Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
ཤུ་བྷ་འབྲུག་དགུ་གླིང་སོགས་ཆོས་འཁོར་ཆེན་པོ་རྣམས་ཀྱི་བཅའ་ཡིག་བླང་དོར་མིག་འབྱེད།
  
  
  
  
  
  
  
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousཤུ་བྷ་འབྲུག་དགུ་གླིང་སོགས་ཆོས་འཁོར་ཆེན་པོ་རྣམས་ཀྱི་བཅའ་ཡིག་བླང་དོར་མིག་འབྱེད།next

ཤུ་བྷ་འབྲུག་དགུ་གླིང་སོགས་ཆོས་འཁོར་ཆེན་པོ་རྣམས་ཀྱི་བཅའ་ཡིག་བླང་དོར་མིག་འབྱེད།


LT36_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ཤུ་བྷ་འབྲུག་དགུ་གླིང་སོགས་ཆོས་འཁོར་ཆེན་པོ་རྣམས་ཀྱི་བཅའ་ཡིག་བླང་དོར་མིག་འབྱེད་ཅེས་བྱ་བ་བཞུགས་སོ། །


LT36_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་སྭ་སྟི། ཆོས་ཉིད་བདེན་པའི་གནས་ལུགས་བྱང་ཆུབ་པས། །ཆོས་ཅན་རྒྱུ་མཚན་མ་འདྲེས་ལེགས་མཁྱེན་ཏེ། །བླང་དོར་ལམ་བཟང་གསལ་བར་སྣང་མཛད་པ། །བླ་མ་ཤཱཀྱའི་རྒྱལ་པོས་དགེ་ལེགས་སྩོལ། ཞེས་མཆོད་པར་བརྗོད་པས་མདུན་བསུས་ཏེ། དེ་དེའང་འོ་སྐོལ་རྣམས་སྤྱིར་སྟོན་མཆོག་ཐུགས་རྗེའི་བདག་ཉིད་ཅན་དེའི་རྗེས་འཇུག་ཡིན་བཞིན་བསམ་སྦྱོར་ཐམས་ཅད་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་དང་ཅི་མཐུན་ལ་འབད་དགོས་ཤིང་། བྱེ་བྲག་ཏུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ནང་གསེས་སྒྲུབ་བརྒྱུད་ཀརྨ་ཀཾ་ཚད་གི་རིང་ལུགས་དམ་སེལ་དང་འདྲེས་ཁྱེར་གྱིས་བར་དུ་མ་ཆོད་པའི་ལྟ་སྤྱོད་རྣམ་དག་རྒྱུན་མ་ཆད་པ་འདི་ལ་ཚེ་འདི་དོན་གཉེར་གྱི་ཁོང་སྐྲན་མ་ཞུགས་པར་ཚེ་ཕྱི་མ་དང་ལས་རྒྱུ་འབྲས་ལ་ཡིད་ཆེས་ནས་བྱང་ཆུབ་དོན་དུ་གཉེར་འདོད་ཀྱིས་བསམ་པས་ཚུལ་བཞིན་ཉམས་སུ་ལེན་པ་ཞིག་གལ་ཅི་ནས་ཆེ་ཞིང་། དེ་ལྟར་བྱུང་ན་མང་དུ་སྨོས་མ་དགོས་ཀྱང་། དེང་སང་ལྟོ་ཕྱིར་རབ་བྱུང་ཙམ་གྱི་འདུས་པ་མང་བས་འདུལ་བ་ཡུལ་ཆོས་བསྟུན་ཏེ་མཆོག་དམན་ཀུན་ནས་སྤང་བླང་མ་བྱས་མི་ཆོག་པའི་ཁྲིགས་སུ་བྱ་བ་ཁ་ཤས་ཐུགས་ལ་ངེས་རྒྱུར། དངོས་གཞི་བྲི་ཚར་ནས་འཇུག་ཏུ། མདོར་ན་གཞན་གནོད་གཞིར་


