Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
  collapse section
   
   
   
   
ཤོག་ལྷེབ་ ༣༠༡ ནས་ ༣༢༤ བར།
   


 
previousཤོག་ལྷེབ་ ༣༠༡ ནས་ ༣༢༤ བར།next

ཤོག་ལྷེབ་ ༣༠༡ ནས་ ༣༢༤ བར།


KMC018_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་ཕྲིན་ལས་བླ་མ་ལ། །ལྟོས་པ་ཐམས་ཅད་རྗེ་རང་གྲུབ། །གྲུབ་པའི་མཆོད་པས་མཆོད་པ་འབུལ། །དབང་བཞི་བདེ་ཆེན་དབང་བསྐུར་གསོལ། །ཞེས་གསུངས་སོ།། ༈ །།སྒོ་མོ་བའི་དམ་ཚིག་བཞི་མའི་གསུང་མགུར་ནི། ༈ སྤྲོས་པའི་མཐའ་དང་བྲལ་བའི་ཆོས་སྐུ་དང་གཅིག །མཚན་དཔེས་རབ་ཏུ་བརྒྱན་པའི་ལོངས་སྐུ་དང་གཉིས། །སྣ་ཚོགས་གང་འདུལ་སྟོན་པའི་སྤྲུལ་སྐུ་དང་གསུམ། །སྐུ་གསུམ་དབྱེར་མེད་འཕྲེད་ཡགས་རྗེ་ལ་འདུད། །སྣང་རྟག་ལྟར་མ་སོང་བའི་དམ་ཚིག་དང་གཅིག །སྟོང་ཆད་ལྟར་མ་སོང་བའི་དམ་ཚིག་དང་གཉིས། །ཟུང་འཇུག་གཉིས་སྣང་བྲལ་བའི་དམ་ཚིག་དང་གསུམ། །ལྟ་བའི་དམ་ཚིག་གཅིག་ལགས་སོ་གསུམ་ལགས་སམ། །སྣང་ཐོག་ཏུ་མ་ཡེངས་པའི་དམ་ཚིག་དང་གཅིག །སྟོང་ཐོག་ཏུ་མི་སྒོམ་པའི་དམ་ཚིག་དང་གཉིས། །དབྱེ་བར་མཚམས་མེད་པའི་དམ་ཚིག་དང་གསུམ། །སྒོམ་པའི་དམ་ཚིག་གཅིག་ལགས་སོ་གསུམ་ལགས་


KMC018_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

སམ། །ཞིབ་གྲིམ་ཆེད་དུ་མ་སོང་བའི་དམ་ཚིག་དང་གཅིག །རྩིང་ལྷོད་པོར་མ་སོང་བའི་དམ་ཚིག་དང་གཉིས། །བླང་དོར་ཐོ་ཆོ་བྲལ་བའི་དམ་ཚིག་དང་གསུམ། །སྤྱོད་པའི་དམ་ཚིག་གཅིག་ལགས་སོ་གསུམ་ལགས་སམ། །བཟང་ཞི་བདེ་ལ་མི་རེ་བའི་དམ་ཚིག་དང་གཅིག །ངན་སྲིད་པ་ལ་མི་དོགས་པའི་དམ་ཚིག་དང་གཉིས། །དོན་གཉིས་ཕྱོགས་ལྷུང་བྲལ་བའི་དམ་ཚིག་དང་གསུམ། །འབྲས་བུའི་དམ་ཚིག་གཅིག་ལགས་སོ་གསུམ་ལགས་སམ། །དཔལ་ལྡན་འཕྲེང་ཡགས་ཆོས་རྗེའི་བཀའ་དྲིན་གྱིས། །ཕོ་མདོ་མེད་ཀྱི་སྤྲང་པོ་ཡེ་དཔལ་གྱིས། །གནས་ཆེན་དུ་གྲགས་པ་རྫ་དཀར་རི་ཁྲོད་དུ། །ལྟ་སྒོམ་སྤྱོད་འབྲས་དམ་ཚིག་མགུར་འཐེན་ནོ། །ཞེས་གསུངས་སོ།། ༈ །།དཔལ་སྟག་ལུང་ཐང་པ་དང་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པའི་སློབ་མ་གྲུབ་ཐོབ་སྙེ་མོ་བ་དངོས་གྲུབ་རྒྱལ་མཚན་གྱི་གསུང་མགུར་ནི། ༈ ན་མོ་གུ་རུ། སེམས་ཉིད་གཞི་རྩ་ཆོད་པའི་རྣལ་འབྱོར་པ། །རྣམ་རྟོག་ནི་རྒྱ་མཚོའི་རྦ་རླབས་དང་འདྲ། །སྐྱེས་


KMC018_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ནི་ཁོ་རང་གི་ངོ་བོས་སྟོང་། །སྐྱེས་པ་སྐྱེ་མེད་འདི་དང་རེ་སྤྲོ་ན། །ཨ་ལ་ལ་གྲུབ་ཐོབ་སྙེ་མོ་བའི་ཡ་མཚན་ལ། །ཨ་ལ་ལ་གཡའ་རི་གངས་རིའི་སྐྱིད་པ་ལ། །མཉམ་པར་བཞག་པའི་སེམས་ཉིད་འདི། །སྤྲིན་ཐག་ཆད་པའི་ནམ་མཁའ་འདྲ། །མཐའ་དབུས་མེད་པ་ངོ་བོ་སྟོང་། །མ་སྐྱེས་སྐྱེ་མེད་འདི་དང་རེ་སྤྲོ་ན། །ཨ་ལ་ལ་གྲུབ་ཐོབ་སྙེ་མོ་བའི་ཡ་མཚན་ལ། །ཨ་ལ་ལ་གཡའ་རི་གངས་རིའི་སྐྱིད་པ་ལ། །བློ་ཆོས་སུ་སོང་བའི་སེམས་ཉིད་འདི། །རྒྱུད་གཏན་དུ་སྦྱངས་པའི་བལ་ཐུལ་འདྲ། །གནས་གང་ན་སྡོད་ཀྱང་འབོལ་ལེ་བ། །མ་བདེ་མེད་པ་འདི་དང་རེ་སྤྲོ་ན། །ཨ་ལ་ལ་གྲུབ་ཐོབ་སྙེ་མོ་བའི་ཡ་མཚན་ལ། །ཨ་ལ་ལ་གཡའ་རི་གངས་རིའི་སྐྱིད་པ་ལ། །ནོར་གསོག་འཇོག་སྤངས་པའི་རྣལ་འབྱོར་པ། །ནོར་རྫས་འདི་ལུང་སྟོང་གི་ཤ་རྒོད་འདྲ། །ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག །ཞེན་པ་ནང་ནས་བྲལ་བ་འདི་དང་རེ་སྤྲོ་ན། །ཨ་ལ་ལ་གྲུབ་ཐོབ་སྙེ་མོ་བའི་


