་རྗེའི་དཔུན་དུ་འགྱུར་བའམ་ཡང་ན་དབང་རྫོགས་པ་རྣམས་ཀྱང་བུམ་དབང་གི་ཆ་ནས་རང་གི་བྱེ་བྲག་གི་དཔུན་དུ་འཇོག་པ་སྟེ། དབང་བཞི་དབང་གི་བྱེ་བྲག་གིས། །ཅེས་པའི་ནུས་པས་སོ། །སྐྱེས་པ་ཇི་ལྟ་བ་བཞིན་དུ་བུད་མེད་ལ་ཡང་། སྲིང་མོ་


KMC013_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

དང་། རྡོ་རྗེའི་སྲིང་མོ་དང་། ཉེ་བའི་སྲིང་མོ་དང་། ཁྱད་པར་གྱི་སྲིང་མོ་དང་། བྱེ་བྲག་གི་སྲིང་མོ་ཞེས་བྱའོ། །བོད་གཞན་རྣམས་ནི་འཇིག་རྟེན་པའི་ཚུལ་དང་མཐུན་པར་འཇོག་སྟེ། སྐུར་བྱེད་རྡོ་རྗེ་སློབ་དཔོན་ནི་ཕ་གང་དུ་བསྐུར་བའི་དཀྱིལ་འཁོར་ནི་མ་ཡིན་ལ། དེས་ན་སློབ་དཔོན་གཅིག་གིས་བདེ་མཆོག་ལྟ་བུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐམས་ཅད་ཕ་མ་གཅིག་པའི་དཔུན་དྲུང་པོའི་ཉེ་བའི་དཔུན་ཡིན་ལ། སློབ་དཔོན་དེས་འདུས་པའི་དཀྱིལ་འཁོར་ལྟ་བུ་དཀྱིལ་འཁོར་གཞན་དུ་བསྐུར་བ་རྣམས་བདེ་མཆོག་གི་སྡོམ་ལྡན་དེའི་ཕ་གཅིག་པའི་དཔུན་དང་། སློབ་དཔོན་གཞན་ལས་བདེ་མཆོག་གི་དབང་ཐོབ་པ་རྣམས་དེའི་མ་གཅིག་པའི་དཔུན་དང་། སློབ་དཔོན་གཞན་ལས་དུས་འཁོར་སོགས་ཀྱི་དཀྱིལ་འཁོར་གཞན་དུ་དབང་ཐོབ་པ་རྣམས་ཕ་ཚན་མ་ཚན་གྱི་དཔུན་ཏེ་ཕྱི་མ་རྣམས་རིང་དཔུན་ཞེས་བྱ་ཞིང་། བླ་མ་དང་དཀྱིལ་འཁོར་གཅིག་པར་དུས་གཅིག་ཏུ་ཐོབ་ན་མཚེ་མའི་དཔུན་དང་། དབང་གོང་མ་ལ་ཡབ་ཡུམ་གཉི་ག་གཅིག་ན་ཉེ་དཔུན་དང་། གང་རུང་གཅིག་པ་སོགས་རིང་དཔུན་ནོ་ཞེས་འཆད་པར་སྣང་ངོ་། །ཁ་ཅིག་བླ་མ་དང་དཀྱིལ་


KMC013_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གཅིག་ལས་དུས་གཅིག་ཆར་ཐོབ་པ་ཁོ་ན་རྩ་ལྟུང་འདིའི་ཡུལ་དུ་འཆད་པ་ནི་མི་འཐད་དེ། འགྲེལ་ཆེན་ལས། རྡོ་རྗེའི་དཔུན་རྒན་པོའམ་གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོ་བར་བྱེད་ནའོ། །ཞེས་བཤད་ལ། དུས་གཅིག་ཏུ་ཐོབ་པ་ལ་ནི་དབང་གི་རྒན་གཞོན་གྱི་ཁྱད་པར་མེད་དེ་འདུལ་བའི་སྡོམ་པ་ཅིག་ཆར་རམ་དུས་མཚུངས་པར་ཐོབ་པ་རྣམས་གཅིག་ལ་གཅིག་བཀུར་སྟི་མི་དགོས་པ་བཞིན་ནོ། །རྗེ་བུ་དོང་བས་རྒྱུད་སྡེ་འོག་མ་ལ་གནས་པ་དང་མཚན་ཉིད་ཐེག་པ་བ་རྣམས་དཔུན་དུ་མི་བཞེད་པ་ལ་ནི་རྣམ་བཞག་རིམ་པའི་ལུང་འདིས་གནོད་དེ་ཉིད་སངས་རྒྱས་ཡེ་ཤེས་ཞབས་ལ་ཚད་མར་མཛད་པའི་ཕྱིར་རོ། །བསམ་པ་ནི། ཤེས་བཞིན་དུ་ང་རྒྱལ་ལམ་ཕྲ་དོག་གམ་འདོད་ཆགས་ལ་སོགས་པའི་རྒྱུས་ཞེ་སྡང་དྲག་པོར་ལྡང་བའོ། །དངོས་གཞི་ནི། རབ་ཏུ་ཁྲོས་ཅིང་ལུས་ཀྱིས་བསྣུན་པ་དང་ངག་གིས་ཚིག་རྩུབ་དང་ཞེ་གཅོད་པའི་ཚིག་སྨྲས་པ་དང་སྣང་རུང་གི་ཡུལ་ན་མེད་ཀྱང་དྲག་པོར་སྨད་པས་བྱེད་པ་པོའི་རྒྱུད་ལ་ཞེ་སྡང་གི་ལམ་རྫོགས་པར་བྱས་པའོ། །དུས་ནི། ཕ་རོལ་པོ་མི་དགའ་བར་གྱུར་ཏམ་མ་གྱུར་ཀྱང་


KMC013_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

རུང་སྟེ་བྱེད་པ་པོའི་ཞེ་སྡང་གི་བསམ་པ་དང་ལུས་ངག་གི་སྦྱོར་བ་རྫོགས་པ་ནའོ། །རྗེ་བུ་དོང་བས་དཔུན་དེས་ཁྲོས་པར་རིག་ནས་སེམས་སུན་ཕྱུང་བ་སྟེ། རྡོ་རྗེ་སྙིང་རྒྱན་ལས། ཞེ་སྡང་གིས་ནི་དཔུན་སུན་འབྱིན། །ཞེས་བཞེད་པའི་ཕྱིར་རོ་ཞེས་འཆད་མོད། དེ་ལྟར་ན། ཞེ་སྡང་གིས་ནི་དཔུན་སུན་བྱུང་། །ཞེས་འདོན་རིགས་པར་འགྱུར་ལ། དྲང་སྲོང་བཟོད་པར་སྨྲ་བ་རྒྱལ་པོས་ཡན་ལག་དང་ཉིང་ལག་དུམ་བུར་བཏུབས་ཀྱང་བཟོད་པའི་སེམས་སུན་འབྱིན་པར་མ་ནུས་པ་ལྟར་ཚིག་རྩུབ་འཕེན་པ་ལྟ་ཞོག་གསོད་པའི་སྦྱོར་བ་ལ་ཞུགས་ཀྱང་སེམས་རྒྱུད་གཡོ་བར་མི་ནུས་པའི་རྣལ་འབྱོར་པ་མཆོག་རྣམས་སྐབས་འདིའི་རྩ་ལྟུང་གི་ཡུལ་མ་ཡིན་པར་ཐལ་བས་གནོད་ཅིང་། བྱམས་པ་སྤངས་པའི་རྩ་ལྟུང་ཡང་ཡུལ་དེས་གོ་དགོས་པར་འགྱུར་ལ། དེ་ལྟ་ན་སེམས་ཅན་གཞན་ཐམས་ཅད་བློས་སྤངས་པའི་ཉན་རང་གི་ཡིད་བྱེད་སྐྱེས་པ་ན་ཡང་སེམས་ཅན་ཐམས་ཅད་ཀྱིས་ཤེས་ཅིང་སེམས་བྱུང་དགོས་པར་འགྱུར་ལ། དུད་འགྲོ་ཉམ་ཆུང་ལྟ་བུ་རང་གིས་འཇིགས་པ་སྐྱོབ་ནུས་ལ། ཁྲོས་པའི་བློས་མ་སྐྱབས་ན་ཡང་ངེས་ཤེས་ཏེ་སེམས་བྱུང་དགོས་པར་


KMC013_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ལྟུང་བར་འགྱུར་ཚུལ་ནི། སྤྱིར་ཕམ་སོགས་ལྔ་སྤྱི་དང་མཚུངས་ལ་། རེ་རེ་ལ་ཡང་བྱེ་བྲག་གི་དཔུན་ལ་ཁྲོས་ན་ཤིན་ཏུ་ལྕི་ཞིང་གཞན་རྣམས་རིམ་གྱིས་ཡང་བ་སྟེ་དཔུན་ཙམ་ལ་ཁྲོས་པ་ནི་ཉེས་བྱས་ལ་སོགས་པར་འགྱུར་རོ། །གལ་ཏེ་རྒྱུད་སྡེ་འོག་མ་ལ་ཞུགས་པ་རྣམས་བླ་མེད་པའི་རྡོ་རྗེའི་དཔུན་དུ་མི་རུང་ངོ་ཞེ་ན། འོ་ན་འདུས་པ་སོགས་ཀྱི་དཀྱིལ་འཁོར་དུཞུགས་པ་རྣམས་བདེ་མཆོག་ལ་སོགས་ཀྱི་རྡོ་རྗེའི་དཔུན་དུ་ཅི་སྟེ་རུང་། དེ་ནི་བླ་མེད་དུ་མཚུངས་པའི་ཕྱིར་རུང་ངོ་སྙམ་ན། རྒོད་པ་དང་ལྟ་བ་ལ་སོགས་པའི་རྒྱུད་རྣམས་ནི་གཉིས་སྤྲོད་ཀྱི་རྒྱུད་ཀྱི་ཡན་ལག་ཡིན་པའི་ཕྱིར་དང་རྡོ་རྗེའི་ཐེག་པ་ལ་ཞུགས་པར་མཚུངས་པས་དེ་བས་ཀྱང་དཔུན་དུ་རུང་བ་ཡིན་ནོ། །ལྟུང་མེད་ནི། འདིར་ཞེ་ནས་ཁྲོས་པ་ལ་ནི་ལྟུང་མེད་མི་སྲིད་ལ། དཔུན་དེ་ལ་སྤྱིར་ཕན་པའི་ཕྱིར་རམ་ཁྱད་པར་གདུལ་བའི་དུས་མཐོང་ནས་སྙིང་རྗེའི་དབང་གིས་ཁྲོ་བ་ལྟར་འཆོས་པའི་སྨད་པ་ལྟར་སྟོན་པ་སོགས་ཡིན་ན་ནི་ལྟུང་བ་མེད་དོ། །མདོར་ན་རྣལ་འབྱོར་པས་སྣོད་བཅུད་ཐམས་ཅད་དག་པ་ཉིད་དུ་བལྟ་དགོས་པའི་ཕྱིར་ཁྲོ་བའི་ཡུལ་མེད་ལ། ཁྱད་པར་བསྟན་པ་


KMC013_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཞུགས་པ་ཐམས་ཅད་དཔུན་ཡིན་པ་དང་། རྡོ་རྗེའི་ཐེག་པ་ལ་གནས་པ་ཐམས་ཅད་རྡོ་རྗེའི་དཔུན་དུ་ཤེས་པས་མི་ཁྲོ་ཞིང་གུས་པར་བསྟེན་པ་ལ་བསླབ་པར་བྱའོ། །རྩ་ལྟུང་བཞི་པ་ལ། ངོ་བོ་ནི། སེམས་ཅན་ལ་བྱམས་པ་བཏང་སྟེ་ཞེ་ནས་ཁྲོས་པའི་བློས་སྤངས་པའི་བྱང་ཆུབ་ཀྱི་སེམས་བཏང་སྟེ་ཉན་རང་གི་ལམ་དུ་ཞུགས་པ་སྟེ། སེམས་ཅན་རྣམས་ལ་བྱམས་པ་སྤངས། །བཞི་པ་ཡིན་པར་རྒྱལ་བས་གསུངས། །ཅེས་དང་། བྱམས་པ་བཏང་བས་བཞི་པར་འགྱུར་ཏེ། ཅེས་དང་། སྙིང་རྒྱན་ལས། བྱམས་སེམས་མེད་པས་སེམས་ཅན་སྤངས། །ཅེས་སོ། །རྒྱུ་མཚན་ནི། རྫོགས་པའི་སངས་རྒྱས་ནི་བྱང་ཆུབ་ཀྱི་སེམས་ལས་འབྱུང་ལ། དེ་ཡང་སྙིང་རྗེ་ལས་འབྱུང་ཞིང་། སྙིང་རྗེ་ནི་བྱམས་པའི་རྒྱུ་ལས་སྐྱེ་བས་རྒྱུ་བྱམས་པ་བཏང་ན་འབྲས་བུ་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་བཏང་བར་འགྱུར་ཞིང་། དེ་ལྟ་ན་ཐེག་པ་ཆེན་པོའི་ལམ་ཐམས་ཅད་ལས་ཉམས་པའི་ཕྱིར་དང་། བྱམས་པ་བཏང་ན་གནོད་པ་ཚབས་ཆེན་པོ་ལ་འཇུག་པ་ལ་ཚེགས་མེད་པའི་ཕྱིར་རོ། །ཡུལ་ལ། ཁྲོས་པའི་ཡུལ་དང་། བློས་སྤངས་པའི་ཡུལ་གཉིས་ཡིན་ལ། བློས་སྤངས་པའི་ཡུལ་ལ།


KMC013_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་ཡན་གར་བ་ཡུལ་དུ་བྱས་པ་དང་། སེམས་ཅན་ཐམས་ཅད་ཡུལ་དུ་བྱས་པ་གཉིས་སོ། །དེ་ཡང་གཅན་གཟན་གདུག་པ་ཅན་རྣམས་ཀྱང་རང་གི་ཆུང་མ་དང་ཕྲུག་གུ་ལ་སྡུག་ཞིང་གཅེས་པར་འཛིན་པའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཅིག་ཆར་ཁྲོ་བ་ནི་མི་སྲིད་པས་སེམས་ཅན་གང་ཡང་རུང་བ་ཞིག་ལ་བྱམས་པ་དང་བྲལ་ཏེ་ཁྲོ་བར་བྱས་པས་ཀྱང་རྩ་ལྟུང་དུ་འགྱུར་རོ། །སེམས་ཅན་ཡན་གར་བ་ཡུལ་དུ་བྱས་པའི་བློས་སྤངས་ནི། དཔེར་ན། གང་ཡང་རུང་བ་ཞིག་ལ་བདག་གིས་ཕན་ཆེར་བཏགས་པ་ལས་དེས་བདག་ཉིད་ལ་དྲིན་དུ་མི་གཟོ་བར་སྲོག་གི་བར་དུ་གནོད་པ་བྱས་པ་ན་བྱམས་པ་དང་བྲལ་ཏེ་ཡིད་བྱུང་ནས། ད་ནི་འདི་ལ་ནམ་དུ་ཡང་ཅིས་ཀྱང་ཕན་གདགས་པར་མི་བྱ་ལ། འདི་མཐོང་བར་ཡང་མ་གྱུར་ཞིང་སྙམ་པའི་བློ་བརྟན་པོར་སྐྱེས་ཏེ་དེ་ལ་ཕན་འདོགས་སྤོང་བའོ། །སེམས་ཅན་གཞན་ཐམས་ཅད་ཡུལ་དུ་བྱས་པའི་བློས་སྤངས་ནི། སེམས་ཅན་གྱི་ལོག་སྒྲུབ་ཆེན་པོ་མཐོང་བ་ན་བདག་གིས་འདི་གཅིག་པུའི་དོན་ཡང་མི་ནུས་ན་སེམས་ཅན་ཐམས་ཅད་ཀྱི་དོན་ལྟ་ག་ལ་ནུས་ཏེ། ད་ནི་རང་ཉིད་ཞི་བ་དོན་དུ་གཉེར་བར་


KMC013_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ་སྙམ་སྟེ་གཞན་ཐམས་ཅད་བློས་བཏང་ནས་ཉན་རང་གི་བློ་སྐྱེས་པའོ། །བསམ་པ་ནི། ཞེ་ནས་ཁྲོ་བའི་བློས་འདོར་བར་འདོད་པ་རྒྱུན་མ་ཆད་ཅིང་དེ་ལས་མི་ལྡོག་པའོ། །དངོས་གཞི་ནི། ཁྲོ་བའི་ཡིད་འབྱུང་བའི་དབང་གིས་བྱམས་པ་ལས་ལོག་སྟེ་ཞེ་ནས་བློས་སྤོང་ཞིང་ཕན་མི་འདོགས་པའི་བློ་བརྟན་པོར་འཛིན་པ་སྟེ། འདིར་འགྲེལ་ཆེན་ལས། བྱམས་པ་བཏང་བ་ནི་རྣམ་པ་བཞི་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་དང་། ཤིན་ཏུ་ཆེན་པོའི་དབྱེ་བས་སོ། །དེ་ལ་ཆུང་ངུ་ནི་སྐད་ཅིག་ཙམ་བྱམས་པ་བཏང་ཞིང་དེ་ནས་ལྡོག་པར་འགྱུར་བ་སྟེ་ཆུ་ལ་དབྱུག་པའི་རི་མོ་ལྟ་བུའོ། །འབྲིང་ནི་བྱེ་མའི་རི་མོ་སླར་ཡང་རླུང་གིས་མཉམ་པ་ཉིད་དུ་འགྱུར་བ་ལྟར་རོ། །ཆེན་པོའི་བདག་ཉིད་ནི་ས་གས་པ་སླར་ཡང་དབྱར་གྱི་ཆུས་མཉམ་པ་ཉིད་དུ་འགྱུར་བ་ལྟ་བུའོ། །དེ་བཞིན་དུ་བྱམས་པ་མེད་པའི་སེམས་ཤིན་ཏུ་ཆེན་པོའི་བདག་ཉིད་ནི་ཡོངས་སུ་སྨིན་པ་སྟེ། དཔེར་ན། རྡོ་བ་གས་པ་སླར་ཡང་འགའ་ཞིག་ཏུ་ཡོངས་སུ་རྫོགས་པ་རོ་མཉམ་པར་མི་འགྱུར་བའམ། །དཔེར་ན། འབྲས་བུ་སྨིན་པ་ཤིང་ལ་མི་འབྱོར་བ་དེ་བཞིན་དུ་སེམས་ཅན་རྣམས་ལ་བྱམས་པ་ཡོངས་