LT36_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་སྤང་། གཞན་ཕན་གཞིར་བཅས་བསྒྲུབ། དབང་རྒྱུད་མན་ངག་གིས་འབྲེལ་བའི་བླ་མ་དང་མཆེད་ཀྱི་དམ་ཚིག་སྤུ་ཙམ་མ་འགལ་བར་རང་སེམས་དབང་པོར་བཀོད་དེ་བག་ཡོད་དྲན་ཤེས་རྟག་ཏུ་བསྟེན་ནས་ཚུལ་འཆོས་ངོ་ལྐོག་དང་བྲལ་བའི་སྤྱོད་པ་ལ་གནས་པས་བླ་མ་དཀོན་མཆོག་ཐུགས་ཀྱིས་མ་ཁྲེལ་བ་ཞིག་འཚལ་དང་། འདི་ཕྱིའི་ལེགས་པའི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་ཤུགས་འབྱུང་དུ་འཕེལ་འགྱུར་བས་དེ་ལྟར་ཐུགས་ངེས་པར་ཞུ། འདི་བྱུང་རྣམ་དཀར་ཟླ་བ་བདུད་རྩིའི་འོད། །རྒྱལ་བསྟན་ཀུནྡ་བཞད་པའི་གཉེན་གྱུར་ཏེ། །དྲི་མེད་བསླབ་གསུམ་དཔྱིད་ཀྱི་དཔལ་བརྟས་པས། །འགྲོ་ཀུན་རྣམ་མཁྱེན་ས་ལ་དབུགས་དབྱུང་ཤོག །སརྦ་དཱ་ཀ་ལྱཱ་ནཾ་བྷ་བནྟུ།། ༈ །།ཚོགས་གཉིས་རིན་ཆེན་མཛོད་མངའ་ཞིང་། །ཤེས་རབ་དྲི་མེད་འཁོར་ལོས་འདྲེན། །ཆོས་རྣམས་ཀུན་ལ་དབང་སྒྱུར་བ། །བཅོམ་ལྡན་ཆོས་ཀྱི་རྒྱལ་པོས་སྐྱོངས། །གང་གི་བསྟན་པའི་ས་གཞི་ལས། །ཀཾ་ཚང་གྲུབ་མཐའ་གསེར་རིའི་སྤོར། །གནས་བཅས་འདུས་པའི་གཉིས་སྐྱེས་ཀྱིས། །བླང་དོར་ཁྲིགས་སུ་བྱ་བ་སྤེལ། །དེའང་ལུང་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པ་སྤྱད། །རང་གི་སེམས་ནི་ཡོངས་


LT36_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། ཞེས་གསུངས་པ་ལྟར། གཞན་ལ་འཚེ་བ་སོགས་སྡིག་པ་མི་དགེ་བ་ཆ་དང་བཅས་པ་འབད་པས་སྤང་ཞིང་། བྱང་ཆུབ་དོན་ཏུ་གཉེར་བའི་བློས་དགེ་རྩ་ཅི་ནུས་སུ་བསྒྲུབ། གཙོ་བོར་རང་རྒྱུད་ཀྱི་ཉོན་མོངས་པ་སྤང་བསྒྱུར་ཤེས་གསུམ་གྱིས་འདུལ་བ་ནི་རྒྱལ་བའི་བསྟན་པ་ཡིན་པས། བསྟན་པའི་སྒོར་ཞུགས་ཏེ་སེར་གོས་གྱོན་ཕྱིན་ཆད་བྱ་རྒྱུ་དེ་ལས་མེད་པས་སེམས་རྒྱུད་ཆོས་ཀྱིས་ཐུལ་ནས་དད་རྫས་ཀྱི་རང་རྒྱུད་མ་ཚིགས་པ་ཞིག་ཅི་ནས་དགོས་ཤིང་། ཚུལ་ཁྲིམས་ཀྱི་ཀུན་སྤྱོད་མིག་ལྟོས་ལ་རགས་ལས་པས་རྒྱལ་བསྟན་ཡུན་རིང་དུ་གནས་ཤིང་དད་ལྡན་དྭང་བ་འདྲེན་པའི་མིག་རྐྱེན་གནས་སྐབས་འཚོགས་བསྒྲིགས་ཕྱི་ནང་གི་སྤྱོད་ལམ་མཆོག་དམན་ཀུན་ནས་མཐུན་པར་བགྱིད་དགོས་རིགས་ཁ་ཤས་སྨོས་པ་ཡང་། དངོས་གཞི་བྲི། གཤམ་དུ། མདོར་ན་ཚུལ་ཁྲིམས་འཆལ་བས་དཀོར་རྫས་ཁམ་གང་ཟོས་པའང་ཕྱི་མར་ཁྲོ་ཆུ་འཐུང་པའི་དམྱལ་པར་སྐྱེ་ཞིང་། དགེ་འདུན་གྱི་གདན་ལ་བསྡད་ནས་ལྕགས་བསྲེགས་ཀྱི་ས་གཞིར་སྐྱེ་བ་དང་། ཚུལ་འཆལ་གཅིག་དགེ་འདུན་གྱི་ནང་དུ་འཚོགས་ན་སྦལ་པ་རྨ་ཅན་གྱི་དཔེ་ལྟར་འདུས་པ་ཐམས་ཅད་སྡིག་པའི་ཤན་ཕོག་པ་དང་། དེ་ལས་ཀྱང་གསང་སྔགས་ཀྱི་དམ་ཚིག་