KMC018_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མཚན་ལ། །ཨ་ལ་ལ་གཡའ་རི་གངས་རིའི་སྐྱིད་པ་ལ། །རང་གཅིག་པུར་རི་ཁྲོད་འགྲིམ་ཙ་ན། །སྣང་བ་འདི་བསམ་ཡས་གྱི་དབུ་རྩེ་དང་འདྲ། །ཕྱོགས་ག་ནས་བལྟས་ཀྱང་ལྟད་མོ་རུ་ཆེ། །ཡུལ་སྣང་སྟོང་དུ་འཆར་པ་འདི་དང་རེ་སྤྲོ་ན། །ཨ་ལ་ལ་གྲུབ་ཐོབ་སྙེ་མོ་བའི་ཡ་མཚན་ལ། །ཨ་ལ་ལ་གཡའ་རི་གངས་རིའི་སྐྱིད་པ་ལ། །བློ་ལས་སུ་རུང་བའི་སེམས་ཉིད་འདི། །བྱ་རྒོད་པོ་ནམ་འཕང་གཅོད་པ་འདྲ། །རྟེན་འབྲེལ་དུ་ཆོས་ཉིད་ཀྱི་ཀློོང་ནས་འཕྱོ། །བློ་རེ་དོགས་དང་བྲལ་བ་འདི་དང་རེ་སྤྲོ་ན། །ཨ་ལ་ལ་གྲུབ་ཐོབ་སྙེ་མོ་བའི་ཡ་མཚན་ལ། །ཨ་ལ་ལ་གཡའ་རི་གངས་རིའི་སྐྱིད་པ་ལ། །རང་དབེན་པའི་གནས་སུ་འདུག་པའི་ཚེ། །ཚོགས་དྲུག་ཡུལ་གྱི་སྣང་བ་འདི། །ནགས་ལ་མེ་ཆེན་མཆེད་པ་འདྲ། །ཀུན་གྲོགས་སུ་འཆར་བ་འདི་དང་རེ་སྤྲོ་ན། །ཨ་ལ་ལ་གྲུབ་ཐོབ་སྙེ་མོ་བའི་ཡ་མཚན་ལ། །ཨ་ལ་ལ་གཡའ་རི་གངས་རིའི་སྐྱིད་པ་ལ། །སེམས་ཉིད་སྟོང་པའི་ངོ་བོ་ལ། །


KMC018_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་བྱའི་ཚིག་གིས་མ་བསླད་པའི། །ཡུལ་སྣང་སྟོང་དུ་མ་ཞེན་ཆུ་ཟླ་དང་འདྲ། །འཁྲུལ་མེད་རང་གསལ་དུ་འཆར་བ་འདི་དང་རེ་སྤྲོ་ན། །ཨ་ལ་ལ་གྲུབ་ཐོབ་སྙེ་མོ་བའི་ཡ་མཚན་ལ། །ཨ་ལ་ལ་གཡའ་རི་གངས་རིའི་སྐྱིད་པ་ལ། །ཨ་ལ་ལ་གངས་ཀྱི་ཁྱིའུ་ཆུང་ངའི་དགའ་བ་ལ། །ཞེས་གསུངས་སོ།། ༈ །།ན་མོ་གུ་རུ། བཀའ་རྒྱུད་རྩོད་པ་མེད་པ་རྡོ་རྗེ་འཆང་ཚེ་གཅིག་ལ་སྒྲུབ་པའི་ཉེ་ལམ་རྣལ་འབྱོར་ཆེན་པོ་གཙང་པ་རྒྱ་རས་པའི་སྲས་ཀྱི་ཐུ་བོ། རྒོད་ཚང་པ་མགོན་པོ་རྡོ་རྗེ་དེ་ཉིད། བྲག་རྒོད་ཚང་ཅན་དུ་ཐ་མལ་གྱི་རྣམ་རྟོག་གཏད་མེད་ཧྲུལ་པོར་བཏང་སྟེ་བསྒོམས་པས། སྣང་འཛིན་རང་གར་ཞིག་སྟེ། བདེན་མེད་ཉམས་སུ་ཤར་བའི་རྡོ་རྗེའི་ཉམས་དབྱངས་སྣང་བ་ཟང་ཐལ་མར་གྲགས་པའི་མགུར་བཞེངས་པ། ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ་ཏ་ཟོབ་ཏར་འདུག་གོ །ཀུན་རྫོབ་འདི་སྒྱུ་མའི་འཁྲུལ་འཁོར་དུ་འདུག་གོ །རྒྱབ་བྲག་འདི་ཟང་ངེ་ཐལ་ལེ་རུ་འདུག་གོ །ཏཻ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ་ཏ་ཟོབ་


KMC018_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

ཏར་འདུག་གོ །ཀུན་རྫོབ་འདི་སྒྱུ་མའི་འཁྲུལ་འཁོར་དུ་འདུག་གོ །རྒྱབ་བྲག་འདི་ཟང་ངེ་ཐལ་ལེ་རུ་འདུག་གོ །མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ་ཏ་ཟོབ་ཏར་འདུག་གོ །ཀུན་རྫོབ་འདི་སྒྱུ་མའི་འཁྲུལ་འཁོར་དུ་འདུག་གོ །རྒྱབ་བྲག་འདི་ཟང་ངེ་ཐལ་ལེ་དུ་འདུག་གོ །སྒྲ་བསྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ་ཏ་ཟོབ་ཏར་འདུག་གོ །ཀུན་རྫོབ་འདི་སྒྱུ་མའི་འཁྲུལ་འཁོར་དུ་འདུག་གོ །རྒྱབ་བྲག་འདི་ཟང་ངེ་ཐལ་ལེ་རུ་འདུག་གོ། །དབང་ཕྱུག་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ་ཏ་ཟོབ་ཏར༴ ཀུན་རྫོབ་འདི་སྒྱུ་མའི་འཁྲུལ༴ རྒྱབ་བྲག་འདི་ཟང་ངེ་ཐལ༴ ཆོས་རྒྱལ་དྭགས་པོ་ལྷ་རྗེ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་ཐལ༴ བདེ་གཤེག་ཕག་མོ་གྲུབ་པ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་


