Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་བཤད་པ་ངེས་དོན་ལྟ་བའི་མིག
  
  
 


2 occurrences of བྱམས་པ་གླིང་
[Clear Hits]

 
previousཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་བཤད་པ་ངེས་དོན་ལྟ་བའི་མིགnext

ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་བཤད་པ་ངེས་དོན་ལྟ་བའི་མིག

ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་བཤད་པ་ངེས་དོན་ལྟ་བའི་མིག་ཅེས་བྱ་བ་བཞུགས་སོ། །ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་བཤད་པ་ངེས་དོན་ལྟ་བའི་མིག་ཅེས་བྱ་བ། རྗེ་བཙུན་དམ་པ་ངག་གི་དབང་པོར་ཕྱག་འཚལ་ལོ། །ཨེ་ཡི་མཁའ་དབྱིངས་དབུས་སུ་ཝཾ། །ངེས་གནས་གསང་བ་མཆོག་གང་ན། །རྟག་ཏུ་དགྱེས་པར་རོལ་མཛད་པའི། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ལྷན་སྐྱེས་གཉུག་མའི་ཡིད་དང་ཤེས་བྱའི་ཆོས། །དག་པའི་དངོས་པོར་གཅིག་པ་ལེགས་གཟིགས་ནས། །ཕན་བདེའི་དཔལ་གྱིས་འགྲོ་བ་སྐྱོབ་མཛད་པའི། །བཀའ་བརྒྱུད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྒྱལ་བ་རྣམས་ཀྱི་ཡང་དག་ཕུལ་གྱི་ཆོས། །ཟབ་ཅིང་རྒྱ་ཆེའི་གཏམ་གྱི་ངེས་པའི་དོན། །ཇི་བཞིན་བལྟ་བར་འདོད་པ་དེ་དག་ལ། །ཆོས་ཀྱི་སྒོ་འདི་མིག་ཏུ་གྱུར་པ་སྙམ། །ས་དང་ས་འོག་མཐོ་རིས་ཀྱི་འཇིག་རྟེན་ན་གྲགས་པ་ཆེས་ཆེར་གསལ་བ་མཉམ་མེད་བཀའ་བརྒྱུད་རིན་པོ་ཆེའི་ཟབ་ཆོས་ཀྱི་སྙིང་པོ་གཉིས་པ། །ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་གསུང་གི་གསང་བ་གཞན་གྱི་རྒྱུད་ལ་འགོད་པར་འདོད་ནས། །གཞི་དང་ཉམས་ལེན་ཉམས་མྱོང་དང་། །དྲོད་རྟགས་འབྱེད་དང་འབྲས་བུ་ནི། །མངོན་གྱུར་རྣལ་འབྱོར་བཞི་པོ་འདིར། །ལམ་ནི་ངེས་པའི་མདོར་བསྡུས་སོ། །གཞི་གཏན་ལ་འབེབས་པའི་རྣལ་འབྱོར་བཞི། ལམ་ཉམས་སུ་ལེན་པའི་རྣལ་འབྱོར་བཞི། ཉམས་མྱོང་གི་སྤུ་རིས་འབྱེད་པའི་རྣལ་འབྱོར་བཞི། ས་ལམ་གྱི་དྲོད་རྟགས་འབྱེད་པའི་རྣལ་འབྱོར་བཞི། འབྲས་བུ་མངོན་དུ་གྱུར་པའི་རྣལ་འབྱོར་བཞི་སྟེ། བཞི་ཚན་ལྔ་པོ་འདི་དག་ནི་འདིར་ལམ་རྣམ་པར་ངེས་པའི་མདོར་བསྡུས་པའོ། །ཅིའི་ཕྱིར་གོ་རིམ་དེ་ལྟར་དུ་བཞག་ཅེ་ན། གཞི་ནི་གཏན་ལ་དབབ་དེ་བཞིན། །ལམ་དུ་ཉམས་ལེན་དེ་ཉིད་ལས། །བྱུང་བའི་ཉམས་མྱོང་དེ་ཡི་ལམ། །ཇི་ལྟར་བགྲོད་དང་མངོན་གྱུར་འབྲེལ། །གཞི་གཏན་ལ་ཕབ་ནས། དེ་བཞིན་ལམ་དུ་ཉམས་སུ་བླང་བར་བྱ་བ་དང་། །དེ་ལས་ཉམས་མྱོང་ཇི་ལྟར་སྐྱེས་པ་དང་། སྐྱེས་པ་དེ་དག་གིས་ས་དང་ལམ་ཇི་ཙམ་བགྲོད་པ་དང་། འབྲས་བུ་མཐར་ཐུག་པའི་གནས་སྐབས་འབྲེལ་བའི་དབང་གིས་སོ། །ད་ནི་ཐོག་མ་ཉིད་དུ་གཞི་གཏན་ལ་འབེབས་པའི་རྣལ་འབྱོར་བཞི་བཤད་པར་འདོད་ནས། མ་བསླད་ཕྱིར་དང་མི་གནས་ཕྱིར། །མི་འགལ་ཕྱིར་དང་མི་དམིགས་ཕྱིར། །བཞི་ནི་རྩེ་གཅིག་སྤྲོས་བྲལ་དང་། །རོ་གཅིག་སྒོམ་མེད་བཞིར་བཤད་དོ། །གཞི་ཕྱག་རྒྱ་ཆེན་པོའམ། །ཐ་མལ་གྱི་ཤེས་པའམ། ཐོལ་སྐྱེས་ཀྱི་རིག་པ་འདི་ཉིད། གང་གིས་ཀྱང་མ་བསླད་པས་རྩེ་གཅིག་གི་རྣལ་འབྱོར། གང་དུ་ཡང་མི་གནས་པས་སྤྲོས་བྲལ་གྱི་རྣལ་འབྱོར། གང་དང་ཡང་མི་འགལ་བས་རོ་གཅིག་གི་རྣལ་འབྱོར། གང་དུའང་མི་དམིགས་པས་སྒོམ་མེད་ཀྱི་རྣལ་འབྱོར་བཞིའི་དབྱེ་བ་བཤད་དོ། །མ་བསླད་པའི་དོན་གང་ཞེ་ན། ཀུན་ནས་ཉོན་མོངས་ཉིད་དང་གཞན། །རྣམ་པར་བྱང་བ་ཞེས་བྱའི་ཆོས། །བསལ་དང་བཞག་པར་བྱ་བ་ནི། །ཅུང་ཟད་མེད་ཕྱིར་མ་བསླད་པ། །རང་གི་སེམས་གདོད་མ་ནས་རྣམ་པར་དག་པས་ཉོན་མོངས་པ་དང་། རྣམ་པར་རྟོག་པ་སོགས་ཀུན་ནས་ཉོན་མོངས་ཀྱི་ཆོས་བསལ་བ་དེ་དོར་རྒྱུའམ། གཞན་རྣམ་པར་བྱང་བ་ཞེས་བྱ་བའི་ཆོས་བཞག་པ་སྟེ་བསྣན་རྒྱུ་ཅི་ཡང་མེད་པས་ན་མ་བསླད་པའོ། །བྱམས་མགོན་གྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཅེས་གསུངས་སོ། །ཡོད་དང་མེད་སོགས་ཇི་སྙེད་པའི། །ཕུང་པོ་གཉིས་ནི་ཡོད་མིན་ལ། །དབུ་མར་ཡང་ནི་མི་གནས་པས། །མི་གནས་པ་ཞེས་བྱ་བར་བརྗོད། །སེམས་ཉིད་ནི་ཡོད་པ་རྟག་པའི་མཐའ་དང་། མེད་པ་ཆད་པའི་མཐའ་རྣམ་པར་སྤངས་པ། སྐྱེ་བ་དང་འགག་པ་ལ་སོགས་པའི་ཕུང་པོ་གཉིས་སུ་མ་གྲུབ་པ། ཐོག་མ་དང་ཐ་མ་དབུས་དང་རྣམ་པར་བྲལ་བ་དབུ་མའི་སེམས་ཉིད་ཀྱི་ཕྱིར་མི་གནས་པ་ཞེས་བྱ་བར་བརྗོད་དོ། །ཡོད་དང་མེད་པ་རྣམ་པར་སྤངས། །སོ་སོ་རང་གིས་རིག་བྱ་བ། །དབུ་མའི་སེམས་ཞེས་བྱ་བ་སྟེ། །རྣམ་པར་མི་རྟོག་བདག་ཉིད་དོ། །ཞེས་སོ། །ཇི་སྙེད་པ་ཡི་ཆོས་ཐམས་ཅད། །དེ་ལས་གཞན་མིན་དེ་ཉིད་ཀྱང་། །དེ་སྙེད་པ་ཡི་རྣམ་པ་ལ། །འཇུག་ཕྱིར་དེ་ནི་མི་འགལ་བ། །ཇི་སྙེད་པ་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་སེམས་ཉིད་དེའི་དབྱིངས་སུ་རོ་མཉམ་པའམ་གཅིག་པ། དེ་ཉིད་ཀྱང་ཆོས་ཀྱི་སྐྱེ་མཆེད་པའི་ནམ་མཁའ་ཆོས་ཐམས་ཅད་ཀྱི་རྗེས་སུ་འཇུག་པ་ལྟར་ཆོས་ཐམས་ཅད་ལ་ཁྱབ་པར་འཇུག་པ་ཉིད་ཀྱི་ཕྱིར་མི་འགལ་བའོ། །དེ་ཡང་། ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་གསུངས་སོ། །གང་ཞིག་ཉེ་བར་བརྗོད་པ་ལ། །ཀུན་མཁྱེན་ཚིག་གིས་དབུལ་གྱུར་ཅིང་། །བློ་ཡི་ཡུལ་མིན་དཔེ་གཞན་གྱི། །བསྙད་བྱ་མིན་པས་མི་དམིགས་པའོ། །རང་གི་ངོ་བོ་ཇི་ལྟ་བ་བཞིན་བརྗོད་པ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱང་ཚིག་གིས་དབུལ་བས་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ། བསྒོམ་བྱ་སྒོམ་བྱེད་ཀྱི་བློས་མ་རེག་པ། རྟོག་གེ་བ་རྣམས་ཀྱི་བློ་གྲོས་ཞིབ་མོས་དཔྱོད་པའི་ཡུལ་དུ་མ་གྱུར་པ། །གཞོན་ནུ་མའི་བདེ་བ་སྙིང་ལ་ཞེན་པའི་དཔེ་ཙམ་ལས་གཞན་བསྙད་པར་བྱ་བ་སྟེ་གཞན་རྐྱེན་གྱིས་རྟོགས་པར་མི་ནུས་པ། སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱིས་ན་མི་དམིགས་པའོ། །ཚུལ་འདི་ནི། དཔལ་ཏིལ་གྱི་ཞབས་ཅན་གྱིས་བཤད་པ། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་པའོ། །ད་ནི། ལམ་ཉམས་སུ་ལེན་པའི་རྣལ་འབྱོར་དེ་ཉིད་ཀྱང་། །མི་རྟོག་པ་དང་སྐྱེ་མེད་དང་། །གཉིས་སུ་མེད་དང་བསམ་མི་ཁྱབ། །གང་གི་ངང་ལ་འཇོག་ཕྱིར་ལམ། །ཉམས་སུ་ལེན་ཚུལ་དེ་ཡང་བཞི། །མི་རྟོག་པའི་ངང་དུ་འཇོག་པ་རྩེ་གཅིག་གི་རྣལ་འབྱོར། སྐྱེ་མེད་ཀྱི་ངང་དུ་འཇོག་པ་སྤྲོས་བྲལ། གཉིས་མེད་ཀྱི་ངང་དུ་འཇོག་པ་རོ་གཅིག གཉུག་མའི་ངང་དུ་འཇོག་པ་སྒོམ་དུ་མེད་པའི་རྣལ་འབྱོར་བཞིར་དབྱེ་བར་ཡང་བྱའོ། །ཚུལ་ཇི་ལྟ་བུས་མི་རྟོག་པའི་ངང་དུ་འཇོག་པ་ཡིན་ཞེ་ན། ཇི་སྲིད་དངོས་པོར་འཛིན་ཡོད་པ། །དེ་སྲིད་སྲིད་པའི་བཙོན་རར་འཆིང་། །དེ་བས་དངོས་འཛིན་ཡོངས་བཏང་སྟེ། །དངོས་མེད་ཉིད་དུ་མི་རྟོག་གོ །ཇི་སྲིད་དངོས་པོར་འཛིན་པ་ཡོད་པ་དེ་སྲིད་དུ། ང་ཡིར་འཛིན་པ་ཡོད་ལ། ང་ཡིར་འཛིན་པས་ནི། སྲིད་པའི་བཙོན་རར་དམ་དུ་འཆིང་བར་བྱེད་པས་རྣལ་འབྱོར་པ་རྣམས་ཀྱིས་དངོས་པོར་འཛིན་པ་ཡོངས་སུ་བཏང་བར་བྱ་ཞིང་། དངོས་པོ་མེད་པར་རྟོག་པའང་སྨན་དུག་ཏུ་སོང་བ་དང་འདྲ་བར་ཤེས་པས་འདས་པའི་རྗེས་མི་དཔྱད། མ་འོངས་པའི་སྔུན་མི་བསུ། ད་ལྟ་བར་བཟོ་བཅོས་བརྟག་དཔྱད་མི་བྱ་བར་ཤེས་པ་སོ་མའི་ངང་ལ་བུ་ཆུང་ལྷུག་པར་གནས་པ་ལྟར་རྩེ་གཅིག་ཏུ་འཇོག་པ་ནི། རྣམ་པར་རྟོག་པ་རང་གི་ངང་གིས་ཞི་བས་ན་མི་རྟོག་པའོ། །དེ་ལྟར་ཡང་། བཅོམ་ལྡན་འདས་ཀྱིས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་གསུངས་སོ། །གང་ལས་སྐྱེས་ཤིང་གང་དུ་གནས། །གང་དུ་འགག་པ་མ་རྙེད་ནས། །རྩ་བ་བྲལ་བའི་དེ་ཉིད་དང་། །མཉམ་པར་འཇོག་པ་སྐྱེ་མེད་དོ། །དེ་ལྟར་བཞག་པ་ན་དུས་གསུམ་གྱི་ཆོས་ཐམས་ཅད་དངོས་པོའི་ཆོས་སུ་མ་སྐྱེས། དངོས་མེད་ཀྱི་ཆོས་སུ་མི་འགག ཐ་དད་ཀྱི་ཆོས་སུ་མི་གནས་པས། ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་སྤྲོས་པའི་མཐའ་ཐམས་ཅད་ངོ་བོ་ངོས་གཟུང་དང་བྲལ་བར་རྟོགས་པའི་ངང་ལ་འཇོག་པ་ནི་སྐྱེ་མེད་དོ། །དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་བས། །དངོས་པོ་རྣམས་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་བླ་མ་མགོན་པོས་བསྟན་པས་རྟོགས། །ཞེས་བྱ་བས་སོ། །ཇི་སྲིད་རྣམ་པར་འཕྲོས་དེ་སྲིད། །སེམས་ཀྱི་རང་བཞིན་ཉིད་ཡིན་ཕྱིར། །དངོས་པོ་དང་ནི་སྟོང་པ་ཉིད། །གཉིས་སུ་མེད་པར་མཉམ་པར་གཞོག །དེ་ལྟར་བཞག་པས་མི་སྡོད་པར་འཕྲོ་བའི་ཚེ་ན། འཕྲོ་མཁན་གྱི་རིག་པ་མ་བཅོས་པ་དང་། འཕྲོ་ཡུལ་གྱི་ཚོགས་དྲུག་ལྷུག་པར་བཞག་པས། ཡུལ་ཡུལ་ཅན་གྱི་འཛིན་པ་རང་སར་གློད་དེ་ཆབ་དང་ཆབ་རོམ་མམ། ཆུ་དང་རླབས་ལྟ་བུར་འཇོག་པ་ནི་གཉིས་སུ་མེད་པའི་རྣལ་འབྱོར་ཡིན་ནོ། །ཇི་སྲིད་སེམས་ལས་རྣམ་འཕྲོས་པས། །དེ་སྲིད་མགོན་པོའི་རང་བཞིན་ཏེ། །ཆུ་དང་རླབས་དག་གཞན་ཡིན་ནམ། །ཞེས་པས་སོ། །སྒོམ་པ་ཅུང་ཟད་ཡོད་མིན་པས། །བསྒོམ་པར་བྱ་བ་ཉིད་ཀྱང་མེད། །སྒོམ་དང་བསྒོམ་བྱ་ལས་འདས་པ། །དེ་ནི་བསམ་མི་ཁྱབ་ཀྱིས་རིག །དེ་ལྟར་འཇོག་པ་དེ་ཡང་བཙལ་ནས་འཇོག་རྒྱུའམ། བཏེག་ནས་འཇོག་རྒྱུའམ། བཀུག་ནས་འཇོག་རྒྱུ་ལྟ་བུ་ཡོད་པ་མིན་ཏེ། བཞག་བྱ་འཇོག་བྱེད་བསྒོམ་བྱ་སྒོམ་བྱེད་ཀྱིས་བློའི་ཡུལ་ལས་འདས་པ། འཁོར་འདས་དུས་གསུམ་གྱི་ཆོས་ཐམས་ཅད་ཡིད་ལ་མི་བྱེད་པས་བྱར་མེད་དམ། རྩོལ་བྲལ་ལམ། བློ་འདས་སམ། ཡེ་རྫོགས་སམ། ཁྱབ་གདལ་ལམ། ཟང་ཐལ་ལམ། ལྷུན་གྲུབ་ཀྱི་ངང་ལས་མི་འདའ་བར་འཇོག་པ་ནི་བསམ་མི་ཁྱབ་པའི་རྣལ་འབྱོར་དུ་བཤད་པ་ཡིན་ཏེ། སློབ་དཔོན་ཆེན་པོ་ཏོག་རྩེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ནས་བདེ་ཆེན་རྒྱུན་མི་འཆད། །བྱས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་རྒྱུ་མེད་ཀྱི་གཉུག་མའི་ངང་དུ་ཞོག །ཅེས་དང་། རྒྱལ་བ་ཉིད་ཀྱིས་ཀྱང་། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་གསུངས་ཀྱི། ངེས་པའི་དོན་ཇི་ལྟ་བ་བཞིན་མཐོང་བར་འདོད་པ་དག་གིས་རྣལ་འབྱོར་བཞི་པོ་འདི་ལ་ནན་ཏན་དུ་བྱ་དགོས། འདིའི་གནད་ཟབ་པ་དང་རྒྱ་ཆེ་བ་ནི་བླ་མ་དམ་པ་བརྒྱུད་པའི་མན་ངག་ཡོད་དོ་བ་མ་ཡིན་པ་ཁ་དང་ལག་པ་སྤྲད་དུ་ཡོད་པ་ཞིག་ལས་ཇི་བཞིན་མཉན་ནས་བསྒོམ་པར་བྱ་དགོས་ཀྱི། ཐོས་པ་ཙམ་གྱིས་ནི་རྟོགས་པར་མི་ནུས་ཏེ། ཕལ་པོ་ཆེ་ལས། དཔེར་ན་དམུས་ལོང་རི་མོ་མཁན། །ཚོང་འདུས་དབུས་སུ་ཕྱིན་ནས་ནི། །སྐྱེ་བོ་མང་པོ་དགའ་བྱས་ཀྱང་། །རང་གི་སྐད་ཅིག་མཐོང་བ་མེད། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཞེས་བཤད་དོ། །ད་ནི་དྭགས་པོ་བཀའ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞི་དང་། །བཞི་གསུམ་བཅུ་གཉིས་སུ་གང་གསུངས་པ་དེ་ནི། འདིར་ཉམས་མྱོང་གི་སྤུ་རིས་འབྱེད་པའི་རྣལ་འབྱོར་བཞིར་བཤད་པ་འདི་ཉིད་དོ། །དེ་གང་ཞེ་ན། ཇི་ལྟར་རྩེ་གཅིག་སྤྲོས་བྲལ་དང་། །རོ་གཅིག་དེ་བཞིན་སྒོམ་མེད་ཀྱི། །རྣལ་འབྱོར་བཞི་པོ་ཉམས་མྱོང་གི །སྤུ་རིས་ཕྱེ་བ་ཉིད་དུ་འདོད། །རྩེ་གཅིག་གི་རྣལ་འབྱོར་དང་། སྤྲོས་བྲལ་གྱི་རྣལ་འབྱོར་དང་། རོ་གཅིག་གི་རྣལ་འབྱོར་དང་། བསྒོམ་དུ་མེད་པའི་རྣལ་འབྱོར་རོ། །དེ་དག་ལས་རྩེ་གཅིག་གི་རྣལ་འབྱོར་ཇི་ལྟ་བུ་ཞེ་ན། གནས་ཐོག་འགྱུ་བའི་རང་ངོ་ཤེས། །འགྱུ་ཐོག་གནས་པའི་རང་ས་ཟིན། །གནས་འགྱུའི་བར་ལག་འགྱེལ་བ་ན། །རྩེ་གཅིག་རང་ངོ་འཕྲོད་པ་ཡིན། །དུས་གསུམ་གྱི་རྣམ་པར་རྟོག་པ་འགོ་ནོན། དུག་གསུམ་གྱི་ཉོན་མོངས་རང་ག་མར་མ་སོང་། །བྱིང་རྒོད་རྨོངས་གསུམ་གྱི་སྐྱོན་དང་བྲལ། །བདེ་གསལ་མི་རྟོག་པ་གསུམ་གྱི་མདངས་དང་ལྡན་པའི་ཞི་གནས་དེའི་ཐོག་ནས་འགྱུ་བའི་རང་ངོ་ཤེས། འགྱུ་ཐོག་དེར་གནས་པའི་རང་སོ་ཚུགས་པ་ཅིག་འདུག་ན། རྩེ་གཅིག་གི་རྣལ་འབྱོར་རྒྱུད་ལ་སྐྱེས་པ་ཡིན་ནོ། །དེ་ཡང་ལུང་ལས། དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཤེས་བྱ། །ཞེས་བཤད་དོ། །གང་ཞིག་སྐྱེ་འགག་རྟག་ཆད་དང་། །འགྲོ་འོང་གཅིག་དང་དུ་མ་ཡི། །སྤྲོས་པ་ཉེར་ཞི་སྤྲོས་མེད་ལས། །གྲོལ་བར་རྟོགས་པ་སྤྲོས་བྲལ་ལོ། །སྐྱེ་བ་དང་འགག་པ་ལ་སོགས་པ། གཟུང་བ་དང་འཛིན་པའི་སྤྲོས་པ་ཐམས་ཅད་རང་སར་ཞི། གང་ཤར་ངོས་ཟིན། གང་སྐྱེས་སྐྱེ་མེད་དུ་རྟོགས། བལྟ་བྱ་དང་ལྟ་བྱེད་དབྱིངས་སུ་དག །སྤྲོས་པ་མེད་པ་ཞེས་ཆད་པའི་སྟོང་པར་མ་སོང་། ཐ་མལ་གྱི་ཤེས་པའི་རང་ངོ་མཐོང་། འཁྲུལ་པ་གཞི་མེད་རྩ་བྲལ་དུ་རྟོགས་པས། འཁྲུལ་གྲོལ་གྱི་བར་ལག་འགྱེལ། སྒྲོ་འདོགས་ནང་ནས་ཆོད་པ་འདི་ནི་སྤྲོས་བྲལ་རྒྱུད་ལ་སྐྱེས་པ་དེ། ས་ར་ཧའི་ཞལ་ནས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་གསུངས་པས་སོ། །དངོས་ཀུན་གཙོ་བོ་རང་སེམས་ཀྱི། །ངོ་བོ་ཉིད་དེ་ལེགས་རྟོགས་པས། །ཐམས་ཅད་དེ་ཡིན་དེ་ལས་གཞན། །ནམ་ཡང་རྙེད་མིན་རོ་གཅིག་ལོ། །སེམས་ཉིད་གཉུག་མའི་རང་ངོ་ཤེས་ཤིང་གོམས་པས་དག་མ་དག་སྣ་ཚོགས་སུ་སྣང་བའི་སྣང་བ་ཐམས་ཅད་སེམས་ཉིད་གཅིག་པུའི་རྒྱ་ལས་མི་འདའ་བར་ཤེས་པས་སྣང་བ་སྒོམ་དུ་ཤར་ཞིང་། སྣང་སྟོང་རོ་གཅིག་ཏུ་རྟོག་པས་སྣང་སེམས་ཀྱི་བར་ལག་འགྱེལ། འགལ་རྐྱེན་གྲོགས་སུ་ཤར། བཟང་ངན་མེད་པར་ལམ་དུ་ལོངས་པ་ནི་རོ་གཅིག་གི་རྟོགས་པ་ཤར་བ་ཡིན་ནོ། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཀློག་པ་དེ་ཡིན་འཛིན་དང་བསྒོམ་པའང་དེ། །བསྟན་བཅོས་སྙིང་ལ་འཆད་པའང་དེ་ཡིན་ནོ། །ཞེས་གསལ་བར་གསུངས་པའོ། །ཇི་ལྟར་མེ་དང་བུད་ཤིང་བཞིན། །གཅིག་ཅར་སྤངས་གཉེན་ཟད་གྱུར་པའི། །དབྱིངས་སུ་ཆོས་ཀུན་རྫོགས་པ་གང་། །སྒོམ་དུ་མེད་པའི་རྣལ་འབྱོར་རོ། ཇི་ལྟར་བུད་ཤིང་ཟད་པས་མེ་ཟད་པ་བཞིན་དུ། །སེམས་ཉིད་ལ་བརྟན་པ་ཐོབ་པས་སྒྲིབ་པ་གཉིས་ཟད་ཅིང་། དེའི་དབང་གིས་ཉམས་ལེན་གྱི་རྩོལ་བ་ཟད་པར་གྱུར་པས། རེ་དོགས་ཀྱི་མདུད་པ་གྲོལ། བདག་གཞན་གྱི་དོན་གཉིས་འགྲུབ། །ཆོས་ཐམས་ཅད་གནས་ལུགས་ཆོས་ཀྱི་སྐུ་ཉག་གཅིག་ལས་མི་འདའ་བར་རྟོགས་པས། མཉམ་རྗེས་ཀྱི་བར་ལག་འགྱེལ་བ་འདི་ནི། སྒོམ་མེད་ཀྱི་རྣལ་འབྱོར་རྒྱུད་ལ་སྐྱེས་པའོ། །དེ་སྐད་དུ་ཡང་། རྗེ་བཙུན་གླིང་གིས། རྗེ་ཡི་ཞལ་ནས་གཉུག་མའི་དོན། །སྒོམས་ཤིག་གསུངས་ནས་བསྒོམས་ལགས་པས། །བསྒོམ་བྱ་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་ཐུན་མཚམས་སུ་གཟུང་རྒྱུ་ཡང་མི་གདའོ། །ཞེས་བཤད་པས་སོ། །རྩེ་གཅིག་གི་སྐབས་སུ་མཉམ་བཞག་དེའི་ངོར་ཉོན་མོངས་པ་དང་། རྣམ་རྟོག་རང་མཚན་པ་མི་དམིགས་པའི་སྒོ་ནས་སྤྲོས་བྲལ་དང་ཁྱད་མེད་ཀྱང་། །དེ་ཉིད་ལ་མཚན་མར་འཛིན་པའི་སྤྲོས་པ་མ་སྤངས་པའི་ཆ་ནས་སྤྲོས་བྲལ་ལས་དམན་པ་ཡིན་ནོ། །སྤྲོས་བྲལ་གྱི་སྐབས་སུ་དངོས་པོར་འཛིན་པའི་སྤྲོས་པ་དང་བྲལ་བའི་ཆ་ནས། རོ་གཅིག་དང་ཁྱད་མེད་ཀྱང་། ཆོས་ཅན་སྣ་ཚོགས་པའི་རྩལ་དུ་མར་མ་ཤར་བའི་སྒོ་ནས་རོ་གཅིག་ལས་དམན་པ་ཡིན་ནོ། །རོ་གཅིག་གི་སྐབས་སུ་ཆོས་ཐམས་ཅད་རོ་མཉམ་དུ་ཤར་བའི་སྒོ་ནས། སྒོམ་མེད་དང་ཁྱད་མེད་ཀྱང་། ཉམས་ལེན་གྱི་རྩོལ་བ་དབྱིངས་སུ་མ་ཟད་པའི་ཆ་ནས་སྒོམ་མེད་ལས་དམན་པ་ཡིན་ནོ། །ཞེས་དཔལ་རྒྱལ་བའི་དབང་པོའི་ཞལ་སྔ་ནས་སོ། །གང་ཟག་དབང་པོའི་བྱེ་བྲག་ནི། །ཅིག་ཅར་ཐོད་རྒལ་རིམ་སྐྱེས་པ། །རྣམ་པ་གསུམ་དུ་ངེས་གནས་པས། །རྟོགས་ཚུལ་རྣམ་པ་གསུམ་བཤད་དོ། །གང་ཟག་ཅིག་ཅར་བ་དང་། ཐོད་བརྒལ་བ་དང་། རིམ་སྐྱེས་པ་དང་གསུམ་དུ་ངེས་པས། ཕྱག་རྒྱ་ཆེན་པོ་ལ་ཡང་སྐྱེ་ལུགས་གསུམ་ཡོད་པ་ལས། ཅིག་ཅར་བ་ནི་རྣལ་འབྱོར་བཞི་ཀའི་རྟོགས་པ་དུས་གཅིག་ལ་སྐྱེས་པ་གྲུབ་ཐོབ་གླིང་རས་པ་ལྟ་བུ་ཡིན་ལ། །འདི་ནི་རྣལ་འབྱོར་བཞི་པོ་རེ་རེ་ལ་ནང་གསེས་ཀྱིས་བཞི་བཞིར་དབྱེ་རུང་བའི་རྣམ་གཞག་ཟུར་དུ་བྱས་པ་ལས། སྒོམ་མེད་ཉིད་ལ་རྣལ་འབྱོར་བཞིར་དབྱེ་བ་དང་གཅིག་ཅིང་། རྗེ་ཕག་མོ་གྲུ་པ་ལ་སོགས་པ་རྣམས་ཀྱིས་རྣལ་འབྱོར་བཞི་རེ་རེ་ལ་གསུམ་གསུམ་དུ་དབྱེ་བའི་སྒོམ་མེད་ལ་གསུམ་དུ་དབྱེ་བ་དང་གནད་གཅིག་པ་ཡིན་ནོ། །ཐོད་བརྒལ་ལ་སྐྱེ་བ་ནི་སྔོན་གྱི་སྦྱངས་པ་ཆེ་ཆུང་གི་དབང་གིས། སྒོམ་མེད་མ་གཏོགས་པའི་རྣལ་འབྱོར་ལྷག་མ་གསུམ་པོ་གང་རུང་ནས་ངེས་པ་མེད་པར་འཇུག་ཅིང་། །མྱོང་བ་བརྟན་མི་བརྟན་གྱི་རྣམ་པ་གང་ཡང་ངེས་པ་མེད་པ་དང་། འཁྲུལ་ཞིག་ནམ་མཁའི་རྣལ་འབྱོར་གྱི་གསུང་ནས། གོ་རིམ་ངེས་པ་མེད་པར་གང་ཐོད་ཐོད་དུ་བརྒལ་པས་ཐོད་བརྒལ་ཞེས་བྱ་བ་ཡིན་ནོ། །གསུང་ངོ་། །རིམ་སྐྱེས་པ་ནི་རྣལ་འབྱོར་བཞིའི་རྩེ་གཅིག་ཆུང་དུའམ། རྩེ་གཅིག་ཉིད་ཀྱི་ནང་གསེས་ཀྱི་རྩེ་གཅིག་ནས་བརྩམ་སྟེ། རིམ་པ་ཇི་ལྟ་བ་བཞིན་དུ་རྒྱུད་ལ་སྐྱེ་བའི་དབང་དུ་བྱས་པའོ། །དེ་དག་བརྟན་པ་མ་ཐོབ་དང་། །ཐོབ་དང་ཤིན་ཏུ་ཐོབ་རིམ་བཞིན། ཆུང་དུ་འབྲིང་དང་ཆེན་པོ་སྟེ། །དབྱེ་བ་རྣམ་པ་བཅུ་གཉིས་བཤད། །རྣལ་འབྱོར་བཞི་པོ་དེ་དག་ཀྱང་བརྟན་པ་མ་ཐོབ་པའི་གནས་སྐབས་དང་། ཅུང་ཟད་ཙམ་ཐོབ་པ་དང་། ཤིན་ཏུ་ཐོབ་པའི་གནས་སྐབས་ཀྱི་དབྱེ་བས་ཆུང་འབྲིང་ཆེན་པོ་གསུམ་དུ་བཞག་པ་ཡིན་ནོ། །ཚུལ་འདི་དག་གི་མཚན་ཉིད་ནི་གོང་མའི་གསུང་ལས་གསལ་བར་སྣང་བ་ཉིད་འགོད་པར་འདོད་མོད། འོན་ཀྱང་འདིར་ནི་ཡི་གེ་མང་བས་འཇིགས་ནས་ཟུར་དུ་བཤད་པར་བྱའོ། །ཇི་སྐད་བཤད་པའི་རྣལ་འབྱོར་བཞི། །ཡོན་ཏན་ཉིད་ཀྱི་རྗེས་འགྲོ་བས། །རྣམ་བཞི་རེ་རེའི་དབྱེ་བ་ཡང་། །བཞི་བཞི་བཅུ་དྲུག་དག་ཏུ་གནས། །རྣལ་འབྱོར་བཞི་རེ་རེ་ལའང་ནང་ཚན་དུ་བཞི་བཞིར་དབྱེ་བ་ནི། གོང་དུ་བཤད་པའི་རྣལ་འབྱོར་བཞི་དང་། །ཡོན་ཏན་དབྱིབས་འདྲ་བའི་སྒོ་ནས་ཕྱེ་བ་སྟེ། འདིར་བཤད་ན་རྩེ་གཅིག་གི་རྩེ་གཅིག་ནི། རྣམ་གཡེང་གི་རྟོག་པ་ཞི་བའི་ངང་དུ་རྩེ་གཅིག་ཏུ་གནས་པ་དེ་ཡིན། རྩེ་གཅིག་གི་སྤྲོས་བྲལ་ནི་གནས་པ་དེའི་ངོས་ནས་མཚན་མའི་སྤྲོས་པ་མི་དམིགས་པ་དེ་ཡིན། རྩེ་གཅིག་གི་རོ་གཅིག་ནི་ངོ་བོ་མི་རྟོག་པ་དང་། རྣམ་པ་བདེ་བ་དང་གསལ་བ་དེ་ལ། ཉམས་ཀྱི་བདེ་གསལ་མི་རྟོག་པ་གསུམ་རོ་གཅིག་ཏུ་འདྲེས་པ་དེ་ཡིན། རྩེ་གཅིག་གི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་འཁོར་ཡུག་ཏུ་སོང་བ་དེ་ཡིན་ནོ། །སྤྲོས་བྲལ་གྱི་རྩེ་གཅིག་ནི། གང་ཤར་གྱི་ངོ་བོ་ལ། ཡང་དག་གི་དྲན་པ་མ་ཡེངས་པར་རྩེ་གཅིག་ཏུ་ལྟ་བ་དེ་ཡིན། སྤྲོས་བྲལ་གྱི་སྤྲོས་བྲལ་ནི། བལྟས་པའི་ཚེ་ན་སྤྲོས་པའི་མཐའ་གང་དུ་ཡང་མ་གྲུབ་པ་དེ་ཡིན། སྤྲོས་བྲལ་གྱི་རོ་གཅིག་ནི། ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་རོ་གཅིག་པ་དེ་ཡིན། སྤྲོས་བྲལ་གྱི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་ཁོར་ཡུག་ཏུ་སོང་བ་དེ་ཡིན། རོ་གཅིག་གི་རྩེ་གཅིག་ནི། སྣང་གྲགས་ཀྱི་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་དུ་སྒྲོ་འདོགས་ཆོད་པ་དེ་ཡིན། རོ་གཅིག་གི་སྤྲོས་བྲལ་ནི། ཐ་དད་དམ་གཉིས་སུ་འཛིན་པའི་སྤྲོས་པ་ཐམས་ཅད་མཉམ་པ་ཉིད་དེའི་ངང་དུ་འབྲལ་བ་མེད་པ་དེ་ཡིན། རོ་གཅིག་གི་རོ་གཅིག་ནི། མཉམ་པ་ཉིད་དེས་ཆོས་ཐམས་ཅད་ལ་ལོངས་སྤྱོད་པའམ། འཇུག་པའམ་ཐམས་ཅད་ལ་ཁྱབ་པར་རོལ་པ་དེ་ཡིན། རོ་གཅིག་གི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་ནས་ཉིན་མཚན་ཁོར་ཡུག་ཏུ་སོང་བ་དེ་ཡིན་ནོ། །སྒོམ་མེད་ཀྱི་རྩེ་གཅིག་ནི། བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དེ་ཡིན། །སྒོམ་མེད་ཀྱི་སྤྲོས་བྲལ་ནི། བློ་ལས་འདས་ཏེ་བློའི་སྤྲོས་པ་ཐམས་ཅད་ལས་གྲོལ་བ་དེ་ཡིན། སྒོམ་མེད་ཀྱི་རོ་གཅིག་ནི། སྲིད་པ་དང་ཞི་བ་ཐམས་ཅད་སྒོམ་མེད་དེའི་དབྱིངས་སུ་རོ་གཅིག་པ་དེ་ལས་དབྱེ་རྒྱུ་རྡུལ་ཙམ་ཡང་མེད་པ་དེ་ཡིན། སྒོམ་མེད་ཀྱི་སྒོམ་མེད་ནི། དེ་ལ་བརྟན་པ་ཐོབ་པ་དེ་ཡིན་ཏེ། རོ་གཅིག་མན་ཆད་ཀྱི་བརྟན་པ་ཐོབ་པ་ནི། གནས་སྐབས་ཀྱི་མཉམ་རྗེས་འདྲེས་པ་ཡིན་ལ། སྒོམ་མེད་ཀྱི་བརྟན་པ་ཐོབ་པ་ནི། མཐར་ཐུག་གི་མཉམ་རྗེས་འདྲེས་པའོ། །དཔེར་ན་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་དང་། རྫོགས་རིམ་ལ་བརྟན་པ་ཐོབ་པ་ལྟ་བུའོ། །ཞེས་དཔལ་རྒྱལ་བའི་དབང་པོའི་ཞབས་ཀྱིས་བཤད་དོ། །ངོ་མཐོང་རྣམ་རྟོག་སྒོམ་དུ་ཤར། རྩལ་རྫོགས་ཡོན་ཏན་སྐྱེས་པ་དང་། །ཀུན་རྫོབ་བྱན་ཚུད་གཟུགས་ཀྱི་སྐུའི། །ས་བོན་ཐེབས་དང་མ་ཐེབས་དབྱེ། །དེ་ལྟར་ན་རྣལ་འབྱོར་བཞི་རེ་རེ་ལ། ཆུང་འབྲིང་ཆེན་པོའི་དབྱེ་བས། ངོ་བོ་མཐོང་མ་མཐོང་། རྣམ་རྟོག་སྒོམ་དུ་ཤར་མ་ཤར། རྩལ་རྫོགས་མ་རྫོགས། ཡོན་ཏན་སྐྱེས་མ་སྐྱེས། ཀུན་རྫོབ་ལ་བྱན་ཚུད་མ་ཚུད། གཟུགས་སྐུའི་ས་བོན་ཐེབས་མ་ཐེབས། ཟུང་དུ་ཚུད་མ་ཚུད་ཀྱི་དགོངས་པ་ལེན་པའི་ཚུལ་ཡང་ཟུར་དུ་བཤད་པར་བྱའོ། །རྣལ་འབྱོར་བཞི་པོ་དེ་དག་ལས། རྩེ་གཅིག་ནི་བདེ་སྟོང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་དང་། སྤྲོས་བྲལ་ནི་གསལ་སྟོང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་དང་། རོ་གཅིག་ནི་སྣང་སྟོང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་དང་། སྒོམ་མེད་ནི་རིག་སྟོང་གཙོ་བོར་གྱུར་པའི་ཏིང་ངེ་འཛིན་ཡིན་ནོ། །རྩེ་གཅིག་ནི་ལྟེ་བར་རླུང་སེམས་ཟིན་པ་ལ་ལས་གཙོ་བོར་སྐྱེ་སྟེ། ཞུ་བདེ་ལྷན་ཅིག་སྐྱེས་པའི་ངོ་བོར་གྱུར་པ་ཡིན་ནོ། །སྤྲོས་བྲལ་ནི་སྙིང་གའི་མི་ཤིགས་པ་ལ་རླུང་སེམས་ཟིན་པ་ལས་གཙོ་བོར་སྐྱེ་སྟེ། རང་བཞིན་ལྷན་ཅིག་སྐྱེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རོ་གཅིག་ནི་མགྲིན་པར་རླུང་སེམས་ཟིན་པ་ལས་གཙོ་བོར་སྐྱེ་སྟེ། ཡུལ་ཡུལ་ཅན་གྱི་འཇུག་པ་རང་སར་གྲོལ། སློབ་པའི་ཟུང་འཇུག་གི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །སྒོམ་མེད་ནི་སྤྱི་བོར་རླུང་སེམས་ཟིན་པ་ལས་གཙོ་བོར་སྐྱེ་སྟེ། གོ་འཕང་མཐར་ཐུག་པ་མི་སློབ་པའི་ཟུང་འཇུག་གི་ངོ་བོ་ཉིད་དུ་གྱུར་པའི་ཕྱིར་རོ། །ཞེས་མི་ཕམ་རྒྱལ་བའི་དབང་པོས་སོ། །གཞན་ཡང་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ལས། ས་ཆུ་ལ་ཐིམ་པ་ལ་སོགས་པའི་རྟགས་བཅུ་ནི། ཐབས་ལམ་པ་ལྟར་ན་རླུང་དབུ་མར་ཞུགས་པའི་རྟགས་ཡིན། གྲོལ་ལམ་པ་ལྟར་ན། རྩེ་གཅིག་ལ་གོ་བ་ཉམས་མྱོང་རྟོགས་པ་གསུམ་ཡོད་པའི་རྩེ་གཅིག་གི་ཉམས་ཡིན། རྟགས་བཅུའི་རྗེས་ལ་འཆར་བའི་རྟགས་ཅན་རང་བཞིན་འོད་གསལ་གྱི་སྣང་བ་ནི། ཐབས་ལམ་པ་ལྟར་ན། རླུང་དབུ་མར་གནས་པའི་ཉམས་ཡིན་ལ། གྲོལ་ལམ་པ་ལྟར་ན། སྤྲོས་བྲལ་གྱི་ཉམས་ཡིན། རེ་ཁཱ་ནག་པོའི་མཚན་མ་མཐོང་བ་ནི། རླུང་གི་རྒྱུ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དག་པའི་སྐབས་ཡིན་པས། ཐབས་ལམ་པ་ལྟར་ན་རླུང་དབུ་མར་ཐིམ་པའི་སྐབས་ཡིན། གྲོལ་ལམ་པ་ལྟར་ན་དུ་མ་རོ་གཅིག་གི་ཉམས་ཡིན། འདི་ཕན་ཆད་ནས་དབུ་མ་ཡང་གནས་པའི་རྩ་དབུ་མ་ལས་འདས་ནས། དག་པ་ཡེ་ཤེས་ཀྱི་དབུ་མ་ཡིན་ཅིང་། གྲོལ་ལམ་པ་ལྟར་ན་དྲན་པ་དག་པ་དང་མྱོང་བ་དག་པའི་སྐབས་ཡིན་པས། རོ་གཅིག་དུ་མར་ཤར་བ་དང་། སྒོམ་མེད་ཀྱི་རྣལ་འབྱོར་གཉིས་གཅིག་ལ། དེ་ཡིན་ན་རོ་གཅིག་སྒོམ་མེད་དུ་ཤར་བ་ཞེས་རིགས་ཀྱི། རོ་གཅིག་དུ་མར་ཤར་བ་ཞེས་མི་རིགས་སོ་ཞེ་ན། ཇི་ལྟ་བའི་ཆ་ནས། སྒོམ་མེད་ཡིན་ཡང་། ཇི་སྙེད་པའི་ཆ་ནས་དུ་མར་འཆར་བ་ཡིན་པས་འགལ་བའི་དྲི་མ་ཙམ་ཡང་མེད་ཅིང་། སྤངས་པའི་ཆ་ནས་སྒོམ་མེད་དང་། རྟོགས་པའི་ཆ་ནས་རྣམ་མཁྱེན་དུ་བཞག་གོ །ཞེས་བྱ་བ་ཡང་གསུངས་སོ། །ཡང་རྩེ་གཅིག་གི་རྣལ་འབྱོར་ནི་ལུས་གནད་གཙོ་ཆེ་སྟེ། ལུས་མཉམ་བཞག་དང་མ་བྲལ་ན། སེམས་རྩེ་གཅིག་ཏུ་གནས་པས་སོ། །སྤྲོས་བྲལ་གྱི་རྣལ་འབྱོར་ནི། རླུང་གི་གནད་གཙོ་ཆེ་སྟེ། རླུང་སེམས་དབུ་མར་ཚུད་པས་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བས་སོ། །རོ་གཅིག་གི་རྣལ་འབྱོར་ནི། སེམས་ཀྱི་གནད་གཙོ་ཆེ་སྟེ། སེམས་སོ་མར་བཞག་པས་འཁོར་འདས་རོ་མཉམ་དུ་འཆར་བས་སོ། །སྒོམ་མེད་ནི་ཆ་མཉམ་པས་ཏེ་སྒོ་གསུམ་བྱ་རྩོལ་དང་བྲལ་བས་ཐ་དད་དུ་འཛིན་པ་དང་བྲལ་བའོ་གསུང་ངོ་། །རྩེ་གཅིག་གི་སྐབས་ཀྱི་དྲན་པ་ནི་གཟུང་དྲན་ནམ་རྩོལ་བྱས་ཀྱི་དྲན་པ་དང་། སྤྲོས་བྲལ་མན་ཆད་ཀྱི་དྲན་པ་ནི། རྩོལ་མེད་ཀྱི་དྲན་པའམ་ཡང་དག་པའི་དྲན་པ་ཡིན་ལ། དྲན་མི་དྲན་གཉིས་ཀྱིས་ཕྱེ་བའི་སྔ་མ་དྲན་པ་དང་། ཕྱི་མ་དྲན་མེད་དུ་ཁོ་བོ་འདོད་དོ། །སྤྲོས་པས་ཆོག་གོ །ད་ནི་ས་ལམ་གྱི་དྲོད་རྟགས་འབྱེད་པའི་རྣལ་འབྱོར་བཞི་བཤད་པར་བྱ་སྟེ། རྩེ་གཅིག་སྦྱོར་ལམ་སྤྲོས་བྲལ་གང་། །མཐོང་ལམ་རོ་གཅིག་སྒོམ་ལམ་སྟེ། །མི་སློབ་ལམ་ནི་བསྒོམ་མེད་དུ། །དོན་དམ་གཟིགས་པ་རྣམས་ཀྱིས་གསུངས། །རྩེ་གཅིག་གི་རྣལ་འབྱོར་ནི་སྦྱོར་བའི་ལམ། སྤྲོས་བྲལ་ནི་མཐོང་བའི་ལམ། རོ་གཅིག་ནི་སྒོམ་པའི་ལམ། མི་སློབ་ལམ་ནི་སྒོམ་མེད་དུ་ཤེས་པར་བྱའོ། །ཆོས་ཀྱི་རྗེ་གཙང་པས། རྩེ་གཅིག་སྦྱོར་ལམ། སྤྲོས་བྲལ་ས་དང་པོ་ནས་ས་བདུན་པའི་བར། རོ་གཅིག་དག་པ་ས་གསུམ་སྒོམ་མེད་ནི་མི་སློབ་པའི་ལམ་དང་སྦྱོར་བར་མཛད་དོ། །དེ་ཡང་རྩེ་གཅིག་འཇིག་རྟེན་པའི་ལམ་དུ་ངེས་པས་མི་མཐུན་པ་མེད་ལ། སྤྲོས་བྲལ་ནས་མཉམ་བཞག་གི་ངོ་བོ་མི་འགྱུར་ཞིང་། །གོམས་པ་བརྟན་མི་བརྟན་གྱིས་མཉམ་བཞག་ལ་གནས་པ་ཡུན་རིང་ཐུང་གི་ཁྱད་པར་ཙམ་དུ་ཟད་པས་རོ་གཅིག་རྒྱ་ཆེར་བྱེད་པ་དང་། སྤྲོས་བྲལ་རྒྱ་ཆེར་བྱེད་པ་དང་། སྒོམ་མེད་ལའང་དབྱེ་བ་བཤད་པས་རྒྱ་ཆེ་ཆུང་ཙམ་མི་མཐུན་པ་བཤད་ཀྱང་འགལ་བ་ཡོད་པ་མ་ཡིན་ནོ། །ཇི་ལྟར་ངེས་འབྱེད་ཡན་ལག་ནི། །བཅུ་གཉིས་དེ་བཞིན་རྩེ་གཅིག་གོ །རྩེ་གཅིག་ནི་སྦྱོར་ལམ་གྱི་ངོ་བོར་གྱུར་པ་ཡིན་ལ། །དེ་ཡང་སྤུ་རིས་མ་འདྲེས་པར་སོ་སོར་རྣམ་པར་འབྱེད་པའི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་ནོ། །དེ་དག་རེ་རེ་ལའང་། ཆུང་ངུ་དང་འབྲིང་དང་ཆེན་པོའི་དབྱེ་བས། སྦྱོར་ལམ་བཞི་གསུམ་བཅུ་གཉིས་སུ་འཇོག་པ་བཞིན། །འདིར་ཡང་རྩེ་གཅིག་ཉིད་ལ་རྣལ་འབྱོར་བཞི་གསུམ་བཅུ་གཉིས་སུ་དབྱེ་བའོ། །དེ་ཡང་རྩེ་གཅིག་དང་དྲོད་སྦྱོར་བའི་ཚུལ་ནི། མེ་ཡི་སྔ་རྟགས་དུ་བ་འབྱུང་བ་ལྟར། ཉམས་དང་པོར་འཆར་སེམས་ལ་བདེ་གསལ་མི་རྟོག་པའི་དྲོད་ཚད་རྙེད་པའོ། །སྤྲོས་བྲལ་དང་རྩེ་མོ་སྦྱོར་ཚུལ་ནི། རྩེ་མོ་ཐོབ་པས་དགེ་རྩ་མི་འཆད་པ་ལྟར། སྐྱེ་བ་མེད་ལས་ཐམས་ཅད་སྐྱེ། །ཞེས་འདོན་པ་བསྒྱུར་ཏེ། མདོ་ལས། སྟོང་པ་ཉིད་ཆོས་ཐམས་ཅད་ཀྱི་གཞི་དང་གནས་དང་རྟེན་དུ་གསུངས་པ་དེ་ཉིད་ཡིན་ནོ། །བཟོད་པ་དང་དུ་མ་རོ་གཅིག་གི་རྣལ་འབྱོར་སྦྱོར་བའི་ཚུལ་ནི། གཟུགས་ལ་སོགས་ཆོས་ཐམས་ཅད་འདུ་འགོད་གནས་པ་དང་། སྣང་བ་ལ་བླང་དོར་དུ་མི་བྱེད་ཅིང་། རྐྱེན་གྱིས་མི་གཡོ་བས་བཟོད་པ་ཐོབ་པ་ཞེས་བྱའོ། །སྒོམ་མེད་དང་ཆོས་མཆོག་སྦྱོར་བའི་ཚུལ་ནི་ཏིང་ངེ་འཛིན་རབ་ཏུ་གྱུར་པས་སེམས་ཀུན་ནས་གནས་པ་དེའི་ཚེའི་ཚད་འཛིན་པ་ཐམས་ཅད་དང་བྲལ་བས། སོ་སོ་སྐྱེ་བོའི་བློས་མཉམ་པར་འཇོག་པ་ལ། དེའི་གོང་ན་གཞན་མེད་པའི་ཕྱིར་ཆོས་མཆོག་ཅེས་བྱའོ་རྒྱལ་དབང་རྗེས་སོ། །ཐུན་མོང་མིན་པའི་ངེས་འབྱེད་བཞིས། རྣལ་འབྱོར་བཞི་ཀ་བསྡུས་པ་ཡིན། རྩེ་གཅིག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བའི་སྔ་ལྟས་ཡིན་པས་ན་དྲོད། སྤྲོས་བྲལ་ནི་ཟག་པ་མེད་པའི་དགེ་བ་མཐའ་དག་ཡོད་པའི་ཕྱིར་རྩེ་མོ། རོ་གཅིག་ནི་འགལ་རྐྱེན་མཐའ་དག་གྲོགས་སུ་འཆར་ཞིང་། བཟོད་པར་ནུས་པས་བཟོད་པ། སྒོམ་མེད་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་པས་ཆོས་མཆོག་སྟེ། ཐུན་མོང་མ་ཡིན་པའི་ངེས་འབྱེད་ཡན་ལག་བཞི་པོ་འདི་ཡང་། ཨཱ་ལི་ཀཱ་ལི་ཆུ་ཀླུང་ཆེན་པོའི་རྒྱུད་ལས་གསལ་བར་གསུངས་ཏེ། འདི་ནི་ལམ་མཐའ་དག་ལ་སྦྱོར་བའི་ལམ་གྱི་མིང་གིས་བཏགས་པ་ཙམ་ཡིན་ནོ། །མ་གྲུབ་པ་དང་གྲུབ་པ་དང་། །གྲུབ་པའང་ཆུང་འབྲིང་ཆེན་པོ་ཡི། །ས་མཚམས་རྣམ་པ་བཞིར་ཕྱེ་བ། །རྫོགས་སངས་རྒྱས་ཀྱིས་རྒྱ་ཆེར་བཤད། །མདོ་སྡེ་རྒྱན་ལས། ས་རྣམས་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་དག་བརྗོད། །ཅེས་པ་ལས། ཚོགས་སྦྱོར་ནི་འཇིག་རྟེན་པའི་ལམ་ཡིན་པས་མ་གྲུབ་པ་ཡིན་ཅིང་། དེ་ཡན་ཆད་ནི་འཇིག་རྟེན་ལས་འདས་པ་ཡིན་པའི་ཕྱིར་གྲུབ་པ་ཞེས་བརྗོད་དོ། །ཡང་། གྲུབ་པ་དག་ཀྱང་མ་གྲུབ་དང་། །གྲུབ་པ་དག་ཏུ་ཡང་དག་བརྗོད། །ས་བདུན་པ་མན་ཆད་ནི་མི་བརྟན་པའི་ཕྱིར་མ་གྲུབ་པ་ཞེས་བྱ་ལ། དག་པ་ས་གསུམ་ནི་བརྟན་པའི་ལམ་ཡིན་པའི་ཕྱིར་གྲུབ་པ་ཞེས་བརྗོད་དོ། །ཡང་། ས་དང་ལམ་ཞེས་པ་ལ་ལམ་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་སུ་ཡོད་ལ། །ཐུན་མོང་པའི་ལམ་ཐམས་ཅད་ཞི་གནས་དང་ལྷག་མཐོང་གཉིས་སུ་བསྡུས་ནས་དེ་དག་ཀྱང་རིམ་པ་ལྟར་རྩེ་གཅིག་དང་སྤྲོས་བྲལ་ཡིན་ཞིང་། ཐུན་མོང་མ་ཡིན་པའི་ལམ་ཐམས་ཅད་སློབ་པའི་ཟུང་འཇུག་དང་། །མི་སློབ་པའི་ཟུང་འཇུག་གཉིས་སུ་བསྡུས་ནས། དེ་དག་ཀྱང་རིམ་པ་བཞིན་དུ་རོ་གཅིག་དང་། སྒོམ་མེད་གཉིས་ཡིན་ནོ། །ཐུན་མོང་གི་ལམ་ཉིད་ལ་རྣལ་འབྱོར་བཞིར་གསུངས་པ་ནི། ལངྐར་གཤེགས་པ་ལས་གསུངས་པའི་བྱིས་པ་ཉེ་བར་སྤྱོད་པའི་བསམ་གཏན་ནི་རྩེ་གཅིག་གི་རྣལ་འབྱོར། དོན་རབ་ཏུ་འབྱེད་པའི་བསམ་གཏན་ནི་སྤྲོས་བྲལ་གྱི་རྣལ་འབྱོར། དེ་བཞིན་ཉིད་ལ་དམིགས་པའི་བསམ་གཏན་ནི་རོ་གཅིག་གི་རྣལ་འབྱོར། དེ་བཞིན་གཤེགས་པའི་བསམ་གཏན་ནི་སྒོམ་མེད་ཀྱི་རྣལ་འབྱོར། སྔགས་ཀྱི་ཐེག་པ་འབའ་ཞིག་ནས་བཤད་པའི་རྣལ་འབྱོར་བཞི་ནི། གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བཞིའི་རིམ་པ་ལ་སོགས་ནས་གསལ་བར་འབྱུང་ཏེ། ལས་དང་པོ་པའི་རྣལ་འབྱོར་ནི་རྩེ་གཅིག་གི་རྣལ་འབྱོར། ཡེ་ཤེས་ཅུང་ཟད་སྐྱེས་པའི་རྣལ་འབྱོར་ནི་སྤྲོས་བྲལ་གྱི་རྣལ་འབྱོར། ཡེ་ཤེས་ལ་དབང་བའི་རྣལ་འབྱོར་ནི་རོ་གཅིག་གི་རྣལ་འབྱོར། ཡེ་ཤེས་ལ་ཡང་དག་པར་དབང་བའི་རྣལ་འབྱོར་ནི། སྒོམ་མེད་ཀྱི་རྣལ་འབྱོར་རོ། །དེ་དག་ནི་དུས་ཀྱི་འཁོར་ལོ་ནས། །ལས་དང་པོ་པ་དང་། རྣལ་འབྱོར་པ་དང་། གྲུབ་པ་དང་། ཐམས་ཅད་མཁྱེན་པའི་སྤྱོད་པ་ཞེས་ས་མཚམས་བཞིར་བཤད་པ་དང་ཡང་མཐུན་ནོ། །སྤྱོད་པ་བཞི་དང་སྦྱར་ན། རྩེ་གཅིག་ནི་ཀུན་ཏུ་བཟང་པོའི་སྤྱོད་པ་དང་སྦྱར་སྟེ། གང་ཡིད་ལ་མི་བྱེད་པའི་ཆོས་ནི་དགེ་བའོ། །ཞེས་པ་ལྟར། སྒོ་གསུམ་བྱ་རྩོལ་གྱིས་མ་བསླད་པ་ནི། ཀུན་ནས་དགེ་བ་བཟང་པོའི་དོན་ཏེ། སྔགས་ཀྱི་སྤྱོད་པ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །སྤྲོས་བྲལ་ནི་གསང་བའི་སྤྱོད་པ་དང་སྦྱོར་ཏེ། ནང་དུ་སེམས་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བར་རྟོགས་པས། ཕྱི་རོལ་ཏུ་ལྷ་འདྲེ་ལ་སོགས་པ་ལ་བདེན་འཛིན་དམིགས་གཏད་ཞིག་པ་དང་། སྟོང་པ་ཉིད་ཀྱི་རྩལ་གྱིས་དངོས་འཛིན་སྤོང་ཞིང་གདངས་བདེ་བར་འཆར་བ་ཡིན་ནོ། །རོ་གཅིག་ནི་རིག་པ་བརཏལ་ཞུགས་ཞེས་པ་ཚོགས་ཀྱི་སྤྱོད་པ་དང་སྦྱོར་ཏེ། རྐྱེན་བཟང་ངན་མེད་པར་མི་སློང་བར་ལམ་དུ་ཁྱེར་བའི་སྒོ་ནས་སོ། །སྒོམ་མེད་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་དང་སྦྱོར་ཏེ། གཟུང་བ་དང་འཛིན་པའམ། འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྒོ་ནས་བཞག་པ་ཡིན་ནོ། །ཏིང་ངེ་འཛིན་བཞི་དང་སྦྱར་བ་ལ། རྩེ་གཅིག་དང་སེང་གེ་རྣམ་པར་བསྒྱིངས་པའི་ཏིང་ངེ་འཛིན་སྦྱོར་བའི་ཚུལ་ནི། ཇི་ལྟར་རི་དྭགས་ཀྱི་རྒྱལ་པོ་སེང་གེས། གཅན་གཟན་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་སྟར། ཉོན་མོངས་པ་དང་། རྣམ་པར་རྟོག་པ་ཐམས་ཅད་ཀྱིས་མི་བརྫི་བའོ། །སྤྲོས་བྲལ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སྦྱོར་བའི་ཚུལ་ནི། ཇི་ལྟར་སྒྱུ་མ་མཁན་གྱིས་རྟ་དང་གླང་པོ་ལ་སོགས་པ་སྣ་ཚོགས་པ་