KMC013_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོང་བ་སྟེ་དེས་རྩ་བའི་ལྟུང་བ་བཞི་པར་འགྱུར་རོ། །ཞེས་ཤིན་ཏུ་ཆེན་པོས་རྩ་ལྟུང་དུ་བཤད་ལ། རྡོ་གས་པ་སླར་མི་འབྱོར་བ་ལྟ་བུ་ནི་ཁྲོ་བ་ཆེན་པོ་དང་། ཤིང་ཐོག་སྨིན་པ་སླར་མི་འབྱོར་བ་ནི་ཉན་རང་དུ་ཞུགས་པའི་དཔེ་ཡིན་ནོ། །དེས་ན་སེམས་ཅན་དང་ཆོས་ལ་དམིགས་པའི་བྱམས་པ་སྤངས་པས་རྩ་ལྟུང་དུ་འཇོག་གི་དམིགས་མེད་ཀྱི་བྱམས་པ་ན་སྐབས་འདིར་བརྗོད་པར་མི་བྱེད་དོ། །དུས་ནི། ཁྲོ་བའམ་བློས་སྤངས་ཀྱི་བསམ་པ་བརྟན་པོར་གྲུབ་པའི་སྐབས་དེ་ཉིད་ནའོ། །ལྟུང་བར་འགྱུར་ཚུལ་ནི། སྔ་མ་བཞིན་ནོ། །ལྟུང་མེད་ནི། སྙིང་རྗེ་ཁོ་ནས་འཕྲལ་གནོད་པ་ལྟར་སྟོན་པ་དང་དགོས་པ་ཁྱད་པར་ཅན་གྱི་དབང་གིས་བྱམས་པ་སྤོང་བ་ལྟར་སྟོན་པ་ལ་ཉེས་པ་མེད་དོ། །གལ་ཏེ་འདི་དག་ནི་མཚན་ཉིད་ཀྱི་ཐེག་ཆེན་དང་ཁྱད་མི་སྣང་བས་སྔགས་ཀྱི་རྩ་ལྟུང་དུ་མི་རིགས་སོ་ཞེ་ན། སྤྱིར་མདོ་སྔགས་གཉིས་ཐབས་ཀྱི་ཁྱད་པར་མ་གཏོགས་ལམ་གྱི་ངོ་བོ་གཅིག་པ་དཔལ་རང་བྱུང་ཞབས་བཞེད་ཅིང་། དཔེར་ན། མིའི་སྲོག་གཅོད་པ་ནི་དགེ་བསྙེན་དང་དགེ་ཚུལ་གྱི་ཡང་རྩ་བ་ཡིན་མོད་ཀྱང་བཅས་པའི་དབང་གིས་དགེ་སློང་གི་ཕམ་


KMC013_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

པར་བཞག་པ་བཞིན་དུ་འདིར་ཡང་བྱང་ཆུབ་སེམས་དཔའི་ཉེས་པ་ཤིན་ཏུ་ལྕི་བ་དེ་ཉིད་བཅོམ་ལྡན་འདས་ཀྱིས་བཅས་པའི་དབང་གིས་སྔགས་ཀྱི་རྩ་ལྟུང་བཞི་པར་རྣམ་པར་བཞག་པ་ཡིན་ནོ། །མདོར་ན་མདོ་སྔགས་ཐུན་མོང་གི་བྱམས་པ་བཏང་བ་གཙོ་བོར་སྨོས་ནས་ཞར་བྱུང་དུ་སྙིང་རྗེ་དང་སྨོན་འཇུག་གི་སེམས་སྐྱེད་བཏང་བ་ཡང་བསྡུས་པ་ཡིན་པས་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པའི་ཕྱོགས་ཀྱི་གཞུང་ལུགས་རྣམས་ཁོང་དུ་ཆུད་པར་བྱས་ཏེ་སྤང་བླང་ལ་འབད་པར་བྱ་ཞིང་། གཙོ་བོར་རིགས་དྲུག་ལྷར་དག་པའི་སྐྱེད་རིམ་གྱིས་དག་སྣང་སྦྱོང་ཞིང་གནས་སྐབས་སུ་ཐམས་ཅད་ལ་བྱམས་པའི་དབང་གིས་ཕན་བདེ་སྒྲུབ་པ་ཁོ་ནས་རྩ་ལྟུང་འདི་འགོག་པར་བྱའོ། །རྩ་ལྟུང་ལྔ་པ་ལ། ངོ་བོ་ནི། ཉོན་མོངས་ཀྱི་དབང་གིས་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ལུས་ཀྱི་རྟེན་དང་བརྟེན་པའི་བྱང་ཆུབ་ཀྱི་སེམས་ཉམས་པར་བྱས་པ་སྟེ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །དེ་སྤོང་བ་ནི་ལྔ་པ་ཡིན། །ཞེས་དང། བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །ཞེས་སོ། །རྒྱུ་མཚན་ནི། མཆོག་གི་བདེ་བའི་ས་བོན་ཡིན་པས་དངོས་གྲུབ་ཐམས་ཅད་


KMC013_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་ཏེ། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས། །ཅེས་དང་། བསྡུས་རྒྱུད་ལས། ཐིག་ལེ་བཏང་ན་རྣལ་འབྱོར་རྣམས་ཀྱི་མཆོག་གི་བདེ་བ་སྐྱེད་པའི་ས་བོན་སོང་ལ་ཐར་པ་གང་། །དེ་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་འདི་ནི་སྡོམ་བརྩོན་རྣམས་ཀྱིས་ཐམས་ཅད་དུས་སུ་སྤང་བར་བྱ། །ཞེས་གསུངས་ཅིང་། མན་ངག་ལས་ཐིག་ལེ་ཡུངས་ཀར་གྱི་འབྲུ་ཙམ་རེ་ལའང་མཁའ་འགྲོ་འབུམ་ཕྲག་དུ་མ་གནས་ཅིང་དེ་ཉམས་པས་མཁའ་འགྲོ་དེ་དག་ངུད་མོ་འབྱིན་ཞིང་རྣལ་འབྱོར་པ་ལ་འཚེ་བར་བཤད་ལ། ཤ་ཝ་རིའི་དོ་ཧ་བརྡའི་གླུ་ལས། དཔྱིད་དུས་མེ་ཏོག་མགུལ་ཆད་ལྷུང་བའི་ཤིང་ཐོག་རོ་ལྡན་འགྱུར་བར་དེ་བའི་མི་དེ་ཛ་ཊི་ཡིན། །།ཞེས་དཔྱིད་ཀྱི་དུས་མེ་ཏོག་ཆད་དེ་ལྷུང་ན་སྟོན་ཤིང་ཐོག་མི་འབྱུང་བ་ལྟར་རྒྱུ་བྱང་ཆུབ་ཀྱི་སེམས་ཉམས་ནས་འབྲས་བུ་བདེ་ཆེན་འདོད་པ་ནི་བླུན་པོ་ཡིན་པར་བཤད་པའི་ཕྱིར་རོ། །ཡུལ་བྱང་ཆུབ་ཀྱི་སེམས་དེ་གང་ཞེ་ན། ཁ་ཅིག་ན་རེ། ཐུན་མོང་གི་སྨོན་འཇུག་གི་བྱང་ཆུབ་ཀྱི་སེམས་སོ་ཞེས་ཟེར་བ་ནི་མི་འཐད་དེ། རྒྱུད་རྒྱ་གཞུང་འདི་ཙམ་ཞིག་ན་འདི་སྨོན་འཇུག་གི་


KMC013_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ཡིན་པར་བཤད་པ་མི་སྣང་བའི་ཕྱིར་དང་། དུས་ཀྱི་འཁོར་ལོར་ཀུནྡ་བྱང་སེམས་སུ་གསལ་བར་བཤད་པའི་ཕྱིར་དང་། གལ་ཏེ་ཡིན་ན། བྱམས་པ་སྤངས་པ་རྩ་ལྟུང་བཞི་པ། སེམས་སྐྱེད་སྤངས་པ་རྩ་ལྟུང་ལྔ་པར་བྱས་ན་སྙིང་རྗེ་སྤངས་པ་རྩ་ལྟུང་དྲུག་པར་མིའཆད་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར་དང་། དེ་ལྟ་ན་རྒྱུ་འབྲས་ཀྱི་དབང་གིས་སྙིང་རྗེ་སྤངས་པ་ལྔ་པ་དང་བྱང་སེམས་སྤངས་པ་དྲུག་པར་བཤད་ཀྱང་འགོག་རྒྱུ་ཅི་ཡང་མེད་པའི་ཕྱིར་དང་། བྱམས་པ་དང་སྙིང་རྗེ་དང་སྨོན་འཇུག་རྣམས་རྩ་ལྟུང་ཐ་དད་རེ་རེ་འཆད་ན་བྱང་སེམས་རྒྱལ་པོའི་ལྟུང་བ་དང་བྱང་སེམས་བློན་པོའི་ལྟུང་བ་སོགས་ཀྱང་རྩ་ལྟུང་དུ་རེ་རེ་ནས་འཆད་དགོས་པས་རྩ་ལྟུང་བཅུ་བཞིར་གལ་འདུ་སྟེ། རྩ་ལྟུང་མཐའ་མེད་དུ་ཐལ་བའི་སྐྱོན་ཡོད་ལ། རྒྱ་གར་གྱི་དམ་པ་དེ་ཙམ་ཞིག་གིས་རྩ་ལྟུང་ལྔ་པ་ངོས་མ་ཟིན་པར་ཐལ་བས་དམ་པ་དཔག་ཏུ་མེད་པ་ལ་སྨད་པར་འགྱུར་རོ། །མཁས་པ་ཁ་ཅིག་འགྲེལ་ཆེན་གྱི་དེ་ཁོ་ན་ཉིད་མེད་པར་ཞེས་སོགས་ལ་བརྟེན་ནས་སྐྱེད་རིམ་པས་ཐེག་ཆེན་གྱི་ཆོས་ཀྱི་རྩ་བ་ཐུན་མོང་གི་སྨོན་འཇུག་གང་རུང་བཏང་བ་ཡིན་ལ། གསང་


KMC013_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ལམ་པས་སྔགས་ཀྱི་དེ་ཁོ་ན་ཉིད་མེད་པར་ཆོས་ཀྱི་རྩ་བ་ཐབས་ཤེས་ཀྱི་ཁུ་ཁྲག་སྐྱུག་བྲོ་བས་ཕྱིར་སྤངས་པ་དང་། གསུམ་པ་ལམ་པས་གསང་བའི་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་རྩ་བ་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མེད་པར་དབང་པོ་གཉིས་སྦྱོར་གྱི་བདེ་བས་ཁུ་བ་རྣམས་པདྨར་བཏང་བས་བདེ་བ་ཉམས་པ་དང་། བཞི་པའི་ལམ་པས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་རྩ་བ་རླུང་ལས་རྒྱལ་བ་མེད་པར་ཐིག་ལེ་པདྨར་བཏང་བས་བདེ་སྟོང་གི་ཡེ་ཤེས་ཉམས་པར་གྱུར་པ་ཡིན་ལ། འཕོ་བ་མེད་པ་ཡང་ཁ་དང་ནོར་བུ་དང་ལུས་ཐམས་ཅད་ལས་ཕྱིར་འཕོ་བ་མེད་པ་གསུམ་ཡིན་ལ། ཉན་ཐོས་ཀྱི་རྩ་ལྟུང་ཡང་འདིའི་འཇུག་པ་སེམས་སྐྱེད་དང་ཐུན་མོང་གི་རྩ་ལྟུང་ཡིན་ཏེ། ཉེས་སྤྱོད་སྡོམ་པའི་ཁྲིམས་ཀྱི་ཆ་ནི་ཉན་ཐོས་དང་ཐུན་མོང་བའི་ཚུལ་ཁྲིམས་ཡིན་པའི་ཕྱིར་རོ་ཞེས་འཆད་མོད། རྩ་ལྟུང་གཅིག་པོ་འདི་ཉིད་སྐྱེད་རིམ་པ་ལ་ཐུན་མོང་གི་སྨོན་འཇུག་དང་། རྫོགས་རིམ་པ་ལ་ཀུནྡ་བྱང་སེམས་ཏེ་འགལ་བ་འདུ་བའི་ཡུལ་གཉིས་སུ་འགྱུར་བར་འཆད་པ་ནི་ཚིག་གི་བཤད་པའི་ས་སྟོང་འགོག་བྱེད་བྱུང་མོད་ཀྱང་རང་གཟོར་སུས་ཀྱང་གོ་སླ་སྟེ་བྱང་ཆུབ་


KMC013_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་སེམས་ཀྱི་མིང་ཙམ་མཚུངས་ཀྱང་ངོ་བོ་ཤིན་ཏུ་མི་མཚུངས་པའི་ཕྱིར། རྩ་ལྟུང་ཐ་དད་པ་གཉིས་སུ་ཐལ་བ་དང་། རྫོགས་རིམ་པས་ཐུན་མོང་གི་སྨོན་འཇུག་བཏང་ཡང་རྩ་ལྟུང་དུ་མི་འགྱུར་བར་ཐལ་ཏེ་། དེ་རྫོགས་རིམ་པའི་རྩ་ལྟུང་གི་ཡུལ་མ་ཡིན་པའི་ཕྱིར་རོ། །འདོད་ན་སེམས་སྐྱེད་བཏང་བའི་རྫོགས་རིམ་པ་ངོ་མཚར་ཆེ་སྟེ། ཕལ་ཆེར་ཉན་ཐོས་སེནྡྷ་པའི་རྫོགས་རིམ་པ་ཡིན་མཆིའོ། །ཆོས་ཀྱི་རྩ་བ་ཞེས་པའང་བྱང་ཆུབ་ཀྱི་སེམས་དེ་ཉིད་ལ་སྦྱར་དགོས་པ་ལ་གསུམ་པའི་ལམ་པས་ཆོས་ཀྱི་རྩ་བ་དེ་ཁོ་ནི་ཉིད་ཀྱི་རྣལ་འབྱོར་མེད་པར་ཁུ་བ་བཏང་བ་དང་བཞི་པའི་ལམ་པས་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་རྩ་བ་རླུང་ལས་རྒྱལ་བ་མེད་པར་ཁུ་བ་བཏང་བ་ཞེས་དོན་གྱིས་ན་ཆོས་ཀྱི་རྩ་བའི་རྣལ་འབྱོར་གཞན་ཞིག་མེད་པར་ཁུ་བ་བཏང་བ་ཞེས་འཁྱོག་འགྲོས་ཀྱིས་རྣམ་བཤད་མཛད་པའང་ཀུནྡ་བྱང་སེམས་ལ་བསྟོད་པའི་ཚུལ་གྱིས་སྨད་པར་གོའོ། །གསང་དབང་གི་ལམ་པས་ཁུ་ཁྲག་སྐྱུག་བྲོ་བས་སྤངས་པ་ཅེས་པའང་དབང་དུས་ཀྱི་བྱང་སེམས་ལེན་པ་ལ་ཟེར་ན་ནི་ཡུལ་དེ་གསང་དབང་གི་སྣོད་མ་ཡིན་པར་ཟད་མོད། རྩ་ལྟུང་འདི་ནི་གཙོ་བོར་གསང་


KMC013_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་དམ་ཚིག་ཡིན་པས་དབང་ཐོབ་མ་ཟིན་པའི་ཕྱིར་གསང་དབང་གི་རྩ་ལྟུང་དུ་མི་འགྱུར་ཏེ། དགེ་སློང་གི་སྡོམ་པ་ལེན་པའི་ཚེ་དངོས་གཞིའི་ལས་བརྗོད་པ་གཉིས་པ་ལྟ་བུའི་ཚེ་ལེན་སེམས་ལོག་པའམ་ཞིང་མ་ཡིན་པར་གྱུར་པས་མ་བླངས་པ་དེ་ལ་དགེ་སློང་གི་ཕམ་པ་མི་འབྱུང་བ་བཞིན་ནོ། །དབང་རྫོགས་པས་བཟའ་བའི་དམ་ཚིག་གི་བདུད་རྩི་ལྔ་བསྟེན་པ་སོགས་ལ་ཟེར་ན་དེ་ནི་རྩ་ལྟུང་བཅུ་གསུམ་པ་ཡིན་པས་ལྔ་པར་མི་འདུའོ། །གལ་ཏེ། པདྨའི་ཕྱི་རོལ་རང་ལྕེས་བླང་། །ཞེས་པ་ལྟ་བུ་ལའོ་ཞེས་ཟེར་ན། དེ་ནི་དབང་གསུམ་པའི་སྐབས་ཡིན་ལ། འདི་ཉིད་ཀྱིས་དབང་གཉིས་པར་བཤད་པ་དེ་ལ་དཔྱད་པ་ཡིན་ནོ། །དེ་ལྟར་ན་ཇི་ལྟ་བུ་ཞེ་ན། བྱང་ཆུབ་ཀྱི་སེམས་ལ་གཉིས་ཏེ། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །ཐུན་མོང་ལའང་གཉིས་ལས། ཀུན་རྫོབ་སེམས་སྐྱེད་ནི། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །ཞེས་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་རྒྱས་པར་བཤད་པ་སྨོན་འཇུག་གཉིས་ཡིན་ཏེ། དེ་སྤངས་པ་ནི་རྒྱུ་བྱམས་པ་སྤངས་པར་བསྡུས་ཏེ་བཞི་པར་བཤད་ཟིན་ཏོ། །དོན་དམ་སེམས་སྐྱེད་