KMC018_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྒྱུ་མའི་འཁྲུལ༴ རྒྱབ་བྲག་འདི་ཟང་ངེ་༴ གྲུབ་ཐོབ་གླིང་ཆེན་རས་པ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ འགྲོ་མགོན་གཙང་པ་རྒྱ་རས་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ སངས་རྒྱས་མི་བསྐྱོད་རྡོ་རྗེ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་ཐལ་ལེ་རུ་འདུག་གོ །རྒྱལ་བ་དཀོན་མཆོག་ཡན་ལག་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ རྗེ་བཙུན་དབང་ཕྱུག་རྡོ་རྗེ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ གར་དབང་ཆོས་ཀྱི་དབང་ཕྱུག་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ རྒྱལ་མཆོག་ཆོས་


KMC018_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

དབྱིངས་རྡོ་རྗེ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི་འཁྲུལ་འཁོར༴ རྒྱབ་བྲག་འདི་ཟང་ངེ་༴ རྒྱལ་བ་ཡེ་ཤེས་སྙིང་པོ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ མཚུངས་མེད་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི་འཁྲུལ༴ རྒྱབ་བྲག་འདི་ཟང་ངེ་༴ དཔལ་ཆེན་ཆོས་ཀྱི་དོན་གྲུབ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ རྒྱལ་བ་བྱང་ཆུབ་རྡོ་རྗེ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ ཡི་དམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་


KMC018_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བྲག་འདི་ཟང་ངེ་༴ དམ་ཆོས་ཕྱག་རྒྱ་ཆེན་པོ་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ༴ ཀུན་རྫོབ་འདི་སྒྱུ་མའི༴ རྒྱབ་བྲག་འདི་ཟང་ངེ་༴ མཆེད་གྲོགས་རྡོ་རྗེ་སྤུན་ཚོགས་ལ་གསོལ་བ་འདེབས། །སྣང་བ་འདི་ཀུན་ཟབ་ཏ་ཟོབ་ཏར་འདུག་གོ །ཀུན་རྫོབ་འདི་སྒྱུ་མའི་འཁྲུལ་འཁོར་དུ་འདུག་གོ །རྒྱབ་བྲག་འདི་ཟང་ངེ་ཐལ་ལེ་རུ་འདུག་གོ །ཞེས་གསུང་སོ།། ༈ །།རྗེ་སྒོམ་པ་ཚུལ་ཁྲིམས་སྙིང་པོའི་སྲས་ཀྱི་ཐུ་བོ། ཞང་རིན་པོ་ཆེ་ཞེས་བྱ་བ། སྐྱིད་ཤོད་ཀྱི་ཚ་བ་གྲུར་འཁྲུངས། དར་མ་གྲགས་སུ་མཚན་གསོལ། འཁོར་བའི་རང་མཚང་གཟིགས་ཏེ་རབ་ཏུ་བྱུང་། བསྙེན་པར་རྫོགས་ནས་མཚན་བརྩོན་འགྲུས་གྲགས་པར་བཏགས། དཔལ་རྒྭ་ལོ། མལ་ཡེར་པ་བ། དངུལ་ཆུ་བཻ་རོ་པ། སྒོམ་ཚུལ་ཏེ་ཡིན་ངེས་ཀྱི་བླ་མ་བཞི་བསྟེན་ནས་སྨིན་གྲོལ་མཐར་ཕྱིན། རྒྱལ་ཁྲིམས་མེད་པའི་བོད་ཁམས་འབངས་སིལ་བུར་ཡོད་དུས་རི་རྒྱ་ཀླུང་རྒྱ་མཛད། གུང་ཐང་གི་ལྷ་ཁངས་བཞེངས། རྒྱ་འོག་ཏུ་མ་འདུས་པ་རྣམས་སྤྲུལ་པའི་དམག་གིས་བཏུལ་ཏེ། དཔོན་དར་མ་གཞོན་ནུ་སོགས་འཁྲུགས་གྲལ་དུ་ལྷ་ཡི་ཞལ་མཐོང་བ་དང་ཕྱག་ཆེན་གྱི་རྟོགས་པ་སྐྱེས་པ་མང་དུ་བྱུང་། གཡུལ་ལས་རྒྱལ་བའི་ཚུལ་


KMC018_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་རྡོ་རྗེའི་གླུ་བཞེངས་པ་ནི།། ༈ ཨང་གི་ཕུག་རོན་སྔོན་ཆུང་མ། །ཁྱོད་ཉི་མ་ཤར་གྱི་ཕྱོགས་སུ་འགྲོ་མི་འགྲོ། །ཁྱོད་ཉི་མ་ཤར་གྱི་ཕྱོགས་སུ་འགྲོ་ཟེར་ན། །ཤར་རྡོ་རྗེ་སེམས་དཔའ་ལ་འཕྲིན་ཅིག་སྐྱོལ། །བླ་མ་ཞང་འཁྲུག་པ་ཡང་རྒྱལ་འདུག་གྱིས། །སངས་རྒྱས་ཀྱི་བསྟན་པ་དར་འདུག་གྱིས། །དགེ་འདུན་གྱི་དབུ་འཕང་མཐོ་འདུག་གྱིས། །སེམས་ཅན་ལ་བདེ་སྐྱིད་བྱུང་འདུག་གྱིས། །ཁྱོད་ཉི་མ་ལྷོ་ཡི་ཕྱོགས་སུ་འགྲོ་མི་འགྲོ། །ཁྱོད་ཉི་མ་ལྷོ་ཡི་ཕྱོགས་སུ༴ ལྷོ་རིན་ཆེན་འབྱུང་ལྡན་ལ༴ བླ་མ་ཞང་འཁྲུག་པ་ཡང་༴ སངས་རྒྱས་ཀྱི་བསྟན་པ་དར༴ དགེ་འདུན་གྱི་དབུ་འཕང་མཐོ༴ སེམས་ཅན་ལ་བདེ་སྐྱིད་བྱུང་༴ ཁྱོད་ཉི་མ་ནུབ་ཀྱི་ཕྱོགས་སུ༴ ཁྱོད་ཉི་མ་ནུབ་ཀྱི་ཕྱོགས༴ ནུབ་སྣང་བ་མཐའ་ཡས་ལ་འཕྲིན༴ བླ་མ་ཞང་འཁྲུག་པ་ཡང་རྒྱལ༴ སངས་རྒྱས་ཀྱི་བསྟན་པ་དར༴ དགེ་འདུན་གྱི་དབུ་འཕང་མཐོ༴ སེམས་ཅན་ལ་བདེ་སྐྱིད་བྱུང་༴ ཁྱོད་ཉི་མ་བྱང་