སྤྲུལ་ཡང་། །སྣང་དུས་ཉིད་ནས་བདེན་པར་མེད་པ་བཞིན་དུ། །སྤྲོས་བྲལ་གྱི་རྣལ་འབྱོར་འདིས་ཀྱང་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པའོ། །རོ་གཅིག་དང་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་སྦྱོར་བའི་ཚུལ་ནི། ཇི་ལྟར་གཡུལ་དུ་ཞུགས་པའི་དཔའ་བོས་དགྲ་སྡེ་རྣམས་རང་གི་སྲིད་དུ་ཆོད་པ་ན་དཔའ་བར་འགྲོ་བ་བཞིན་དུ། རོ་གཅིག་གི་རྣལ་འབྱོར་འདིས་ཀྱང་མི་མཐུན་པའི་ཕྱོགས་ཐམས་ཅད་སྲིད་དུ་ཆོད་པས་དཔའ་བར་འགྲོ་བའོ། །སྒོམ་མེད་དང་རྡོ་རྗེ་ལྟ་བུའི་ཏིང་འཛིན་སྦྱོར་བའི་ཚུལ་ནི། ཇི་ལྟར་རྫས་ཀྱི་རྡོ་རྗེ་ཕ་ལམ་ཞེས་བྱ་བ། དངོས་པོ་ཐམས་ཅད་ཕྱེ་མར་བྱེད་ཅིང་། རང་གི་ངོ་བོ་གང་གིས་ཀྱང་གཅོད་པ་དང་། གཞིག་པར་མི་ནུས་པ་བཞིན་དུ། སྒོམ་མེད་ཀྱི་རྣལ་འབྱོར་འདིས་ཀྱང་། འཁྲུལ་པ་མཐའ་དག་འཇོམས་པར་བྱེད་ཀྱང་། རང་གི་ངོ་བོ་ལ་ནམ་དུ་ཡང་འཁྲུལ་པས་གླགས་རྙེད་པ་མི་སྲིད་དོ། །དབང་བཞི་དང་སྦྱོར་བའི་ཚུལ་ནི། བུམ་དབང་གི་དབང་དོན་ནི། ཐ་མལ་གྱི་སྣང་ཞེན་གྱིས་དབེན་ཞིང་། དག་པ་ལྷའི་འཁོར་ལོ་ལ་རྩེ་གཅིག་པ་ཡིན་ལ། རྩེ་གཅིག་གིས་ཀྱང་ཕྲ་རགས་ཀྱི་རྟོགས་པས་དབེན་ཞིང་སེམས་རྩེ་གཅིག་ཏུ་གནས་པ་ཡིན་ནོ། །གསང་དབང་གི་དབང་དོན་ནི། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས། རང་བཞིན་བརྒྱད་ཅུའི་རྟོག་པ་འགག་པ་ཡིན་ལ། སྤྲོས་བྲལ་གྱིས་ཀྱང་གཟུང་འཛིན་གྱི་རྟོག་པ་དབྱིངས་སུ་དག་པར་བྱེད་པ་ཡིན་ནོ། །ཤེས་རབ་ཡེ་ཤེས་ཀྱི་དབང་དོན་ནི། བདེ་སྟོང་དང་། གསལ་སྟོང་ལ་སོགས་པ་ཆོས་ཐམས་ཅད་ཟུང་དུ་འཇུག་པ་ཡིན་ལ། རོ་གཅིག་གིས་ཀྱང་ཆོས་ཐམས་ཅད་ཆབ་རོམ་ཆུར་ཞུ་བ་ལྟར་རོ་གཅིག་པ་ཡིན་ནོ། །དབང་བཞི་པའི་དབང་དོན་ནི། ཆོས་ཐམས་ཅད་ཆུ་དང་རླབས་ལྟར་རྟོགས་པས་ཐ་དད་དུ་འཛིན་པའི་དྲི་མ་སྦྱོང་བར་བྱེད་པ་ཡིན་ལ། སྒོམ་མེད་ཀྱིས་ཀྱང་བསྒོམ་བྱ་སྒོམ་བྱེད་དང་བྲལ་བའི་སྒོ་ནས་འཁོར་འདས་གཉིས་གཅིག་ཏུ་རྟོགས་པའོ་གསུང་ངོ་། །བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་དང་ལྡན་པས་རྩེ་གཅིག་དང་དགའ་བའི་ཡེ་ཤེས་སྦྱོར། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བས། སྔོན་མེད་པའི་དགའ་བ་ཁྱད་པར་ཅན་མཐོང་བས་ན་སྤྲོས་བྲལ་དང་མཆོག་དགའི་ཡེ་ཤེས་སྦྱོར། ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་གྱི་ཡོ་ལང་དུ་འཆར་བས། རོ་གཅིག་དང་དགའ་བྲལ་གྱི་ཡེ་ཤེས་སྦྱོར། དེ་ལྟ་བུ་ཡང་ཆེད་དུ་བྱས་པ་མ་ཡིན། བློས་བཅོས་པ་མ་ཡིན། གདོད་མ་ནས་ལྷན་ཅིག་སྐྱེས་པ་ཡིན་པའམ། ཟག་པ་མེད་པའི་བདེ་བ་ཆེན་པོ་ཉིད་ཆོས་ཐམས་ཅད་དུ་འཆར་བས། སྒོམ་མེད་དང་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སྦྱོར། ཡང་མི་རྟོག་པ་དང་པོར་སྐྱེ་བས་རྩེ་གཅིག་དང་སྟོང་པ་སྦྱོར། ཡང་དག་པ་ཡེ་ཤེས་དང་འཇུག་པ་ཐོབ་པས་སྤྲོས་བྲལ་དང་སྟོང་པ་ཆེན་པོ་སྦྱོར། དེའི་རྩལ་ལེགས་པར་ཕྱིན་པས་རོ་གཅིག་དང་ཤིན་ཏུ་སྟོང་པ་སྦྱོར། འཁོར་འདས་ཀྱི་ཆོས་མ་ལུས་པར་རྫོགས་པས། སྒོམ་མེད་དང་ཐམས་ཅད་སྟོང་པ་སྦྱར་བར་བྱའོ། །སྤྲོས་པས་ཆོག་གོ །ད་ནི་འབྲས་བུ་མངོན་དུ་གྱུར་པའི་རྣལ་འབྱོར་བཞི་གཏན་ལ་དབབ་པར་འདོད་ནས། རྟག་ཏུ་ཆོས་ཀྱི་སྐུ་ཉིད་ལས། །མི་གཡོ་རྩེ་གཅིག་དེ་ཉིད་ཀྱང་། །སྒྲིབ་པ་ཀུན་ལས་རྣམ་གྲོལ་བ། །སྤྲོས་བྲལ་དེ་ལས་གཞན་གྱི་དོན། །མཛད་པར་སྣང་བ་རོ་གཅིག་སྟེ། །དེ་ཡང་ཐོག་མ་ཐ་མེད་པས། །སྒོམ་མེད་ཉིད་དུ་བཤད་པ་གང་། །འབྲས་བུ་མངོན་དུ་གྱུར་པ་ཡི། །རྣལ་འབྱོར་རྣམ་པ་བཞིར་བརྗོད་དོ། །འདི་ལ་དཔལ་རྒྱལ་བའི་དབང་པོའི་ཞབས་ཀྱིས། ཉམས་སུ་བླངས་པའི་སེམས་ལ་སྐུ་གསུམ་གྱི་རྒྱལ་སྲིད་ཐོབ་པར་འགྱུར་ཏེ། དེ་ལས་ནམ་དུ་ཡང་མི་གཡོ་བ་ནི་རྩེ་གཅིག ཉེས་པའི་སྐྱོན་ཟད་པ་སྤྲོས་བྲལ། གསེར་གླིང་ནས་རྡོ་བ་མི་རྙེད་པ་སྟར་དག་པ་རབ་འབྱམས་འབའ་ཞིག་སྣང་བ་ནི་རོ་གཅིག མཉམ་པར་མ་བཞག་པ་མི་མངའ་བའམ། མཉམ་རྗེས་འདྲེས་པ་ནི། སྒོམ་མེད་ཡིན་ནོ་གསུངས་ལ། ཁོ་བོ་ནི་ཞི་བ་ཆོས་ཀྱི་སྐུ་ཉག་གཅིག་པ་རྩེ་གཅིག སེམས་སེམས་བྱུང་གི་རྒྱུ་བ་གཏན་འགགས་ཤིང་སྒྲིབ་པ་གཉིས་ཀྱི་བུད་ཤིང་མ་ལུས་པ་བསྲེགས་པ་སྤྲོས་བྲལ། ཡིད་བཞིན་གྱི་ནོར་བུའམ་དཔག་བསམ་གྱི་ཤིང་བཞིན་དུ། །སེམས་ཅན་གྱི་དོན་སྲིད་པ་ཇི་སྲིད་པར་སྤྲོས་པ་དང་བྲལ་བ་དེ་ལས་མཛད་པར་སྣང་བ་ནི་རོ་གཅིག དེ་ཉིད་ཐོག་མ་འདི་དང་། ཐ་མ་འདི་ཞེས་སུས་ཀྱང་བསྟན་དུ་མེད་པ་ཉིད་ཀྱིས་བསྒོམ་དུ་མེད་པའོ། །དེ་སྐད་དུའང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་བཤད་པ་བཞིན་ནོ། །ཡང་ན་རྒྱལ་བའི་དབང་པོའི་ཞལ་སྔ་ནས། ཇི་སྐད་བཤད་པའི་རྣལ་འབྱོར་བཞི་ཡང་། ཐམས་ཅད་མཁྱེན་པའི་གནས་སྐབས་ཏེ། སངས་རྒྱས་ཆོས་ཀྱི་སྐུ་ལས་མ་གཡོས་པའི་ཚེ་ན། རྒྱུད་བླ་མ་ལས། མི་གཡོ་ཆོས་རྣམས་ཐམས་ཅད་ཀྱི། །རྩེ་གཅིག་ཕྱིར་ན་བསྟན་པ་ཉིད། །ཅེས་པ་ལྟ་བུ་རྩེ་གཅིག་གི་རྣལ་འབྱོར། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་པ་ལྟ་བུ་སྤྲོས་བྲལ་གྱི་རྣལ་འབྱོར། མཁྱེན་པའི་སྐད་ཅིག་གཅིག་ཉིད་ལ། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་པ་ལྟ་བུ་རོ་གཅིག་གི་རྣལ་འབྱོར། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་པ་ལྟ་བུ་སྒོམ་མེད་ཀྱི་རྣལ་འབྱོར་གྱི་དོན་ཏེ། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པས། རྣལ་འབྱོར་བཞི་མངོན་པར་རྫོགས་ཤིང་བྱང་ཆུབ་ཅེས་བྱའོ། དེ་ཡང་དུས་ཀྱི་འཁོར་ལོའི་རྒྱུད་ལས། རྡོ་རྗེ་བཞི་དང་། མཁྱེན་པ་བཞི་དང་། རྣམ་པར་ཐར་པ་བཞི་ལ་སོགས་པ་འབྲས་བུའི་ངོ་བོར་སྦྱར་ནས་གསུངས་པ་དང་དོན་གཅིག་གོ །རྩེ་གཅིག་གི་དུས་སེམས་ཙམ་གྱི་ལྟ་བ་རྫོགས་པ་ཡིན་ཏེ། གཟུང་འཛིན་གཉིས་སུ་རྣམ་པར་མི་རྟོག་པ་དང་། ཤེས་པ་རིག་ཅིང་གསལ་བ་དང་། དེའི་ཉམས་བདེ་བར་ཤར་བ་སྟེ། བདེ་གསལ་མི་རྟོག་པ་གསུམ་རྩེ་གཅིག་ཏུ་གནས་པ་ཡིན། སྤྲོས་བྲལ་གྱི་དུས་སུ་དབུ་མའི་ལྟ་བ་རྫོགས་པ་ཡིན་ཏེ། ཡོད་མེད་དང་། སྐྱེ་འགག་དང་། འགྲོ་འོང་དང་། རྟག་ཆད་དང་། གཅིག་དང་དུ་མ་ལ་སོགས་པ་སྤྲོས་པ་ཐམས་ཅད་དང་བྲལ་བར་སྒྲོ་འདོགས་ཆོད་པ་ཡིན་ནོ། །རོ་གཅིག་གི་སྐབས་སུ་སློབ་པའི་ཟུང་འཇུག་གི་རྟོགས་པ་རྫོགས་པ་ཡིན་ཏེ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་བསལ་བཞག་དང་། སྤང་བླང་དང་བྲི་གང་མེད་པར་རྟོགས་པ་གཅིག་གི་སྟེང་དུ་རོ་མཉམ་པར་གྱུར་པ་ཡིན་ནོ། །སྒོམ་མེད་ཀྱི་དུས་སུ་མི་སློབ་པའི་ཟུང་འཇུག་གི་རྟོགས་པ་རྫོགས་པ་ཡིན་ཏེ། རྟོགས་བྱ་རྟོགས་བྱེད། བགྲོད་བྱ་བགྲོད་བྱེད། ཐོབ་བྱ་ཐོབ་བྱེད་ལ་སོགས་པ་ཐམས་ཅད་དབྱིངས་སུ་དག་ནས། ཉམས་ལེན་གྱི་རྩོལ་བ་ཟད་ནས་ཆོས་སྐུའི་ཡེ་ཤེས་གཅིག་ཏུ་གྱུར་པ་ཡིན་ནོ། །རྣལ་འབྱོར་དང་པོ་གཉིས་ནི། རྒྱུའི་ཐེག་པ་དང་། ཕྱི་མ་གཉིས་འབྲས་བུའི་ཐེག་པ་དང་སྦྱར་ན། དང་པོ་གཉིས་སངས་རྒྱས་ཀྱི་དགོངས་པ་མངོན་དུ་བྱེད་པའི་ཞི་གནས་དང་ལྷག་མཐོང་གཉིས་ཡིན་ཞིང་། ཕྱི་མ་གཉིས་སངས་རྒྱས་ཀྱི་དགོངས་པ་མངོན་དུ་བྱས་པའི་འབྲས་བུ་ལམ་དུ་བྱེད་རྒྱུ། འབྲས་བུ་ལྷུན་གྲུབ་ཀྱི་ངོ་བོ་ལ་སློབ་པ་དང་མི་སློབ་པའི་བརྡས་རྣམ་པར་དབྱེ་བ་ཡིན་ནོ། དེའི་རྒྱུ་མཚན་གྱིས་དང་པོ་གཉིས་ལྟ་བ་དང་། ཕྱི་མ་གཉིས་ལ་ནི་རྟོགས་པའི་ཁྱད་པར་ཡོད་དོ། །འོ་ན་རྣལ་འབྱོར་བཞི་རེ་རེ་ལ་ཉམས་རྟོགས་གོ་བ་གསུམ་དུ་འབྱེད་པ་ཡོད་པ་མ་ཡིན་ནམ། ཕྱི་མ་གཉིས་འབའ་ཞིག་ལ་ཅིའི་ཕྱིར་རྟོགས་པའི་ཁྱད་པར་འཇོག་ཅེ་ན། ཕ་རོལ་ཏུ་ཕྱིན་པར་རྟོགས་པའི་རྣམ་གཞག་ཇི་སྙེད་གཅིག་གསུངས་པ་ཐམས་ཅད་ཚོང་པ་ཚོང་གི་ཁེ་མཐོང་ནས་ཚོང་ལ་འཇུག་པ་དང་འདྲ་བར། འབྲས་བུ་ལ་བྲོད་པ་སྐྱེད་པའི་ཆེད་ཁོ་ནར་གསུངས་པ་ཡིན་ལ། དོན་ལ་ནི་སྔགས་ཀྱི་ཐེག་པ་ལ་མ་བསྟེན་པར་འབྲས་བུ་ལམ་དུ་བྱེད་པའི་གནས་མངོན་སུམ་དུ་རྟོགས་པ་མི་སྲིད་ཅིང་། དེའི་རྒྱུ་མཚན་གྱིས་རྟོགས་པ་མཚན་ཉིད་པ་སྐྱེ་བ་མི་སྲིད་ལ། དེ་ཡང་མདོ་ནས་གསུངས་པའི་འཕགས་རྒྱུད་ཀྱི་མངོན་པར་རྟོགས་པ་ཐམས་ཅད་གསང་སྔགས་རྡོ་རྗེ་ཐེག་པའི་དབང་བཞིའི་མངོན་པར་རྟོགས་པ་དང་འབྲེལ་བ་ཁོ་ན་ལ་སྐྱེ་བ་ཡིན་ནོ། །དེ་ཡང་མཚན་ཉིད་ཐེག་པའི་རྟེན་གྱི་གང་ཟག་ཚོགས་ལམ་ཆེན་པོ་པ་ཞིག་ཡིན་ན། སངས་རྒྱས་ལ་ཆོས་ཉན་པའི་སྐལ་བ་ཡོད་ཅིང་། དེར་ནི་ཐེག་པ་མཐའ་དག་སྟོན་པར་བྱེད་པ་ཡིན་པས། ཕ་རོལ་ཏུ་ཕྱིན་པའི་གང་ཟག་སྔགས་ཀྱི་སྒོར་འཇུག་པའི་ས་མཚམས་ཀྱི་ཕྱི་མཐའ་ནི། ཚོགས་ལམ་ཆེན་པོ་ནས་ཡིན་པར་ཤེས་པར་བྱའོ། །དེའི་ཕ་རོལ་ཏུ་ཕྱིན་པའི་སྤངས་པ་ས་དང་པོར་རྫོགས་ཤིང་། རྟོགས་པ་ས་བཅུ་པར་རྫོགས་ཞེས་འགའ་ཞིག་གིས་བཤད་པ་མཐོང་ཞིང་། སྔགས་ཀྱི་སྒོར་ཞུགས་པའི་དབང་པོ་ཡང་རབ་ལ་ཐུན་མོང་ཐེག་པའི་ས་ལམ་གྱི་རིམ་པའི་ངེས་པ་མི་འབྱུང་ཡང་། རྟོགས་པ་གཅིག་གིས་ས་ལམ་མ་ལུས་བགྲོད་ཅེས་པས། ཐེག་པ་དང་ས་ལམ་གྱི་རིམ་པ་ཐམས་ཅད་སྟན་ཐོག་གཅིག་ཏུ་རྫོགས་པ་ཡིན་ནོ། །སྔགས་ཀྱི་ཐེག་པ་ཉིད་ནས་གསུངས་པའི་རིམ་གཉིས་དང་། རིམ་ལྔ་རིམ་བཞི་སོགས་ཀྱང་སྟན་ཐོག་གཅིག་ཏུ་རྫོགས་པ་ཡིན་ན་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱའོ། །ཉེ་བར་བསྡུ་ན་མདོ་སྔགས་ཀྱི་ཁྱད་པར་ལ། གཅིག་དུ་བྲལ་དུ་བལྟ་བ་དང་། དུ་མ་རོ་གཅིག་ཏུ་རྟོགས་པ་དང་། ཡང་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པའི་མཐར། སྤྲོས་པ་ཅི་ཡང་མ་རྙེད་པའི་དོན་ལ་བལྟ་བར་བྱ་བ་དང་། འཕགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་ཉིད། ཕྱི་དུས་ལ་མ་ལུས་པར་བླ་མའི་མན་ངག་གི་གསང་སྔགས་རྙེད་པར་བྱས་པ་ཡིན་ནོ་གསུང་པ་འཕྲོས་དང་བཅས་པའོ། །དེ་ལྟར་ཤིན་ཏུ་ཟབ་མོའི་དོན། །བླ་མ་དམ་པའི་དྲིན་ཐོབ་པས། །ཆ་ཙམ་བདག་གིས་འདིར་བརྗོད་ལ། །ཉེས་པ་མཆིས་ན་བཟོད་པར་མཛོད། །དཔལ་མི་ཕམ་རྒྱལ་བའི་དབང་པོའི་གསུང་ཇི་ལྟ་བ་འཐོར་བ་འདིར་བསྡུས་ཏེ་གསལ་བར་བཀོད་པ་འདི་ནི། དགེ་སློང་མི་ཕམ་པདྨ་དཀར་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེས། མ་དང་མཁའ་འགྲོའི་མདུན་ས་ཆེན་པོ་ཙ་རི་ཏྲ་ཉམས་རྟོགས་གཅིག་ཏུ་འཆར་བའི་གནས་ནང་། ཡང་དགོན་ཀེའུ་ཚང་གི་ནགས་མ་བཟང་པོའི་ཁྲོད་དུ་སྦྱར་བ་འདིས་ཀྱང་འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག །མངྒལཾ།། །།


previousཕྱག་རྒྱ་ཆེན་པོ་རྣལ་འབྱོར་བཞིའི་བཤད་པ་ངེས་དོན་ལྟ་བའི་མིགnext