KMC013_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ནི། ཀུན་རྫོབ་སེམས་སྐྱེད་དེ་དེ་ཉིད་ལ་དོན་དམ་དམིགས་མེད་ཀྱི་ཡེ་ཤེས་ཀྱིས་རྒྱས་འདེབས་པ་ཆོ་ག་ལ་བརྟེན་པ་ཡང་པང་སྐོང་ཕྱག་རྒྱའི་མདོ་ལས་བཤད་པ་ལྟར་འཕགས་པ་ཀླུའི་ཞབས་ཀྱིས་མཛད་པའི་ཆོ་ག་ཇོ་བོའི་ཆོས་ཆུང་བརྒྱ་རྩ་ན་བཞུགས་ལ། གཙོ་བོར་ནི་སྒོམ་སྟོབས་ཀྱིས་ཐོབ་པ་ཤེས་རབ་ཀྱི་ཆ་ཡིན་པས་དེའི་འགལ་ཟླ་སྒྲོ་སྐུར་གྱི་མཐར་འཛིན་པ་ནི་གཙོ་བོར་རྩ་ལྟུང་བཅུ་གཅིག་པར་ཞར་བྱུང་དུ་འདུ་ལ། འདིར་ནི་གསང་སྔགས་གྱི་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་སྤངས་པའི་རྩ་ལྟུང་འཆད་པ་ཡིན་ལ། དེ་ལ་ཡང་། རྟེན་དང་། བརྟེན་པ་གཉིས་ལས། རྟེན་ལ། ལུས། ངགསེམས་གསུམ་གྱི་དངས་མ་བྱང་ཆུབ་ཀྱི་སེམས་ཏེ་གསུམ་ལས། ལུས་ངག་ནི། སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་སེམས་གཙོ་བོ་ཡིན་མོད་ཀྱང་སེམས་ཀྱི་དངས་མ་གཉུག་མའི་ཡེ་ཤེས་སུ་སྡོམ་པ་ནི་གཙོ་བོར་དབང་བཞི་པའི་དམ་ཚིག་ཡིན་པས་རྩ་ལྟུང་དགུ་པ་དང་བཅུ་གཅིག་པར་སྟོན་ལ། ངག་ཡང་དེར་འདུ་ཞིང་འདིར་གཙོ་བོར་ལུས་ཀྱི་དངས་མའི་བྱང་སེམས་སྡོམ་པར་སྟོན་ཏོ། །དེས་ན་སངས་རྒྱས་སུ་སྨོན་པའི་བློ་ལ་སྨོན་སེམས་དང་སྒྲུབ་སེམས་ལ་


KMC013_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་སེམས་དང་། དེ་ཙམ་ལ་ཀུན་རྫོབ་སེམས་སྐྱེད་དུ་བྱེད་པ་ནི་ཐུན་མོང་ཕར་ཕྱིན་གྱི་སེམས་སྐྱེད་ཡིན་ལ། གསང་སྔགས་ནི་ཐབས་ཁྱད་པར་ཅན་གྱིས་ཆེ་བའི་ཕྱིར་སྨོན་པ་དང་སྒྲུབ་པའི་རྣམ་རྟོག་དེ་དག་ལ་ཐུན་མོང་མ་ཡིན་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་མི་བཞེད་དེ། ཐུན་མོང་མ་ཡིན་པའི་སེམས་སྐྱེད་པའི་སྐབས་སུ་ཆ་བཅོ་ལྔ་གང་བའི་ཟླ་བ་བདེ་བའི་རང་བཞིན་གྱིས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་བཅུ་དྲུག་པ་སྟོང་པ་ཉིད་མི་ཕྱེད་པ་འོད་གསལ་བའི་རྡོ་རྗེའི་རང་བཞིན་གྱིས་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེད་ཅིང་། དེ་གཉིས་མི་འབྲལ་ཞིང་དབྱེར་མེད་དུ་སྦྱོར་བས་བདེ་སྟོང་རོ་མཉམ་ཞིང་རང་བཞིན་གཅིག་པའི་ཆོས་ཉིད་རྣམ་པར་མི་རྟོག་པ་སོ་སོ་རང་གིས་རིག་པའི་ཡེ་ཤེས་རྣལ་འབྱོར་མངོན་སུམ་གྱི་ཡུལ་ཅན་རྡོ་རྗེའི་སྔགས་ཀྱིས་བརྟན་པར་བྱས་པ་ནི་རྡོ་རྗེའི་བྱང་ཆུབ་ཀྱི་སེམས་སུ་རྒྱུད་སྡེ་གོང་འོག་མཚུངས་པར་བསྟན་པའི་ཕྱིར། དེས་ན་ལས་སུ་དབང་བསྐུར་འབའ་ཞིག་བྱེད་པ་རྣམས་ཀྱང་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཞེས་སོགས་ཀྱི་དོན་གོ་དགོས་ཀྱི། ཡིག་ཕྲེང་ནག་


KMC013_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བྲེང་བྲེང་བསམས་ནས་སློབ་མའི་མདུན་དུ་ཤུ་རུ་རུ་འདོན་ཞིང་སྐབས་སུ་དྲིལ་བུ་རེ་འཁྲོལ་བ་ཁོ་ནས་ནི་དོན་སྟེར་བ་མ་ཡིན་ནོ། །དེས་ན་ལུས་ཀྱི་དངས་མ་ནི། ཕ་ལས་ཐོབ་པ་རང་བཞིན་གྱི་ཆ་དང་ནང་གི་སྐྱེ་བ་བདུན་པ་རྐྱེན་གྱིས་བྱུང་བའི་ཆ་དང་རྡོ་རྗེ་ཟླ་བ་གཉུག་མའི་ལུས་ཀྱི་གནས་ཚུལ་དུ་ཞུགས་པ་ལྷན་ཅིག་སྐྱེས་པའི་ཆ་རྣམས་ཀྱི་རང་བཞིན་ཀུན་རྫོབ་བྱང་སེམས་ཟླ་བའི་རྣམ་པ་ཅན་ཡིན་ལ། འདི་བརྟེན་པ་ནི་སྐུ་རྡོ་རྗེ་བདེ་བའི་ཡེ་ཤེས་ཏེ་བྱང་སེམས་དེ་འཛག་མེད་དུ་གནད་དུ་བསྣུན་པ་ན་ཡེ་ཤེས་དེ་སྐྱེ་བའི་ཕྱིར་རོ། །ངག་གི་དངས་མ་ནི། རླུང་ཐམས་ཅད་ཀྱི་གནས་ཚུལ་དུ་གཟོད་ནས་ཞུགས་པ་ཡེ་ཤེས་ཀྱི་རླུང་གཞོམ་དུ་མེད་པ་རྡོ་རྗེ་ཉི་མའི་བདག་ཉིད་ནི་རྟེན་ཡིན་ལ། འདིའི་བརྟེན་པ་ནི་གསུང་རྡོ་རྗེ་གསལ་བའི་ཡེ་ཤེས་ཏེ། རླུང་དེ་ལ་གནད་དུ་བསྣུན་པ་ན་ཡེ་ཤེས་དེ་སྐྱེ་བའི་ཕྱིར་རོ། །སེམས་ཀྱི་དངས་མ་ནི། གཟུང་འཛིན་གྱི་རྣམ་པར་རྟོག་པ་ཐམས་ཅད་ཀྱི་ཡང་གནས་ཚུལ་དུ་ཞུགས་པ་ལྷན་ཅིག་སྐྱེས་པ་གཉུག་མའི་དེ་ཁོ་ན་ཉིད་རྡོ་རྗེ་དགྲ་གཅན་ནི་རྟེན་ཡིན་ལ། དེའི་བརྟེན་པ་ནི་ཐུགས་རྡོ་རྗེ་མི་རྟོག་པ་འོད་གསལ་བའི་ཡེ་ཤེས་ཏེ་སེམས་དེ་


KMC013_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནད་དུ་བསྣུན་པ་ན་ཡེ་ཤེས་དེ་སྐྱེ་བའི་ཕྱིར་རོ། །དེས་ན་རྒྱུད་སྡེ་རྣམས་ལས་དངས་མའི་རྣམ་གཞག་བཤད་པའང་འདི་ལྟ་བུ་ཡིན་གྱི། མུ་སྟེགས་པ་ཁ་ཅིག་གང་ཟག་གི་བདག་ལྟར་དངས་མ་ཞེས་བྱ་བའི་དངོས་པོ་སྒོ་གསུམ་ལ་ཁྱབ་བྱེད་དུ་བྱེད་པ་ཅིག་ལྐོག་ན་མོར་ཡོད་པ་དེ་ནི་མ་ཡིན་ནོ། །དེས་ན་རྣམ་སྨིན་གྱི་ལུས་ཀྱི་འོག་ཏུ་བཤང་གཅི་ཁུ་བའི་སྒོ་དང་། སྟེང་དུ་དབང་པོའི་སྒོ་དང་། བར་དུ་བ་སྤུའི་ཁུང་བུ་སྟེ་འཛག་པའི་སྒོ་གསུམ་མམ་ཁུ་ལམ་བྱེ་བྲག་ཏུ་ཕྱེ་ན་བཞི་སྟེ། དེ་ལས་ལུས་ཀྱི་དངས་མ་རྣམས་ཤིན་ཏུ་ཕྲ་བའི་ངོ་བོས་རྟག་ཏུ་འཛག་ཞིང་ཆགས་པའི་དབང་གི་ས་རགས་པའི་ངོ་བོས་རེས་འགའ་འཛག་ལ་ཕྲ་བའི་ངོ་བོས་རྙིགས་མ་ལ་ཞུགས་པའི་ཚུལ་གྱིས་ཡང་ཡང་དུ་འཛག་པ་འདི་ནི་ལུས་ཀྱི་འཛག་པ་ཅེས་བྱ་ལ། འདི་ལ་ཡང་ཁམས་གསུམ་གྱི་སའི་དབང་གིས་ལུས་རགས་ཕྲ་བར་མར་གནས་པའི་ཕྱིར་འདོད་ཁམས་སུ་ཁམས་ཐམས་ཅད་པའི་འཛག་པ་དང་། གཟུགས་ཁམས་པ་བར་མའི་ལུས་ཡིན་པའི་ཕྱིར་རགས་པ་འདོད་པའི་འཛག་པ་རྣམས་མེད་ཀྱང་རང་སའི་འཛག་པ་བསམ་གཏན་དང་པོར་རླུང་མེ་ཆུ་སའི་


KMC013_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཛག་པ་བཞི་ལྡན་དང་། དེ་བཞིན་དུ་གཉིས་པར་ཆུ་མེ་རླུང་གསུམ་དང་། གསུམ་པར་རླུང་མེ་གཉིས་དང་། བཞི་པར་རླུང་གི་འཛག་པ་ཡོད་ལ། གཟུགས་མེད་ནི་ཤིན་ཏུ་ཕྲ་བའི་ལུས་ཅན་ཡིན་ལ། འོན་ཀྱང་བརྟན་ཐོགས་གྱི་གཟུགས་རགས་པ་མེད་པའི་ཆ་ནས་གཟུགས་མེད་དུ་བརྗོད་ཅིང་དེར་འདོད་གཟུགས་ཀྱི་ལུས་ཀྱི་འཛག་པ་མེད་ཀྱང་རང་སའི་ཟད་པར་ནམ་མཁའི་འཛག་པ་ཡོད་ལ། དེ་ཡང་འབྱུང་ཆུང་གིས་ཕྱེ་བས་ནམ་མཁའ་མཐའ་ཡས་སུ་ཟད་པར་ནམ་མཁའི་ས་ཆུ་མེ་རླུང་གི་འཛག་པ་བཞི་ལྡན་ནས་སྲིད་རྩེར་ཟད་པར་ནམ་མཁའི་རླུང་འབའ་ཞིག་གི་འཛག་པ་ཡོད་ལ། ལུས་ཀྱི་འཛག་པ་འདིས་ནི་འཁོར་བ་པ་རྣམས་ཀྱི་རྣམ་སྨིན་གྱི་ལུས་སྔ་མ་ཉམས་པ་དང་ཕྱི་མ་འགྲུབ་པའི་རྒྱུ་བྱེད་དོ། །ངག་གི་དངས་མ་དེ་ཡང་། དབུགས་གཅིག་གི་སོ་གཉིས་ཕྱེད་བཅས་ཀྱི་ཆ་གཅིག་ཡེ་རླུང་དུ་བཤད་པ་ལྟར་ལས་ཀྱི་རླུང་ཐམས་ཅད་ལ་འདྲེས་པའི་ཚུལ་གྱིས་རྩ་ཐམས་ཅད་ལས་བརྒྱུད་དེ་རགས་པ་སྣ་བུག་གཉིས་ནས་ཞག་རེ་བཞིན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་དབུགས་དང་། ཕྲ་བ་དབང་པོའི་སྒོ་ཐམས་ཅད་ནས་མི་མངོན་པར་འབབ་པ་དང་། ཤིན་ཏུ་ཕྲ་


KMC013_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

བ་བ་སྤུའི་སྒོ་ཐམས་ཅད་ནས་འབབ་པས་འཛག་པར་བྱེད་ལ། འདི་ལའང་ཁམས་གསུམ་ག་ལ་རང་སའི་འཛག་པ་སོ་སོར་ཡོད་ཅིང་ངག་གི་འཛག་པ་འདིས་ནི་སྲོག་སྔ་མ་འགག་པ་དང་ཕྱི་མ་ཉེ་བར་འགྲུབ་པའི་རྟེན་བྱེད་དོ། །སེམས་ཀྱི་དངས་མ་དེ་ཡང་། ལུས་ངག་གི་འཛག་པ་དང་རྟེན་བརྟེན་པའི་ཚུལ་དུ་བྱས་ནས་མཚན་རྟོག་ཐམས་ཅད་ལ་འདྲེས་པའི་ཚུལ་གྱིས་རང་བཞིན་བརྒྱད་ཅུ་ལ་སོགས་པ་ཡུལ་ཡུལ་ཅན་གྱི་རྟོག་པ་བགྲང་དུ་མེད་པར་སྐད་ཅིག་རེས་ཀྱང་འཆད་པ་སྟེ། འདི་ལ་ཁམས་གོང་མ་གཉིས་ན་ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གནས་པའི་ཕྱིར་འདོད་པའི་ཚོགས་དྲུག་གི་རྟོག་པ་མེད་ཀྱང་གཟུགས་ཁམས་ན་རང་སའི་ཚོགས་དྲུག་གི་རྟོག་པ་ཡོད་ཅིང་འོད་གསལ་མངོན་ཤེས་ཀྱིས་ས་ཡིན་ལ། གཟུགས་མེད་ན་ནི་ཚོགས་དྲུག་གི་རྟོག་པ་མེད་ཀྱང་བདུན་པ་ཉོན་ཡིད་ཀྱིས་བསྡུས་པའི་སེམས་ཀྱི་འཛག་པ་ནི་ཏིང་ངེ་འཛིན་གྱིས་ངོས་མ་ཟིན་པའི་ཚུལ་དུ་རྒྱུན་མི་འཆད་པར་ཡོད་ལ། སེམས་ཅན་རྣམས་ཀྱི་སེམས་ཀྱི་འཛག་པ་འདིས་ནི་འཁོར་བའི་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་རྣམས་སྐྱེད་ཅིང་ངར་འཛིན་པའི་སེམས་རྒྱུན་མི་


KMC013_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

འཆད་པར་བྱེད་དོ། །དེས་ན་ལྷན་ཅིག་སྐྱེས་པ་གཉུག་མའི་དོན་ནི་ཆོས་ཐམས་ཅད་ཀྱི་གནས་ཚུལ་དུ་གཟོད་ནས་མཉམ་ཉིད་དུ་ཞུགས་པ་མི་ཤེས་པར་འཁྲིག་པའི་བདེ་བ་ཁོ་ན་ལ་ལྷན་སྐྱེས་ཀྱི་ཡེ་ཤེས་སུ་ཞེན་པས་འདོད་བདེ་ལྷུར་བྱེད་པ་སྒོ་གསུམ་པོ་ཡུལ་ལ་ཟག་བཞིན་པ་དག་རིག་པ་འཛིན་པའི་སྡོམ་ལྡན་དུ་ཁས་ལེན་པ་ནི་གདོལ་པས་བྲམ་ཟེར་བརྫུས་ཏེ་རིག་བྱེད་བཏོན་ཡང་བྲམ་ཟེར་མི་འགྱུར་བ་བཞིན་ནོ། །ཞེས་དཔལ་མདའ་བསྣུན་གྱིས། གང་ཞིག་གསུམ་པོ་ཟགས་པ་ནི། །གདོལ་པ་རིག་བྱེད་དེ་བཞིན་ནོ། །མ་ལུས་རང་བཞིན་བདེ་ཆེན་མི་ཤེས་པས། །ཀུནྡྷུ་རུ་སྐབས་བདེ་ཆེན་སྒྲུབ་པ་ནི། །ཇི་ལྟར་སྐོམ་པས་མིག་རྒྱུའི་ཆུ་བསྙེགས་བཞིན། །ཞེས་སོ། །དེས་ན་དུས་ཀྱི་འཁོར་ལོར་འཁོར་བའི་རྩ་བ་འཛག་པར་འཆད་པ་ཡང་སྒོ་གསུམ་གའི་འཛག་པ་ལ་དགོངས་པ་ཡིན་ལ། དེའི་ལུས་ཀྱི་འཛག་པའང་སྔར་བསྟན་པ་ལྟ་བུ་ཡིན་གྱི། ནོར་བུ་ལས་དཀར་པོ་དངོས་སུ་འཕོ་བ་གཅིག་པུ་ལ་འཛག་པར་ཞེན་ནས་རྒྱུད་འགྲེལ་ཆེན་པོ་འགོག་པ་ནི་རང་གི་ཉེས་པ་གཞན་ལ་དཀྲི་བ་ཡིན་ནོ། །འཛག་པ་འདི་ཐམས་ཅད་ཡང་དག་པར་སྡོམ་ནུས་པ་ནི་རྡོ་རྗེ་


KMC013_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཐེག་པའི་མཆོག་ཏུ་མི་འགྱུར་བའི་རྣལ་འབྱོར་གྱི་དབང་ཕྱུག་རྣམས་ལས་གཞན་མེད་དེ་དགྲ་བཅོམ་པ་རྣམས་ལ་ཡང་འཕྱོང་ཞིང་རྩེ་བ་དང་རྟ་གད་དྲག་པོར་བགད་པ་དང་བུད་མེད་བཞིན་མཛེས་པ་ལ་བཟང་མོ་ཞེས་སྨྲ་བ་སོགས་ཡོད་པ་ཉོན་མོངས་ཀྱི་བག་ཉལ་གྱི་ཆ་ཡིན་པར་བཤད་ལ། དེའི་ཕྱིར་ལུས་ངག་གི་འཛག་པ་ཕྲ་མོ་ཡོད་པར་གྲུབ་ལ། མྱ་ངན་ལས་འདས་པ་མཆོག་མ་རྟོགས་ཅིང་མཉམ་པར་མ་བཞག་པའི་སྐབས་དང་རྨི་ལམ་གྱི་རྒྱུ་བ་ཡོད་པའི་ཕྱིར་སེམས་ཀྱི་འཛག་པ་ཡོད་པར་གྲུབ་བོ། །མདོར་ན་མདོ་ལས་ཟག་བཅས་སྡུག་བསྔལ་དུ་བསྟན་ནས། མངོན་པ་མཛོད་ལས། ལམ་མ་གཏོགས་པའི་འདུས་བྱས་རྣམས། །ཟག་བཅས་གང་ཡིན་དེ་དག་ལ། །ཟག་རྣམས་ཀུན་ཏུ་རྒྱས་པར་འགྱུར། །ཞེས་ཟག་པའི་གནོད་པ་རྒྱས་འགྱུར་གྱི་ཆ་ནས་ཟག་བཅས་སུ་འཇོག་པ་དང་། མངོན་པ་གོང་མར་ཟག་པའི་སྒོ་དྲུག་དང་འབྲེལ་མ་འབྲེལ་གྱིས་ཟག་བཅས་ཟག་མེད་དུ་བཤད་ལ། དེ་དག་ནི་རང་གི་ངོ་བོ་ཇི་ལྟ་བ་མ་བརྗོད་པར་རྣམ་པ་གཞན་གྱིས་རགས་པར་གསུངས་པ་ཡིན་ལ། ཐེག་ཆེན་གྱི་མདོར་འདོད་པ་དང་སྲིད་པ་དང་ལྟ་བ་


KMC013_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

དང་མ་རིག་པའི་ཟག་པ་བཞིར་བཤད་ནས། ཐེག་དམན་གྱིས་འདོད་སྲིད་ཀྱི་ཟག་པ་གཅོད་ཅིང་གཞན་གཉིས་ལས་ཅུང་ཟད་རེ་སྤོང་ལ། ཐེག་ཆེན་པས་མ་རིག་པ་དང་ལྟ་བའི་ཟག་པ་གཙོ་བོར་སྤོང་བར་གསུངས་པ་ནི་སྔགས་ཀྱི་སྦས་དོན་ལ་ཅུང་ཟད་ཉེ་བའི་ཚུལ་དུ་གསུངས་པ་ཡིན་ལ། བླ་ན་མེད་པའི་རྒྱུད་མན་ངག་རྣམས་སུ་དོན་ཇི་ལྟ་བ་ཉིད་གསལ་བར་བརྗོད་པ་སྟེ། དེས་ན་འབྲས་བུ་གྲུབ་ཟིན་འདས་པའི་ཆ་ནས་ཟགས་པ་དང་། མ་འོངས་པ་ན་ཟག་འགྱུར་གྱི་ཆ་ནས་ཟག་པ་དང་། ད་ལྟ་ཟག་བཞིན་པའི་ཆ་ནས་འཛག་པ་ཞེས་བརྗོད་ལ། དེ་གསུམ་ག་ལ་བསམ་པའི་དབང་གིས་ཟག་པའམ་འཛག་པའི་སྒྲར་ཡང་བཤད་ནས་འཛག་པ་དེ་ཡོད་ན་སྡུག་བསྔལ་ཡོད་པའི་ཕྱིར་ཟག་བཅས་སྡུག་བསྔལ་དུ་བཤད་པ་སྟེ། ཐེག་པ་ཆེན་པོའི་ཚུལ་གྱིས་ཞིབ་མོར་ཕྱེ་བ་ན་ཐུན་མོང་གི་སྡེ་སྣོད་རྣམས་ཀྱང་མིག་ཕྱེ་བ་ལྟར་གསལ་བར་འགྱུར་བ་ཡིན་ནོ། །དེ་ལས་ལུས་དངས་མ་རྟེན་བྱང་ཆུབ་ཀྱི་སེམས་ནི། བརྟག་གཉིས་ལས། བཅོ་ལྔའི་ཆ་ཡི་བདག་ཉིད་ཀྱི། །ཟླ་བ་བྱང་ཆུབ་སེམས་སུ་འགྱུར། །བདེ་བ་ཆེན་པོ་ཨཱ་ལྀའི་གཟུགས། །ཞེས་བཤད་ལ། སྤྱིར་ཟླ་


KMC013_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ་དཀར་ནག་གི་ཆ་བཅུ་དྲུག་རེ་ཡོད་པ་ལས་ནག་ཆ་བཅོ་ལྔ་གང་བའི་མཐར་དཀར་ཆའི་དང་པོ་འཇུག་པའི་མཚམས་ཀྱི་སྐད་ཅིག་ནི་བཅུ་དྲུག་པ་དང་དཀར་ཆ་བཅོ་ལྔ་གང་བའི་མཐར་ནག་ཆའི་དང་པོ་འཇུག་པའི་མཚམས་ཀྱི་སྐད་ཅིག་ནི་ཆ་བཅུ་དྲུག་པ་ཡིན་ལ། དཀར་ནག་གི་ཆ་བཅོ་ལྔ་རེ་ཚེས་པ་ན་ཚེས་ཟླ་རྫོགས་པར་འཇོག་ཞིང་ཆ་བཅུ་དྲུག་པ་དེ་ནི་སྐད་ཅིག་མ་ཤིན་ཏུ་ཕྲ་བའི་ཡུན་ཉི་ཟེར་གྱི་རྡུལ་གོ་འདྲེ་བ་ཙམ་ལས་ཀྱང་མྱུར་བ་ཞིག་སྟེ་ཉི་ཟླ་ལ་དགྲ་གཅན་འཇུག་པ་ན་དུས་དེར་འཇུག་པ་ཡིན་ལ། ནང་རྡོ་རྗེའི་ལུས་ལ་ནི་རགས་པར་ཚེས་ཞག་རེ་ཞིང་དབྱངས་ཡིག་བཅུ་དྲུག་པོ་སོ་སོའི་ངོ་བོས་བྱང་ཆུབ་ཀྱི་སེམས་ཡར་ངོ་ལ་དཀར་བའི་ངོ་བོས་གྱེན་དུ་འགྲོ་ཞིང་བཅུ་དྲུག་པའི་དུས་སུ་ཨཱཿཡིག་སྟོང་ཆེན་གྱི་དབྱིངས་སུ་འཇུག་པ་ཡིན་ལ། ཕྲ་བར་ཞག་རེ་ལ་ཡང་ཉིན་མཚན་དང་། ཉིན་མཚན་རེ་རེ་ལ་ཡང་ཕྱེད་ཕྱེད་ཀྱི་དབྱེ་བ་དང་། དེ་བཞིན་དུ་ཐུན་དང་ཐུན་ཕྱེད་དང་ཡུད་ཙམ་དང་ཆུ་ཚོད་དང་ཆུ་སྲང་གི་བར་དང་ཤིན་ཏུ་ཕྲ་བ་དབུགས་གཅིག་ལ་ཡང་སྐྱེད་བསྡུད་ཀྱི་དབྱེ་བས་དཀར་དམར་འཕེལ་འགྲིབ་ཏུ་བྱེད་ལ། སྐྱེད་རྫོགས་


KMC013_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཀྱི་སྦྱང་གཞི་དང་སྦྱང་བྱ་ཕྱེ་བའི་སྦྱང་གཞིར་གནས་ཅིང་འདི་ལ་ཐིག་ལེའི་འཕོ་བ་ཞེས་དབྱིངས་དང་གནས་ནི་རྒྱུད་སྡེ་རྣམས་ལས་ཐ་དད་པར་བཤད་ལ། བཅུ་དྲུག་པའི་དུས་སུ་ནང་གི་ཉི་ཟླ་ལ་དགྲ་གཅན་འཇུག་པས་བསམ་གྱིས་མི་ཁྱབ་པ་འོད་གསལ་བའི་དུས་ཅེས་བྱ་ཅེས་ཏེ་འདི་ནི་སོ་སོའི་སྐྱེ་བོས་ཤེས་པར་མི་ནུས་སོ། །དེ་བས་ན་ནང་གི་ཟླ་བའི་ཆ་བཅོ་ལྔ་ནི་བདེ་བའི་རང་བཞིན་ཀུན་རྫོབ་བྱང་སེམས་གྱི་རྟེན་དང་། བཅུ་དྲུག་པ་ནི་སྟོང་པའི་རང་བཞིན་དོན་དམ་པའི་བྱང་སེམས་ཀྱི་རྟེན་ཡིན་ལ། གཞན་དཀྱིལ་འཁོར་གྱི་འཁོར་ལོ་སྐྱེད་པ་དང་རྫོགས་པའི་རིམ་པས་དེ་ཉིད་ཀྱི་གནད་བཅིངས་ཏེ་ལམ་དུ་བྱས་པའི་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ནི་བརྟེན་པའི་བྱང་སེམས་ཏེ་དགའ་བ་བཞིའམ་སྟོང་པ་བཞིའམ་སྐད་ཅིག་མ་བཞི་ཞེས་སྤྱིར་བསྟན་ནས། རེ་རེ་ལ་ཡང་བཞི་རེར་ཕྱེ་བའི་རྣམ་པ་བཅུ་དྲུག་ལ་མིང་དང་མཚན་ཉིད་དང་གང་དུ་མྱོང་བའི་གནས་སོགས་རྒྱུད་སྡེ་རྣམས་སུ་ཐ་དད་པ་མང་པོར་བཤད་ནས་རྟེན་དང་བརྟེན་པ་གཉིས་ཀའང་བདེན་པ་གཉིས་དབྱེར་མེད་དུ་སྡོམ་པས་དཀར་ནག་གི་ཆ་གཉིས་ཀ་བསམ་གྱིས་མི་ཁྱབ་པའི་དུས་


KMC013_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་སྡོམ་པའི་ཡེ་ཤེས་ནི་རྡོ་རྗེ་ཐེག་པ་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྡོམ་པ་ཅེས་བྱ་སྟེ། བརྟག་གཉིས་ལས། རྡོ་རྗེ་སྙིང་པོས་གསོལ་བ། ཐབས་གང་གིས་བྱང་ཆུབ་ཀྱི་སེམས་སྐྱེད་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དཀྱིལ་འཁོར་འཁོར་ལོའི་ཐབས་དང་ནི། །རང་བྱིན་རླབ་པའི་རིམ་པས་ཀྱང་། །ཀུན་རྫོབ་དོན་དམ་གཟུགས་ཅན་གྱི། །བྱང་ཆུབ་སེམས་ནི་རབ་ཏུ་སྐྱེད། །ཅེས་སོ། །དེ་བཞིན་དུ་རྟེན་ལ་ཀུན་རྫོབ་ཀྱི་ཐ་སྙད་དང་ཡབ་ཧེ་རུ་ཀའི་ངོ་བོར་གསུངས་ཅིང་། བརྟེན་པ་ལ་དོན་དམ་གྱི་ཐ་སྙད་དང་ཡུམ་གྱི་ངོ་བོར་ཡང་གསུངས་ཏེ། ཀུན་རྫོབ་ཀུན་ད་ལྟ་བུ་ཉིད། །དོན་དམ་བདེ་བའི་གཟུགས་ཅན་ནོ། །ཞེས་དང་། ཁུ་བའི་རྣམ་པ་བཅོམ་ལྡན་ཡིན། །དེ་ཡི་བདེ་བ་འདོད་མར་བརྗོད། །ཅེས་བཤད་ནས། བསམ་གྱིས་མི་ཁྱབ་པ་སྡོམ་པའི་ངོ་བོ་ནི། གཅིག་དང་དུ་མ་བྲལ་བ་སྟེ། །སྐད་ཅིག་ཉིད་ལ་མཆོག་དགའ་བ། །རང་གི་རིག་པའི་ཡེ་ཤེས་འདི། །ངག་གི་ལམ་འདས་སྤྱོད་ཡུལ་ཏེ། །འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་སོ། །ཡང་རྟེན་ཡུམ་དང་


KMC013_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བརྟེན་པ་ཕྱག་རྒྱ་ཆེན་པོར་ཡང་གསུངས་ཏེ། ག་བུར་ཉིད་ནི་བདག་མེད་མ། །བདེ་བར་བདག་མེད་ཚུལ་ཅན་ཉིད། །དེ་ཡི་བདེ་བ་ཕྱག་རྒྱ་ཆེ། །ལྟེ་བའི་དཀྱིལ་འཁོར་ཉིད་དུ་གནས། །ཅེས་སོ། །དེའི་ཕྱིར་རྟེན་གྱི་བྱང་ཆུབ་ཀྱི་སེམས་འདི་ནི་རྡོ་རྗེ་ཐེག་པའི་ལུས་བདེ་བར་གཤེགས་པའི་སྙིང་པོ་མཚན་བཟང་པོ་སུམ་བཅུ་རྩ་གཉིས་རྒྱུའི་ངོ་བོར་གནས་པ་ཡིན་ཏེ། སྟོན་པ་སུམ་ཅུ་རྩ་གཉིས་མཚན། །གཙོ་བོ་དཔེ་བྱད་བརྒྱད་ཅུར་ལྡན། །ཁུ་བ་ཞེས་བྱའི་རྣམ་པར་གནས། །ཅེས་སོ། །གཞི་ཇི་ལྟ་བ་དེ་བཞིན་དུ་ལམ་ཡང་དཀར་ཕྱོགས་ཀྱི་བདག་ཉིད་སྲིད་པ་དང་ཆགས་པ་དང་སྤྲོས་པའི་ཆོས་རྣམས་དང་ནག་ཕྱོགས་ཀྱི་བདག་ཉིད་མྱང་འདས་དང་ཆགས་བྲལ་དང་སྤྲོས་མེད་ཀྱི་ཆོས་གཉི་གའང་དེ་ཁོ་ན་ཉིད་བདེ་བ་ཆེན་པོ་གཅིག་ཏུ་སྡོམ་ཞིང་། དེའི་ཕྱིར་འབྲས་བུ་ཡང་སྲིད་ཞི་དབྱེར་མེད་དུ་སྡོམ་པ་གྲུབ་པ་ནི་རྡོ་རྗེ་འཆང་གི་གོ་འཕང་སྟེ། རྡོ་རྗེ་མཁའ་འགྲོར། མངར་པོས་བསྒོས་པའི་ས་བོན་ནི། །མངར་པོ་ཉིད་ནི་བརྟེན་པ་སྟེ། །གང་ཕྱིར་མངར་པོས་བསྐྱེད་བྱས་ན། །དེ་ཡི་རོ་ནི་མངར་པོར་འགྱུར། །དེ་བཞིན་དུ། ཆོས་ཀྱི་བདུད་རྩི་ལས་བྱུང་བའི་བདེ་བ་བརྟེན་


KMC013_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ན་བདེ་བ་འཕེལ་བར་འགྱུར་རོ། །ཞེས་དང་། དེ་མེད་ན་ནི་བདེ་མེད་འགྱུར། །བདེ་བ་མེད་ན་དེ་མེད་འགྱུར། །ནུས་པ་མེད་ཕྱིར་ལྟོས་དང་བཅས། །ལྷ་ཡི་རྣལ་འབྱོར་ལས་བདེ་བ། །དེ་ཕྱིར་སངས་རྒྱས་དངོས་པོ་མིན། །དེ་ཉིད་དངོས་མེད་ཚུལ་ཡང་མིན། །ཞེས་གསུངས་ལ། འདི་ནི་རྡོ་རྗེ་ཐེག་པའི་ཚུལ་ཐམས་ཅད་གཅིག་ཏུ་འདུས་པའི་ཐེག་པ་ཡིན་ནོ། །རྡོ་རྗེ་གསུམ་གྱི་བརྟེན་པའི་བྱང་སེམས་མཆོག་ཏུ་མི་འགྱུར་བ་ལ་དགོངས་ནས། སྟོང་པ་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་ཅེས་རབ་ཏུ་བརྗོད། །ཅེས་དང་། དུས་འཁོར་རྩ་རྒྱུད་ལས། སྟོང་ཉིད་གཟུགས་འཛིན་རྒྱུ་ཡིན་ཏེ། །འབྲས་བུ་སྙིང་རྗེ་མི་འགྱུར་འཛིན། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །བྱང་ཆུབ་སེམས་སུ་དེ་བརྗོད་ཏོ། །ཅེས་གསུངས་སོ། །འདིའི་གནད་འཆིང་བ་ལ་ནི་སྐྱེད་རིམ་གྱི་སྤྲོས་པ་རྣམས་ལ་མི་ལྟོས་ཅིང་སྤྲོས་པ་དེ་ཐམས་ཅད་ཀྱི་སྐབས་དོན་ནི་འདིས་འགྲུབ་པར་འགྱུར་བའི་ཕྱིར། སྔགས་ཀྱི་བཟླས་མེད་དཀའ་ཐུབ་མེད་ཅིང་སྦྱིན་སྲེག་མེད། །དཀྱིལ་འཁོར་ཅན་ཡང་མེད་ཅིང་དཀྱིལ་འཁོར་པ་ཡང་མེད། །དེ་ནི་སྔགས་བཟླས་དེ་དཀའ་ཐུབ་དང་དེ་སྦྱིན་