KMC018_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕྱོགས་སུ༴ ཁྱོད་ཉི་མ་བྱང་གི་ཕྱོགས་སུ་འགྲོ་ཟེར་ན། །བྱང་དོན་ཡོད་གྲུབ་པ་ལ་འཕྲིན༴ བླ་མ་ཞང་འཁྲུག་པ་ཡང་རྒྱལ༴ སངས་རྒྱས་ཀྱི་བསྟན་པ་དར་འདུག་གྱིས། །དགེ་འདུན་གྱི་དབུ་འཕང་མཐོ་འདུག་གྱིས། །སེམས་ཅན་ལ་བདེ་སྐྱིད་བྱུང་འདུག་གྱིས། །ཁྱོད་ཉི་མ་དབུས་ཀྱི་ཕྱོགས༴ ཁྱོད་ཉི་མ་དབུས་ཀྱི་ཕྱོགས་སུ༴ དབུས་རྣམ་པར་སྣང་མཛད་ལ་འཕྲིན་ཅིག་སྐྱོལ། །བླ་མ་ཞང་འཁྲུག་པ་ཡང་རྒྱལ་འདུག་གྱིས། །སངས་རྒྱས་ཀྱི་བསྟན་པ་དར་འདུག་གྱིས། །དགེ་འདུན་གྱི་དབུ་འཕང་མཐོ་འདུག་གྱིས། །སེམས་ཅན་ལ་བདེ་སྐྱིད་བྱུང་འདུག་གྱིས། །ཞེས་གསུངས་སོ།། ༈ །།སྒོ་མོ་བ་བསམ་གཏན་དཔལ་ལེ་དེ་ཉིད་དགོས་པ་ཞིག་གིས་ཉ་མགོ་གྲུ་ཁར་བྱོན། མཉན་པ་ལ་གྲུ་ཐོང་གསུངས་པས་གྲུ་བཙས་སྟེར་རྒྱུ་མེད་པས་གཏོང་དུ་མ་འདོད། དེར་ཆོས་རྗེས་གཙང་པོའི་སྟིང་དུ་གདིང་བ་བཏིང་། སྤ་འཁར་སྐྱ་བའི་ཚུལ་དུ་མཛད་དེ་མཉན་པ་སོགས་གདུལ་བྱ་འདུལ་བའི་དོན་དུ་རྫུ་འཕྲུལ་ཀྱི་བཀོད་པ་བསྟན་ནས་རྡོ་རྗེའི་གླུ་འདི་བཞེངས་པ། ༈ ང་ཡི་བླ་མ་ནི་སྐྱེས་མཆོག་ཆོས་རྗེ། །སྤྲང་པོའི་བླ་མ་ནི་


KMC018_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

དུས་གསུམ་སངས་རྒྱས། །ཆུ་བོ་གཡས་ནས་འབབ་པ་ཡར་ཀླུང་གི་ཤམ་ཆུ། །ཆུ་བོ་གཡོན་ནས་འབབ་པ་སྐྱིད་ཆུ་ཡི་སྔོན་མོ། །ཆུ་བོ་དབུས་ནས་འབབ་པ་ཡར་ཆབ་ཀྱི་གཙང་པོ། །ཆུ་བོ་དེ་གསུམ་འཛོམ་པ་ཉ་མགོ་ཡི་གྲུ་ཁ། །ཉ་མགོ་གྲུ་ཁ་འདི་སྒོ་མོ་ཆོས་ལྡིང་དང་འདྲ་ཡོ། །གྲུ་ཤན་རྟ་མགོ་ནི་བླ་མའི་གཟིམ་ཁང་དང་འདྲ་ཡོ། །མཉན་ཆེན་བག་དྲོ་ནི་སྐྱེས་མཆོག་ཆོས་རྗེ་དང་འདྲ་ཡོ། །གྲུ་སྐྱ་སྐྱ་ཆུང་འདི་བླ་མའི་གདམས་ངག་དང་འདྲ་ཡོ། །ཕར་སྒྲོལ་ཚུར་སྒྲོལ་ནི་ཐར་ལམ་སྙེགས་པ་དང་འདྲ་ཡོ། །བྱ་བཏང་སྐྱེས་བུ་ང་འབྱུང་བའི་ཆུ་བོ་ལས་སྒྲོལ་དང་། །གཉན་ཆེན་བག་དྲོོ་ཁྱོད་འཁོར་བའི་ཆུ་བོ་ལས་བསྒྲལ་གྱི། །གཅིག་དྲིན་གཅིག་ལ་ཨེ་ཆེ་བསམ་བློ་ལེགས་པར་ཐོང་། །ཞེས་གསུངས་སོ།། ༈ །།རྗེ་སྒམ་པོ་པ་དང་ཁམས་པ་མི་གསུམ་གྱི་ཞུ་ལན་ཤོ་མོ་ཡར་ཤོག་གི་མགུར་བཞུགས། ༈ ན་མོ་གུ་རུ། གནས་དང་གང་ཟག་གཉིས་རྒྱལ་བས་ལུང་བསྟན་པ། རི་བྲག་ཚང་ཚིང་ཅན་དྭགས་ལྷ་སྒམ་པོར། དགེ་སློང་འཚོ་བྱེད་ཅེས་བྱ་བ་མཉམ་མེད་དྭགས་པོ་ལྷ་རྗེ་དེ་ཉིད་


