གྲུབ་པའི་སློབ་དཔོན་དྲིལ་བུ་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་ལྔའི་བདག་བསྐྱེད་སྙིང་པོ་རྣམ་ངེས།
གྲུབ་པའི་སློབ་དཔོན་དྲིལ་བུ་ལུགས་ཀྱི་འཁོར་ལོ་སྡོམ་པ་ལྷ་ལྔའི་བདག་བསྐྱེད་སྙིང་པོ་རྣམ་ངེས་ཞེས་བྱ་བ་བཞུགས་སོ། །དཔལ་འཁོར་ལོ་སྡོམ་པ་དང་གཉིས་སུ་མེད་པ་རྗེ་བཙུན་བླ་མ་དམ་པ་ལ་ཕྱག་འཚལ་ལོ།། འདིར་བླ་མ་གོང་མ་དག་གི་ཕྱག་བཞེས་བཞིན། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་ལུགས་བདེ་མཆོག་ལྷ་ལྔ་ལས་བདག་བསྐྱེད་ཤིན་ཏུ་བསྡུས་པ་བསྒོམ་པར་འདོད་པས། དེ་ཉིད་ཀྱི་དབང་བསྐུར་བ་ཐོབ་པར་བྱས་ལ། སྟན་བདེ་བ་རོ་ཡི་གདན་དུ་མོས་ཏེ་འདུག་ལ། ཐོ་རངས་གཉིད་སད་པའི་ཚེ། མཁའ་འགྲོ་མ་རྣམས་ཀྱིས་ཌཱ་མ་རུའི་སྒྲས་གཉིད་ལས་བསླང་བར་བསྒོམ་སྟེ་ཐལ་མོ་སྦྱར་ནས་ནམ་མཁར་བལྟས་ལ། ངག་ཏུ། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་ནཱིཾ་ཀཱ་ཡ་ཝཀ་ཙིཏྟ་པྲ་ཎ་མྱ་བཛྭ་བྷནྡྷ་ན་ཀ་རོ་མི། ཞེས་པས་དཔའ་བོ་རྣལ་འབྱོར་མ་རྣམས་ལ་ཕྱག་བྱས། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ། སངས་རྒྱས་ཐོབ་པར་བྱ་བའི་ཕྱིར་བདག་ཉིད་དཔལ་འཁོར་ལོ་སྡོམ་པའི་རྣལ་འབྱོར་ལ་འཇུག་པར་བྱའོ།། སྙམ་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་སྔོན་དུ་བཏང་། ཤྲཱི་ཧེ་རུ་ཀཱོཧཾ། ཞེས་བརྗོད་པས་ང་རྒྱལ་བཟུང་དེ་ནས། རང་བདེ་མཆོག་ཞལ་གཅིག་ཕྱག་གཉིས་པ་ཡུམ་དང་བཅས་པར་གསལ་བའི་ཐུགས་ཁར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་ལས་འཕྲོས་པའི་འོད་ཟེར་གྱིས་བླ་མ་རིགས་ཀྱི་བདག་པོར་བཞུགས་པའི་འཁོར་ལོ་སྡོམ་པ་ལ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་དང་། །ཇི་སྙེད་རྡོ་རྗེ་མཁའ་འགྲོ་མ།། ཞེས་པས་ཕྱག་འཚལ། ཐུགས་ཀའི་ཧཱུྃ་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་མཆོད་རྫས་ཐོགས་པ་རྣམས་ཀྱིས་མཆོད་པར་བསམ་ཞིང་། སོ་སོའི་ཕྱག་རྒྱ་དང་བཅས་པས། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་ཨརྒྷཾ་པྲ་ཏཱིཙྪ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱེ། ཤཔྟ། རཱུ་པ། ཤཔྟ། གནྡྷེ། རཱ་སེ། སྤརྴེ། པཉྩྨ་ཨ་མྲྀ་ཏ་པྲ་ཏཱིཙྪ་ཨཱཿཧཱུྃ། རང་ཕག་མོ་དང་སྙོམས་པར་ཞུགས་པའི་དེ་ཁོ་ན་ཉིད་ཀྱི་མཆོད་པས་ཀྱང་མཆོད་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་བརྗོད་ཅིང་འདོད་པའི་དོན་ལ་གསོལ་བ་བཏབ། ཨོཾ་བཛྭ་མུཿཞེས་པས་ཚོགས་ཞིང་གཤེགས་སུ་གསོལ། ཚད་མེད་པ་བཞི་བསྒོམ་པར་བྱ་སྟེ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་བྱ། ཞེས་སོགས་ཀྱིས་བསོད་ནམས་ཀྱི་ཚོགས་བསག ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོ་ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་སེམས་ཙམ་དུ་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙྱཱ་ན་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཞེས་པས་སེམས་དེ་ཡང་སྟོང་པ་ཉིད་དུ་བསྒོམ། སུམྦྷ་ནིའི་སྔགས་དང་སེ་གོལ་ཕྱོགས་བཞིར་བྱས་པས་སྲུང་འཁོར། དེའི་ངང་ལས་སུཾ་ལས་རི་རབ་རིན་པོ་ཆེ་སྣ་བཞིའི་རང་བཞིན་ཅན་རྩེ་མོ་ལྕོག་བརྒྱད་ཀྱིས་མཚན་པ། དེའི་སྟེང་དུ་པཾ་ལས་སྣ་ཚོགས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཧཱུྃ་སྔོན་པོ་དང་བཾ་དམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་ཐམས་ཅད་ཧེ་རུ་ཀའི་གོ་འཕང་ལ་བཀོད། ཚུར་འདུས་ཧཱུྃ་དང་བཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་རྗེ་བཙུན་ཧེ་རུ་ཀ་སྐུ་མདོག་ཟར་མའི་མེ་ཏོག་གསར་པ་ལྟ་བུ། ཞལ་གཅིག་སྤྱན་གསུམ་པ། ཤེས་རབ་མ་ལ་འཁྱུད་པའི་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་པ། གཡས་བརྐྱང་པས་འཇིགས་བྱེད་ཆེན་པོ་དང་། གཡོན་བསྐུམ་པས་དུས་མཚན་མནན་པ། མཆེ་བ་གཙིགས་ཤིང་ཞལ་རྣམ་པར་འགྱུར་བ། རལ་པའི་ཅོད་པན་དང་སྤྱི་གཙུག་ནོར་བུས་བརྒྱན་པ། སྣ་ཚོགས་རྡོ་རྗེ་དང་ཟླ་བ་ཕྱེད་པ་དབུ་ལ་འཛིན་པ། མི་བསྐྱོད་པའི་དབུ་རྒྱན་ཅན། གསུམ་ཁུགས་སུ་འཁྱོག་ཅིང་གྱེས་པའི་ཆ་བྱད་ཀྱི་དར་དཔྱངས་ཀྱི་ཅོད་པན་གྱིས་མཛེས་པར་བྱས་པ། ཐོད་པའི་འཕྲེང་བའི་ཐོད་ཅན་སྒེག་པ་ལ་སོགས་པ་གར་གྱི་ཉམས་དགུ་དང་ལྡན་པ། སྟག་གི་པགས་པའི་ན་བཟའ་འཛིན་པའི་མཆོག མི་མགོ་རློན་པའི་དོ་ཤལ་གྱིས་སྐུ་ལ་བརྒྱན་པ། དྲི་མ་མེད་པའི་འོད་ཀྱི་འཕྲེང་བ་ཅན། ཕྱག་རྒྱ་དྲུག་དང་ལྡན་པའོ། །དེའི་མདུན་ན་བཅོམ་ལྡན་འདས་མ་དཔལ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཞོན་ཞིང་མཛེས་མ་ལང་ཚོ་དང་ལྡན་པ་ཞལ་གཅིག་སྤྱན་གསུམ་མ། ཕྱག་གཡས་པས་རྡོ་རྗེ་དང་བཅས་པའི་སྡིགས་མཛུབ་ཀྱིས་གདུག་པ་ཅན་ཐམས་ཅད་བསྡིགས་མ། ཕྱག་གཡོན་ཡབ་ལ་འཁྱུད་པས་བདུད་བཞི་ལ་སོགས་པའི་ཁྲག་གིས་བཀང་བའི་ཐོད་པ་འཛིན་པ། དཔྲལ་བའི་མཚམས་སུ་ཐོད་པ་ལྔས་བརྒྱན་པ། དབུ་སྐྲ་ནག་པོའི་ཚོགས་གྲོལ་བ། ནམ་མཁའི་ན་བཟའ་མནབས་པ། ཕྱག་རྒྱ་ལྔ་དང་ལྡན་མ། མི་མགོ་སྐམ་པོའི་འཕྲེང་བ་ཅན། གཡས་ཀྱི་བྱིན་པས་འཁྱུད་ཅིང་གཡོན་བརྐྱང་བ། བདེ་བ་ཆེན་པོའི་བདག་ཉིད་ཅན། དེ་ལྟ་བུ་དང་སྙོམས་པར་ཞུགས་པའི་དགའ་བས་བརྒྱན་པའི་བཅོམ་ལྡན་འདས་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་ཆེན་པོ་དང་ལྡན་པ་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། དེ་གཉིས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་བསམ་ཏེ། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་མོས་ཏེ། ཨོཾ་སརྦ་ཝཱི་ར་ཡོ་གི་ནཱི་ཀཱ་ཡ་ཝཱཀ་ཙིཏྟ་བཛྭ་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ། ཞེས་པས་ང་རྒྱལ་བཟུང་བར་བྱའོ། །ཡབ་ཀྱི་ཐུགས་ཀར་ཨོཾ་ཧཿདཀར་པོ། དཔྲལ་བར་ན་མ་ཧི་སེར་པོ། སྤྱི་གཙུག་ཏུ་སྭ་ཧ་ཧུ་དམར་པོ། ཕྲག་པར་བཽ་ཥ་ཊ་ཧེ་ནག་པོ། མིག་ལ་ཧཱུྃ་ཧཱུྃ་ཧོཿདམར་སེར། ཡན་ལག་ཐམས་ཅད་ལ་ཕཊ྄་ཧཾ་ལྗང་ཁུ། ཡུམ་གྱི་ལྟེ་བར་ཨོཾ་པཾ་དམར་མོ། སྙིང་གར་ཧཾ་ཡཽཾ་སྔོན་མོ། ཁར་སྲིཾ་མོཾ་དཀར་མོ། མགོ་བོར་སྲེཾ་སྲིཾ་སེར་མོ། སྤྱི་གཙུག་ཏུ་ཧཱུྃ་ཧཱུྃ་ལྗང་ཁུ། ཡན་ལག་ཐམས་ཅད་ལ་ཕཊ྄་ཕཊ྄་དུད་ཁ་རྣམས་ལྷའི་རང་བཞིན་དུ་མོས་པར་བྱ། དེ་ནས་རྐང་པ་གཡོན་པས་གཡས་མནན། མིག་གྱེན་དུ་བལྟ་གདོང་བསྒྱུར་ཞིང་། འབར་བའི་ཕྱག་རྒྱ་གཡོན་དུ་བསྐོར་ནས། ཕེཾ་ཞེས་བརྗོད་པས། ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས་ནས་སྔར་བཞིན་མཆོད་དེ། ཛཿཧཱུྃ་བཾ་ཧོཿཡིས་དགུག་གཞུག་བཅིང་མཉེས་བྱ། སྔར་གྱི་སྔགས་དང་ཕྱག་རྒྱས་དབང་ལྷ་སྤྱན་དྲངས་པ་ལ། རྣམ་ལྔ་རོལ་མོས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩྨ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། དཔའ་བོ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། དཔའ་མོ་རྣམས་ཀྱིས། ཇི་ལྟར་བལྟམས་པ་ཙམ་གྱིས་ནི།། ཞེས་སོགས་ཀྱིས་དབང་བསྐུར། བཀྲ་ཤིས་ཀྱི་གླུ་ལེན། དཔའ་བོས་བགེགས་བསྐྲད། དེ་ལྟར་དབང་བསྐུར་བས་ལུས་ཡེ་ཤེས་ཀྱི་ཆུས་གང་། ཡར་ལུད་པ་ལས་ཡབ་ལ་རྡོ་རྗེ་སེམས་དཔའ་དང་། ཡུམ་ལ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར་པ་ལ་སྔར་བཞིན་ཉེར་སྤྱོད་དང་ནང་མཆོད། གཏོར་མ་ལྟར་བྱིན་གྱིས་བརླབས་པའི་གསང་མཆོད་མྱངས་ཏེ་ལུས་ཀྱི་ལྷ་ཚིམ་པར་བསམ་ལ། ཨོཾ་ཨ་མྲྀ་ཏ་སྭ་ད་ན་སྭ་བྷཱ་ཝ་ཨཱཏྨ་ཀཱོ་ཧཾ་ཞེས་བརྗོད། ཡབ་ཡུམ་སྙོམས་པར་ཞུགས་པ་བདེ་བ་ཆེན་པོ་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད། རྣལ་འབྱོར་རོ་གཅིག་བདུད་རྩི་འཐུངས་པས་རྣམ་པར་དག་པའི་ཐུགས། །གནས་ལ་སོགས་པ་ཡུལ་དུ་བགྲོད་པས་རྣམ་པར་དག་པའི་སྐུ། །དཔལ་གྱི་གནས་མཆོད་དབུས་མཆོག་དཀྱིལ་འཁོར་འཁོར་ལོའི་མགོན་པོ་དང་། །བླ་མ་མཆོག་ལ་སྤྱི་བོས་བཏུད་དེ་རྟག་ཏུ་ཕྱག་འཚལ་ལོ། །དེ་ནས་ཤེས་སོགས་ཆེན་པོའི་གསུང་། །གང་ཞིག་རྒྱུད་ཀྱི་མདུན་འགྲོ་བ། །འཁོར་ལོ་སྡོམ་པའི་འདྲེན་པ་མོ། །རྡོ་རྗེ་ཕག་མོ་དེ་ལ་འདུད། །ལྷ་མོའི་འཕྲེང་བ་རིན་པོ་ཆེ་རྣམས་སྐུ་ཡིས་བརྒྱན། །དཔའ་བོ་རྣམས་ཀྱི་རྟག་ཏུ་གནག་པའི་སྐུ་རྣམ་ཀུན། །འཁོར་ལོ་གནས་མཆོག་ལྷན་སྐྱེས་དྲི་མ་མེད་པ་ཡང་། །བདེ་མཆོག་རྣལ་འབྱོར་སྙིང་པོར་རྟག་ཏུ་ཕྱག་འཚལ་ལོ།། ཞེས་པས་བསྟོད། དུང་ཆེན་གྱི་འཕྲེང་བ་ཧེ་རུ་ཀར་གྱུར་པའི་མི་མགོའི་འཕྲེང་བ་ལྟར་བལྟས་ཏེ། ལག་པ་གཡོན་གྱིས་སྙིང་གར་བཟུང་ལ་སྔགས་ཀྱི་འཕྲེང་བ་རང་གི་ཞལ་ནས་ཞུགས། རྡོ་རྗེ་ནས་པདྨར་སོང་། ལྷ་མོའི་ཞལ་ནས་འཁོར་བ་ལས་འོད་ཟེར་འཕྲོས་པས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱི་ཡེ་ཤེས་དང་ནུས་པ་ཐམས་ཅད་བཀུག་ནས་ཐིམ་པར་བསམ་ཞིང་། ཨོཾ་སྲཱིཿཧ་ཧ་ཧུཾ་ཧཱུྃ་ཕཊ྄། ཞེས་མིང་ཚིག་གིས་བར་མ་ཆོད་པར་བཟླས། སྒོམ་བཟླས་ལ་སྐྱོ་བར་གྱུར་ན་མཆོད་བསྟོད་བྱ། དགེ་རྩ་བསྔོ། སྨོན་ལམ་གདབ། རང་ཉིད་ཧེ་རུ་ཀ་ཡབ་ཡུམ་གྱི་ང་རྒྱལ་དང་མ་བྲལ་བར། ཕྱོགས་བཞིར་སེ་གོལ་བརྡབ་ཅིང་ཞལ་བཞི་པའི་སྔགས་བརྗོད་པས་བསྲུང་། བྱང་སེམས་ཀྱིས་ཟིན་པས་དངོས་པོ་ཐམས་ཅད་བདེ་མཆོག་གི་རང་བཞིན་དུ་ཤེས་པར་བྱའོ། །ཐུན་གྱི་མཐར་གཏོར་མ་གཏོང་བར་འདོད་ན། ཐོད་པ་ལ་སོགས་པའི་སྣོད་དུ་ཅི་འབྱོར་བ་བཤམས་པ་ལ་བདུད་རྩིས་བྲན་བསང་སྦྱངས། སྟོང་པའི་ངང་ལས། འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་སོགས་ཀྱིས་བྱིན་གྱིས་བརླབས། དེ་ནས་མདུན་དུ་སྔར་གྱི་སྔགས་དང་ཕྱག་རྒྱས་དཀྱིལ་འཁོར་པ་སྤྱན་དྲངས། ཡེ་ཤེས་པ་དགུག་གཞུག དབང་བསྐུར་རྒྱས་གདབ་མཆོད་བསྟོད་བསྡུས་པ་བྱས་ལ། རྡོ་རྗེ་ཐལ་མོ་གྱེན་དུ་ཁ་ཕྱེ་བའི་ཕྱག་རྒྱས། ཨོཾ་བཛྭ་ཨཱ་ར་ལི་ཧོཿཛཿཧཱུྃ་བཾ་ཧོཿས་མ་ཡ་ཧྶཾ་དྲྀ་ཥྱ་ཧོཿབཛྭ་ཌཱ་ཀི་ནཱི་ཁ་ཁ། ཁཱ་ཧི་ཁཱ་ཧི། ཨི་དཾ་བ་ལིཾ་བྷཱུ་ཛཾ་ཐ། པི་ཝ་ཐ། མ་མ་ཀརྻཾ་སཱ་དྷ་ཡ་ཐ། ཨོཾ་ཨཱཿཧཱུྃ་ཕེཾ་ཕེཾ། ཞེས་པ་ལན་གསུམ་གྱིས་འབུལ། མཆོད་བསྟོད་འདོད་པའི་དོན་ལ་གསོལ་བ་བཏབ། ནོངས་པ་བཟོད་པར་གསོལ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུའོ། །ཁྲུས་དང་ཟས་ཉལ་བ་ལྡང་བ་ལ་སོགས་པ་རྗེས་ཀྱི་རྣལ་འབྱོར་གྲུབ་ཐོབ་ཆེན་པོའི་ཡིག་ཆ་དེ་ཉིད་བསྡུས་པ་ལ་སོགས་པས་ཤེས་པར་བྱའོ་ཞེས་སློབ་དཔོན་ཆེན་པོ་དྲིལ་བུ་ཞབས་ཀྱི་ལུགས་བཞིན། བླ་མ་གོང་མ་དག་གི་ཕྱག་བཞེས། ཁོ་ནར་བཞག་པའི་སྒྲུབ་ཐབས་སྙིང་པོ་རྣམ་པར་ངེས་པ་ཞེས་བྱ་བ་རྗེ་བཀའ་རྒྱུད་ཡབ་སྲས་ཀྱི་གདམ་པས་ཐུགས་ཀྱི་མཛོད་གང་བ་ཆོས་ཀྱི་རྗེ་རྒྱལ་དབང་པས་བསྐུལ་བའི་ངོར། དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེས་རེ་ཞིག་སྦྱར་བ་རྫོགས་སོ། །མངྒ་ལཾ།། །།