KMC013_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

སྲེག །དེ་ནི་དཀྱིལ་འཁོར་ཅན་དང་དེ་ནི་དཀྱིལ་འཁོར་ཉིད། །མདོར་བསྡུས་ནས་ནི་སེམས་ནི་འདུས་པའི་གཟུགས་ཅན་ནོ། །ཞེས་གསུངས་ཅིང་བརྟེན་པའི་བྱང་ཆུབ་ཀྱི་སེམས་འདི་ནི་འདུས་པར་ཚིགས་བཅད་གཉིས་ཀྱིས་གསུངས་པ་ཀླུའི་ཞབས་ཀྱིས་བྱང་ཆུབ་སེམས་འགྲེལ་དུ་རྒྱས་པར་བཀྲལ་ཏོ། །དེ་ལྟར་མཐའ་དཔྱད་ནས་མདོར་ན། རྩ་ལྟུང་ལྔ་པའི་སྐབས་འདིར་རྟེན་ཁུ་བ་ནི་ཀུན་རྫོབ་བྱང་སེམས་དང་། བརྟེན་པ་བདེ་སྟོང་གི་ཡེ་ཤེས་ནི་དོན་དམ་པའི་བྱང་སེམས་ཡིན་ལ། དེ་ནི་རྡོ་རྗེ་ཐེག་པའི་ཆོས་ཀྱི་རྩ་བ་ཡིན་པའི་ཕྱིར་གང་སྤངས་ན་ལྟུང་བར་འགྱུར་བའི་ཡུལ་ཡིན་ནོ། །བསམ་པ་ནི། ཉོན་མོངས་པའི་དབང་གིས་ཆེད་དུ་བརྙས་པའི་ཁྱད་དུ་གསོད་པའི་བློའི་འདོད་ཆགས་དྲག་པོའི་དབང་དུ་གྱུར་པའོ། །དངོས་གཞི་ནི། རྟེན་གྱི་བྱང་ཆུབ་ཀྱི་སེམས་ནོར་བུའི་སྒོ་ལས་འཕོས་ཅིང་བརྟེན་པའི་བྱང་ཆུབ་ཀྱི་སེམས་དང་བྲལ་བར་བྱས་པ་སྟེ། བརྟག་གཉིས་ལས། རྡོ་རྗེ་སྙིང་པོས་གསོལ་པ། །རྣལ་འབྱོར་མ་ཀུན་ལས་བྱུང་བ། །ལྷན་ཅིག་སྐྱེས་དགའི་རང་བཞིན་ཉིད། །འགྲིབ་མེད་བཏུང་མཆོག་ནམ་མཁའ་ཉིད། །ག་བུར་ཅི་ནས་ངེས་མི་སྤང་། །བཅོམ་


KMC013_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་འདས་ཀྱིས་བཀའ་བསྩལ་པ། །ཇི་སྐད་སྨྲས་པ་དེ་བཞིན་ནོ། །ཞེས་དང་། ག་བུར་མཁས་པས་མི་སྤང་སྟེ། །ཞེས་དང་། འགྲེལ་ཆེན་ལས། འདིར་བྱང་ཆུབ་ཀྱི་སེམས་ནི་ཁུ་བ་སྟེ་དེ་ཉམས་པ་ལས་འཕོ་བ་མེད་པའི་བདེ་བར་མི་འགྱུར་རོ། །དེའི་ཕྱིར་དེ་ཁོ་ན་ཉིད་མེད་པར་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ། །ཞེས་སོ། །འདིར་དེ་ཁོ་ན་ཉིད་ནི་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བ་སྟེ་དེས་སངས་རྒྱས་ཉིད་ཐོབ་ཀྱི་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་མི་ཐོབ་པའི་དོན་ཡིན་ཏེ། ལས་རྒྱ་ནི་འདོད་ཁམས་ཀྱི་དངོས་གྲུབ་དང་། ཡེ་རྒྱ་ནི་གཟུགས་ཁམས་ཀྱི་དངོས་གྲུབ་ཀྱི་རྒྱུ་དང་། ཕྱག་རྒྱ་ཆེན་པོ་ནི་སངས་རྒྱས་ཀྱི་དངོས་གྲུབ་ཀྱི་རྒྱུར་བཞེད་པ་ཡིན་གྱི། དེ་ཁོ་ན་ཉིད་ཀྱི་མིང་དུ་བཏགས་པའི་རླུང་དང་ཐེག་ལེའི་རྣལ་འབྱོར་ཡོད་ན་རྟེན་གྱི་བྱང་སེམས་བཏང་ཡང་རྩ་ལྟུང་དུ་མི་འགྱུར་བར་འཆད་པ་མ་ཡིན་ནོ། །འདི་ལྟ་བུའི་ཕྱིར་ཡང་མཁས་པའི་མངོན་པའི་ང་རྒྱལ་གྱིས་རྒྱུད་ཀྱི་རྒྱས་འགྲེལ་མི་བྱ་བར་བཤད་པའོ། །ཕྲ་བ་དང་ཤིན་ཏུ་ཕྲ་བའི་ལུས་ཀྱི་འཛག་པ་རྣམས་ནི་


KMC013_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ལས་དང་པོ་པས་སྤོང་བར་མི་ནུས་པའི་ཕྱིར། དེ་རྣམས་ལ་ནི་འདིར་རྩ་ལྟུང་དུ་མི་འཇོག་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་ཚུལ་ཁྲིམས་ཐམས་ཅད་ནི་གདུལ་བྱས་སྒྲུབ་ནུས་ལ། བསྒྲུབས་ན་ཕན་ཡོན་དང་མ་སྒྲུབས་ན་ཉེས་པར་འགྱུར་བ་ཞིག་ཁོ་ན་སྟོན་གྱི། རི་རབ་པང་པས་མ་བཏེག་ན་སྡོམ་པ་ཉམས་སོ་ཞེས་པ་ལྟ་བུ་སྒྲུབ་མི་ནུས་འཆའ་བ་མི་སྲིད་པའི་ཕྱིར་རོ། །རྟེན་དང་བརྟེན་པ་ཞེས་བརྗོད་ཀྱང་རྟེན་ཉམས་པར་བྱས་པ་ཁོ་ནས་རྩ་ལྟུང་དུ་འགྲུབ་སྟེ། རྟེན་ཉམས་ན་བརྟེན་པ་ཉམས་པར་གོ་སླ་བའི་ཕྱིར། རྟེན་ཁུ་བ་ཉམས་པས་བརྟེན་པ་བདེ་སྟོང་གི་ཡེ་ཤེས་ཇི་ལྟར་ཉམས་ཅེ་ན། ཉི་ཟླ་སྒྲུབ་པ་ལས་རིགས་ལྡན་པདྨ་དཀར་པོས་གསུངས་པ། ལུས་དང་རྩ་ཡི་སྒོ་རྣམས་དང་། །སྐྲ་དང་བ་སྤུའི་རྣམ་པ་དང་། །མདོག་དང་བཞིན་གྱི་དཀྱིལ་འཁོར་དང་། །སེམས་ཉམས་སྐད་ཀྱི་གདངས་རྣམས་དང་། །གྲིབ་མ་གནས་ཁང་ལུང་པས་ཤེས། །མཚན་ལྟས་རྟོག་པ་དྲང་སྲོང་མཁས། །ཅེས་སྤྱིར་བསྟན་པ་དང་། བདེ་གསལ་མེད་པར་སྐྱེད་པ་སྐྱུར། །སྟོབས་ཆུང་ཤད་དམའ་སྙིང་མི་དགའ། །བཀྲག་མདངས་ལུས་སྟོབས་མེད་པ་དང། །གྲང་ལ་བ་སྤུ་


KMC013_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ལྡོག་པ་དང་། །མི་ཡི་རྣམ་པ་ཡི་དྭགས་ལུས། །ངག་གཉིས་ཐོས་པས་སྙིང་རླུང་འཇུག །ཞེས་ཉམས་པའི་ཕྱི་ནང་གི་རྟགས་དང་། ནད་མང་བགེགས་འཇུག་ཚེ་ཡང་ཐུང་། །འདོད་ཡོན་ཆུ་བོ་སྐམས་པ་ཡིས། །དབང་ཐང་ཆུང་ཞིང་ལོངས་སྤྱོད་ངན། །བྱང་སེམས་དཔག་བསམ་བསྐམས་པ་ཡིས། །འདོད་པའི་འབྲས་བུ་ག་ལ་འབྱུང་། །ཕོ་མོ་དབང་དུ་མི་འདུ་ཞིང་། །མཐུན་པ་དག་ཡང་འབྲལ་བར་འགྱུར། །མི་མ་ཡིན་རྣམས་མི་འདུ་ཞིང་། །ཞི་དྲག་ལས་སོགས་འགྲུབ་པ་མིན། །མཁའ་འགྲོ་དབང་དུ་མི་འདུ་ཞིང་། །དངོས་གྲུབ་དག་ཡང་ཉམས་པར་བྱེད། །གནས་ཁང་ལུང་པ་བྱིན་མེད་ཅིང་། །ས་ཡི་སྣུམ་ཡང་མེད་པར་འགྱུར། །ཞེས་ཉམས་པའི་ཉེས་དམིགས་དང་། མི་ཡི་ནོར་བུ་མེད་པ་ལ། །དེ་ཡི་བདེ་བ་ག་ལ་འབྱུང་། །ཞེས་རྒྱུ་མཚན་དང་བཅས་ཏེ་གསུངས་སོ། །རྣལ་འབྱོར་མ་རྣམས་ཀྱིས་ཀྱང་དམར་ཆ་ལ་འདི་ལྟར་དུ་ཤེས་དགོས་ཏེ་རྩ་ལྟུང་དུ་མཚུངས་སོ། །དེས་ན་རྩ་ལྟུང་ལྔ་པ་སྨོན་འཇུག་གི་སེམས་ལ་འཆད་པ་རྣམས་ཀྱིས་ནི་ཀུནྡ་སྤངས་པ་ཉེས་པར་མི་འགྱུར་བར་འཆད་དགོས་ཏེ། རྩ་བ་དང་ཡན་ལག་གི་ལྟུང་བ་གང་དུའང་རྣམ་


KMC013_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་བཞག་པའི་ཕྱིར། འདོད་ན་ཡང་བླ་ན་མེད་པའི་གཞུང་ལུགས་མང་ཞིག་དབྱེ་དགོས་པ་དང་། ཡང་ན་ནི། རྩ་ལྟུང་བཅོ་ལྔ་པ་ཞིག་སར་དུ་འཇོག་དགོས་པར་འགྱུར་བ་ཡིན་ནོ། །དུས་ནི། ཉམས་པ་ཙམ་ཉིད་ཀྱིས་སོ། །ལྟུང་བར་འགྱུར་ཚུལ་ནི། ཕལ་ཆེར་མཚུངས་ལ། འོན་ཀྱང་ཉོན་མོངས་ཀྱི་བློས་དགུག་པའི་སྦྱོར་བ་བྱས་ཏེ་ཕྱི་རོལ་དུ་མ་འཕོས་ཀྱང་སླར་རང་གནས་སུ་དྲང་ཞིང་ཡེ་ཤེས་ཀྱི་དངས་མར་གནས་སྒྱུར་མ་གྲུབ་ན་དེ་མ་ཐག་རྩ་ལྟུང་མི་རྫོགས་ཀྱང་རིམ་གྱིས་རྟེན་དང་བརྟེན་པ་ཉམས་པར་འགྱུར་བས་ཕྱིས་ལུས་ལས་ཉམས་པའི་དུས་དེ་ཉིད་ན་རྩ་ལྟུང་དང་རང་གནས་ནས་ཉམས་པ་ན་ཉོན་མོངས་དྲག་ཞན་གྱི་དབང་གིས་ལྟུང་བ་ཙམ་མམ་སྦོམ་པོ་ལ་སོགས་པ་ཅི་རིགས་འབྱུང་བར་འགྱུར་རོ། །རང་གནས་དེ་ཡང་སྤྱིར་འཕོ་བའི་གནས་བཅུ་དྲུག་སོགས་ཡིན་མོད་ཀྱང་བྱེ་བྲག་ཏུ་དགའ་བཞིའི་དབང་གིས་འཁོར་ལོ་བཞི་དང་དུང་ཅན་མར་རིག་པར་བྱའོ། །ལྟུང་མེད་ནི། བསམ་པ་ཉོན་མོངས་ཀྱིས་སྤྱད་པའི་ལྟུང་མེད་མི་སྲིད་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་ཐམས་ཅད་ལ་མཚུངས་ལ། ཉོན་མོངས་ཅན་མ་ཡིན་པའི་རྟེན་སྤྲོ་བ་ཙམ་གྱི་ལྟུང་


KMC013_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ནི་བདུན་ཏེ། དབང་གི་ལྡེ་མིག་ལས། སྤྲོ་བ་ལམ་དུ་བྱེད་པ་ཡང་། །དུས་ནི་བདུན་དུ་ཤེས་པར་བྱ། །གསང་བའི་དབང་དང་གསུམ་པ་དང་། །རོ་མཉམ་པ་དང་ལྷ་མཆོད་དང་། །རིགས་རྒྱུད་དཔེལ་དང་རིལ་བུ་དང་། །འཆི་ལྟས་བརྟག་པའི་དུས་ཡིན་ཏེ། །གཞན་དུ་སྡུད་པར་ཤེས་པར་བྱ། །ཅེས་པས་སློབ་མ་ལ་གསང་དབང་བསྐུར་བའི་དུས་ནི་དང་པོ་སྟེ། གསང་རྫས་སྦྱིན་དགོས་པའི་ཕྱིར་རོ། །དབང་གསུམ་པ་དངོས་རིག་ལས་ལེན་པ་ནི་དུས་གཉིས་པ་སྟེ། མཚོན་བྱེད་རྟེན་གྱི་ཡེ་ཤེས་མ་རྫོགས་པ་མཚོན་བྱ་དོན་གྱི་ཡེ་ཤེས་མི་རྫོགས་པའི་ཕྱིར་བདེ་བ་རྫོགས་པར་སྒྲུབ་དགོས་ལ། མཚོན་དོན་གྱི་ཡེ་ཤེས་རྟོགས་པ་ན་རྟེན་ཀུན་རྫོབ་པ་ནི། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཅིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པའི་ཚུལ་གྱིས་དབང་མེད་དུ་ལུགས་ཟློག་གི་འོད་གསལ་ལ་གདོན་མི་ཟ་བར་འཇུག་མོད་ཀྱང་ཡེ་ཤེས་ངོས་མ་ཟིན་ན་ནི་ཉམས་པར་འགྱུར་མོད་ཀྱིས་དེའི་ཕྱིར། དེ་ནི་ལག་ཏུ་མི་བླང་ཞིང་། །ཉ་ཕྱིས་དུང་ཆོས་ཉིད་དུ་མིན། །ངེས་པར་བློ་ཡི་སྟོབས་ཀྱི་ཕྱིར། །མི་འཆི་ལྕེ་ཡིས་བླང་བ་ཉིད། །ཅེས་བཤད་པ་


KMC013_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེས་ན་རྗེ་རས་ཆུང་པ་ལ་དབང་རྫོགས་ཀྱང་ཡེ་ཤེས་ངོས་མ་ཟིན་པའི་སློབ་མ་གཅིག་ཞེས་བཤད་པ་ལྟ་བུ་ཡིན་ལ། རྒྱུད་པ་གཞན་དག་ལ་ནི་རྣམ་གཞག་འདི་ལྟ་བུ་མི་སྣང་ངོ་། །ནང་གི་རྟོགས་པ་བརྟན་པོར་གྱུར་པས་ལྟུང་བཅས་དང་ལྟུང་མེད་དང་བདེ་བ་དང་བདེ་བ་མ་ཡིན་པ་སོགས་ཀྱི་གཉིས་འཛིན་གྱི་ཆ་ཕྲ་མོ་རྣམས་བག་ཉལ་ལས་བསླང་སྟེ་རྟོགས་པའི་མཚོན་གྱིས་གཅོད་ཅིང་རོ་མཉམ་པར་བྱེད་པའི་ཕྱིར་མཚན་རྟོག་བཅད་དེ་ཅི་དགའ་འཇོག་པ་ནི་དུས་གསུམ་པ་སྟེ། རྗེ་ཀརྨ་པཀྴིས་སྐུ་བཞི་ངོ་སྤྲོད་དུ། ཆོས་ཐམས་ཅད་ལྷན་སྐྱེས་ཀྱི་ཡེ་ཤེས་ལས་མི་འདའ་བ་ལ་ཐིག་ལེ་ཤོར་ན་ཡེ་ཤེས་ཤོར་བ་སྐད་དུ་མ་བཟླ། ཞེས་གསུངས་པ་ལྟ་བུ་ཡིན་ནོ། །འདི་ལ་ནི་ཐ་མལ་གྱི་མཚན་རྟོག་གཅིག་གིས་ཀྱང་བར་མ་ཆོད་པའི་ཕྱིར་རྟེན་དངོས་དྭངས་མའི་ཆ་ནི་ལྟུང་བ་མེད་དོ། །འདུས་པའི་འཁོར་ལོ་ལ་སོགས་པར་ཤེས་རབ་ཀྱི་ལུས་དཀྱིལ་མཆོད་པའི་སླད་དམ། དམ་ཚིག་སོ་དྲུག་གི་མཆོད་པ་བྱེད་པ་སོགས་ཀྱི་སླད་དུ་སྤྲོ་བ་ནི་དུས་བཞི་པ་སྟེ། རང་རྫས་ཀྱི་མཆོག་གིས་མཆོད་པར་གསུངས་པའོ། །རྡོ་རྗེ་ཐེག་པའི་རྣལ་འབྱོར་པ་མཆོག་ཐོབ་ཅིང་མངོན་