KMC018_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལ། འཁོར་དབུས་གཙང་ཁམས་སོགས་ནས་འདུས་པའི་ལས་ཅན་གྱི་སློབ་མ་དགྲ་བཅོམ་པ་ལྟ་བུ་ལྔ་བརྒྱ་དང་། གཞན་ཡང་ཕྱི་འདུལ་ཁྲིམས་དང་། ནང་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བ་ལྔ་ཁྲི་ཆིག་སྟོང་དྲུག་བརྒྱ་འདུས་པའི་ནང་ནས་ཆེས་མཆོག་ཏུ་གྱུར་པའི་གྲུབ་ཐོབ་ཁམས་པ་མི་གསུམ་ཕ་ཝང་རྟ་འདྲ་གཡག་འདྲར་བཞུགས་དུས། གསལ་སྟོང་ཤོ་སྒོམ་ན་རེ། འོ་སྐོལ་ནཱ་རོ་པའི་བརྒྱུད་པ་འདི་ཚེས་བཅུ་ལ་བརྩོན་དགོས་པ་ཡིན། རྡོ་རྗེ་ཕག་མོའི་ཚོགས་འཁོར་ཞིག་བྱས་པ་དྲག་གམ་གསུངས་པ་ལ། ཁམས་པ་རྡོར་རྒྱལ་ན་རེ། འདིར་ཆང་ཁྲིམས་དམ་པ་དང་བཅས་ཆོས་ཁྲིམས་པས་ཚོར་ན་ཆད་པ་འོང་གསུངས་ཀྱང་ཤོ་སྒོམ་མ་ཉན། དེར་དབྱར་ཟླ་ར་བའི་ཚེས་བཅུ་མཛད་པར་བགྲོས་ཏེ། བླ་མ་རིན་པོ་ཆེ་ལ་ནས་ཀ་པཱ་ལ་གསུམ་གྱི་ཚོགས་ཆང་ཞིག་བྱས་ཆོག་པའི་དགོངས་པ་རེ་རེ་ནས་ཞུས་པས་ནས་ཀ་པཱ་ལ་དགུ་བྱུང་བ་དེས་ཆང་བཙོས། རྡོར་རྒྱལ་གྱིས་སྒམ་པོ་རྒྱབ་ནས་ཤིང་སྣ་ཚོགས་འུར་དེད་བྱས། དབུ་སེས་དྲྭ་བའི་ནང་དུ་ཆུ་བླངས། ཤོ་སྒོམ་གྱིས་རླུང་ལག་སེར་ལ་དྲངས་ཏེ་མེ་བུས། ཚོགས་ཀྱི་ཡོ་བྱད་གཞན་ཡང་བཙལ་ཏེ་རྡོ་རྗེ་ཕག་མོའི་སྒྲུབ་མཆོད་བྱས་པའི་ནུབ་མོ་ཐུགས་ཉམས་འབར་ཏེ་གླུ་གར་གྱི་མཆོད་པ་མང་དུ་ཕུལ་ཞིང་། གཞན་ཡང་བཀའ་བརྒྱུད་བྲོ་མོ་ཆེ་ཞེས་ཡོངས་སུ་གྲགས་པའི་གསུང་མགུར་གསོལ་འདེབས་བཀའ་རྒྱ་མ་ནི་


KMC018_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟ་སྟེ། ༈ སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེའི་སྤུན། །གསོལ་བ་གཤའ་མ་ཞིག་ཐོབ་དང་བྱིན་རླབས་འཇུག །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །གནས་འོག་མིན་ཆོས་ཀྱི་ཕོ་བྲང་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་འདེབས། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །ཏཻ་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །བྱང་པུཥྤ་ཧ་རིའི་དགོན་པ་ན། །མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ་འདེབས། །ལྷོ་གྲོ་བོ་ལུང་གི་དགོན་པ་ན། །སྒྲ་བསྒྱུར་མར་པ་ལོ་ཙཱ་ལ་གསོལ་བ་འདེབས། །འབྲོག་ལ་ཕྱི་གངས་ཀྱི་ར་བ་ན། །དབང་ཕྱུག་བཞད་པ་རྡོ་རྗེ་ལ་གསོལ་བ་འདེབས། །ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །ཆོས་རྒྱལ་དྭགས་པོ་ལྷ་རྗེ་ལ་གསོལ་བ་འདེབས། །གནས་ནུབ་ཕྱོགས་ཨོ་ཌྱན་གྱི་གཞལ་ཡས་ན། །ཡུམ་རྡོ་རྗེ་ཕག་མོ་ལ་གསོལ་བ་འདེབས། །གནས་བསིལ་བ་ཚལ་གྱི་དུར་ཁྲོད་ན། །ཆོས་སྐྱོང་


KMC018_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས། །རྐྱེན་ཕྱི་ནང་གི་བར་ཆད་མི་འབྱུང་ཞིང་། །མཆོག་ཐུན་མོང་གི་དངོས་གྲུབ་སྩལ་དུ་གསོལ། །དེ་སྐད་ཅེས་གསོལ་བ་བཏབ་ཅིང་ཞབས་བྲོ་མང་དུ་འཁྲབས་པ་ཆོས་ཁྲིམས་རྟགས་བརྒྱད་ཀྱིས་ཚོར་ནས་འོང་སྟེ། ཁྱེད་གསུམ་ཀྱིས་དགེ་འདུན་སྤྱིའི་བྱ་བ་དང་མི་མཐུན་པའི་ལས་གླུ་བླངས་ཤིང་བྲོ་འཁྲབས་པ་འདི་ཀུན་གྱི་མིག་སྲོལ་ལ་གནོད་ཅིང་ཆོས་ཀྱི་ཁྲིམས་དང་འགལ་བས་གནས་འདིར་མ་འདུག་པར་ད་ལྟ་རང་སོང་ཞིག་ཟེར་དབྱུག་པས་བརྡུངས། རྡོར་རྒྱལ་གྱིས། གཞི་མཉམ་པ་ཉིད་ཀྱི་ཞིང་ས་ལ། །ཞེས་སོགས་ཆང་འཐུང་ལུགས་ཀྱི་མགུར་གསུངས་ཀྱང་མ་ཉན། དོ་ནུབ་ཞོག་བྱས་པས། འོ་ན་ནང་པར་ལམ་མཐོང་མ་ཁད་རྒྱུག་ཅིག་ཟེར། ནང་པར་ཁོང་གསུམ་བླ་མ་ལ་ཕྱག་འབུལ་བ་དང་དགོངས་པ་ཞུ་བའི་ལོང་སྐབས་ཀྱང་མེད་པར་རང་རང་གི་ཀ་ཆ་ཕྲན་བུ་ཡོད་པ་བསྣམས་ནས་སྤང་ལུང་ན་རྒྱུག་པ་ཟིང་ངེ་འགྲོ་བའི་ཚེ། ཡང་དགོན་སེ་བ་ཕུག་ན་རྗེ་སྒམ་པོ་པ་བཞུགས་པའི་བཀའ་ལས། མདངས་གླིང་གསེབ་འདི་ན་ལྟས་དང་ཆོ་འཕྲུལ་ཆེ། དཔའ་བོ་མཁའ་འགྲོ་རྣམས་ཀྱང་ད་ནང་འགྲོ་བའི་ཆས་བྱེད་འདུག །སྒོམ་ཚུལ་ལ་ལྟ་རྟོག་གྱིས་གསུངས། རྗེ་སྒོམ་ཚུལ་གྱིས་གཟིགས་པས། བྱ་བྱེའུ་རྣམས་ཀྱང་སྔར་བས་ཅ་ཅོ་ཆེ་ཤིང་ཐུར་དུ་


