Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

22 occurrences of གཡོན་རུ་
[Clear Hits]


  
  
  
  
  
  
  
ཕྱི་སྒྲུབ་སློབ་མ་ལ་ཕན་པའི་ཚེ་རྟའི་ཟིན་བྲིས།
  
  
 
  
  
  
 
  
 
  
 
11   
  
  
  
  
  
  


22 occurrences of གཡོན་རུ་
[Clear Hits]

 
previousཕྱི་སྒྲུབ་སློབ་མ་ལ་ཕན་པའི་ཚེ་རྟའི་ཟིན་བྲིས།next

ཕྱི་སྒྲུབ་སློབ་མ་ལ་ཕན་པའི་ཚེ་རྟའི་ཟིན་བྲིས།

ཕྱི་སྒྲུབ་སློབ་མ་ལ་ཕན་པའི་ཚེ་རྟའི་ཟིན་བྲིས་བཞུགས་སོ། །རང་ཉིད་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་གསལ་བའི་སྲཱིཿདེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་རྟ་མགྲིན་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་བཛྭ་ས་མཱ་ཛ། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཱ། ཤཔྟས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གི་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་མྱུར་འགྲུབ་ཤོག། ལན་གསུམ་གྱིས་བདུན་རྣམ་དག་བྱ། བཛྭ་མུཿཚོགས་ཞིང་རང་ལ་ཐིམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག བདེ་སྡུག་གི་རྒྱུ་ཆགས་སྡང་ཉེ་རིང་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་ཡིད་དང་འདྲེ་བར་བསྒོམ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷཱོཧཾ། སྟོང་པའི་ངང་ལས་པདྨ་དང་ཉི་མའི་གདན་ལ་སྲཱིཿལས་དབྱུག་ཐོ་སྲཱིཿཡིས་མཚན་པ་ཡོངས་སུ་གྱུར་པས་རང་ཉིད་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་དམར་པོ་སྦོམ་ཞིང་བརྗིད་པ། ཤིན་ཏུ་ཁྲོས་ཤིང་ཞལ་མཆེ་བ་གཙིགས་པ། སྤྱན་གསུམ་དམར་ལ་ཟླུམ་པ། སྨིན་མ་འཁྱོག་ལ་འཁྱུག་པ། དབུ་གཙུག་ན་རྟ་མགོ་ལྗང་སྔོན་མངོན་པར་འཕགས་པས་རྟ་སྐད་དྲག་ཏུ་འཚེར་བ། ཁམས་གསུམ་དབང་དུ་སྡུད་པ། ཕྱག་གཡས་པ་རྡོ་རྗེས་མཚན་པའི་དབྱུག་ཐོ་ནམ་མཁར་འཕྱར་ཞིང་། གཡོན་སྡིག་མཛུབ་ཀྱི་རྩེ་ལ་མེ་འབར་བ་ཐུགས་ཀར་འཛིན་པ། སྐུ་ལ་དུར་ཁྲོད་ཀྱི་ཆས་བརྒྱད་དང་རིན་པོ་ཆེས་བརྒྱན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བས་བདུད་བཞིའི་གདན་ལ་ཡེ་ཤེས་ཀྱི་མེ་རིས་མེ་དཔུང་འབར་བའི་དབུས་སུ་བཞུགས་པར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་སྟོད་དུ་ཧཱུྃ། སྨད་དུ་ཉི་མ་ལ་གནས་པའི་སྲཱིཿདེ་ལས་འོད་འཕྲོས། བསྒོམ་པ་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་དབང་གི་ལྷ་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩི་བུམ་པས་དབང་བསྐུར། ལུས་གང་། དྲི་མ་དག ཆུ་ལྷག་མ་སྤྱི་བོར་འཁྱིལ་བས་འོད་དཔག་ཏུ་མེད་པས་དབུ་བརྒྱན། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝི་དྱཱ། ཤཔྟས་མཆོད། སྲཱིཿལས་སྐྱེས་པའི་རྟ་མཆོག་སྐུ། །ཉི་མའི་འོད་མཚུངས་ཉོན་མོངས་སྲེག །བདུད་བཞི་རྣམ་པར་འཇོམས་མཛད་པའི། །དཔའ་བོ་རྟ་མགྲིན་ཕྱག་འཚལ་བསྟོད།། ཅེས་བསྟོད། ཐུགས་ཀའི་ས་བོན་གྱི་མཐར། ཨོཾ་བཛྭ་ཀྲོ་དྷ་ཧ་ཡ་གྲཱྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊཿ བྱུ་རུའི་འཕྲེང་བ་ལྟ་བུས་བསྐོར་བ་དེ་ལས་འོད་ཟེར་ལྕགས་ཀྱུ་ཞགས་པའི་རྣམ་པ་འཕྲོས། ཁམས་གསུམ་ཐམས་ཅད་ལ་ལྕགས་ཀྱུས་བཏབ། ཞགས་པས་བཅིངས་ཏེ་དྲངས་ལ་བདག་གི་དབང་དུ་གྱུར་པར་བསམ་ལ་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླའོ། །བདག་བསྐྱེད་དོ། །དེ་ནས་མདུན་བསྐྱེད་གཏོར་མ་ལ་སྭ་བྷཱ་ཝའི་སྔགས་བརྗོད་པ་ནས་བསྟོད་པའི་བར་བདག་བསྐྱེད་ལྟར་བྱས། བུམ་པ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཡོངས་སུ་རྫོགས་པའི་ནང་དུ་པདྨ་དང་ནས་བསྟོད་པའི་བར་སྔར་བཞིན། བཟླ་དུས་ཐུགས་རྒྱུད་བསྐུལ། དེའི་འོད་ཟེར་གྱིས་དོན་གཉིས་བྱས། སངས་རྒྱས་དང་བྱང་སེམས་ཀྱི་བྱིན་རླབས་བསྡུས་ཏེ་ཐུགས་ཀར་ཐིམ། མཐར་འོད་དུ་ཞུ་བ་བུམ་པའི་ཆུར་བསམ་མོ། །དེ་ནས་སློབ་མ་ཁྲུས་བྱས། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨདྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བགེགས་ལ་གཏོར་མ་བྱིན། སྙིང་པོའི་སྔགས་ཀྱིས་ཕྱིར་བསྐྲད། འོག་ཐམས་ཅད་རྡོ་རྗེ་ས་གཞི། སྟེང་ཐམས་ཅད་རྡོ་རྗེའི་གུར་ཁང་དང་བླ་བྲེ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེ་ར་བ་ཟླུམ་པོ་ལ་རྡོ་རྗེ་མདའི་དྲ་བས་བརྒྱན་པ་ཕྱི་མེ་རི་ཁ་དོག་ལྔ་རབ་ཏུ་འབར་བས་བསྐོར་བར་གྱུར། མཎྜྻལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩལ།། ལན་གསུམ་གྱིས་གསོལ་བ་བཏབ། བླ་མ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དུ་གསལ་བའི་སྤྱན་སྔར་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་སྙམ་པ་གྱིས་ལ་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། ཞེས་སོགས་ལན་གསུམ། ཁྱད་པར་གྱི་གསོལ་བ་གདབ་པ་འདིའི་རྗེས་ཟློས་ཀྱང་གྱིས། བླ་མ་ཁྲོ་བོ་ཆེན་པོ་དགོངས་སུ་གསོལ། བདག་ལ་རྟ་མགྲིན་གྱི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ལན་གསུམ། དེ་ནས་སློབ་མ་སྭ་བྷཱ་ནས་བཞུགས་པ་ཞེས་པའི་བར་གོང་བཞིན་གྱིས་ལྷར་བསྐྱེད། བླ་མ་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། གཏོར་མའི་ལྷ་ལ་ཕོག ཐུགས་རྒྱུད་བསྐུལ། དེ་ལས་འོད་ཟེར་འཕྲོས་པས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་མ་ལུས་པ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་གྱི་སྐུའི་རྣམ་པར་ཆེ་བ་རི་རབ་ཙམ། ཆུང་བ་ཡུངས་འབྲུ་ཙམ་སྟེང་ནས་ཁ་བ་བབས་པ་ལྟ་བུ། འོག་ནས་ས་རླངས་འཐོན་པ་ལྟ་བུ། བར་ནས་བུ་ཡུག་འཚུབ་པ་ལྟ་བུར་བྱོན་ནས་ཁྱོད་རང་རྣམས་ཀྱི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས་བྱས་ལ་གཏོར་མས་དབང