KMC013_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤེས་པ་ཅན་རྣམས་ཀྱིས་གདུལ་བའི་གནས་སྐབས་ཤེས་ནས་སྤྲོ་བའི་རྣལ་འབྱོར་གྱིས་རིགས་རྒྱུད་འཇོག་པར་བྱེད་པ་ནི་དུས་ལྔ་པ་སྟེ། དུས་ཀྱི་འཁོར་ལོར་དུས་དང་པོར་འཇམ་དཔལ་དང་སྒྲོལ་མས་བྱིན་གྱིས་བརླབས་པ་ནས་བཟུང་སྟེ་སེམས་དཔའ་སེམས་མ་དང་ཁྲོ་བོ་ཁྲོ་མོ་སོགས་ཀྱིས་བྱིན་གྱིས་བརླབས་པའི་སྤྲུལ་པའི་སྐུར་འགྱུར་ཚུལ་ཆོ་གའི་གོ་རིམ་དང་བཅས་ཏེ་རྒྱས་པར་གསུངས་པ་ཡིན་ལ། ཆགས་བཅས་ཀྱི་སྐྱེད་རིམ་གྱི་ཚེ་རྗེས་ཆགས་ཀྱི་རྣལ་འབྱོར་གྱིས་འཁོར་སྤྲོ་བ་སོགས་ཀྱང་འདིར་འདུའོ། །བདུད་རྩི་རིལ་བུ་སོགས་དམ་ཚིག་གི་རྫས་ཁྱད་པར་བསྒྲུབ་པའི་རྫས་ཀྱི་ཆེད་དུ་སྤྲོ་བ་ནི་དྲུག་པ་སྟེ། རྒྱུད་དུ་མར་རིལ་བུའི་ཆོ་ག་རྒྱས་པར་བཤད་དོ། །འཆི་ལྟས་ཁྱད་པར་བ་བརྟག་པའི་ཆད་ནི་བདུན་པ་སྟེ། སྡོམ་འབྱུང་གི་རྒྱུད་ལས་ཇི་ལྟར་བརྟག་ཚུལ་འབྲས་བུ་དང་བཅས་ཏེ་བཤད་དོ། །རོ་མཉམ་པ་ལས་གཞན་པ་རྣམས་ནི་སྐྱེད་རྫོགས་ཀྱི་སྤྲོ་བའི་རྣལ་འབྱོར་དང་བཅས་པས་ཡིན་གྱི་གཞན་གྱིས་ནི་མ་ཡིན་ནོ། །གལ་ཏེ་དེ་ཙམ་དུ་སྲུང་དགོས་ན་སྔགས་བླ་མེད་ལས་རིག་མ་བསྟེན་པར་བཤད་པ་དང་འགལ་ཏེ། ཆགས་པ་ནི་


KMC013_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་འཕོ་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་བླ་ན་མེད་པའི་ལམ་གསུངས་པ་ཡིན་ཏེ་སེང་གེ་ལོའི་མཚམས་ན་འཁྲིག་པ་ལན་རེ་བསྟེན་པ་དང་ཕུག་རོན་རྟག་ཏུ་བསྟེན་པ་གཉིས་ཀའང་ཉམས་པའི་ཆོས་ཅན་དུ་མཚུངས་པ་ལྟར། ཉན་ཐོས་ཀྱི་དགེ་སློང་སོགས་ཀྱི་བརྟུལ་ཞུགས་ཀྱིས་གནས་པ་དང་ཁྱིམ་པ་འདོད་པ་བསྟེན་པ་གཉིས་ཀའང་བྱང་ཆུབ་ཀྱི་སེམས་ཉམས་པའི་ཆོས་ཅན་དུ་མཚུངས་ཏེ། ཕྲ་བ་དང་ཤིན་ཏུ་ཕྲ་བའི་འཛག་པ་ཡོད་པར་མཚུངས་ཅིང་། རགས་པའི་འཛག་པའང་རྨི་ལམ་ན་འཛག་པ་དང་ནད་ཀྱིས་འཛག་པ་དང་བག་ཆགས་ཀྱིས་འཛག་པ་སོགས་ཡོད་པར་མཚུངས་པའི་ཕྱིར་གཉིས་ཀ་ལའང་མི་འགྱུར་བའི་བདེ་བ་མེད་པ་སྟེ། འགྲེལ་ཆེན་དུ། ཇི་ལྟར་རི་དྭགས་ཟས་ཅན་བརྒྱ་ལམ་ན། །ལོ་ཡི་མཚམས་སུ་བདེ་བ་བསྟེན་པ་དང་། །རྡོ་ཡི་ཕྱེ་མ་དག་གི་ཁ་ཟས་ཅན། །ཕུག་རོན་རྣམས་ནི་རྟག་ཏུ་བྱེད་པ་སྟེ། །གཉིས་ཀ་ལའང་མཆོག་གི་བདེ་བ་མེད། །ཅེས་དང་། རྗེ་མར་པས། རྩ་རླུང་གཉིས་པོ་མ་སྒོམས་ན། །ཐིག་ལེ་ཡོད་ཀྱང་བྱང་ཐང་གི། །གཉེར་བྱེད་མེད་པའི་ནོར་དང་འདྲ། །ཉམས་དང་ཟགས་དང་བོ་ལ་


KMC013_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །བདེ་ལོངས་སྤྱོད་དུ་ག་ལ་ཡོད། །ཅེས་གསུངས་སོ། །དེས་ན་མེ་དང་ཕྲད་ན་དངུལ་ཆུ་འབྲོས་པའི་ཕྱིར་དངུལ་ཆུའི་དགྲ་ནི་མེ་ཁོ་ན་ཡིན་ལ། འོན་ཀྱང་མེ་དང་བྲལ་ན་དངུལ་ཆུ་འཆིང་བར་མི་ནུས་པ་ལྟར་ནང་གི་དངུལ་ཆུའི་དགྲ་འདོད་ཆགས་ཀྱི་ཡུལ་ཡིན་ཡང་དེ་མེད་པར་འཆིང་མི་ནུས་པས་ཧ་ཅང་བསྟེན་པ་དང་ཧ་ཅང་དོར་བ་མིན་པའི་ཐབས་ཤེས་པས་ལེགས་པར་བཅིངས་པ་ན་ཕྱི་ནང་གི་དངུལ་ཆུ་གཉིས་ཀའང་དགྲ་དང་ཕྲད་ཀྱང་གཡོ་བ་མེད་པ་ན་ལེགས་པར་འཆིངས་པ་ཡིན་ལ། དེ་ནི་གྲུབ་པའི་དངུལ་ཆུ་གསེར་དུ་སྣང་བའི་དངུལ་ཆུའི་རོ་བཅུད་ཆེན་པོ་ཅེས་བྱ་སྟེ་ཕྱིའི་བཅུད་དེས་གང་ལ་རེག་པའི་ལྕགས་དེས་ཐམས་ཅད་ནི་སྐད་ཅིག་གིས་ཕུག་སྟེ་མ་དག་པའི་རོ་བཅོམ་ནས་གསེར་གྱི་དངོས་པོར་བྱེད་ལ། ནང་གི་བཅུད་དེས་ནི་ཕུང་པོའི་ཚོགས་པ་སྐད་ཅིག་གིས་ཕུག་སྟེ་མ་དག་པའི་རོ་བཅོམ་ནས་མཆོག་ཏུ་མི་འགྱུར་བའི་གསེར་གྱི་དངོས་པོར་བྱེད་པ་སྟེ་ལུང་གི་ཚོགས་མཐའ་ཡས་ཀྱང་ཡི་གེས་འཇིགས་སོ། །དེས་ན་རྡོ་རྗེ་ཐེག་པའི་ལམ་ནི་ཉོན་མོངས་ཀྱི་དབང་དུ་གྱུར་པ་མ་ཡིན་པའི་གནད་གོ་བར་བྱས་ཏེ་རྟེན་དང་བརྟེན་པ་


KMC013_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་སེམས་ལེགས་པར་སྲུང་ཞིང་ཉམས་པའི་སྒྱུ་དང་འཕེལ་ཞིང་བརྟན་པའི་རྒྱུ་རྣམས་ལ་བསླབ་པར་བྱ་སྟེ། སྤྱིར་སྔགས་ཀྱི་སེམས་སྡོམ་འབོགས་ཆོག་འདི་རྒྱུད་སྡེ་བཞི་ཀའི་ཐུན་མོང་བ་ཡིན་ཡང་ཟླ་བ་དང་རྡོ་རྗེའི་འཆང་ཚུལ་འདི་ནི་དབང་གོང་མའི་ལམ་གྱི་གནད་ཁྱད་པར་བ་ཡིན་པས་སྐྱེད་རིམ་དུ་ཡང་མ་བསྟན་ན་རྒྱུད་སྡེ་འོག་མར་ལྟ་ཅི་སྨོས་ཏེ། དེས་ན་རྫོགས་པར་མ་སྨིན་པ་ལ་གསང་དགོས་ལ། སྤྱིར་ཡང་རྩ་ལྟུང་ལྔ་པ་འདི་ནི་རྒྱུད་པ་གཞན་གྱི་མཁས་པ་རྣམས་ཀྱིས་མ་རྟོགས་པ་དང་ཕྱོགས་རེ་རྟོགས་པ་ཙམ་ལས་མི་སྣང་བས་དུས་ཀྱི་འཁོར་ལོ་ལས་ཐོར་བུར་བཤད་པ་དང་དཔལ་རང་བྱུང་གི་བཞེད་པ་ཇི་ལྟ་བ་ཉིད་བརྒྱུད་པའི་མན་ངག་གིས་བརྒྱན་ཏེ་གསལ་ཞིང་རྒྱས་པར་བཀོད་པ་སྟེ་རྟོག་གེ་པ་རྣམས་ལ་སྦ་བར་བྱའོ། །རྩ་ལྟུང་དྲུག་པ་ལ། ངོ་བོ་ནི། ཉོན་མོངས་ཀྱི་དབང་གིས་གྲུབ་མཐའ་ལ་དམད་པ་སྟེ། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་དང་། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པའོ། །ཞེས་སོ། །རྒྱུ་མཚན་ནི། ཕྱི་ནང་གི་གྲུབ་པའི་མཐའ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཐབས་ཀྱི་མཛད་པོར་


KMC013_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པའི་ཕྱིར་ཏེ་བྱང་སེམས་ཀྱི་ཐབས་ཀྱི་རྣམ་འཕྲུལ་གྱི་སྤྱོད་ཡུལ་བསྟན་པའི་མདོ་ལས་གཅེར་བུ་པའི་བུ་བདེན་པར་སྨྲ་བས་གཅེར་བུ་པའི་ཚུལ་གྱིས་འགྲོ་བ་མང་པོ་སྨིན་པར་བྱས་པ་ལས་འཕྲོས་ནས། ཛམྦུའི་གསེར་གྱི་ཕུང་པོ་གར་བྱུང་བ། །དེ་ལས་དགྱེས་པའི་ཕུང་པོ་ལྕགས་མི་འབྱུང་། །ཉི་མའི་དཀྱིལ་འཁོར་གང་དུ་ཤར་གྱུར་པ། །དེར་ནི་མུན་པ་གནས་པའི་གོ་སྐབས་མེད། །ཅེས་སོགས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བསོད་ནམས་ཀྱི་ཚོགས་ཅུང་ཟད་བསགས་པ་ལ་ཡང་འགྲན་ཟླ་མེད་ན་དེ་བཞིན་གཤེགས་པ་ཚོགས་གཉིས་མཐར་ཕྱིན་པར་བསགས་པ་ལ་འགྲན་ཟླ་ག་ལ་ཞིགདེས་ན་ཞིང་འདིར་བདུད་དང་མུ་སྟེགས་ཅན་སྤྱོད་པ་པ་དང་ཀུན་ཏུ་རྒྱུ་ལ་སོགས་པ་སྣང་བ་འདི་ཐམས་ཅད་ནི་དེ་བཞིན་གཤེགས་པའི་ཐབས་མཁས་པའི་མཛད་པ་སྟེ་སེམས་ཅན་གྱི་རིས་ན་གང་ཐར་པ་ལ་མོས་ཀྱང་ཐར་པའི་ཐབས་ཡང་དག་པ་ལ་མི་མོས་པའི་རིགས་ཅན་མང་དུ་ཡོད་ལ། དེ་རྣམས་མུ་སྟེགས་ཀྱི་གྲུབ་མཐའ་དང་སྤྱོད་པ་དེ་ལ་མོས་པས་འཇུག་གི་བསྟན་པ་དངོས་ལ་སྐྲག་པས་མི་འཇུག་ལ། དེ་དག་འབད་པས་སྒྲིབ་པ་


KMC013_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་སྲབས་པར་ཡང་གྱུར་ལ། འབྲས་བུ་ཅི་ཡང་མ་ཐོབ་པས་སྐྱོ་བ་ནི་ཕྱིས་བསྟན་པ་དངོས་ལ་འཇུག་པར་ཡང་འགྱུར་བ་ཡིན་པར་གསུངས་ཅིང། ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་ཉིད་སྐར་མདའི་མདོག་གི་ཏིང་ངེ་འཛིན་ལ་ཞུགས་པས་བཅོམ་ལྡན་འདས་དྲང་སྲོང་རྒན་པོ་རལ་པ་ཅན་མེའི་སྦྱིན་སྲེག་བྱེད་པའི་མེ་འོད་ཀྱི་ཕུང་པོ་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྣང་བར་མཛད་པར་གྱུར་ཅིང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱང་དྲང་སྲོང་དུ་གྱུར་ཏེ་ཆོ་འཕྲུལ་འདིས་བརྟུལ་ཞུགས་ཀྱིས་གྲོལ་བར་སྨྲ་བའི་ཕྱི་རོལ་པ་ཐམས་ཅད་བཏུལ་བ་ལས་འཕྲོས་ནས་སྔོན་བཅོམ་ལྡན་འདས་ཉིད་རྒྱལ་པོ་བསོད་ནམས་ཀྱི་འོད་ཟེར་གྱིི་མཛོད་ཅེས་བྱ་བ་གླིང་བཞི་པའི་འཁོར་ལོ་བསྒྱུར་དུ་གྱུར་ཏེ། དེའི་ཚེ་དྲང་སྲོང་གཞན་ཡང་མེད་ནས་མུ་སྟེགས་ཉི་མ་ལ་སྟོན་པར་བལྟ་བ་ཞིག་ལ་དྲིས་པས། དེ་ལམ་མ་ཡིན་པར་ཤེས་ཏེ་ཞག་བདུན་བསྙུང་བ་བྱས་ནས་སྨོན་ལམ་བཏབ་པས་བྱང་ཕྱོགས་ཀྱི་ཞིང་བྱེ་བ་འདས་པ་ནས་སངས་རྒྱས་བཟོད་མཆོག་དཔལ་གྱི་ཕུང་པོའི་རྒྱལ་པོས་བྱང་ཆུབ་སེམས་


KMC013_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་དྲི་མེད་འོད་ལ་བནྡྷུའི་མེ་ཏོག་གི་ཆུན་པོ་གཉིས་དང་གཟུངས་དང་གདམས་པ་བསྐུར་ཏེ་བྱུང་བ་ཐོས་པས་ནམ་མཁའི་མདོག་གིས་འདུལ་བའི་བཟོད་པ་ཐོབ་སྟེ་འཁོར་ཕལ་མོ་ཆེ་དང་བཅས་པ་རལ་པ་ལ་བནྡྷུའི་མེ་ཏོག་གི་ཆུན་པོ་བཅིངས་ཅིང་ཁ་སྤུ་དང་སྐྲ་གཞན་བྲེགས་ནས་ཆ་ལུགས་གཅིག་པས་རབ་ཏུ་བྱུང་སྟེ་སེམས་ཅན་ཚད་མེད་པ་བཏུལ་ནས་སླར་རྙོག་པ་ལྔ་ཅན་གྱི་ཞིང་ཐམས་ཅད་དུ་ཀུན་ཏུ་རྒྱུ་བའི་ཆ་བྱད་ཀྱིས་དོན་བྱས་ཅིང་ཕྱིས་གླིང་དེར་བདུད་དུ་གྱུར་ནས་ཡང་དག་པའི་ལམ་བསྟན་ཞིང་ཤིན་ཏུ་མི་རུངས་པ་རྣམས་ལ་ནི་གོས་མེད་པ་དང་ཐལ་བ་དང་ལྕི་བ་བྱུག་པ་སོགས་ནས་པགས་གོས་གོན་པའི་བར་དང་། ལོ་མ་ཟ་བ་ནས་ངན་སྐྱུགས་ཟ་བའི་བར་དང་། བུམ་པའི་ཁ་ནས་ཟས་མི་ལེན་པ་ནས་ཟས་གཅིག་པ་དང་སློང་བ་གཅིག་པའི་བར་དང་། ཚེར་མའི་མལ་སྟན་ལ་འདུག་པ་ནས་ཅོག་བུ་པའི་བར་དང་། སྟན་སྤངས་པ་ནས་རྐང་པ་གཉིས་ཤིང་གི་ཡལ་ག་ལ་འཁྱུད་བའི་བར་དང་། ཆུར་ཞུགས་པ་དང་རི་གཡང་ལ་རང་ལྷུང་བ་ནས་ཆུར་རང་ལྷུང་བར་བྱེད་པའི་བར་དང་། རི་སོགས་ཀྱི་ལྷ་ལ་ཕྱག་འཚལ་བ་ནས་གནོད་སྦྱིན་ནས་


KMC013_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

བྱོལ་སོང་གི་བར་གྱི་བརྟུལ་ཞུགས་སོགས་བསྟན་པར་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་དུས་ཀྱི་འཁོར་ལོ་ལས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཞལ་བཞི་སོ་སོ་ལས་མུ་སྟེགས་ཀྱི་ཚངས་པ་བ་དང་། ཉི་མ་པ་དང་། གཅེར་བུ་པ་དང་། སྐྲ་ཅན་པ་སྟེ་གྲུབ་པའི་མཐའ་བཞི་དང་། བྲམ་ཟེའི་རིག་བྱེད་བཞི་དང་། ནང་པའི་གྲུབ་མཐའ་ཆེན་པོ་བཞི་དང་། རྒྱུད་སྡེ་བཞི་དང་། དབང་བཞི་རྣམས་གདུལ་བྱ་སོ་སོ་ལ་གསུངས་པར་བཤད་པའི་ཕྱིར་དང་། དུས་ཀྱི་འཁོར་ལོར་གྲངས་ཅན་པའི་དེ་ཉིད་ཉི་ཤུ་རྩ་ལྔའི་ཐ་སྙད་ཀྱིས་བཤད་ལ། གཞན་ཡང་བླ་མེད་ཀྱི་རྒྱུད་མཐའ་དག་མུ་སྟེགས་པའི་ཐ་སྙད་དུ་མས་རྣམ་པར་བཤད་པའི་ཕྱིར་གཞན་མུ་སྟེགས་ཀྱི་གཞུང་ལུགས་ཀྱི་གྲུབ་པའི་མཐའ་ཡང་སྔགས་པས་ཞེན་པས་དམད་པས་བྱ་བ་མ་ཡིན་ཏེ། གུར་ལས། གཞན་གྱི་ཆོས་ནི་སུན་མི་དབྱུང་། །ཞེས་དང་། རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རིང་བའི་རྒྱུ། །མུ་སྟེགས་ཅན་ལ་དམད་མི་བྱ། །ཞེས་དང་། གྲུབ་པའི་མཐའ་ཡིས་བློ་སྐྱེད་ཕྱིར། །ཕྱི་རོལ་པ་ཡང་ལམ་ཚོལ་ཞུགས། །དེ་ཕྱིར་དེ་ལ་དམད་མི་བྱ། །ལམ་ཞུགས་ཉན་ཐོས་སྨོས་ཅི་


KMC013_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། །ཅེས་སོ། །སྤྱིར་མུ་སྟེགས་ཀྱི་ཐ་སྙད་ནི་མུའམ་མཐའ་ལ་གནས་པའི་དོན་ཏེ་མཐར་འཛིན་གྱི་གྲུབ་མཐའ་སྨྲ་བ་ཐམས་ཅད་ལ་འཇུག་ལ། དེའི་ཚེ་སེམས་ཙམ་པ་མན་ཆད་ལ་མུ་སྟེགས་སུ་བརྗོད་པ་ཡོད་ཀྱང་། སྐབས་འདིར་ནི་གཞན་ཕྱི་རོལ་ཅན་གྱི་མུ་སྟེགས་ཏེ་ནང་པའི་གྲུབ་མཐའ་བཞི་ལས་གཞན་དུ་གྱུར་པ་ཚངས་པ་ལ་སོགས་པའི་ལྷ་ལ་སྐྱབས་སུ་འཛིན་པ་རྣམས་ཡིན་ལ། སྤྱིར་མུ་སྟེགས་ཀྱི་གྲུབ་མཐའ་བཞིར་ཀླ་ཀློ་རྣམས་མི་འདུ་མོད་ཀྱང་སྐབས་འདིར་ནི་ཀླ་ཀློ་ལྷ་མིན་གྱི་ལུགས་འཛིན་པ་རྣམས་དང་། ཞང་ཞུང་ནས་བྱུང་ངོ་ཞེས་འདོད་ཅིང་བོད་ཡུལ་ན་གནས་པའི་བོན་དུ་གྲགས་པ་དང་། དེ་བཞིན་དུ་འོད་སྲུང་གི་བསྟན་པའི་མཇུག་ཏུ་དགེ་སློང་རྐུན་པོས་བཅོམ་པ་ཞིག་གི་ཆ་ལུགས་ལ་བསྟེན་ནས་མུ་སྟེགས་རྣམས་སར་དུ་བྱུང་བ་ལྟར་སངས་རྒྱས་ཀྱི་བསྟན་པ་ཉམས་པ་ན་རང་གཟོ་སར་བྱུང་གི་ཆོས་ལུགས་ཐ་དད་པ་དུ་མ་འཕྲལ་འཕྲལ་དུ་འབྱུང་བར་སྣང་བ་དང་། ད་ལྟའང་ཡུལ་གྲུ་སོ་སོ་ན་དུ་མ་ཡོད་པས་བགྲང་བར་ཅི་ནུས་ཏེ་དེ་ཐམས་ཅད་ཀྱང་གཞན་གྱི་གྲུབ་མཐའ་ཞེས་པ་འདིས་སྡུད་དོ། །བྱེ་མདོ་དབུ་སེམས་ཀྱི་


KMC013_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་མཐའ་རྣམ་པ་བཞི་དང་མདོ་སྔགས་ཀྱི་གཞུང་ཐམས་ཅད་ཀྱི་གྲུབ་པ་ནི་རང་ཉིད་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྟེ། དེ་དག་ཀྱང་ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་ཐ་དད་པ་བསྟན་པའི་མདོ་ལས་དེ་བཞིན་གཤེགས་པ་ཆོས་ཉིད་རང་གི་ངོ་བོ་ལས་མི་གཡོ་བར་བཞུགས་ཅིང་འཁོར་དེ་རྣམས་ཀྱི་ནང་ནས། ཁ་ཅིག་གིས་ནི་ཇི་ལྟར་སྣང་བ་བཞིན་ཡོད་པར་སྟོན་ཏོ་སྙམ་མོ། །དེ་བཞིན་དུ་སེམས་ལས་གཞན་མེད་པ་དང་། སེམས་ཀྱང་མ་སྐྱེས་པ་དང་། ཐམས་ཅད་སྒྱུ་མ་ལྟ་བུ་དང་། རང་བཞིན་གྱིས་གཟོད་ནས་དག་པར་སྟོན་ཏོ་སྙམ་སྟེ། བརྟག་པའི་མཐའ་ལྔ་པོ་སོ་སོ་ལ་ཞེན་ནས་འཇམ་དཔལ་གྱིས་དེའི་དོན་ཞུས་པ་ན། འདི་དག་ཐམས་ཅད་ཀྱང་ཡང་དག་པ་ཡིན་པར་ཟུང་ཞིག་ཞེས་ཉེ་རྒྱུ་དང་རིང་རྒྱུའི་ཁྱད་པར་ཡོད་ཀྱང་བྱང་ཆུབ་ཀྱི་རྒྱུར་མཚུངས་པའི་ཚུལ་རྒྱས་པར་གསུངས་པའི་ཕྱིར་དང་། ཐེག་པ་གསུམ་རྣམ་པར་བཞག་པ་ཡང་ཐབས་ཀྱི་མཛད་པར་ཟད་ཀྱི། ཐེག་པ་ཐམས་ཅད་ནི་སངས་རྒྱས་ཀྱི་ཐེག་པ་གཅིག་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཐམས་ཅད་ཞིང་གི་སྙིང་པོ་བཅུ་གཉིས་དང་ལྡན་པར་འཚང་རྒྱ་བར་མཚུངས་པའི་ཕྱིར་ཏེ།


KMC013_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

རབ་ཞི་རྣམ་ངེས་ཀྱི་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ། སངས་རྒྱས་ཀྱི་ཞིང་དེ་ནི་ཡོན་ཏན་གྱི་སྙིང་པོ་བཅུ་གཉིས་དང་ལྡན་པ་ཡིན་ནོ། །དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱའོ། །འཇམ་དཔལ། ཁྱོད་ཀྱིས་རྣམ་གྲངས་དེས་ཀྱང་ངའི་སངས་རྒྱས་ཀྱི་ཞིང་ན་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཐ་དད་པ་རྣམ་པར་བཞག་པ་མེད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཐ་དད་པའི་འདུ་ཤེས་མེད་པའི་ཕྱིར་རོ། །འཇམ་དཔལ། གལ་ཏེ་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཁ་ཅིག་ལ་ནི་ཐེག་པ་ཆེན་པོ་སྟོན། ཁ་ཅིག་ལ་ནི་རང་སངས་རྒྱས་ཀྱི་ཐེག་པ་དང་། ཁ་ཅིག་ལ་ནི་ཉན་ཐོས་ཀྱི་ཐེག་པ་སྟོན་པ་དེ་ལྟར་གྱུར་ན་དེ་བཞིན་གཤེགས་པ་སེམས་ཡོངས་སུ་མ་དག་པར་འགྱུར། སེམས་མ་སྙོམས་པ་དང་མངོན་པར་ཆགས་པར་འགྱུར། ཉི་ཚེ་བའི་སྙིང་རྗེ་དང་ལྡན་པར་འགྱུར། སྣ་ཚོགས་ཀྱི་འདུ་ཤེས་ཀྱི་སྐྱོན་དུ་ལྟུང་བར་འགྱུར། དེ་བཞིན་གཤེགས་པ་སློབ་དཔོན་གྱིས་ཆོས་ཀྱི་དཔེ་མཁྱུད་བྱེད་པར་འགྱུར་རོ། །འཇམ་དཔལ། དེ་བཞིན་


KMC013_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་ཆོས་ཅི་སྟོན་ཡང་རུང་ཆོས་དེ་དག་ཐམས་ཅད་ནི་ཐེག་པ་ཆེན་པོ་ལ་གཞོལ་བ། ཐེག་པ་ཆེན་པོར་འབབ་པ། ཐེག་པ་ཆེན་པོ་ལ་བབ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲུབ་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱེད་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པའི་ཕྱིར་འཇུག་པ་སྟེ། དེའི་ཕྱིར་སངས་རྒྱས་ཀྱི་ཞིང་འདི་ན་ཐེག་པ་ཐ་དད་པ་རྣམ་པར་བཞག་པ་མེད་དོ། །ཅེས་གསུངས་ཅིང་དམ་ཆོས་པད་དཀར་དང་སྤྱོད་ཡུལ་རྣམ་འཕྲུལ་གྱི་མདོ་ལས་ཀྱང་དེ་ལྟར་རྒྱས་པར་བཤད་ཅིང་། ཐེག་པ་ཆེན་པོ་འདི་ཉིད་ལས་ཚད་མེད་གྲངས་མེད་པའི་ཐེག་པ་ཐམས་ཅད་འབྱུང་ཞིང་དེ་ཐམས་ཅད་ཐེག་པ་འདི་ཉིད་དུ་ཚུལ་གཅིག་པའི་ཕྱིར་ཏེ། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། ཐེག་པ་འདི་ནི་ཐེག་ཆེན་ཡིན། །བསམ་གྱིས་མི་ཁྱབ་ཐེག་པའོ། །དཔེར་ན་ནམ་མཁའ་དང་འདྲ་བ། །སེམས་ཅན་ཀུན་ལ་གོ་འབྱེད་དོ། །ཐེག་པ་ཐམས་ཅད་ཀུན་གྱི་ནང་། །ཐེག་པ་འདི་ལས་འདའ་བ་མེད། །ཐེག་པ་ཆེན་པོ་འདི་ནང་ནས། །ཐེག་པ་རྣམ་པ་སྣ་ཚོགས་འབྱུང་། །དཔག་པའི་གྲངས་ཅིག་ཡོད་ན་ནི། །ཐམས་ཅད་བསྒྲལ་བར་མི་ནུས་སོ། །


KMC013_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་ཅིང། ཐེག་པ་གསུམ་ཡང་རིམ་འཇུག་གི་གང་ཟག་གཅིག་ཁོ་ནའི་གནས་སྐབས་སོ་སོ་ཙམ་ཡིན་པའི་ཕྱིར་ཏེ། མདོ་དེ་ལས། རིགས་ཀྱི་བུ་རྣམས་དཔེར་ན་མི་གཅིག་ལ་མིང་གསུམ་ཡོད་པ་ལྟ་བུ་སྟེ། ཆུང་ངུའི་ཚེ་ན་ནི་བྱིས་པ་ཅེས་བྱ། ལོ་ཉི་ཤུ་ནས་ནི་སྐྱེས་པ་ཞེས་བྱ། ལོ་བརྒྱད་ཅུ་ནས་ནི་རྒན་པོ་ཞེས་བྱ་སྟེ། འདི་ཐེག་པ་གསུམ་ཡང་དེ་དང་འདྲ་སྟེ། ཞེས་གསུངས་སོ། །དེས་ན་སངས་རྒྱས་ཀྱི་ཐེག་པའི་ཆོས་ཀྱི་ཚུལ་གཅིག་པོ་ཁོ་ན་གདུལ་བྱ་རྣམས་སོ་སོའི་མོས་པའི་དབང་གིས་ཐེག་པ་སྣ་ཚོགས་པ་དང་གྲུབ་པའི་མཐའ་སྣ་ཚོགས་པར་མངོན་པར་སྣང་ཡང་ཆོས་ཀྱི་ཚུལ་དེ་ལ་ནི་ཐ་དད་པ་དང་མཆོག་དམན་དང་དར་ནུབ་དང་སྣ་ཚོགས་པའི་དངོས་པོར་གྱུར་པ་མེད་ལ། ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་དུས་མེད་ཅིང་འདུ་ཤེས་དང་བཅས་ཏེ་ཚིག་དང་ཐ་སྙད་དང་སྒྲའི་རྣམ་རིག་གིས་ཆོས་གསུང་བའི་དུས་ཀྱང་མེད་པ་འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཆེས་བསམ་གྱིས་མི་ཁྱབ་པ་ཞིག་སྟེ་བྱིས་པའི་ཤེས་པའི་སྤྱོད་ཡུལ་མ་ཡིན་ནོ། །དེས་ན་རྣམ་པར་འཐག་པ་བསྡུས་པའི་མདོ་ལས། འཇམ་


KMC013_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ངས་ནི་གངྒའི་ཀླུང་གི་བྱེ་མ་ཇི་སྙེད་ཀྱི་ཆོས་ཀྱི་སྒོ་རྣམས་མི་དམིགས་པའི་ཚུལ་གྱིས་བསྟན་ཏོ། །ཞེས་སོགས་དམིགས་པ་དང་སྟོང་པ་དང་མི་སྟོང་པ་དང་སེམས་ཅན་དང་སེམས་ཅན་མེད་པ་དང་མཚན་མ་དང་མཚན་མ་མེད་པ་སོགས་ནས་དུག་གསུམ་སོ་སོ་དང་དེ་དག་སྤང་བ་སོགས་རེ་རེའི་སྒོ་ཡང་གངྒཱའི་ཀླུང་གི་བྱེ་མ་སྙེད་རེར་བསྟན་པར་གསུངས་ནས་དེ་ཐམས་ཅད་ཀྱང་མི་རྟག་པའི་ཚུལ་གྱིས་ཤེར་ཕྱིན་དུ་གཅིག་པར་བཤད་ལ། བཀའ་ལ་བཟང་ངན་དང་ཆོས་དང་ཆོས་མ་ཡིན་པ་དང་འདི་ནི་ཉན་ཐོས་ཀྱི་ཆོས་སོ་ཞེས་སོགས་ཞེན་པས་སྒྲོ་སྐུར་དུ་བྱེད་ན་དེ་ཐམས་ཅད་ཆོས་སྤོང་བ་ཡིན་ལ། ཆོས་སྤངས་པ་དེས་ལོ་བདུན་གྱི་བར་ཉིན་ཞག་གཅིག་ཡང་མ་ཆད་པར་སྙིང་ཐག་པ་ནས་ཞག་རེ་ལ་དུས་གསུམ་དུ་བཤགས་ན་ཤིན་ཏུ་མྱུར་ན་བསྐལ་པ་བཅུས་བཟོད་པ་འཐོབ་པར་གསུངས་སོ། །དེས་ན་རང་གཞན་གྱི་གྲུབ་མཐའ་ལ་དམད་པ་ནི་རང་གཞན་གྱི་ཐར་པའི་རྒྱུ་ལ་གེགས་བྱེད་པའི་ཕྱིར་དེ་ལྟར་དུ་ཉེས་པ་ལྕི་ལ། སྔགས་ཀྱི་ཚུལ་ལ་ནི་འདི་རྩ་ལྟུང་དྲུག་པར་བཅས་པ་མཛད་དོ། །ཡུལ་ནི། ཕྱི་ནང་གི་གྲུབ་པའི་མཐའ་འོ། །ཁ་ཅིག་ཕྱི་ནང་གི་དཀར་


KMC013_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཅེས་ཟེར་མོད་ཀྱང་། དེ་ལྟ་ན་དཀར་ཆོས་ཉིད་གང་ཡིན་དཔྱོད་དགོས་པས་ཐུག་མེད་དུ་འགྱུར་ལ། གྲུབ་མཐའ་ལ་དཀར་ཆོས་ཀྱིས་མ་ཁྱབ་པའི་ཕྱིར་དང་། མུ་སྟེགས་ཀྱི་ཡང་མི་འཚེ་བ་དང་བདེན་པར་སྨྲ་བ་སོགས་སངས་རྒྱས་པའི་ཆོས་དང་ཐུན་མོང་དུ་གྱུར་པ་རྣམས་མ་གཏོགས་གཞན་ལ་དམད་པ་རྩ་ལྟུང་མ་ཡིན་ནོ་སྙམ་ནས་སྨོད་པ་ལ་སྦྱོར་བའི་དགག་བྱ་ཡོད་པས་རྒྱུད་དང་མཁས་མཆོག་དཔའ་བོས་གྲུབ་པའི་མཐའ་ཞེས་ཇི་སྐད་བཤད་པ་དེ་ཉིད་ལེགས་སོ། །འགྲེལ་ཆེན་ལས། གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུའོ། །ཞེས་གསུངས་པ་ནི་གདུལ་བྱ་ཚངས་པའི་དྲང་སྲོང་རྣམས་མུ་སྟེགས་ཀྱི་ལྟ་བ་ལས་ལྡོག་དགོས་ལ། དེ་ལ་ཡང་རིགས་པའི་གནོད་བྱེད་ཚད་མ་ཅན་མ་བསྟན་ན་ལྟ་བའི་འཛིན་པ་གཞིག་མི་ནུས་པའི་ཕྱིར་རེ་ཞིག་ཕྱི་རོལ་པའི་གྲུབ་མཐའ་རྩ་ལྟུང་གི་ཡུལ་དུ་མ་མཛད་པ་སྟེ། དེ་མཛད་ན་བདག་ཅག་གི་ལྟ་བ་ཡང་དག་པའོ་སྙམ་པའི་བློ་སྐྱེ་བའི་ཕྱིར་དང་། མ་འོངས་པ་ན་ཡང་ཀླ་ཀློའི་གྲུབ་པ་ནི་ཆེད་དུ་འགོག་དགོས་པར་ལུང་སྟོན་པའི་ཕྱིར། རེ་ཞིག་དགོས་