KMC018_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

འཕུར་བ་དང་། ཤིང་གི་རྩེ་མོ་རྣམས་ཀྱང་ལྷོར་བསྟན་པ་འདྲ་བ་ཞིག་བྱས། ཁམས་པ་མི་གསུམ་ཕྱག་འཚལ་སྒང་ནས་ཕྱག་རེ་འཚལ། གསོལ་བ་རེ་འདེབས་ཀྱིན་ཐུར་དུ་འགྲོ་བ་མཐོང་ནས་བླ་མ་རིན་པོ་ཆེ་ལ་དེ་ལྟར་གདའ་ཞུས་པས། བླ་མའི་ཞལ་ནས་དེ་མ་བཟང་། ཁམས་པ་མི་གསུམ་པོ་དེ་ལ་ཆད་ལས་ཤིག་ཕོག་ཡོད་པར་འདུག །དེ་ཙུག་བྱེད་དགོས་པ་མིན། ཁོང་གསུམ་གྱིས་བསྐལ་པ་མང་པོར་ཚོགས་བསགས་ཤིང་སྒྲིབ་པ་སྦྱངས་པ་ཡིན་པས། དགེ་སྦྱོར་གྱི་ཉམས་མཐོ་དམན་དང་། སྤྱོད་ལམ་གྱི་བྱ་བ་སྣ་ཚོགས་ལ་སུ་ཡིན་གྱིས་དཔག་པར་དཀའ། ཁོང་གསུམ་རེ་ཞིག་འདིར་སྡོད་དགོས་རྒྱུ་ལ་ཆོས་ཁྲིམས་པས་ཕུད་འདུག་ན་ཁོ་བོ་ཡང་མཉམ་དུ་འགྲོ་འདོད་དེ། འོན་ཀྱང་ཁོང་རྣམས་ཡར་ལ་སློག་པའི་རྗེས་བསྙགས་པ་ལ་འགྲོ་གསུངས། ཡང་དགོན་སེ་བ་ཕུག་ནས་མར་ལ་བྱོན། དེའུ་ནུབ་ཀྱི་རྒྱབ་སྤང་ལུང་མདོའི་ཕྱི་ཟུར་ཤར་ལྷོ་ངོས་སུ་བྱོན་པ་དང་། ཁོང་གསུམ་ཀྱང་དེ་འོག་གི་བྲག་རང་རོང་ཅན་ན་འདུག་པ་གཟིགས་སོ། །དེར་བླ་མས་ཀྱང་ཕེབས་ས་དེར་ཕ་ཝང་ཞིག་འདུག་པའི་སྟེང་དུ་བྱོན། ན་བཟའ་ཆོས་གོས་ཀྱི་གྲྭ་ནས་ཕྱག་གིས་བཟུང་སྟེ་ཡར་ལ་ལོག་ཤོག་པའི་བརྡ་མཛད་ཅིང་ཤོ་མོ་ཡར་ཤོག་ཏུ་གྲགས་པའི་མགུར་འདི་གསུངས་སོ།། ༈ ཀཱ་ཡེ་ཉོན་དང་སྙིང་གི་བུ་མཆོག་གསུམ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །


KMC018_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་སྐྱེ་བ་མང་པོའི་གོང་རོལ་ནས། །ལས་འབྲེལ་བ་ཟབ་མོ་འདི་ལྟར་ཡོད། །རྗེ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །མགོན་ཤཱཀྱ་ཐུབ་པའི་སྤྱན་སྔ་རུ། །བདག་ཟླ་འོད་གཞོན་ནུར་གྱུར་པའི་ཚེ། །མདོ་ཏིང་འཛིན་རྒྱལ་པོ་ཞུས་ཤིང་གནང་། །ཁྱེད་རྡོ་རྗེའི་སྤུན་གྱིས་གཙོ་བྱས་པའི། །འཁོར་ཁྲི་ཕྲག་མང་པོ་འདུས་རྣམས་ལ། །ཁོང་དེ་བཞིན་གཤེགས་པས་འདི་སྐད་གསུངས། །དུས་མ་འོངས་སྙིགས་མར་གྱུར་པའི་ཚེ། །ཆོས་ཟབ་མོ་ཏིང་འཛིན་རྒྱལ་པོ་འདི། །དོན་རྒྱས་པར་བྱེད་པ་སུ་ཞིག་ཡོད། །དེ་དུས་གསུམ་སངས་རྒྱས་ཀུན་གྱི་སྲས། །ནད་ཉོན་མོངས་ཀུན་སེལ་སྨན་པའི་མཆོག །ཡོངས་རྒྱལ་བས་བསྔགས་པ་བརྗོད་མི་ལང་། །ཞེས་ཀུན་ལ་ཡང་ཡང་བཀའ་སྩལ་ཚེ། །མི་ཁོ་བོས་སྤེལ་བར་ཁས་བླངས་པས། །དེར་འདུས་པའི་འཁོར་རྣམས་ཀུན་གྱིས་ཀྱང་། །གྲོགས་བགྱིད་པར་དམ་བཅས་སྨོན་ལམ་བཏབ། །སྔོན་སྨོན་ལམ་བཟང་པོས་དུས་


KMC018_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འཛོམ། །དེ་ལས་དང་བསོད་ནམས་སྐལ་བར་ལྡན། །ཆོས་ཟབ་མོའི་གནས་རྣམས་ལེགས་པར་བསྟན། །ད་ཕྱིར་མི་ལྡོག་པའི་ས་ལ་བཀོད། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །གནས་བཟང་པོ་ལྷ་རི་སྒམ་པོ་འདི། །ལྷ་ཡི་དམ་རྒྱ་མཚོའི་ཕོ་བྲང་ཡིན། །གནས་འདི་རུ་སྒོམ་པའི་སྒོམ་ཆེན་ལ། །མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་ཐོབ། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ཕ་བླ་མ་སྙི་བ་སྒོམ་ཆེན་ང་། །དོན་བློ་གཏད་ཐུབ་པའི་བཤེས་གཉེན་ཡིན། །མི་བདག་ལ་བརྟེན་པའི་བུ་སློབ་རྣམས། །ཆོས་ཕྱག་རྒྱ་ཆེན་པོ་མྱུར་དུ་རྟོགས། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །བཀའ་ཚུལ་བཞིན་སྒྲུབ་པའི་སློབ་འབངས་ལ། །ཚེ་འདི་ཕྱིའི་དོན་ཆེན་འབྱུང་བར་ངེས། །བློ་ཐེ་ཚོམ་མི་དགོས་གདེངས་དང་ལྡན། །སེམས་ཡིད་ཆེས་སྐྱེའོ་སྐལ་ལྡན་ཀུན། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །གྲོགས་བཟང་པོ་གསང་སྤྱོད་བརྟུལ་ཞུགས་དང་། །དུས་ཐུན་བཞིར་ཉམས་ལེན་སྐྱོང་བཞིན་དུ། །