LT36_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པའི་མི་ནི་ལྷན་ཅིག་ཏུ་འཚོགས་པ་ལྟ་ཅི་སྨོས། ལུང་པ་གཅིག་གི་ཆུ་ལ་བཏུང་ཡང་དམྱལ་བ་མནར་མེད་དུ་ཁྱུ་དེད་བཏང་བར་གསུངས་པས་རང་རང་ཐད་ནས་ཀྱང་དམྱལ་བའི་ནང་དུ་བྱོན་མ་དགོས་ཙམ་བྱུང་ན་མི་ལུས་བླང་ནས་ཆོས་དང་མཇལ་བའི་དོན་སྒོ་ཡིན། སྡིག་པའི་ལས་འཕྲོ་ཤུགས་བཙན་པས་འགའ་ཞིག་སྡོམ་པ་དང་དམ་ཚིག་ལ་ཆག་ཉམས་ཤོར་དུ་ཟིན་ཀྱང་བཤགས་སྡོམ་ཚད་དུ་ལོངས་པས་རྒྱུད་དག་པར་བྱེད་པའམ། དགེ་འདུན་གྱི་གྲལ་དང་དད་རྫས་ལ་ལོངས་མི་སྤྱོད་ཅིང་བླ་མ་མཆེད་གྲོགས་དང་རྫས་སྦྱིན་བདག་བཅས་ཆུད་མ་གསོན་པ་ཅི་ནས་གལ་ཆེ། དེས་ན་གཙོ་ཆེར་སོ་ཐར་གྱི་སྡོམ་པ། བྱང་སེམས་ཀྱི་བསླབ་པ། གསང་སྔགས་ཀྱི་དམ་ཚིག་གསུམ་ལ་ཅི་ཤེས་གང་ནུས་ཀྱི་བསྲུང་སྡོམ་མིག་འབྲས་བཞིན་བཙའ་བར་མཛད་པ་ན་བསྒྲིགས་ཁྲིམས་ཀྱི་བཅའ་བཀོད་ཞོར་ལ་འབྱུང་ཞིང་། ཆོས་ཟེར་བའི་རྣམ་དཔྱོད་ཅན་ཟུར་དུ་བྱ་རྒྱུ་མེད་པས་ཀུན་ནས་སྤང་བླང་འཛོལ་མེད་གནང་འཚལ། སྡོམ་གསུམ་ཁྲིམས་ཀྱི་འོད་སྣང་གིས། །ཉེས་པའི་མུན་སྟུག་མཐར་བསྐྲད་ནས། །ཐུབ་བསྟན་པདྨའི་ཚལ་རྒྱས་ཏེ། །ཐང་བདེའི་བདུད་རྩི་ལེགས་སྟོབས་ཤོག །སརྦ་ཐཱ་མངྒ་ལཾ་བྷ་བ་ཏུ།། །། །།


previousཤུ་བྷ་འབྲུག་དགུ་གླིང་སོགས་ཆོས་འཁོར་ཆེན་པོ་རྣམས་ཀྱི་བཅའ་ཡིག་བླང་དོར་མིག་འབྱེད།next