KMC013_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་གིས་བསྟན་པ་སྟེ་དྲང་སྲོང་རྣམས་གདུལ་བའི་དོན་དུ་རྩ་བསྡུས་གཉིས་ཀའི་རྒྱུད་ལ་དོན་གྱི་ཨེ་ཝཾ་བརྗོད་ཀྱི་སྒྲའི་ཨེ་ཝཾ་མ་བརྗོད་པ་དང་། ཕྱི་རོལ་པས་སྐུ་ཐབས་ཀྱིས་ལེན་པ་འགོག་ཕྱིར་བསྡུས་རྒྱུད་དུ་གྲུབ་རྩིས་མ་མཛད་པ་དང་། དྲང་སྲོང་རྣམས་སྤ་སྐོང་བའི་ཕྱིར་མཚོན་ཆའི་འཁྲུལ་འཁོར་རྣམས་དང་རིགས་ལྡན་གྱིས་ཀླ་ཀློའི་འཇོམས་ཚུལ་དགོངས་པས་བཤད་པ་དང་སྤྲོས་པའི་ཐིག་མང་བཤད་པ་ལྟ་བུ་ཡིན་ལ། ཕྱིས་ལྟ་བ་དང་བྲལ་ནས་ཡེ་ཤེས་ཀྱི་གནས་ཤེས་པ་ན་ནི་གྲུབ་པའི་མཐའ་ཐམས་ཅད་ཀྱང་མཉམ་པར་ངང་གིས་ཤེས་ནས་མཐར་འཛིན་གྱི་གནས་མེད་པར་འགྱུར་བ་ཡིན་ནོ། །བསམ་པ་ནི། ཞེ་སྡང་དང་ཕྲ་དོག་དང་ལོག་ལྟ་སོགས་ཀྱི་རྒྱུས་སྐྱེད་ཅིང་དགག་སྒྲུབ་ཀྱི་གནས་གཉིས་གར་མངོན་པར་ཞེན་པའི་བློ་ཁོ་ནས་སོ། །དངོས་གཞི་ནི། ཡིད་ཀྱིས་སྡང་བ་དང་བཅས་པས་ངག་གིས་ཀུན་ནས་སུན་འབྱིན་ཞིང་རྣམ་པར་སྨོད་པའོ། །དུས་ནི། དམད་པའི་ངག་གི་བྱ་བ་སྐོར་གཅིག་རྫོགས་པའི་དུས་དེ་ཉིད་ནའོ། །ལྟུང་བར་འགྱུར་ཚུལ་ནི། སྤྱིར་མཚུངས་ལ། ཡུལ་གྱི་ཆ་ནས་གསང་སྔགས་དང་ཐེག་ཆེན་སྤྱི་དང་ཐེག་དམན་དང་མུ་སྟེགས་


KMC013_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སྔ་མ་སྔ་མ་ལྕི་ཞིང་ཕྱི་མ་ཤོས་ཡང་ངོ་། །འདི་ལ་སངས་རྒྱས་ཀྱི་བཀའ་ལ་བཀར་ཤེས་བཞིན་དུ་ཁྱད་དུ་བསད་ན་རྩ་ལྟུང་གཉིས་པ་ཡིན་ལ། ཆོས་ཡང་དག་ཡིན་མིན་སོམ་ཉི་ཟ་བའི་གནས་ལ་ཆོས་ཀྱི་མིག་དྲི་མ་མེད་པའི་མངོན་པར་ཤེས་པ་མེད་པར་ཐ་སྙད་སོགས་རྟོག་གེའི་མངོན་པའི་ང་རྒྱལ་དང་སྐྱེ་བོས་གདོང་དུ་ལྟ་བའི་དྲེགས་པ་ཁོ་ནས་ཆོས་མ་ཡིན་པར་ཞེན་ཞིང་ཁ་ཚོན་གཅོད་པ་ནི་འདིར་འགྱུར་རོ། །ལྟུང་མེད་ནི། ཆོས་ཀྱི་མིག་ཐོབ་པས་ལྟ་ངན་སེལ་བ་དང་། གདུལ་བྱའི་དབང་པོ་དང་གདུལ་བའི་དུས་ཤེས་པས་དོན་དུ་མི་འགྱུར་བའི་གནས་ལས་ལྡོག་པ་དང་། མུ་སྟེགས་ཀྱི་གྲུབ་པ་ལྟ་བུ་དེ་དར་ན་ཐུབ་བསྟན་བསྣུབ་པར་མཐོང་ནས་བསྟན་པ་རིགས་པས་སྲུང་བ་སོགས་ལ་ལྟུང་བ་མེད་དེ། དེའི་ཕྱིར་ཀླུ་སྒྲུབ་ཡབ་སྲས་དང་ཕྱོགས་གླང་ཆོས་གྲགས་སོགས་རྣལ་འབྱོར་གྱི་དབང་ཕྱུག་མཐའ་ཡས་པས་ལྟ་ངན་རིགས་པས་བསལ་ཏེ་ཡང་དག་པའི་ལྟ་བ་ཉིན་མོ་ལྟར་བདལ་བ་ཡིན་ལ། དེ་དག་ནི་ལམ་དང་ལམ་མ་ཡིན་པ་དང་འཐད་མི་འཐད་སོགས་ཀྱི་དགག་སྒྲུབ་ཐམས་ཅད་གདུལ་བའི་དབང་གིས་བྲག་ཆའི་ཚིག་གི་སྒྱུ་མའི་


KMC013_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་བུའི་ཚིག་ལྟར་མཛད་པར་ཟད་ཀྱི་རང་གི་གྲུབ་མཐའ་ལ་ཆགས་ཅིང་གཞན་གྱི་གྲུབ་མཐའ་ལ་སྡང་བས་སུན་ཅི་ཕྱིན་རྒོལ་བར་མཛད་པ་མ་ཡིན་ཏེ། རང་གི་ལུགས་རྣམ་པར་འཇོག་པ་ན་སྒྲ་དང་ཐ་སྙད་ནི་བརྗོད་འདོད་ཀྱི་གཞན་དབང་མ་གཏོགས་རང་ཉིད་བརྗོད་བྱ་དང་དོན་གྱིས་སྟོང་ཞིང་རྟོག་པའི་ཆ་ནས་མིང་རེ་རེས་ཀྱང་བརྗོད་མི་ནུས་པའི་དངོས་པོ་མེད་པ་དང་། ཇི་ལྟར་མཐོང་བའི་དོན་ཡང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས་གོང་མ་གོང་མ་རྣམས་ཀྱིས་གནོད་པའི་ཚུལ་བཤད་ནས། མཐར་འཛིན་གྱི་རང་ལུགས་ཀྱི་མཐའ་ཐེར་ཟུག་ཏུ་བཞག་པ་མེད་པའི་ཕྱིར་རོ། །དེས་ན་རྗེ་འབྲི་ཁུང་པས། ཐེག་པ་ཐམས་ཅད་རང་ས་ན་བདེན། ཞེས་རང་རང་གི་སྐབས་ན་དགོས་པ་དང་རྒྱུ་མཚན་རེ་ཡོད་པས་དེའི་ཆ་ནས་དམད་དུ་མེད་ཅིང་། གོང་ས་ནས་ཡས་གཞལ་ན་འཇིག་ཞིང་ཡིད་རྟོན་པར་མི་ནུས་པའི་ཕྱིར་ཆགས་སུ་ཡང་མེད་པའི་གནད་ཤེས་པས་ལྟ་གྲུབ་ཐམས་ཅད་ཀྱང་ཞེན་པ་དང་འདོར་བ་མེད་པའི་ཚུལ་གྱིས་མཉམ་ཉིད་དུ་ལྟ་བར་གསུངས་པ་ལྟར་ཤེས་པས་སྤྱད་པར་བྱ་ཞིང་ཆོས་ཀྱི་དགག་སྒྲུབ་ཀྱང་དགོས་པ་ཁྱད་པར་བ་ཡོད་ན་མཁས་ཅིང་


KMC013_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

གཟུ་བོར་གནས་པའི་དམ་པས་ཆོས་ཉིད་དུ་ཞུགས་པས་བྱའི་ཕྱོགས་རེའི་མིག་ཅན་གྱི་སྔགས་པས་ཞེན་པས་རྩོད་པར་མི་བྱའོ། །རྩ་ལྟུང་བདུན་པ་ལ། ངོ་བོ་ནི། མ་སྨིན་པ་ལ་སྔགས་ཀྱི་གསང་བ་བསྒྲགས་པའི་ཉེས་པ་ལྕི་བ་སྟེ། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་བསྒྲགས་པ་བདུན་པ་ཡིན། །ཞེས་དང་། རི་བོ་དག་ཡང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། །ཞེས་སོ། །རྒྱུ་མཚན་ནི། སྣོད་མིན་ལ་གསང་བ་བསྟན་པ་ན་ཆོས་སམ་རྣལ་འབྱོར་པ་ལ་མ་དད་པས་སྨོད་པར་འགྱུར་ལ། རྒྱུ་དེས་དེ་ངན་འགྲོར་འགྲོ་བའི་ཕྱིར་དེ་ལ་གནོད་པར་འགྱུར་བའི་ཕྱིར་དང་། རང་ཉིད་ཀྱིས་ཀྱང་སེམས་ཅན་དེ་མ་སྲུངས་ཅིང་བློས་དོར་བར་འགྱུར་བ་དང་། དབང་དུས་སུ་ཁྱོད་ཀྱིས་འདི་དཀྱིལ་འཁོར་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག་ཞེས་དང་། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེག །ཞེས་གསང་བར་གདམས་པའི་དམ་ཚིག་དང་འགལ་བའི་ཕྱིར་དང་། དེས་ན་དངོས་གྲུབ་མི་འགྲུབ་ཅིང་མཐོང་ཆོས་དང་ཕྱི་མ་ལ་འཇིགས་པ་འབྱུང་བའི་ཕྱིར་ཏེ། བདེ་མཆོག་རྩ་རྒྱུད་ལས། དམ་ཚིག་སྤྱོད་པར་བྱེད་པ་


KMC013_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །རྣལ་འབྱོར་ཆེ་ལ་གང་ཞིག་སྡང་། །ཁྱི་ཡི་སྐྱེ་གནས་བརྒྱར་སྐྱེ་ཞིང་། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་དང་། བརྟག་གཉིས་ལས། མ་བསངས་སྦྲུལ་དང་ཆོམ་རྐུན་དང་། །ས་སྤྱོད་མི་ཡི་སྡུག་བསྔལ་བྱེད། །ཅེས་སོ། །ཡུལ་ལ། རྗེ་བུ་དོང་བས། རང་བཞིན་གྱིས་མ་སྨིན་པ་ལོག་སྲེད་ཅན། དབང་པོ་མ་སྨིན་པ་ཉན་རང་། རྐྱེན་གྱིས་མ་སྨིན་པ་བུམ་དབང་སོགས་མ་ཐོབ་པ་ཡིན་ལ། དང་པོ་གཉིས་ལ་ཐུན་མོང་མིན་པའི་གསང་བ་གང་ཡང་མི་སྒྲག་ལ། རྐྱེན་གྱིས་མ་སྨིན་པ་ལ་གྲོལ་བྱེད་ལམ་གྱི་གསང་བ་དངོས་སུ་མི་བསྒྲག་པ་ཡིན་གྱི་སྨིན་བྱེད་དབང་གི་གསང་བ་མི་སྒྲག་པ་ཡིན་ན་དབང་མ་ཐོབ་པ་ལ་དབང་མི་བསྐུར་དགོས་པས་དབང་ཐོབ་པའི་གང་ཟག་མི་སྲིད་པར་འགྱུར་རོ། །ཞེས་འཆད་མོད། རྐྱེན་གྱིས་མ་སྨིན་པ་ལ་དབང་གི་གསང་བ་བསྒྲག་བྱ་མ་ཡིན་ཏེ། ཁྱོད་ཀྱིས་འདི་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱི་མདུན་དུ་སྨྲ་བར་མ་བྱེད་ཅིག་ཁྱོོད་དམ་ཚིག་ཉམས་པར་འགྱུར་ཏ་རེ་ཞེས་དམ་བཞག་བྱས་པའི་ཕྱིར་དང་། ཁྱོད་ཀྱིས་ལམ་གྱི་གསང་བ་དཀྱིལ་འཁོར་ཆེན་པོ་མ་མཐོང་བའི་མདུན་དུ་ཞེའི་ཁྱོད་ཀྱིས་འདི་ལོག་སྲེད་ཅན་དང་ཉན་རང་


KMC013_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

གི་མདུན་དུ་ཞེས་དམ་བཞག་མ་བྱས་པའི་ཕྱིར་དང་། འདི་ཞེས་པ་དེའང་དབང་བསྐུར་དེ་ཉིད་ལ་ངོས་འཛིན་དགོས་པའི་ཕྱིར། དེས་ན་དབང་གི་སྣོད་མིན་ལ་དབང་བསྐུར་ན་ནི་གསང་སྒྲོགས་ཡིན་ཏེ། འགྲེལ་ཆེན་ལས། མ་སྨིན་པའི་མི་ཉན་ཐོས་ཀྱི་ལམ་ལ་གནས་པ་ལ་གསང་བ་བྱིན་ལས་ཅེས་པ་བདེ་བ་ཆེན་པོ་བྱིན་པ་ལས་སློབ་དཔོན་རྣམས་ལ་ལྟུང་བའོ། །ཞེས་གསུངས་ལ་དེས་མཚོན་ནས་ཁྱིམ་པ་ལ་སོགས་པའི་རྟེན་ཅན་སྔགས་ཀྱི་སྣོད་མིན་ཐམས་ཅད་ཀྱང་སྡུད་དགོས་ཏེ། ཉན་ཐོས་པ་རྟགས་དང་སྡོམ་པས་ཁྱད་པར་དུ་བྱས་པ་དེ་ལ་ཡང་མི་སྒྲག་ན་གཞན་སྣོད་མིན་ལ་ལྟ་ཅི་སྨོས་པའི་ཕྱིར་རོ། །བདེ་བ་ཆེན་པོ་བྱིན་པ་ལས། །ཅེས་པ་ནི་གཙོ་བོར་དབང་གོང་མ་རྣམས་བསྐུར་བ་ཡིན་ལ། རྗེས་མཐུན་གྱི་རྒྱུ་ཡིན་པའི་ཆ་ནས་བྱིས་པའི་དབང་བདུན་ཡང་ཕྱོགས་སུ་བསྡུས་ལ། དབང་གིས་ཉེ་བར་མཚོན་ནས་ལམ་གྱི་གསང་བ་ཡང་བསྡུས་པ་སྟེ་དབང་ཡང་མི་བསྐུར་ན་ལམ་བྱིན་པ་ལྟ་ཅི་སྨོས་ཅེས་པར་འགྱུར་བའོ། །དེས་ན་སློབ་དཔོན་རྣམས་ལ་ལྟུང་བའོ་ཞེས་པའང་གང་གིས་སྣོད་མིན་ལ་དབང་ངམ་ལམ་གྱི་གསང་བ་བྱིན་ན་སྟེར་བ་པོ་


KMC013_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་དེ་ལ་ལྟུང་བའོ་ཞེས་པའི་དོན་ཏེ། དབང་དང་ལམ་གང་ཡང་མ་བྱིན་ན་དེ་སྔགས་ཀྱི་སློབ་དཔོན་དུ་མི་འགྱུར་བའི་ཕྱིར་རོ། །འོ་ན་དབང་མ་ཐོབ་པ་ལ་མི་བསྐུར་དགོས་པས་དབང་ཐོབ་པ་ནི་མི་སྲིད་པར་འགྱུར་རོ་ཞེ་ན། འདི་ནི་མཁས་པ་ལ་མི་འོས་པའི་གསུང་ཞིག་སྟེ། སྣོད་ལྡན་ལ་དབང་བསྐུར་བ་རྩ་ལྟུང་ཡིན་པར་ཐལ། སྣོད་མིན་ལ་དབང་གིས་གསང་བ་བསྒྲགས་པ་རྩ་ལྟུང་ཡིན་པའི་ཕྱིར། ཞེས་པའི་རིགས་པ་འདི་ནི་ཕ་ལ་བསྙེན་བཀུར་བྱས་ན་མཚམས་མེད་ཡིན་པར་ཐལ། ཕ་བསད་ན་མཚམས་མེད་ཀྱི་ལས་ཡིན་པའི་ཕྱིར། ཞེས་པའི་རིགས་པ་ཡིན་པས་ཐམས་ཅད་བཞད་གད་དུ་འགྱུར་རོ། །དེ་ལྟ་མོད་ཀྱི་ཐལ་འགྱུར་དེ་ནི་རྒྱུད་གསུང་བ་པོ་ལ་འཕང་བར་མཛོད་ཅིགརྩ་ལྟུང་བདུན་པ་འཆའ་བ་པོ་ཁོ་བོ་ཅག་ནི་མ་ཡིན་ནོ། །དེས་ན་དབང་བསྐུར་ཡིན་ན་གསང་སྒྲོགས་ཡིན་པས་ཁྱབ་པའི་དམ་བཅའ་འདི་ནི་ཧ་ཅང་ངོ་མཚར་བ་ཞིག་སྣང་ངོ་། །གལ་ཏེ་དབང་བསྐུར་ལ་དབང་གི་གསང་བ་སྒྲོག་པའི་ཐ་སྙད་གྲུབ་བོ་སྙམ་ན། འོ་ན་འདུལ་བ་ལས་མི་མ་ཡིན་པ་བསད་ན་སྦོམ་པོ་དང་དུད་འགྲོ་བསད་ན་ལྟུང་བྱེད་དུ་བཤད་པ་ལ་ཡང་དུད་འགྲོ་ལ་


previousཤོག་ལྷེབ་ ༥༠༡ ནས་ ༦༠༠ བར།next