KMC018_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་མོས་གུས་ཀྱི་གདུང་ཤུགས་བྱེད་པ་འདི། །ལམ་མྱུར་དུ་བགྲོད་པའི་གྲོགས་མཆོག་ཡིན། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ལར་རྡོ་རྗེའི་སྤུན་གྱི་གྲོགས་འདི་རྣམས། །ཆོས་ཚུལ་བཞིན་བྱེད་པའི་གང་ཟག་ཡིན། །དོན་ཐེག་ཆེན་ཉམས་སུ་ལེན་པ་ལ། །གྲོགས་འདི་ལས་བཟང་བ་གང་ནའང་མེད། །བུ་ཕྱི་ཕྱིར་མ་འགྲོ་ཡར་ལ་ཤོག །ཆོས་ཟབ་མོ་ཕྱག་ཆེན་ཆོས་དྲུག་འདི། །བཀའ་མདོ་རྒྱུད་ཡོངས་ཀྱི་སྙིང་པོ་ཡིན། །གནས་འདི་ལས་ལྷག་པའི་གདམས་པ་ཞིག །གཞན་ཐར་འདོད་ཡོངས་ལ་ཡོད་མི་སྲིད། །བུ་ཕྱི་ཕྱིར་མ་འགྲོ༴ དོན་མ་ནོར་ཉམས་སུ་ལེན་ཤེས་ན། །འདིས་ས་ལམ་ཐམས་ཅད་ཅིག་ཅར་བགྲོད། །ཚེ་འདི་ལ་འབྲས་བུ་མངོན་སུམ་སྟོན། །དུས་ཕྱི་མར་མི་འགྱང་བློ་རེ་བདེ། །བུ་ཕྱི་ཕྱིར་མ་འགྲོ་ཡར༴ ཁྱེད་གནས་དང་བཤེས་གཉེན་གྲོོགས་བཟང་པོ། །ལམ་མྱུར་དུ་བགྲོད་པའི་ཆོས་དང་བཞི། །ཡོངས་འདི་ལས་ཁྱད་པར་འཕགས་པ་ཞིག །


KMC018_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་གང་དུ་ཕྱིན་ཀྱང་རྙེད་མི་འགྱུར། །བུ་ཕྱི་ཕྱིར་མ་འགྲོ༴ ལམ་འདི་བཞི་བོར་ནས་གང་དུ་འགྲོ། །ད་རྟེན་འབྲེལ་བཟང་ཞིང་འཛོམ་དུས་འདིར། །ཡིད་རེ་དོགས་བསམ་མནོ་མ་མང་བར། །གནས་འདི་རུ་སྒོམ་ཡུན་སྲིངས་དང་དགེ། །བུ་ཕྱི་ཕྱིར་མ་འགྲོ༴ གནས་འོག་མིན་ཆོས་ཀྱི་ཕོ་བྲང་ནས། །ཆོས་སྐུ་རྡོ་རྗེ་འཆང་ཆེན་གྱི་བཀའ་ཡོད་ཡར་ཡར་ཤོག །ཅེས་གསུངས་ཤིང་ཕ་ཝང་དེའི་སྟེང་དུ་ཞབས་ཟུང་དང་ཕྱག་འཁར་གྱི་རྗེས་བཞག །མ་འོངས་ལུང་བསྟན་ཀྱང་མཛད་དོ། །དེ་ནས་ཁམས་པ་མི་གསུམ་གྱིས་བླ་མ་བྱོན་ནས་ཕྱག་གིས་བརྡ་མཛད་པ་མཐོང་ཞིང་མགུར་གསུངས་པ་རྣམས་གསལ་བར་ཐོས་པས་ཤིན་ཏུ་དགའ་ཆེས་ནས་ཕྱག་མང་དུ་བཙལ། ཕ་ཝང་རང་རོང་རྣམས་ཀྱི་སྟེང་ནས་དགའ་སྐྱིད་ཀྱི་གླུ་གར་ཤོ་མོ་ཡར་འགྲོ་རུ་གྲགས་པ་འདི་མཆོད་པར་ཕུལ་ལོ།། ༈ གནས་འོག་མིན་ཆོས་ཀྱི་ཕོ་བྲང་ན། །གནས་དེ་ན་བཞུགས་པ་རྡོ་རྗེ་འཆང་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེ་སྤུན་ཚོ། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་


KMC018_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་འགྲོ། །ངན་སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོ་ན། །ཤར་ཟ་ཧོར་ནོར་བུའི་དགོན་པ་ན། །གནས་དེ་ན་བཞུགས་པ་ཏཻ་ལོ་ཡི་ཤེས་བཟང་། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེ་སྤུན་ཚོ། །བླ་མས་ཡར་ཤོག༴ འགྲེའོ།། །བྱང་པུཥྤ་ཧ་རིའི་དགོན་པ་ན། །གནས་དེ་ན་བཞུགས་པའི་ནཱ་རོ་པཎ་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ༴ ལྷོ་གྲོ་བོ་ལུང་གི་དགོན་པ་ན། །གནས་དེ་ན་བཞུགས་པའི་མར་པ་ལོ་ཙཱ། །སྐབས་དེར་གསོལ་བ་ཞིག་ཐོབ༴ འབྲོག་ལ་ཕྱི་གངས་ཀྱི་ར་བ་ན། །གནས་དེ་ན་བཞུགས་པ་མི་ལ་རས་ཆེན། །སྐབས་དེར་གསོལ་བ་ཞིག་ཐོབ༴ ཤར་དྭགས་ལྷ་དཔལ་གྱི་སྒམ་པོ་ན། །གནས་དེ་ན་བཞུགས་པ་དྭགས་པོ་ཡི་ལྷ་རྗེ། །སྐབས་དེར་གསོལ་བ་ཞིག་ཐོབ་དང་རྡོ་རྗེ་སྤུན་ཚོ། །བླ་མས་ཡར་ཤོག་གསུང་གིན་ཡར་ཡར་འགྲོ། །མཐོ་རིས་ཐེམ་སྐས་འཛེགས་ཤིང་ཡར་ཡར་འགྲོ། །ངན་