་བསྐུར་སྙིང་པོ་བརྗོད། སྐུའི་རྗེས་གནང་ངོ་།། ྎསངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་མ་ལུས་པ་གཟུངས་སྔགས་ཡིག་འབྲུའི་རྣམ་པར་ངག་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས་བྱས་མགྲིན་པར་བསྐུར། གསུང་གི་རྗེས་གནང་ངོ་།། ྎཐུགས་ཀྱི་བྱིན་རླབས་མ་ལུས་པ་རྡོ་རྗེ་དབྱུག་ཐོ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པརྎ ཡིད་ལ་སིབ་སིབ་ཐིམ་པའི་མོས་པ་གྱིས་བྱས་སྙིང་གར་བསྐུར། ཐུགས་ཀྱི་རྗེས་གནང་ངོ་།། མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་ཁྱོད་རང་རྣམས་ལ་ཐིམ་པས་ནད་གདོན་བགེགས་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཐུལ་ཐུལ་ཚིག་ནས་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་དང་གཉིས་སུ་མེད་པར་གྱུར། ཅེས་སླར་སྤྱི་བོར་བསྐུར་རོ། །གལ་ཏེ་སྔགས་ཀྱི་དབང་འདོད་ན། སློབ་དཔོན་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་སྔགས་འཕྲེང་བྱུ་རུའི་འཕྲེང་བ་ལྟ་བུར་ཐོན། ཁྱེད་རང་རྣམས་རྟ་མགྲིན་དུ་གསལ་བའི་ཞལ་དུ་ཞུགས་པའི་མོས་པ་གྱིས་བྱས་ལ་སྔགས་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱེད་དུ་བཅུག བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ཞེས་རྡོ་རྗེ་དང་བཅས་པའི་མེ་ཏོག་སྤྱི་བོར་བཞག སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ།། ཞེས་ལན་གསུམ་བརྗོད། དབང་ཟིན་ནས་གཏོར་མའི་ཟན་སློབ་མ་ལ་སྦྱིན་ནོ། །རང་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་སྲཱིཿལས་འོད་འཕྲོས། བླ་མ་དང་ཚེ་དཔག་ཏུ་མེད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བ་མདུན་གྱི་ནམ་མཁར་བཛྭ་ས་མཱ་ཛཿ ཨོཾ་ཨརྒྷཾ་པྲ་ཏིཙྪ་ཧཱུྃ། དེ་བཞིན་དུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱ། ཤཔྟས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས་ལན་གསུམ་གྱིས་བདུན་རྣམ་དག་བྱ། བཛྭ་མུཿཚོགས་ཞིང་རང་ལ་བསྡུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་སོགས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་བརྗོད། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་སྲཱིཿདམར་པོ་ཡོངས་སུ་གྱུར་པའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་འོད་ལྟར་དམར་བ་ཞལ་གཅིག་ཕྱག་གཉིས་པ་ཤིན་ཏུ་ཞི་ཞིང་མཛེས་པ་མཉམ་བཞག་གི་སྟེང་ན་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ནས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འོད་ཟེར་གྱི་འཕྲེང་བ་འཁྲིགས་པའི་ཀློང་ན་བཞུགས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀའི་ཆ་སྟོད་དུ་ཧཱུྃ། ཆ་སྨད་དུ་ཟླ་བ་ལ་སྲཱིཿསྔགས་ཀྱི་འཕྲེང་བས་བསྐོར་བ་དེ་ལས་འོད་འཕྲོས། བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་འོད་ཀྱིས་རིགས་ལྔ་སྤྱན་དྲངས། དེ་རྣམས་ཀྱིས་བདུད་རྩིའི་བུམ་པས་དབང་བསྐུར། ལུས་གང་། དྲི་མ་དང་། ཆུ་ལྷག་མ་སྤྱི་བོར་འཁྱིལ་བ་ལས་འོད་དཔག་ཏུ་མེད་པས་དབུ་བརྒྱན། ཨོཾ་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ གནྡྷེ། ནཻ་ཝིདྱཱ། ཤཔྟས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།། ཅེས་སོགས་བསྟོད། ཐུགས་ཀའི་སྔགས་འཕྲེང་ལས་འོད་འཕྲོས། སེམས་ཅན་ཐམས་ཅད་ཀྱི་ཚེ་བསྲིང་བསོད་ནམས་སྐྱེད་ནུས་པ་ཐམས་ཅད་བསྡུས་ཏེ་སྙིང་གའི་སྔགས་འཕྲེང་ལ་ཐིམ་པར་བསམས་ལ་བཟླ། བདག་བསྐྱེད་དོ། །མདུན་བསྐྱེད་ཚེ་བུམ་རིལ་བུ་ཆང་རྣམས་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ནས། བསྟོད་པའི་བར་བྱས། མདུན་བསྐྱེད་བསྐུལ་བའི་བཟླས་པ་བྱ་དུས། བདག་གི་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བསྒྲུབ་བྱའི་ཚེ་ཉམས་པ་བཀུག འབྱུང་བཞི། སེམས་ཅན་གྱི་ཚེ་དང་། བསོད་ནམས། སངས་རྒྱས་བྱང་སེམས་ཀྱི་བྱིན་རླབས་ཐམས་ཅད་བསྡུས། བུམ་པའི་ནང་དུ་འཆི་བ་མེད་པ་ཚེའི་བདུད་རྩིར་བསམ་ལ། ཨོཾ་ཨ་མཱ་ར་ཎི་ཛི་ཝནྟཱི་ཡེ་སྭཱ་ཧཱའམ། མཚན་བརྒྱ་རྩ་བརྒྱད་པ་བཟླ། ལས་བུམ་རྟ་མགྲིན་གྱི་བུམ་བསྐྱེད་ལྟར་བསྒྲུབས། དེ་ནས་སློབ་མ་ཁྲུས་བྱས་ནས་བགེགས་གཏོར་བཏང་། མཎྜྻལ་ཕུལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་གྱིས་གསོལ་བ་བཏབ། བླ་མ་ཚེ་དཔག་ཏུ་མེད་པར་གསལ་བའི་སྤྱན་སྔར་སྐྱབས་འགྲོ་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་སེམས་ཀྱི་སྡོམ་པ་ལེན་བསམས་པས་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི།། སོགས་ལན་གསུམ། གཏོར་མ་འདི་ཉིད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་ག་ནས་འོད་འཕྲོས་ཞེས་པའི་བར་མངོན་རྟོགས་བཞིན་བརྗོད་ནས། ཁྱེད་རྣམས་ཀྱི་ཚེ་གདོན་བགེགས་ཀྱིས་ཕྲོགས་པ། ཉམས་པ། ཡར་བ། འཆི་བདག་གིས་སྦས་པ་ཐམས་ཅད་བསྡུས། བུམ་པར་ཐིམ། ཚེའི་བདུད་རྩིར་གྱུར། ཞུ་ཞིང་ཁོལ། ཆིལ་གྱིས་ལུད་པ་ཁྱེད་རང་རྣམས་ཀྱི་ཚངས་བུག་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་ཚེ་ཉམས་པ་གསོས་ནས་སླར་འཕེལ་བའི་མོས་པ་གྱིས་བྱས་བུམ་པས་དབང་བསྐུར། གཟུངས་རིང་ཐུང་བརྗོད། དེ་ནས་ཚེ་མི་འགྱུར་བ་གཡུང་དྲུང་ལྟ་བུར་གྱུར་ཅིག ཚེ་མི་ཤིགས་པ་རྡོ་རྗེ་ལྟ་བུར་གྱུར་ཅིག ཚེ་མི་ནུབ་པ་རྒྱལ་མཚན་ལྟ་བུར་གྱུར་ཅིག འཆི་བ་མེད་པ་ཚེའི་དངོས་གྲུབ་ཐོབ་པར་གྱུར་ཅིག ཨོཾ་བཛྭ་ཨཱ་ཡུ་ཥེ་སྭཱ་ཧཱ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། ཞེས་པའི་ཤིས་བརྗོད་བྱས། ཡང་དབང་རྟེན་གྱི་མགོན་པོའི་ཐུགས་ཀ་ནས་འོད་འཕྲོས། དབང་ཆེན་གསེར་གྱི་ས་གཞི། རི་རབ་གསེར་གྱི་རི་བོ་སོགས་འབྱུང་བ་སའི་ཁམས་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པ་ཐམས་ཅད་བསྡུས་ཏེ་བུམ་པར་ཐིམ། ྎལུས་ཐམས་ཅད་གང་བས། ལུས་སྲ་ཞིང་འཐས་པ་གང་གིས་ཀྱང་གཞོམ་པ་དང་གཞིག་པར་མི་ནུས་པའི་ཚེའི་དངོས་གྲུབ་ཐོབ་པའི་མོས་པ་གྱིས་བྱས་ནས་དབང་བསྐུར། ཚེ་མི་འགྱུར་བ་སོགས་དང་། དེ་ཡི་ཉེ་བར་སྟོན་པའི་མཆོག་རབ་མི་གཡོ་བ།། ཞེས་སོགས་བརྗོདྎ འོག་གཞི་ཆུའི་དཀྱིལ་འཁོར་རྒྱ་མཚོ་བརྒྱད་སྒྲ་མི་སྙན་གྱི་འཆི་མེད་ཀྱི་ཚེ་ཆུ་ལ་སོགས་པ་འབྱུང་བ་ཆུའི་ཁམས་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པྎ ལུས་སྣུམ་བག་གཟི་བརྗིད་དང་ལྡན་པ་ཚེའི་དངོས་གྲུབྎ དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག། ཅེས་བརྗོདྎ འོག་གཞི་མེའི་དཀྱིལ་འཁོར་ཉི་མ་རྟ་གདོང་གི་མེ་སོགས་འབྱུང་བ་མེ་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པྎ ལུས་དྲོད་བཀྲག་མདངས་རྒྱས་པའི་ཚེའི་དངོས་གྲུབྎ རྒྱལ་བ་སྲས་བཅས་བསོད་ནམས་སྟོབས་དག་དང་།། བརྗོདྎ འོག་གཞི་རླུང་གི་དཀྱིལ་འཁོར་གཡོ་བར་བྱེད་འཛིན་སྡུད་སྨིན་པར་བྱེད་པ་འབྱུང་བ་རླུང་ལ་བརྟེན་ནས་ཚེ་བསྲིང་བར་ནུས་པྎ ལུས་ཡང་ཞིང་གཡོ་བ་སྟོབས་དང་ལྡན་པའི་ཚེའི་དངོས་གྲུབ་ཐོབྎ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།། བརྗོདྎ ཚངས་པ་བརྒྱ་བྱིན་སོགས་ཚེའི་རིག་འཛིན་བརྙེས་པ་རྣམས་དང་། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཤེས་རབ་ཐམས་ཅད་རྒྱ་མཚོ་ཆེན་པོ་ལས་ཆུ་བཅུས་པ་ལྟར་བསྡུས་ཏེ། ཚེ་དང་བསོད་ནམས་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་བའི་ཚེའི་དངོས་གྲུབྎ ལོ་བརྒྱ་ཐུབ་ཅིང་སྟོང་བརྒྱ་མཐོང་བ་དང་།། བརྗོདྎ དུས་གསུམ་གྱི་རྒྱལ་བ་སྲས་བཅས་གཅིག་ལ་གཅིག་དགྱེས་བཞིན་པར་འོད་དུ་ཞུ་བའི་རྒྱུན་བསྡུས་ཏེ ྎལུས་ངག་ཡིད་མི་ཤིགས་པ་ཚེའི་དངོས་གྲུབ་ཐོབྎ སྦྱིན་པ་གཏོང་ཞིང་ཚུལ་ཁྲིམས་བསྲུང་བ་དང་།། བརྗོདྎ དེ་ནས་དབང་རྟེན་གྱི་མགོན་པོའི་སྨིན་མཚམས་ཀྱི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་སྨིན་མཚམས་སུ་ཞུགས་ཏེ་སྐུའི་བྱིན་རླབས་མ་ལུས་པ་ཨོཾ་ཡིག་གི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ། བུམ་པའི་དབང་ཐོབ། ལུས་འཆི་བ་མེད་པར་གྱུར་པ་ཨོཾ་ཡིག་གིས་རྒྱས་བཏབ། དབང་རྟེན་གྱི་མགོན་པོའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་མགྲིན་པར་ཞུགས་ཏེ་གསུང་གི་བྱིན་རླབས་མ་ལུས་པ་ཨཱཿཡིག་གི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། གསང་བའི་དབང་ཐོབ། ངག་འཆི་བ་མེད་པར་གྱུར་པ་ཨཱཿཡིག་གིས་རྒྱས་བཏབ། དབང་རྟེན་གྱི་མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་སྤྲོས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀར་ཞུགས་ཏེ་ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཧཱུྃ་ཡིག་གི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམ་པའི་སྙིང་གར་ཐིམ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་འཆི་བ་མེད་པར་གྱུར་པ་ཧཱུྃ་ཡིག་གིས་རྒྱས་བཏབ། དབང་རྟེན་གྱི་མགོན་པོའི་གནས་གསུམ་ལས་འོད་ཟེར་སྣ་ཚོགས་འཕྲོས། སངས་རྒྱས་ཐམས་ཅད་ཀྱི་གནས་གསུམ་ནས་ཞུགས། སྐུ་གསུང་ཐུགས་དབྱེར་མེད་པའི་ཡེ་ཤེས་ཀྱི་བྱིན་རླབས་ཐམས་ཅད་ཡི་གེ་གསུམ་གྱི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམ་པའི་གནས་གསུམ་དུ་ཐིམ། དབང་བཞི་པ་ཐོབ། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཀྱི་འཆི་བ་མེད་པའི་ཚེ་ཐོབ་པའི་མོས་པ་གྱིས་བྱས་དབང་བསྐུར། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག། ཅེས་བརྗོདྎ མཐར་དབང་རྟེན་གྱི་མགོན་པོ་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས་མགོན་པོ་ཚེ་དཔག་ཏུ་མེད་པ་དང་སྐུ་གསུང་ཐུགས་ཡེ་ཤེས་གཉིས་སུ་མེད་པར་གྱུར་པའི་མོས་པ་གྱིས་བྱས་དབང་བསྐུར། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།། ཅེས་ཤིས་པ་བརྗོདྎ ཚེ་རིལ་དང་ཚེ་ཆང་བྱིན་མཎྜྻལ་འབུལ་ལོ། །ཚེ་དབང་བརྒྱ་རྩ་བྱེད་ན་དབང་རྟེན་གྱི་མགོན་པོ་བསྐྱེད་པའི་བར་འདྲ་ལ། དེ་ལས་འོད་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་གདོན་བགེགས་ཀྱིས་ཕྲོགས་ཤིང་ཉམས་པ་དང་སྦས་པ། འབྱུང་བ་བཞི་ལ་བརྟེན་ནས་ཚེ་སྲིང་བར་ནུས་པ། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་བསྡུས་ཏེ་བུམ་པར་ཐིམ། ཚེའི་བདུད་རྩིར་ཞུ་ཞིང་འཁོལ། ཆིལ་གྱིས་ལུད་པ་ཁྱེད་རང་རྣམས་ཚངས་བུག་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས་ཚེ་ཉམས་པ་གསོས་ཏེ་སླར་འཕེལ་བའི་མོས་པ་གྱིས་བྱས་ལ་དབང་བསྐུར་བ་ནས་ཤིས་བརྗོད་བྱ་བའི་བར་སྔར་དང་འདྲའོ། །ཚེ་རྟ་ཟུང་འབྲེལ་དུ་བྱེད་ན། རྟ་མགྲིན་གྱི་བདག་མདུན་བུམ་པའི་བར་ཇི་ལྟ་བ་བཞིན་བསྒྲུབས། བདག་བསྐྱེད་དེ་ཉིད་དེ་ནས་མདུན་བསྐྱེད་ཚེ་དཔག་མེད་ཀྱང་བསྒྲུབ་བསྐུལ་བའི་བཟླས་པ་བྱས་ནས། རྟ་མགྲིན་གྱི་ཁྱད་པར་གྱི་གསོལ་གདབ་བྱས། སྡོམ་པ་ཕོག རྟ་མགྲིན་གྱི་རྗེས་གནང་བྱས། དེ་ནས་བླ་མ་རྟ་མགྲིན་དུ་གསལ་བ་དེ་ཉིད་ཚེ་དཔག་ཏུ་མེད་པར་གསལ་ཐོབ་ལ་ཚེ་དབང་ཞུ་སྙམ་པས་འདིའི་རྗེས་ཟློས་གྱིས། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན།། ལན་གསུམ་གྱི་མཐར་ཚེ་དབང་བསྐུར་བ་ཡིན་ནོ། །སྔགས་དབང་འདོད་ན་སློབ་དཔོན་ཚེ་དཔག་མེད་པར་གསལ་བའི་ཐུགས་ཀ་ནས་སྔགས་འཕྲེང་འཐོན། ཁྱེད་རང་རྣམས་ཚེ་དཔག་མེད་པར་གསལ་བའི་ཞལ་ནས་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པའི་མོས་པ་གྱིས་བྱས་ལ། སྔགས་གཉིས་ཀྱི་རྗེས་ཟློས་ལན་གསུམ་བྱས། བཅོམ་ལྡན་འདི་ལ་དང་། བཅོམ་ལྡན་བདག་གིས་ཞེས་བརྗོད་པར་བྱའོ། །པདྨ་དཀར་པོས་སྦྱར་བའོ།། །།


previousཕྱི་སྒྲུབ་སློབ་མ་ལ་ཕན་པའི་ཚེ་རྟའི་ཟིན་བྲིས།next