རྡོ་རྗེའི་གནས་ལྔ་པ། བསྟན་པ་གང་ལ་བཞག་པའི་གང་ཟག་གི་རིམ་པ་གཏན་ལ་ཕབ་པ།
ད་ནི་དེ་འཛིན་པའི་གང་ཟག་གི་གནས་ལ་གདམས་པ་ལས། གང་ལ་གདམས་པ། གང་གིས་གདམས་པ། གང་གདམས་པ། ཇི་ལྟར་གདམས་པ། གདམས་པའི་ཕན་ཡོན་བསྔགས་པ་དང་ལྔ་ལས། དང་པོ་གང་ལ་གདམས་པའི་སྣོད་བསྟན་པ་ལས། སྤང་བར་བྱ་བ་དང་བླང་བར་བྱ་བ་གཉིས་ལས། སྤྱིར་སྤང་བར་བྱ་བའི་སྣོད་ནི། དེ་ལྟར་ཡང་ཟབ་ཐེག་པའི་ཉིང་ཁུ་འདི། །བློ་རབ་སྐལ་ལྡན་ངེས་པའི་གང་ཟག་ལས། །ཐེག་པ་དམན་དང་རྒྱུ་འབྲས་ཕྱོགས་ཞེན་དང་། །བློ་ཆུང་སྐལ་བ་དམན་ལ་བསྟན་མི་བྱ། །སྐལ་བ་དམན་པ་ལ་ནི་ཟབ་མོ་བསྟན་ཀྱང་མི་རྟོགས་པ་དང་། བློ་ཆུང་བ་ནི་བློར་མི་ཤོང་བས་ཆོས་སྤང་བ་དང་། ཐེག་པ་དམན་པ་ནི་རང་གི་གྲུབ་མཐར་ཞེན་ནས་ལོག་པར་བལྟ་བ་དང་། རྒྱུ་འབྲས་ཀྱི་ཆོས་ལ་ཞེན་པ་ནི་རྟག་ཏུ་ལས་རྒྱུ་འབྲས་ཁོ་ནས་ཐམས་ཅད་འཇལ་བས། ནམ་མཁའ་ལྟ་བུའི་ཆོས་བསྟན་ཡང་རྩོད་ཅིང་སྒྲོ་སྐུར་གྱི་གནས་སུ་ལྟ་བའི་ཕྱིར། སྣོད་མ་ཡིན་པས་བླ་ན་མེད་པའི་ཆོས་འདི་གསང་དགོས་པར་བསྟན་ཏེ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་དོན་འདི་ནི། །རྒྱུ་འབྲས་ཐེག་པ་ཅན་ལ་བསྟན་གྱུར་ན། །འཇིག་རྟེན་རྒྱུ་དང་འབྲས་བུའི་ཆོས་བཞིན་དུ། །རྒྱུ་ལས་འབྲས་བུ་འབྱུང་
བར་མི་རིགས་ཟེར། །ཅེས་པ་དང་། རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ལ། །ཀུན་བྱེད་ང་ཡི་ལུང་འདི་བསྟན་མི་བྱ། །ང་ཡི་ལུང་འདི་ངེས་པར་བསྟན་བྱས་ན། །དགེ་སྡིག་ལས་ལ་རྒྱུ་འབྲས་ཡོད་ཟེར་ནས། །ཡང་དག་ང་ལ་སྒྲོ་དང་སྐུར་བཏབ་པས། །ཡང་དག་ང་དང་ཡུན་དུ་འཕྲད་མི་འགྱུར། །ཅེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། ཚིག་འདི་དག་ནི་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན་བློ་ཆུང་བའི་ཕྱིར་ཏེ། དེ་དག་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས་སྐྲག་པ་དང་། དངངས་པ་དང་། བརྒྱལ་བར་འགྱུར་ཏེ། གསང་སྔགས་རྣམས་ལ་མི་མོས་ཏེ། ཡིད་ཕྱིར་ཕྱུང་ནས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་དེ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པ་ཡང་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ་ཞེས་པ་ལ་སོགས་པ་སྔར་བརྗོད་པ་བཞིན་ནོ། །བྱེ་བྲག་ཏུ་སྤང་བར་བྱ་བའི་སྣོད་ནི། བླ་མ་སྨོད་ཅིང་མཆེད་ལ་ཁྲོ་བ་དང་། །གསང་སྒོ་འཆོལ་ཞིང་ཡོངས་ལ་སྒྲོགས་པ་དང་། །དད་མེད་སེར་སྣ་ཆེ་ཞིང་ངང་རྒྱུད་ངན། །ཚེ་འདིའི་ཞེན་པ་ཅན་ལ་གསང་བར་བྱ། །བླ་མ་དང་མཆེད་ལྕམ་ལ་མི་གུས་ཤིང་ལོག་པར་ལྟ་བ་དང་། གསང་བ་སྒྲོག་ཅིང་ཡོངས་ལ་སྟོན་པ་དང་། དད་པ་མེད་ཅིང་སེར་སྣ་ཆེ་བ་དང་། ངང་རྒྱུད་ངན་ཞིང་ཚེ་འདིའི་འཁྲུལ་སྣང་བདེན་པར་འཛིན་པ་ལ་སོགས་སྣོད་དུ་མི་རུང་བའི་སྐྱོན་ཆགས་པ་རྣམས་ལ་བསྟན་པར་མི་བྱ་སྟེ། སྙིང་པོའི་བསྟན་པ་དང་སློབ་དཔོན་གྱི་སྐུ་དགྲར་འགྱུར་བའི་ཕྱིར་རོ། །དེ་སྐད་དུའང་རིག་པ་རང་ཤར་ལས། བཀུར་སྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆོལ་བར་སྤྱོད་པ་དང་། །རིགས་རྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །རང་གི་རིགས་རྒྱུད་བརྗོད་པ་དང་། །ལུས་ལ་རྒྱན་བཟང་འདོགས་པ་དང་། །དོན་མེད་ཕྱལ་བར་གྱུར་པ་སྟེ། །སློབ་མ་མ་བརྟགས་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དོན་མི་བཤད། །ཅེས་པ་དང་།
ཀུན་བྱེད་ལས། སྣོད་མིན་ལོག་པའི་གང་ཟག་བསྟན་པ་ནི། །གྲགས་དང་འཇིག་རྟེན་ཆོས་ལ་དགའ་བ་དང་། །ང་རྒྱལ་དམ་པ་མི་བཀུར་ཡིད་ཕྱུང་བཟློག །འཆར་ཞིང་རྫས་དང་དད་པར་མི་ལྡན་ཏེ། །རང་རྩོད་ཉམས་ལེན་བཙན་ཐབས་འདོད་པ་དང་། །བསྟན་པ་ཡོངས་ལ་འཕེལ་ཞིང་མི་མཐུན་དང་། །སྒྲོ་སྐུར་བདག་གཞན་གནོད་སེམས་སྒོམ་པ་སྟེ། །འདི་ལ་མི་བསྟན་མཆོག་ཏུ་གསང་བར་བྱ། །ཞེས་སོ། །བླང་བྱའི་སྣོད་བསྟན་པ་ནི། སྐལ་བཟང་རབ་མཆོག་རྫོགས་པ་ཆེན་པོའི་སྣོད། །བླ་མ་ལ་གུས་ཤེས་རབ་ཆེ་བ་དང་། །ཁོང་ཡངས་སྤྲོ་རིང་གཏོང་ཕོད་ཆེ་བ་དང་། །རྣམ་རྟོག་ཆུང་ཞིང་ཞེན་པ་ཆུང་བ་དང་། །ཚེ་འདིའི་བློས་བཏང་བྱང་ཆུབ་སྒྲུབ་པ་དང་། །དད་དང་བརྩོན་འགྲུས་གསང་བ་ཐུབ་ལ་བསྟན། །བླ་མ་ཆོས་དང་མཆེད་ལྕམ་ལ་དད་པ་དང་། མོས་གུས་དང་གཏོང་ཕོད་ཆེ་བ་དང་། ཤེས་རབ་ཡངས་པ་དང་། ཁོང་ཡངས་པ་དང་། ངང་རྒྱུད་དྭངས་པ་དང་། ཞེན་པ་དང་། དག་གྲོལ་དང་། གཙང་བར་འཛིན་པའི་རྣམ་རྟོག་ཆུང་བ་དང་། བརྩོན་འགྲུས་ཆེ་ཞིང་གསང་བ་ཐུབ་པ་ལ་སོགས་པ་སྣོད་དུ་རུང་བའི་ཡོན་ཏན་ཐམས་ཅད་དང་ལྡན་པ་ལ་བསྟན་པར་བྱ་སྟེ། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །བྲེང་ངེ་དུང་ངེ་བརྩེ་གདུང་ལྡན། །ལྷང་ངེ་ལྷན་ནེ་སྒོམ་ལ་སྤྱོད། །སློབ་དཔོན་གསུང་པ་ཇི་བཞིན་སྤྱོད། །དམ་ཚིག་འཆལ་བར་མི་གཏོང་ཞིང་། །སྤྱོད་ལམ་གཞན་དང་མཐུན་པར་སྤྱོད། །གུས་པའི་ཚུལ་གྱིས་སེམས་དྭངས་ཤིང་། །ཚིག་གཅིག་བསྟན་པས་རྗེས་སུ་འཛིན། །རང་གི་དོན་ལ་དེ་བཞིན་སྤྱོད། །གསང་བ་གཉེར་གཏད་ཐུབ་པར་བྱེད། །རྡོ་རྗེའི་དོན་ལས་མི་འདའ་ཞིང་། །ཐོས་པ་ཆེ་བའི་གང་ཟག་བསྟེན། །རང་གི་དོན་ལས་འདའ་བ་མེད། །དྲེགས་པའི་ཚིག་མེད་འཇམ་པོར་སྨྲ། །ཕ་རོལ་སེམས་དང་མཐུན་
འཇུག་བྱེད། །སློབ་དཔོན་དང་ནི་དེ་བཞིན་གཤེགས། །ཁྱད་མེད་གཅིག་གི་ཚུལ་དུ་བྱེད། །དེ་ནི་སློབ་མའི་མཚན་ཉིད་དོ། །དེ་ལྟར་ལྡན་པའི་སློབ་མ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཞེས་པ་དང་། ཀུན་བྱེད་ལས། དད་དང་དམ་ཚིག་བརྩོན་འགྲུས་ཆེ་བ་དང་། །སྙིང་རྗེ་ཡི་རང་སྐྱོ་དང་ཡིད་རྟོག་མེད། །ལུས་དང་བུ་དང་ཆུང་མ་བྲན་དང་ནོར། །གང་ལའང་མ་ཆགས་དད་དང་དགའ་བས་འབུལ། །འདི་དག་དད་དང་དམ་ཚིག་རྟགས་ཡིན་པས། །སྙིང་པོའི་དོན་དང་ལྡན་པ་སྦྱིན་པར་བྱ། །ཞེས་སོ། །སློབ་མ་ཇི་ལྟར་བྱ་བ་ནི། དེས་ཀྱང་རྟོགས་པས་བླ་མ་མཉེས་བྱས་ཏེ། །དམ་བཅའ་སྔོན་དུ་བཏང་ནས་ལེགས་པར་ཞུ། །རྗེས་སུ་གནང་ནས་ཚུལ་བཞིན་བསྒྲུབ་བྱ་སྟེ། །གནས་ལུགས་ས་ལ་ཟད་པར་ཕྱིན་པར་བྱ། །སྣོད་དང་ལྡན་པའི་སློབ་མ་དེས་སྙིང་པོ་འདི་ཞུ་བའི་སྔོན་དུ་ཐབས་དུ་མས་བླ་མ་མཉེས་པར་བྱས་ལ་སྒྲུབ་པའི་དམ་བཅའ་ཕུལ་ནས་ཞུས་ཏ། བླ་མས་རྗེས་སུ་གནང་ནས་ེཚེ་འདི་བློས་བཏང་སྟེ། སྒྲུབ་པ་ཚུལ་བཞིན་དུ་བྱས་ལ། ད་རེས་ཀྱི་ཚེ་འདིས་འཁོར་འདས་ལ་བཟླས་སོ། །གནས་ལུགས་ཟད་པར་ཕྱིན་པར་བྱའོ། །ཀུན་བྱེད་ལས། གང་གིས་སྙིང་པོའི་བསྟན་པ་བདག་ཐོབ་ན། །འཇིག་རྟེན་མཚན་མས་བདག་ལ་ཅི་བགྱི་སྟེ། །ཐོབ་ན་བདག་གིས་དཀའ་བ་སྒྲུབ་པོ་ཞེས། །དམ་བཅའ་ལེགས་པར་གནས་ལ་བསྟན་པ་སྦྱིན། །ཅེས་སོ། །ཐུན་མོང་དུ་བྱ་བའི་ཆོས་ནི། སློབ་མས་རང་མ་རྟོགས་པ་བླ་མ་མཆོད་ཅིང་། ཆོས་འབའ་ཞིག་འདོད་པས་རྟག་ཏུ་བླ་མ་དང་ཆོས་ཀྱི་ཡོན་ཏན་ལ་བསམ་པ་དང་། བླ་མས་ཀྱང་སློབ་མ་དེ་ཐུགས་རྗེས་བྲེང་ངེ་གཟུང་ཞིང་དུས་སུ་འདོམས་པས་བུ་བཞིན་བསྐྱང་ཞིང་། གཉིས་ཀ་སེམས་ཀྱི་འཕེན་པ་མ་ཆད་པས་ཕན་ཚུན་བརྩེ་གདུང་རྒྱུན་མ་ཆད་པར་བྱ་སྟེ། ཐལ་འགྱུར་ལས། མན་ངག་ལུང་གི་རྡོ་རྗེ་སློབ་དཔོན་ལ། །ཁུ་བོ་ཕ་དང་མ་དང་མིག །རིན་ཆེན་བུ་ཆུང་ནོར་གྱི་དབྱིག །རབ་ཏུ་གཅེས་དང་ཡིད་འཐད་དབུལ། །ཅེས་པ་དང་། རང་
ཤར་ལས། དེ་ལྟར་མན་ངག་སློབ་དཔོན་ལ། །རང་ལུས་དང་ནི་རིན་ཆེན་རྫས། །ཤིན་ཏུ་དཀོན་པ་དག་གིས་བསྟེན། །ཅེས་པ་དང་། ཀུན་བྱེད་ལས། མདོར་ན་ལུས་དང་སྲོག་ཀྱང་དབུལ་བྱ་ཞིང་། །རྫས་དང་ཞིང་ཡུལ་རྐང་འགྲོས་སྨོས་ཅི་དགོས། །གལ་ཏེ་བདག་ལ་དགོས་པར་མ་གྱུར་ཀྱང་། །དམ་པས་བླངས་ཏེ་དཀོན་མཆོག་གསུམ་ལ་འབུལ། །ཞེས་པ་དང་། རང་ཤར་ལས། ཐུགས་རྗེའི་འབྲེལ་ཐག་མ་ཆད་ཅིང་། །བརྩེ་གདུང་རྒྱུན་ཐག་མ་ཆད་པ། །སློབ་དཔོན་སློབ་མའི་འབྲེལ་པའོ། །ཞེས་སོ། །གང་གིས་གདམས་པའི་བླ་མའི་མཚན་ཉིད་བསྟན་པ་ནི། ཐོས་མང་ཡོན་ཏན་རྫོགས་པའི་བླ་མས་ཀྱང་། །ཞེས་སྨོས་ཏེ། གསང་སྔགས་རྡོ་རྗེ་རྩེ་མོ་སྤྱིའི་སློབ་དཔོན་ནི་ཐོས་པ་དང་སྙིང་རྗེ་ཆེ་བ། དབང་དང་དམ་ཚིག་རྫོགས་པ། བསྐྱེད་རྫོགས་ཐུན་མོང་གི་གནས་ལ་རང་སྨིན་ནས་གཞན་གྲོལ་བར་བྱེད་པའི་ནུས་པ་མངའ་བ་ཡིན་པས། བྱེ་བྲག་ཏུ་རྫོགས་པ་ཆེན་པོའི་བླ་མ་ནི་དེའི་སྟེང་དུ་གསང་ཆེན་ངེས་པའི་དབང་ཐོབ་ཅིང་དམ་ཚིག་དག་ལ་རྒྱུད་ལུང་མན་ངག་གི་དོན་ལ་མཁས་པ། ལྟ་སྒོམ་རྣམ་པར་དག་པ་ནམ་མཁའ་ལྟ་བུ་ལ་རང་ཉིད་ཟད་པར་ཕྱིན་ནས་གཞན་བདེ་ལ་འགོད་པའི་ནུས་པ་མངའ་བ་སྟེ། མདོར་ན་ཡོན་ཏན་གྱི་ཆོས་རྒྱལ་མཚན་གྱི་དཔུང་རྒྱན་ལྟར་ནུབ་པ་མེད་པའི་གཏེར་འཆང་བ་སྟེ། རང་ཤར་ལས། རྡོ་རྗེ་དོན་ལྡན་སློབ་དཔོན་ནི། །ངང་རྒྱུད་བཟང་ཞིང་སློབ་ལ་མཁས། །དབང་ཐོབ་གསང་སྔགས་དོན་ལ་སྦྱོར། །ཕྱི་ནང་བྱ་བ་ཐམས་ཅད་ཤེས། །ཡི་དམ་ལྷ་དང་འདུ་འབྲལ་མེད། །ཏིང་ངེ་འཛིན་ལས་ཡེངས་པ་མེད། །རྫོགས་ཆེན་མན་ངག་དོན་ལྡན་པའི། །གསང་སྔགས་གསང་བའི་རྒྱུད་ལ་མཁས། །ཕྱི་ནང་སྒྲུབ་ཐབས་ཐམས་ཅད་བྱེད། །ལྟ་བའི་དོན་ལས་མི་འདའ་ཞིང་། །ཕྱི་ནང་གསང་བའི་བྱ་བ་བཏང་། །ཡོན་ཏན་ནོར་བུ་རིན་ཆེན་ལྟར། །ཟད་མེད་གཏེར་ལ་སྤྱོད་པའོ། །ཞེས་པ་དང་། ཐལ་འགྱུར་ལས། མཚན་ཉིད་རྫོགས་པའི་བླ་མ་ནི། །ཡོན་ཏན་ཀུན་གྱི་འབྱུང་ཁུངས་ཡིན། །རྫོགས་
པའི་བྱང་ཆུབ་གཞི་འཛིན་པའོ། །ཞེས་སོ། །ཞར་ལ་སྤང་བྱའི་བླ་མ་ཡང་། རང་ཤར་ལས། མི་ཤེས་ང་རྒྱལ་ཆེན་པོ་སྟེ། །བླུན་རྨོངས་ཚིག་ཕྱིར་འབྲེང་བ་དང་། །གསང་སྔགས་དོན་ལ་མི་དགོངས་དང་། །གཞན་གྱི་ཞེ་གཅོད་ཁངས་ཚིག་དང་། །ལོག་པའི་ལམ་དུ་ཞུགས་པ་དང་། །དབང་གི་དཀྱིལ་འཁོར་ཞལ་མ་མཐོང་། །དམ་ཚིག་འཆལ་བར་གྱུར་བ་དང་། །དྲིས་པ་དག་ལ་ལན་མི་སྟོན། །ཐོས་ཆུང་ང་རྒྱལ་ཆེ་བ་དེ། །སློབ་དཔོན་མ་བརྟགས་སློབ་མའི་བདུད། །གསང་སྔགས་སྟོན་པའི་སློབ་དཔོན་མིན། །རྫོགས་ཆེན་ཨ་ཏི་སྟོན་མི་ནུས། །དེ་དང་འགྲོགས་པར་མི་བྱའོ། །ཞེས་པས་སྤང་བར་བྱའོ། །ཇི་ལྟར་གདམས་པའི་ཚུལ་ནི། སྣོད་ཀུན་བརྟགས་ཏེ་རིམ་གྱིས་གནད་རྣམས་སྦྱིན། །སྣོད་མིིན་རྣམས་ལ་ཤིན་ཏུ་གསང་བར་བྱ། །བཀའ་རྒྱས་བཏབ་ཅིང་གཏད་རྒྱས་དམ་དུ་སྦས། །བླ་མས་སློབ་མའི་སྣོད་བརྟགས་ལ། ལོ་དང་ཟླ་བར་ཉམས་སུ་ལེན་དུ་བཅུག་ནས་གནད་རྣམས་རིམ་གྱིས་སྦྱིན་པ་ལས་དུས་གཅིག་མ་ཡིན་ཏེ། སྣོད་མིན་ཁ་གསག་ཅན་གྱིས་དུས་གཅིག་ཐོབ་ན་བསྟན་པ་འཆོལ་ཞིང་བྱིན་རླབས་ཡལ་བར་འགྱུར་ལ། སྣོད་ལྡན་ཡིན་ཡང་སྒྲུབ་པ་མ་སྨིན་པས་ཆོས་ལ་བློ་འདྲེད་པའི་ཕྱིར་སྐྱོན་ཡོད་པའི་ཕྱིར་ཏེ། སློབ་དཔོན་པདྨས་མཛད་པའི་དུས་གནད་བརྟག་པ་ལས། དེ་ཡང་དུས་གཅིག་མ་ཡིན་རིམ་པས་སུ། །སྣོད་རྣམས་བརྟགས་ལ་ལེགས་པར་སྦྱིན་བྱ་ཞིང་། །ཚེ་འདིའི་ཞེན་པ་ཅན་ལ་གདམས་གཞུག་སྦ། །ཞེས་པས། སྣོད་ལྡན་ཡིན་ན་ཆོས་ལ་གུས་པ་ཡོད་པས་ཡོན་དང་བསྙེན་བཀུར་དང་བཅས་ནས་ཞུས་ཏེ། ཡོ་བྱད་ལ་འདོད་པ་མེད་ཀྱང་ཕ་རོལ་གྱི་བྱེད་པས་ཤེས་ཏེ། སྣོད་མིན་ནི་ཁ་གསག་གི་ཕྱག་རྟེན་ལས་དོན་གཉེར་མེད་པས་རྟེན་འབྲེལ་གཅིག་པའི་ཕྱིར་ཏེ། ཀུན་བྱེད་ལས། སྔོན་དུ་བརྟགས་དང་དད་པ་བརྟག་བྱའི་ཕྱིར། །རིན་ཆེན་དབྱིག་དང་བཅས་པས་གུས་སྣོད་ཀྱིས། །ཆགས་སེམས་ང་རྒྱལ་གཞན་སེམས་མ་ངེས་ལ། །དེ་
ལ་ཀུན་བྱེད་རྒྱལ་པོ་བསྟན་མི་བྱ། །ཞེས་སོ། །དེའི་ཕྱིར་སྣོད་ལྡན་ལ་བསྟན་ཞིང་སྣོད་མིན་ལ་གསང་ཞིང་། རང་ཤར་ལས། མན་ངག་རྫོགས་པ་ཆེན་པོའི་དོན། །སྣོད་ངན་ཕལ་དུ་བླུགས་མི་བྱ། །དད་དང་ལྡན་པ་འགའ་ཡི་བཅུད། །སྣོད་ངན་དག་དུ་བླུགས་གྱུར་ན། །བཅུད་མེད་གཉིས་སུ་འཕུང་བར་བྱེད། །དེ་ཕྱིར་བློ་དམན་རྣམས་ལ་གསང་། །ཞེས་སོ། །གསང་ཚུལ་བློ་དམན་པ་ལ་ཟབ་མོ་འདི་བསྟན་པར་ཡིད་ཀྱིས་མི་བསམ། ཚིག་འབྲུ་ངག་ཏུ་མི་བརྗོད། གླེགས་བམ་ལག་ཏུ་མི་གཏད་པ་དང་། སྣོད་ལྡན་ལའང་སྣོད་མིན་ལ་གསང་བའི་བཀའ་རྒྱས་གདབ་ཅིང་། སྣོད་ལྡན་ལ་བསྟན་པའི་གཏད་རྒྱས་དམ་དུ་སྦ་བར་གདམས་པའོ། །གང་གདམས་པའི་སྙིང་པོ་བསྟན་པ་ནི། སྐལ་ལྡན་རབ་མཆོག་སྙིང་གི་བུ་རྣམས་ལ། །ངེས་དོན་སྙིང་པོ་བསྟན་པ་གཏད་པར་བྱ། །འདི་ལ་བསྟན་པ་དངོས་དང་། གང་ལ་གཏད་པར་བྱ་བ་གཉིས་ལས། དང་པོ་ནི་རིག་པ་བྱང་ཆུབ་ཀྱིས་སེམས། རྒྱུ་འབྲས་བྱ་རྩོལ་ལས་འདས་པར་སྟོན་པའི་ཚུལ་ཏེ། ལྟ་བས་གཏན་ལ་དབབ་པ་དང་། དགོངས་པས་ངང་ལ་བསྐྱལ་བ་དང་གཉིས་ལས། དང་པོ་ནི་རིག་ངོར་ཅི་སྣང་ཡང་རིག་པ་ལས་མ་གོས་ཤིང་ཕན་གནོད་མེད་པས། རྒྱུ་འབྲས་དགེ་སྡིག་ལས་འདས་པས་ཟང་ཐལ་ཆིག་རྫོགས་ཆེན་པོ་སྟེ། ཀུན་བྱེད་ལས། རྟོག་མེད་ནམ་མཁའ་ཆོས་ཀྱི་སྐུ། །ང་ནི་མི་རྟོག་བླང་དོར་མེད། །བླང་དོར་མེད་དེ་ནམ་མཁའ་འདྲ། ནམ་མཁའ་བླང་དོར་མེད་པ་བཞིན། །ཀུན་ཏུ་བཟང་ལ་བླང་དོར་མེད། །བླང་དོར་མེད་པ་ང་ལ་འདུས། །ཞེས་སོ། །ངོ་བོ་རྒྱུ་འབྲས་མེད་པར་ཡང་དེ་ལས། བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྒྱུ་འབྲས་མེད། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། དགེ་བས་སངས་རྒྱས་དོན་མི་རྟོགས། །དགེ་བས་སངས་རྒྱས་དོན་རྟོགས་ན། །རྫོགས་ཆེན་གནས་ལུགས་བརྫུན་པར་འགྱུར། །སྡིག་པས་འཁོར་བར་ལྟུང་མི་འགྱུར། །སྡིག་པས་
འཁོར་བར་ལྟུང་གྱུར་ན། །རང་བྱུང་ཡེ་ཤེས་བརྫུན་པར་འགྱུར། །ཞེས་སོ། །དེའི་འཕྲེང་བསལ་བ་ནི། ཐེག་པ་འོག་མ་ནས་དགེ་སྡིག་ཡོད་པར་བསྟན་པ་དེ། ཁོ་རང་རྣལ་མའི་དོན་མ་རྟོགས་པས་ཡོད་ཡོད་ལྟར་ཞེན་ནས་འཁྲུལ་པས་དགེ་སྡིག་ཏུ་སྣང་ལ། གཤིས་བྱང་ཆུབ་སེམས་ལ་དགེ་སྡིག་མེད་དེ། ཚད་རིམས་ཀྱི་ཐེབས་པ་ལ་འཁྲུལ་སྣང་ཅི་ཤར་ཀྱང་དོན་ལ་མེད་པ་ལྟ་བུ་སྟེ། སྐྱེ་འགག་གི་ཆོས་ཀྱི་དཔེ་སྐྱེ་མེད་ལ་བླང་དུ་མེད་པ་ས་བོན་ལས་མྱུ་གུ་སྐྱེ་བའི་དཔེ་ནམ་མཁའ་ལ་བླང་དུ་མེད་པ་ལྟར། རྒྱུ་འབྲས་འཁྲུལ་པའི་དཔེ་སེམས་ཉིད་དོན་གྱི་ངོ་བོ་ལ་བླང་དུ་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། རྫོགས་ཆེན་རྒྱུ་འབྲས་ཡེ་ནས་འདས་པའི་ཕྱིར། །བཙལ་ཞིང་བསྒྲུབས་པས་བྱར་མེད་འགྲུབ་པ་མེད། །རྒྱུ་འབྲས་ལྟ་བའི་སྟོན་པ་ལུང་བསྟན་པ། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་འབྲས་བཙལ་ནས་འབྲས་བུ་སྒྲུབ་པར་བྱེད། །སེམས་ལས་རྒྱུ་མེད་ཡེ་ནས་འབྲས་བུ་མེད། །བྱང་ཆུབ་སེམས་ལ་སྐྱེ་བ་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་བོའི་ཆོས་ལ་དཔེ་བླངས་ནས། །སྐྱེ་ལས་འཇིག་པ་འབྱུང་བར་སྒྲོ་མི་བཏགས། །རང་བྱུང་རྒྱུ་འབྲས་འདས་པ་མ་རྟོགས་པར། །འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས། །རྒྱུ་ལས་བཙལ་བས་འབྲས་བུ་བྱུང་ཟེར་བ། །དེ་ཡི་རྒྱུ་འབྲས་ཐེག་པ་རང་ལུང་ཡིན། །ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག །ཡེ་ཤེས་ཡེ་ཤེས་ཞེས་སུ་བསྟན་པ་ནི། །རང་བྱུང་ཡེ་ཤེས་མ་འགགས་ཀུན་དང་མཚུངས། །རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་དེ། །ཐམས་ཅད་སྐྱེ་བ་གཞན་ནས་ཆོས་འབྱུང་མེད། །འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚོད་བཙུགས་ནས། །བཙལ་བས་མེད་པའི་འབྲས་བུ་འབྱུང་མི་འགྱུར། །བྱང་ཆུབ་སེམས་ནི་རྒྱུ་ཡིས་མ་བསྐྱེད་ཕྱིར། །འཇིག་
རྟེན་སྐྱེ་འགག་ཆོས་ལ་ཚོད་མི་འཇུག །བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་ཕྱིར། །འཇིག་རྟེན་སྐྱེ་འགག་ཆོས་ལ་དཔེ་མི་ལེན། །ཀྱེ་སེམས་དཔའ་ཆེན་པོ། ཆེ་བ་འདོད་ནས་སྒོམ་སྒྲུབ་རྩོལ་བྱེད་ན། །སྒོམ་སྒྲུབ་རྩོལ་བས་ཆེ་བ་དེ་མི་འགྲུབ། །ཆེ་བ་རང་བྱུང་ཡེ་ཤེས་ཡེ་ནས་ཡིན། །ཅེས་སོ། །ཐུན་མོང་ལྟར་རྒྱུ་འབྲས་ཀྱིས་སངས་རྒྱས་བསྒྲུབ་མི་དགོས་ཏེ། བསྒྲུབས་པས་ནམ་ཡང་མི་འགྲུབ་ཉིད་འདུས་མ་བྱས་ཆོས་སྐུ་འབྲས་བུར་ཀུན་འདོད་ལ། དེ་ཉིད་བསྒྲུབས་པས་འགྲུབ་ན་འདུས་བྱས་སུ་འགྱུར་ལ། དེ་མི་རྟག་པར་འགྱུར་བས། མ་བཅོས་ཇི་བཞིན་བཞག་པས་འགྲུབ་པར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་མཐུན་ཏེ། དེ་ཉིད་ལས། སངས་རྒྱས་བསྒྲུབས་པས་འགྲུབ་པར་མ་ཡིན་ཏེ། །མ་བཙལ་རང་བཞིན་གནས་པས་ལྷུན་གྱིས་གྲུབ། །མ་བཙལ་རང་བཞིན་གནས་ལ་མི་རྟོག་ཞོག །ཅེས་པ་དང་། ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །བྱང་ཆུབ་སེམས་ལས་གཞན་མེད་དེ། །སྔ་རབས་འདས་པའི་སངས་རྒྱས་རྣམས། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ད་ལྟར་བཞུགས་པའི་སངས་རྒྱས་རྣམས། །མ་བཅོས་པ་ཡི་རང་སེམས་དེ། །མ་བཅོས་ཇི་བཞིན་རྟོགས་གྱུར་པས། །ད་ལྟར་འགྲོ་བའི་དོན་ཡང་མཛད། །སླད་ནས་འབྱོན་པའི་སངས་རྒྱས་རྣམས། །རང་བྱུང་སེམས་ཉིད་འདི་ལ་ནི། །སྔ་མ་བཅོས་པར་ལུང་མ་བསྟན། །ད་ལྟར་རིན་ཆེན་སེམས་མི་འཆོས། །མ་བཅོས་ལམ་དུ་ཞུགས་ནས་འབྱོན། །ཇི་ལྟར་སྣང་བའི་ཆོས་རྣམས་ལ། །བྱང་ཆུབ་སེམས་སུ་མ་རྟོགས་ཏེ། །བཅོས་ཤིང་བསྒྲུབས་པས་འགྲུབ་མི་འགྱུར། །མ་རྟོགས་བཅོས་པས་འགྲུབ་པར་བྱེད། །བསྐལ་པ་དུ་མའི་གྲངས་བགྲངས་ཀྱང་། །མི་རྩོལ་བདེ་དང་འཕྲད་མི་འགྱུར། །ཀྱེ་སྐུ་གསུམ་སེམས་ལས་མ་བཅོས་ཕྱིར། །སྐུ་གསུམ་སྟོན་པའི་མདོ་ལུང་ལས། །འཆོས་པར་བྱེད་པའི་དོན་འབྱུང་བ། །དེ་ནི་སྟོན་པ་སྐུ་གསུམ་ཡང་། །ཉིད་ཀྱི་རང་བཞིན་སྟོན་པ་མིན། །དེ་བཞིན་འཆོས་པར་བྱེད་པ་ཡི། །སྟོན་པས་བདེན་ཚུལ་ཅི་བསྟན་ཀྱང་། །ངེས་
ལུང་མ་ཡིན་དྲང་ལུང་ཡིན། །ཅེས་སོ། །དགོངས་པས་ངང་ལ་བསྐྱང་བ་ནི། དེ་ལྟར་རིག་པ་ཆོས་སྐུ་རྗེན་པ་རྒྱུ་འབྲས་དགེ་སྡིག་ལས་འདས་པ་ཟང་ཀ་ཆོས་ཟད་བློ་འདས་ཀྱི་དོན་མ་བསམས་མ་དཔྱད་རང་སར་ཅོག་གིས་བཞག་དུས་རང་གསལ་དུ་ས་ལེ། སྟོང་གསལ་དུ་མེ་རེ། ཡེ་གསལ་དུ་ཕྱམ་མེ་བ་འདི་ཀ་ཡིན་པས། དེའི་ངང་ལ་མ་བཅོས་མ་བསླད་པར་རང་བབས་སུ་ཕྱམ་མེ། རང་སངས་སུ་སང་ངེ་། རང་གྲོལ་དུ་ཤིག་གེརང་དག་ཏུ་སལ་ལེ། རང་མལ་དུ་ལྷོད་དེ། སྒོ་ལྔ་རང་ཡན་རྒྱ་གྲོལ་དུ་ཧར་སང་བར་མེད། ཕྱལ་བ་ནམ་མཁའ་ཀློང་ཡངས་ཀྱི་ངང་དུ་དུས་གསུམ་བློའི་འབྲེལ་ཐག་བཅད་པས་གསལ་བ་མ་འགགས་རྟོག་མེད་རྗེན་པར་ཕྱམ་གདལ་ནས་བཞག་པ་ནི། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། གསལ་ལ་མ་ཡེངས་གཏིང་དཔག་དཀའ་བའི་ངང་། །སྟོང་གསལ་གདལ་ན་བདེ་ཆེན་དབྱིངས་ལ་སྤྱོད། །རྩེ་གཅིག་ངང་ན་དོན་དམ་དབྱིངས་ཀྱི་ངང་། །ཞེས་པ་དང་། མུ་ཏིག་འཕྲེང་བ་ལས། སྟོང་ཞིང་གསལ་ལ་གསལ་ཞིང་ཁྱབ། །བསམ་པས་མ་སྦགས་དྲན་པས་སངས། །སྤྲོས་པ་ཉིད་དང་བྲལ་བ་སྟེ། །ནམ་མཁའ་ལྟ་བུར་ཁྱབ་ཅིང་སྟོང་། །རང་དག་མཚོན་པ་ཀུན་དང་བྲལ། །ཅེས་པ་དང་། ཀློང་དྲུག་པ་ལས། རང་རིག་སྐལ་མཉམ་སྟོང་ཉིད་གྲོགས། །འདི་ལ་གོམས་པའི་སྐལ་ཆེ་བས། །རྟོག་པ་མེད་པའི་སྐུ་བཟུང་སྟེ། །ང་ཡི་ཐུགས་རྗེའི་འོད་བཟུང་ནས། །འདི་དང་ང་ཉིད་སྐལ་བ་མཉམ། །ཞེས་པ་དང་། སྒྲོན་མ་འབར་བ་ལས། རང་བཞིན་སྣང་བ་མ་འགགས་པར། །བློ་རྨོངས་དྲན་པ་ཀུན་ཟད་དེ། །སྣང་བ་རང་དག་དབྱིངས་སུ་ནི། །རྟོག་པ་མེད་པའི་རིག་པར་ཡང་། །མི་གཡོ་མཉམ་པ་ཉིད་ཤེས་པས། །ཐམས་ཅད་མཉམ་པའི་དབྱིངས་སུ་ཡང་། །ཡེ་ནས་རྣམ་རྟོག་ཟད་པར་ནི། །རང་བཞིན་རྣམ་དག་དབྱིངས་སུ་གནས། །བརྗོད་ཅིང་སྣང་ཚིག་གཉིས་མེད་པས། །ཕྱི་དང་ནང་མེད་དབྱིངས་སུ་ཡང་། །རང་དལ་ཆེན་པོའི་ངང་དུ་
གནས། །ཕྱི་ནང་མེད་པར་ཟང་ཐལ་བས། །མར་བསྒྲིབས་དྲི་མ་མེད་པར་ནི། །ཡེ་ནས་ཀ་དག་ཆེན་པོར་ཡང་། །རྣམ་པར་དག་པའི་དབྱིངས་ཀྱི་ནི། །མཚན་ཉིད་དུ་ནི་ཡེ་ནས་བཞུགས། །ཞེས་པ་དང་། ཉི་ཟླ་ཁ་སྦྱོར་ལས། རང་བཞིན་རྫོགས་ཆེན་རྟོགས་པ་ཡི། །འདི་ལྟར་གོམས་པ་གང་ཡིན་པ། །མ་བཙལ་བཞག་པས་དོན་རྣམས་རྙེད། །མ་བསྒོམས་པར་ནི་བདེ་ཆེན་རྒྱས། །རང་བཞིན་ཉིད་དུ་མངོན་སུམ་རིག །འདི་ཉིད་སུ་དང་འཕྲད་པ་དེ། མཚམས་མེད་སྡིག་དང་ལྡན་པ་ཡང་། །འདི་ཉིད་བསྒོམས་པས་གྲོལ་བར་ནི། །ཐེ་ཚོམ་ཉིད་མེད་ན་ར་ཀན། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། འཛིན་ཆགས་མེད་པའི་ཆོས་ཉིད་དངོས་བྲལ་ཏེ། །སངས་རྒྱས་རྣམས་ཀྱི་གཉིས་མེད་དགོངས་པའི་མཆོག །བྱ་རྩོལ་མེད་པའི་ཆོས་ཉིད་རང་སར་དག །འུབ་ཆུབ་ཏིང་འཛིན་ཆོས་ཉིད་ཡུལ་ལ་འཇུག །ཅེས་པ་དང་། ནོར་བུ་འཕྲ་བཀོད་ལས། ནམ་མཁའི་མཚན་ཉིད་ཡེ་ནས་ཀ་དག་པས། །ཆོས་སྐུ་ཉིད་ལ་དངོས་མེད་བསམ་པ་མེད། །ཕྱི་དང་ནང་མེད་ཡངས་པ་ཆེན་པོ་ལ། །ཡངས་པའི་ཆོས་ཉིད་མཐའ་བྲལ་དངོས་པོ་མེད། །ཅེས་སོ། །དགོངས་པ་དེ་དག་གི་རང་ངོ་རང་གསལ་བྱིང་རྒོད་མེད་པ་ཕྱེད་གཉེན་པོས་མ་བསྒྲིབས་པར་ཡངས་པ་ཕྱལ་ལེ་ཕྱི་ནང་བར་མེད་དག་པས་གོལ་སྒྲིབ་ཕྱོགས་འཛིན་གྱི་སྐྱོན་ལས་གྲོལ་བས་ཏེ། ཐལ་འགྱུར་ལས། མ་གོམས་གནས་པའི་སྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱིས་རྟོགས་པར་མ་གྱུར་པ། །ཤེས་པ་ཉིད་ལ་དཔྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །རིས་ཅན་བཅད་པ་མ་ཡིན་དང་། །གུད་བཅད་སྟོང་པར་མ་སོང་དང་། །བདེ་བ་རྒྱུན་ཆད་མ་ཡིན་དང་། །བཏང་སྙོམས་ལྟེང་པོར་མ་སོང་དང་། །དྲན་རིག་གསལ་བ་ངལ་གསོ་དང་། །སྦྱངས་པ་ལོག་ཆད་ལམ་སྟོང་དང་། །འཛིན་ཆ་ནང་དུ་འགྱུ་བདེ་དང་། །རྣམ་པ་གསལ་བའི་ཆ་འཛིན་དང་། །ཁ་དོག་ཡིག་འབྲུ་འགྱུར་བྱེད་རྣམས། །དེ་རྣམས་ཕྱོགས་སུ་མ་ལྷུང་ན། །མ་གོལ་གནས་
པའི་སྒོམ་པའོ། །སྒོམ་པའི་མཚན་ཉིད་སྣང་ཚུལ་ནི། །མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དང་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །སྣང་ཚུལ་འཁྲུལ་པ་མ་ཡིན་ལ། །རྒྱུ་རྐྱེན་དག་པའི་རང་བཞིན་ལ། །དངོས་དང་དངོས་མེད་རང་དག་ན། །སྒོ་ལྔའི་ཡུལ་ཞེན་དག་པ་དང་། །འབྱུང་བའི་རགས་པ་དག་པ་དང་། །ཡེ་ཤེས་དག་པ་འཕེལ་སྣང་སྟོན། །དེ་ལ་ཟད་པའི་ཆོས་ཉིད་དོ། །ཞེས་སོ། །དེའང་རང་སངས་སྟོང་པར་གཡོས་པས་དང་པོ་འབྱུང་བ་ཕྲ་རགས་ལ་བདག་འཛིན་དག་ནས། ཡེ་ཤེས་སྟོང་གསལ་གྱི་ཉམས་གོང་འཕེལ་དུ་འགྲུབ་པ་ལས། མཐར་ཕྲ་རགས་འབྱུང་བའི་རྡུལ་ཕྲན་སོ་སོར་དེངས་ཤིང་ན་བུན་ཡལ་བ་ལྟར་རྡོས་པ་དག་ནས་རིག་པ་ཆོས་སྐུ་ཀ་དག་ལ་ཟད་སར་ཐུག་ནས་རང་ཟ་ཟིན་པར་གསུངས་ཏེ། རིན་པོ་ཆེ་སྤུངས་པ་ལས། མ་གཏད་རང་སོར་བཞག་པ་ཡིས། །སེམས་ཀྱི་འདི་ཡི་ཚིག་ཀུན་ཀྱང་། །སུས་ཀྱང་བསླབ་པ་མེད་པར་ནི། །སོ་སོའི་བློ་ལ་གོ་བར་སྣང་། །འདི་ཉིད་རང་གི་བློར་གོམས་པས། །མི་སྣང་རྟོག་པ་མེད་པ་ཡི། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་འགྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་དུ་མཁའ་ལ་དེངས། །འཁྲུལ་པའི་ཞེན་པ་སྣ་ཚོགས་ནི། །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགགས་ནས། །གང་མི་སྣང་སྟེ་རང་ཟད་ནས། །གསལ་བྱེད་རང་གི་ཉམས་མྱོང་བར། །ལུས་ཅན་ཀུན་ཀྱང་དེ་བཞིན་ནོ། །ཞེས་པ་དང་། ཐལ་འགྱུར་ལས། རང་བཞིན་རྫོགས་པ་ཆེན་པོའི་མཐའ། །ཆོས་རྣམས་རང་སར་བཞག་པས་ཏེ། །སྣང་ཤེས་ཆོས་ཉིད་ཟུང་འཇུག་པས། །ཡེ་གྲོལ་ཅོག་གཞག་ཉིད་ལ་ཐུག །དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་དངོས་པོའི་མཐའ་གྲོལ་དང་། །འགྱུ་ཟད་རྟོག་པ་མེད་པ་དང་། །བློ་ཟད་ཡིད་ལས་འདས་
པའོ། །ཞེས་སོ། །ཁྲེགས་ཆོད་ཀ་དག་གི་དོན་མཐར་ཕྱིན་ནས་འབྱུང་བ་ཟད་པ་དང་། ཐོད་རྒལ་ལྷུན་གྲུབ་མཐར་ཕྱིན་པས་འབྱུང་བ་དག་པ་གཉིས། ཕྱི་ནང་གི་རྡོས་བཅས་དག་ཙམ་དུ་འདྲ་ཡང་། འདི་ཉིད་རྡུལ་ཕྲན་ཆ་མེད་སོ་སོར་དེངས་ནས་སྐད་ཅིག་ལ་ཀ་དག་ཏུ་གྲོལ་བས་འོད་ལུས་མི་སྣང་ལ། ཐོད་རྒལ་འོད་ལུས་དེས་འཕོ་བ་ཆེན་མོ་འགྲུབ་པའི་ཆ་ཙམ་སྟེ། འོད་ལུས་ཡོད་མེད་ཀྱི་ཁྱད་ཡོད་དོ། །ཀ་དག་གི་སར་གྲོལ་ལུགས་ལ་ཁྱད་མེད་དོ། །འདི་ལྟ་བུའི་ཐེག་པ་རྒྱལ་པོས་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྒྱུ་འབྲས་ཚེ་འདི་ལ་ལ་ཟློས་ནུས་ལ། རྣལ་འབྱོར་པ་ཡང་ཆོས་ཉིད་ཀྱི་སྟོང་ར་མ་ཉམས་པ་རྟོགས་པའི་གདིང་ཚད་རྙེད་ནས་རྒྱུ་འབྲས་ཀྱི་འཁྲུལ་པ་ཞིག་སྟེ། དམན་པའི་ཐེག་པ་ལ་མི་བརྟེན་ཅིང་རྒྱུ་འབྲས་ཀྱི་གྲངས་རྟོག་མི་སྨྲ་བ་ནི་ལྟ་བའི་ཕྱི་རྒྱ་རླབས་ཀྱིས་བཅད་དེ་ཐམས་ཅད་རང་བྱུང་ཡེ་ཤེས་སུ་རྟོགས་པའི་ཆ་ལས་བྱུང་ལ། ཐེག་པ་འོག་མ་བརྒྱད་ཀྱིས་དེ་ལྟར་སྨྲ་མི་ནུས་ཏེ། ཐེག་པ་དམན་པ་ལ་ཐུག་པའི་ཕྱིར་རོ། །དེ་ཡང་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད་ལས། ཨེ་མ་ཧོ། སྣང་བའི་ཡེ་ཤེས་གསལ་བ་ཆེ། །རྟེན་འབྲེལ་ཡེ་ཤེས་ཕྱོགས་དང་བྲལ། །རྫོགས་ཆེན་གསང་བའི་ཡེ་ཤེས་ནི། །ཀུན་གྱི་རྩེ་མོར་གྱུར་པའོ། །རྫོགས་ཆེན་ལྟ་བའི་དཔེ་མཚོན་ནི། །ཁྱུང་ཆེན་ནམ་མཁར་ལྡིང་དང་མཚུངས། །ཐེག་པའི་རང་སྐད་སོ་སོར་རབ་ཏུ་གྲངས་མང་ཡང་། །སེང་གེ་ཝ་སྐད་འདོན་དུ་མེད་དེ་ལྟོ་བ་ཡངས། །ཝ་སྤྲེ་སེང་སྐད་འདོན་དུ་མེད་དེ་མགྲིན་པ་དོག །རྫོགས་ཆེན་རང་སྐད་རང་རིག་ཡེ་ཤེས་སྟོན་པར་བྱེད། །འོག་མས་རང་རིག་འདོན་དུ་ལྟ་བ་ཡེ་ནས་དམའ། །ཞེས་སོ། །དེའང་ཁྱུང་དང་པོ་བྲག་སྟེང་ནས་འཕུར་བ་ལྟར། འོག་མ་ལ་བརྟེན་ནས་གོང་དུ་བགྲོད་ན། ཕྱིས་ནམ་མཁར་ལྡིང་བ་ལྟར་བྱ་རྩོལ་མེད་པར་འཇུག་པ་འཐད་དོ་སྙམ་པ་ན་མ་ཡིན་ཏེ། ཁ་ཅིག་དབང་པོ་སྦྱངས་པས་དེ་ལྟར་སྲིད་དུ་བཅུག་ཀྱང་སྐབས་འདིར་ཁྱུང་ནམ་མཁར་ལྡིང་དུས་ཀྱི་ཕྱོགས་དེར་དཔེ་བྱེད་ཀྱིས། ཁྱུང་གི་སྐབས་ཐམས་ཅད་ཀྱི་
དཔེ་བྱེད་པ་མ་ཡིན་ཏེ། དཔེ་ནི་ཕྱོགས་ཙམ་མཚོན་པ་ལས། ཐམས་ཅད་མཚོན་དུ་མི་རུང་སྟེ་རུང་ན་དོན་དུ་འགྱུར་གྱིས་དཔེ་མ་ཡིན་ནོ། །གཅིག་ཏུ་ན་ལྷ་མི་སེམས་ཅན་དབང་པོ་ཐ་དད་པས། རྫོགས་པ་ཆེན་པོ་ནི་དབང་པོ་ཡེ་ནས་ཚིག་ཆོད་ཀྱི་ཆོས་ཏེ། དམན་པ་རྣམས་ཀྱི་ཡུལ་མ་ཡིན་ནོ། །དེའི་ཕྱིར་ཀུན་བྱེད་ལས། ལྷ་མི་སེམས་ཅན་དབང་པོ་མི་མཐུན་ཏེ། །ལ་ལ་དབང་པོ་སྦྱངས་པའི་འཕྲོ་བཙན་ཡོད། །ལ་ལ་དབང་པོ་ཡེ་ནས་ཚིག་ཆོད་ཡོད། །དེས་ན་དགོས་ཆེད་དོན་ཅེས་བསྟན་པ་ཡིན། །ཅེས་པ་དང་། ཐུན་མོང་གི་ཐེག་པ་ཆོས་མངོན་པ་མཛོད་ལས་ཀྱང་། ཁ་ཅིག་དང་པོ་ནས་དེའི་རིགས། ཁ་ཅིག་སྦྱངས་པ་ལས་འགྱུར་རོ་ཞེས་འདོན་པ་བཞིན་ནོ། །གནས་འདི་ནི་སྔ་མ་བཞིའི་དོན་བསྡུ་བ་དང་ཡང་འབྱེད་དུ་བཀོད་པས་ཏེ། རྫོགས་པ་ཆེན་པོའི་གནས་སྤྱི་ནི་རིན་པོ་ཆེའི་མཛོད་བཞི་རིམ་དང་འདྲ་བ་ཡི། གནས་དང་པོ་བཞི་ལྡེ་མིག་བཞི་དང་འདྲ་ཞིང་། འདི་ལྡེ་མིག་ཀྱང་མཛོད་དུ་སྦས་པའི་ཡང་འབྱེད་དེ་ལྡེ་མིག་ལྟ་བུ་ཡིན་ནོ། །གང་ལ་གཏད་པར་བྱ་བ་ངེས་དོན་སྙིང་པོའི་སྣོད་ལ་སྤྱི་དང་བྱེ་བྲག་གཉིས་ལས། སྤྱིར་བསྟན་པ་ནི་ཁྱུང་ཆེན་ལས། བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །བྱེ་བྲག་གི་སྣོད་ནི། ནོར་བུ་འཕྲ་བཀོད་ལས། ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། །རྫོགས་ཆེན་མན་ངག་གསང་དོན་འདི། །རང་དགར་བསྟན་པར་མ་ཡིན་ཏེ། །ངེས་པའི་ལུང་རྒྱལ་ཁུ་བྱུག་མཆོག །འདི་ཉིད་བསྟན་པའི་གང་ཟག་གིས། །རིགས་དང་སྤྱོད་ལམ་ཆེན་པོ་དང་། །ཁ་དོག་མཚན་ཉིད་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། །ཏིང་ངེ་འཛིན་ལས་བཞེངས་ནས་ནི། །ཁྱད་པར་འཁོར་ལ་བཀའ་སྩལ་པ། །ཀྱེ་མ་ཁྱད་པར་འཁོར་ཚོགས་ཉོན། །ང་ཡིས་བསྟན་གྱིས་ལེགས་པར་ཉོན། །རིགས་ཀྱི་ཁྱད་པར་འདི་ལྟ་སྟེ། །རྒྱལ་རིགས་དང་ནི་བྲམ་ཟེའི་རིགས། །དེ་བཞིན་རྗེའུ་རིགས་ཆེན་པོ་དང་། །
ཁྱད་པར་ཆེན་པོའི་རིགས་རྣམས་ལ། །གསང་སྔགས་ངེས་དོན་བསྟན་པར་གསུངས། །ཡང་ན་རིགས་མེད་ཁ་དོག་བརྟག །ཕོ་མོ་གཉིས་ནི་གང་ཡང་རུང་། །ཁ་དོག་འདི་དང་ལྡན་པ་ནི། །རྫོགས་པ་ཆེན་པོའི་སྣོད་དུ་གསུངས། །ཡན་ལག་རགས་ཤིང་ཁ་དོག་ནག །སོ་ཉིད་ཐགས་བཟངས་དཀར་ལ་འདྲིལ། །མིག་རྩ་ཡིད་ཙམ་དམར་བ་དང་། །སྐྲ་ཡི་མཚན་ཉིད་ཆེན་པོ་ཡང་། །གཡས་སུ་འཁྱིལ་ཞིང་ཁམ་ནག་མདོག །ལུས་ལ་བཀུར་སྟི་ཆུང་བ་དང་། །ཕྱི་ཡི་སྤྱོད་ཡུལ་ཐ་མལ་མདོག །ཚིག་རྣམས་ཤུགས་འབྱུང་སྨྲ་བ་དང་། །ཡང་ན་ཚིག་གི་རྣམ་པ་ཀུན། །གཅིག་གིས་གང་ལྟར་སྨྲས་པ་ལྟར། །སྐྱེས་བུ་དེ་ཡང་དེ་ལྟར་སྨྲ། །རྫོགས་ཆེན་གདམས་ངག་བསྟན་པར་གསུངས། །དེ་རྣམས་གཅིག་ལ་ཚང་བས་ན། །ཤན་པའི་རིགས་སམ་སྨད་འཚོང་རིགས། །ཕྱག་དར་ཁྲོད་པའི་རིགས་ཀྱང་རུང་། །རིགས་ངན་གང་དག་སུ་ཡིན་ཡང་། །ལྷག་མ་མེད་པར་ཡོངས་སུ་སྦྱིན། །གསང་བའི་བཅུད་གསུམ་མན་ངག་འདི། །རིགས་དང་ཁ་དོག་བརྟགས་ཐབས་རྣམས། །ང་ནི་མྱ་ངན་འདས་འོག་ཏུ། །གསང་བའི་མན་ངག་ཡང་བཅུད་འདི། །ངེས་པའི་རྒྱལ་པོ་འདི་ལྟར་བསྟན། །དེ་རྣམས་ལྡན་པའི་སྐྱེས་བུ་ལ། །གོང་གི་གདམས་ངག་བསྟན་པར་བྱ། །ཞེས་སོ། །གཏད་པ་དེས་ཇི་ལྟར་བསྒྲུབ་པའི་ཚུལ་བསྟན་པ་ནི། དེས་ཀྱང་མི་ནུབ་དོན་གྱི་སྙིང་པོ་འདི། །ཀུན་ལ་མི་སྤེལ་མི་ནུབ་སྙིང་པོར་བཟུང་། །གསང་སྒོ་འཆོལ་ན་བཀའ་ཆད་འབྱུང་བ་དང་། །སྒྲོ་སྐུར་དབང་གིས་སྙིང་པོའི་བསྟན་པ་བསྣུབ། །དེ་བས་གསང་ཞིང་ཞི་བདེའི་ཡིད་ཀྱིས་འགྲོགས། །ཚེ་འདིར་ཆོས་སྐུ་རྒྱལ་པོའི་གཏན་སྲིད་ཟིན། །ཁྱད་པར་དམ་པའི་སློབ་མ་བསྟན་པ་གཏད་པའི་སྐྱེས་བུ་དེས། སྤྱིར་སྣོད་མིན་ལ་མི་སྤེལ། སྣོད་ལྡན་ལ་བསྟན། བྱེ་བྲག་ཏུ་སྣོད་མིན་ལ་རླུང་ཕྱོགས་སུ་ཡང་མི་བསྒྲག་ཅིང་། སྣོད་ལྡན་ལ་སྟོན་པའང་སྣོད་བརྟགས་ལ་རིམ་གྱིས་སྦྱིན་པ་དང་། ཁྱད་པར་དུ་འདིའི་བསྟན་པ་གཏད་
པའི་སྣོད་བྱུང་དུས་སྲེད་ཕོངས་མེད་པར་རིམ་པས་བསྟན་ལ་ལྷག་མ་མེད་པར་སྦྱིན་ནས། བཀའ་རྒྱ་དང་གཏད་རྒྱ་བྱས་ལ་བསྟན་པའི་སྙིང་པོ་མི་ནུབ་པར་ཟུངས་ཤིག་ཅེས་གདམས་པ་སྟེ་སྣོད་མིན་ལ་མི་སྤེལ་བས་སྒྲོ་སྐུར་མི་འབྱུང་ཞིང་ཆོས་སྤོང་གི་ལས་མི་སོག །སྣོད་ལྡན་ལ་བསྟན་པས་བསྟན་པའི་སྙིང་པོ་འཇིག་རྟེན་དུ་ཡུན་རིང་དུ་གནས་ཤིང་ལས་ཅན་ཚེ་གཅིག་གིས་འཁོར་བ་ལས་སྒྲོལ་ཞིང་སངས་རྒྱས་པར་བྱེད་པའོ། །དེའང་སྣོད་མིན་ལ་བསྟན་ན་རང་གཞན་གཉིས་ཀ་ལ་གནོད་པའི་ཉེས་པ་འབྱུང་སྟེ། ཀུན་བྱེད་ལས། སྙིང་པོའི་དོན་ལ་བླང་དོར་མི་གནས་ཀྱང་། །མི་མ་ཡིན་དང་འབྱུང་པོའི་བར་གཅོད་ཅིང་། །མཁའ་འགྲོ་གྲུབ་པ་ཅན་གྱིས་གཉིས་ག་ལ། །དུས་མིན་འཆི་དང་འཇིགས་པའི་དབང་གྱུར་ནས། །སྒྲོ་སྐུར་དབང་གིས་སྙིང་པོའི་ཐེག་པ་བསྣུབ། །དེ་བས་རིགས་ངན་གང་ཟག་སྤང་བར་བྱ། །ཞེས་སོ། །སྣོད་ལྡན་ཙམ་ལ་བསྟན་པར་གདམས་པ་ཡང་། དེ་ཉིད་ལས། འཇིག་རྟེན་ཞེན་པ་བྲལ་ཞིང་རྒྱུད་བརྟགས་ཕྱིར། །ལུས་དང་ལོངས་སྤྱོད་བླ་མས་ཀུན་བླངས་ལ། །ནུས་དང་མི་ནུས་ཁྱད་པར་རྟགས་ལྡན་ན། །སྙིང་པོའི་དོན་བསྟན་ཀུན་བྱེད་རྒྱལ་པོ་བྱིན། །ཅེས་སོ། །ཁྱད་པར་མཆོག་གི་སྐལ་ལྡན་ལ་བསྟན་པ་གཏད་པ་ཡང་། དེ་ཉིད་ལས། མདོ་ལུང་མངོན་དུ་བྱུང་བའི་བཀའ་རྒྱུད་འདི། །མི་འཕེལ་མི་ནུབ་སྙིང་པོ་འཛིན་པ་ལ། །ཀུན་བྱེད་རྒྱལ་པོ་ངེས་པར་ཁྱེད་ལ་གཏད། །ཅེས་སོ། །རང་བཞིན་རྫོགས་པ་ཆེན་པོའི་དོན་ཞུས་ནས། གདམས་པའི་ཕན་ཡོན་ལ་བསྔགས་པ་ནི། འདི་ལྟར་སྐལ་བ་རབ་དང་ལྡན་པའི་སློབ་མས་བཀུར་སྟི་དང་ཕུ་དུད་ཀྱིས་བླ་མ་དམ་པ་མཉེས་པར་བྱེད་དེ། རང་བཞིན་རྫོགས་པ་ཆེན་པོའི་དོན་ཞུས་ནས་ཉམས་སུ་བླངས་ན་འདི་དང་ཕྱི་མའི་ལེགས་པ་ཀུན་འགྲུབ་སྟེ། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཆེན་པོ་ལས། རྩ་བ་ཡན་ལག་བླ་མ་གཉིས། །སོ་སོའི་མཚན་ཉིད་ཚང་
བ་ལ། །རྒྱལ་སྲིད་དང་ནི་རང་གི་ལུས། །འཁོར་དང་ལོངས་སྤྱོད་རྣམས་ཀྱིས་བསྟེན། །ལུས་ངག་སྤྱོད་པས་མཉེས་པ་ཡིས། །བླ་མ་སངས་རྒྱས་མཉམ་སྦྱོར་བསྟེན། །དད་དང་ཤེས་རབ་ལྡན་པ་དང་། །མོས་ཤིང་འཁྲུལ་པ་མེད་པ་དང་། །བརྗོད་བྱ་རྣམས་ནི་ནོར་འཁྲུལ་མེད། །དབང་པོ་གསལ་བས་བླ་མ་བསྟེན། །བསྟེན་པ་དེ་ལས་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ལས། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ལས་བཟློག་ཕྱིར་རོ། །ཞེས་རྒྱ་ཆེར་གསུངས་སོ། །གསང་ཆེན་རྡོ་རྗེ་རྩེ་མོའི་དོན་གྱི་གནས། །ཨ་ཏི་ཡོ་ག་ལྷུན་གྱིས་གྲུབ་པའི་དབྱིངས། །གང་གིས་གང་ལ་ཇི་ལྟར་གདམས་པའི་ཚུལ། །ལྔ་པའི་གནས་འབྱེད་རིན་ཆེན་འགྲེལ་འདི་བཤད། །དཔག་མེད་དུས་ནས་ཐུགས་རྗེའི་རླབས་ཆེ་བ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་དང་། བསྟན་འདིར་མངོན་པར་དགའ་བའི་མཐུ་སྟོབས་ཅན། །སྲུང་མ་དམ་ཅན་ཚོགས་རྣམས་དགྱེས་པར་མཛོད། །སངས་རྒྱས་ཐུགས་རྗེས་ལྷ་མི་སེམས་ཅན་ལ། །བླ་མེད་རབ་ཞུགས་མོས་དགེ་ཕུན་ཚོགས་ལྡན། །བདེ་གཤེགས་གདུང་འཚོབ་ཐེག་ཆེན་སྙིང་པོར་ཞུགས། །གང་ཡིན་དེ་ཀུན་དེང་ནས་དགའ་བར་མཛོད། །གནས་ལུགས་རིན་པོ་ཆེའི་མཛོད་ལས། བསྟན་པ་གང་ལ་བཞག་པའི་གང་ཟག་གི་རིམ་པ་གཏན་ལ་ཕབ་པ་སྟེ་རྡོ་རྗེའི་གནས་ལྔ་པའི་འགྲེལ་པའོ།། །།