KMC018_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

སོང་རྡོག་པས་གནོན་ཞིང་ཡར་ཡར་འགྲོ། །ཤོ་མོ་ཉམས་བཟང་ལ་དགའ་ཡོ་དང་རེ་སྤྲོོ་ན། །ཞེས་གསུངས་ཤིང་ཞབས་བྲོ་མང་དུ་འཁྲབས་པས་ཞབས་རྗེས་ཀྱང་དཔག་ཏུ་མེད་པ་བྱུང་ངོ་། །དེ་ནས་དཔོན་སློབ་ལྷན་དུ་ཡར་ཕེབས། རྗེ་སྒམ་པོ་པ་ཡང་དགོན་སེ་བ་ཕུག་ཏུ་བཞུགས། ཁམས་པ་རྡོར་རྒྱལ་ཁྱུང་ལྡིང་ཕུག་ཏུ་བཞུགས། དབུ་སེ་ཡང་རྩེ་དཀར་ཕུག་ཏུ་བཞུགས། གསལ་སྟོང་ཤོ་སྒོམ་ཆུ་མིག་ནག་པོར་བཞུགས། རྣལ་འབྱོར་ཆོས་གཡུང་སོགས་གྲུབ་ཐོབ་རྣམས་དང་གྲུབ་རྟགས་ཀྱི་རྩལ་འགྲན་པར་མཛད་པ་སོགས་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ།། ༈ །།ཨོཾ་སྭ་སྟི། རྡོ་རྗེ་འཆང་དབང་མཁའ་དབྱིངས་ཡངས་པ་ལས། །ཐུགས་རྗེ་རྨད་བྱུང་གྲུབ་པའི་སྙིང་པོ་ནི། །ཏི་ལླི་པ་ཞེས་གྲུབ་པའི་གཙུག་རྒྱན་ཤར། །དེ་སྲས་མར་མེ་གཅིག་ལས་གཉིས་མཆེད་བཞིན། །གཉིས་སུ་མེད་པའི་ཡེ་ཤེས་ཐུགས་བརྙེས་པའི། །གྲུབ་དབང་ཉི་མ་བཞོན་ནུའི་ཕྲེང་བ་ནི། །ཚར་དུ་དངར་བ་རིམ་པར་བྱོན་པ་ལ། །བཀའ་བརྒྱུད་ནོར་བུའི་ཕྲེང་ཞེས་ཡོངས་གྲགས་པའི། །རྡོ་རྗེ་ནཱ་ད་མི་ཤིགས་སྒྲ་དབྱང་ཀྱིས། །ཆོས་ཀྱི་འཁོར་ལོ་མཁའ་ལྟར་ཀླས་པ་ལས། །སྲིད་པའི་མུན་སེལ་གསུང་གི་ཟེགས་མ་ཙམ། །ཡི་གེའི་ཕྲེང་བར་སྤེལ་འདི་རྨད་དུ་བྱུང་། །ཅི་ཕྱིར་ཞེ་ན་རྒྱལ་བ་སྲས་བཅས་ཀྱང་། །དཔལ་ལྡན་བླ་མ་ཉིད་ལ་བརྟེན་པ་དང་། །


KMC018_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཀུན་མཆོད་ལས་བླ་མ་གཅིག་མཆོད་པ། །བསོད་ནམས་ཆེ་བར་རྒྱལ་བ་ཉིད་གསུངས་ཕྱིར། །ཚངས་པའི་གནས་སུ་བླ་མ་མཆོད་བྱས་ནས། །དེ་ཡི་ཡེ་ཤེས་ཆེན་པོའི་བྱིན་རླབས་བཅུད། །སྙིང་གི་ཐིག་ལེར་མྱུར་དུ་གཞུག་པའི་ཕྱིར། །རྡོ་རྗེའི་གླུ་རྣམས་དབྱངས་སུ་ལེན་པ་དང་། །གསུང་གི་དོན་གྱི་རོ་མཆོག་མྱོང་བྱེད་ཅིང་། །བཟོད་མེད་མོས་གུས་དྲག་པོས་གསོལ་འདེབས་པ། །འདི་ནི་དཔལ་ལྡན་དྭགས་པོའི་བཀའ་བརྒྱུད་ཆེའི། །བཀའ་སྲོལ་འཆུག་མེད་ཁྱད་པར་འཕགས་པ་སྟེ། །དེ་ལ་འབད་པས་རྡོ་རྗེ་ཡེ་ཤེས་མཆོག །འཕོ་བའི་དབང་བསྐུར་འབད་མེད་ཉིད་དུ་ཐོབ། །བྱང་ཆུབ་ལམ་གྱི་མི་མཐུན་ཕྱོགས་ཀུན་ཞི། །ས་དང་ལམ་གྱི་ཡོན་ཏན་མ་ལུས་རྫོགས། །ཆོས་དབྱིངས་གཉུག་མའི་རྒྱལ་སར་དབང་འབྱོར་ནས། །བླ་མ་རྡོ་རྗེ་འཆང་དབང་འགྲུབ་འགྱུར་ན། །ནད་གདོན་ཞི་དང་ཚེ་བསོད་འཕེལ་བ་སོགས། །ཐུན་མོང་དངོས་གྲུབ་འགྲུབ་པ་སྨོས་ཅི་དགོས། །འདིར་འབད་དགེ་བས་མཁའ་མཉམ་སེམས་ཅན་རྣམས། །བླ་མེད་རྡོ་རྗེ་ཐེག་པའི་ལམ་ཞུགས་ནས། །མོས་གུས་མཐར་ཕྱིན་གཉུག་མའི་རང་ཞལ་མཐོང་། །སྐུ་གསུམ་བླ་མའི་གོ་འཕང་མྱུར་འགྲུབ་ཤོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པ་སྟེ་བསྟན་པའི་ཉིན་བྱེད་ཀྱིས་སོ།། ༈ བདག་སོགས་དགེ་བ་འདིས་མཚོན་འཁོར་འདས་དུས་གསུམ་བསགས་ཡོད་ཀྱི་དགེ་བ་འདི་ཐམས་


KMC018_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རྫོགས་པའི་སངས་རྒྱས་མི་བསྐྱོད་རྡོ་རྗེ་ལ་སོགས་པ་ཕྱོགས་བཅུ་དང་། དུས་གསུམ་གྱི་སངས་རྒྱས་དང་བྱུང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀྱི་བཞེད་པ་ཇི་ལྟ་བ་དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་ཕྱིར་དུ་བསྔོ་བས་མྱུར་དུ་ཐོབ་པར་གྱུར་ཅིག། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousཤོག་ལྷེབ་ ༣༠༡ ནས་ ༣༢༤ བར།next