Nitartha Digital Library
Tibetan
མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

6 occurrences of འབངས་མི་
[Clear Hits]


collapse section
 
  
  
  
  
  
ལེའུ་དྲུག་པ་རྒྱན་ཆེན་མའི་ཞུས་ལན་སྐོར།
  
  
 
  
  


6 occurrences of འབངས་མི་
[Clear Hits]

 
previousལེའུ་དྲུག་པ་རྒྱན་ཆེན་མའི་ཞུས་ལན་སྐོར།next

ལེའུ་དྲུག་པ་རྒྱན་ཆེན་མའི་ཞུས་ལན་སྐོར།

ལེའུ་དྲུག་པ། རྒྱན་ཆེན་མས་ཞུས་ལན། སྲས་མོ་རྒྱན་ཆེན་མས་ཞུས་པ། མ་ཅིག་

ལགས། ངེད་བཞི་སྐྱེ་བ་དམན་ལ་གོ་བ་ཆུང་བས། ལས་རྣམ་པར་འཕོ་བའི་སྐབས་ཀྱི་འཆི་

རྟགས་གསུངས་པ་ལ་ཇི་ལྟར་མཆིས་པ་ལགས་དང་། དམར་འགྱེད་ལ་སྤྱི་དང་བྱེ་བྲག་པ་

ཁྱད་པར་བཞི་གསུངས་པའི་བྱེ་བྲག་སྐབས་སུ། ཕྱི་ཤ་དང་། ནང་ཤ་དང་། བར་ཤ་དང་།

145

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ནང་ཁྲོལ་དང་། ནང་སྣོད་དང་། ལྷུ་ཆེ་ཆུང་དང་། ཚིགས་ཞེས་པ་ལ་སོགས་པ་ཕུང་པོའ་ིརང་

བཞིན་དབྱེ་བ་ལ་རྩ་དང་རུས་པ་རྣམས་ཀྱི་གྲངས་ཅི་ཙམ་ཡོད་པ་དང་། ནང་ཆ་སྦུ་གུ་ལ་

སོགས་ཕྱི་ནང་རྣམས་ཀྱི་ངོས་བཟུང་དང་། ཕྱི་ནང་བར་གསུམ་གྱི་ལྷ་འདྲེ་དང་། ཡ་བདུད་

མ་བདུད་ཅེས་པ་རྣམས་ངོས་བཟུང་ན་ཇི་ལྟར་བདོག་ལགས། བདག་ཅག་རྣམས་ཀྱིས་དེ་

རྣམས་ལ་བློ་འཇུག་མ་རྙེད་པས། ཡུམ་གྱིས་ལེགས་པར་གསུངས་པ་ཐུགས་ལ་འདོགས་

ཞེས་ཞུས་པས། མ་ཅིག་གི་ཞལ་ནས། རིགས་ལྡན་ཕོ་མོ་ལེགས་པར་ཉོན་དང་། ངས་

བཤད་དོ་གསུངས་ནས། དར་ཅིག་ནམ་མཁའི་དབྱིངས་སུ་གཟིགས་ཤིང་། སྐུ་ལུས་ལ་འོད་

རབ་ཏུ་འབར་བ་ཞིག་ཏུ་གྱུར་པ་དང་། ཁྲུ་གང་ནམ་མཁའ་ལ་བཞུགས་ཤིང་དགྱེས་པའི་

ཚུལ་གྱིས་གསུངས་པ། འཆི་རྟགས་ནི་སྔར་བསྐྱེད་རྫོགས་ཀྱི་རིམ་པ་བཤད་པའི་སྐབས་ཀྱི་

འཆི་ཚུལ་སྟོན་པ་དེ་ཡིན་ཏེ། འོན་ཀྱང་བུ་མོ་ཁྱོད་ཀྱི་དྲི་བ་དེ་འཆོལ་དུ་མི་བཏུབ་པས། ཅུང་

ཟད་བཤད་པ་ཐུན་མོང་མ་ཡིན་པ་སྟེ་འདི་ལྟར་ཡིན་ནོ། །ནད་དྲག་པོས་ཐེབས་ནས་མཐར་

ཐུག་པའི་དུས་སུ། ལུས་ཟུངས་ཤོར་ཞིང་ལུས་ལ་དྲི་ངན་པ་བྲོ་བ་དང་། རྡུལ་ཕོག་ཅིང་

བཀྲག་མེད་པ་དང་། ཚུལ་སྨྲ་བྱེད་ཅིང་མིག་ཧྲིག་ཧྲིག་མཐོ་རུ་བལྟ་བ་དང་། ཡིད་བྲེད་ཅིང་

འགྲོ་འདོད་པའི་སྣང་བ་འོང་བ་དང་། ཁབ་བོར་བ་བཙལ་བ་ལྟ་བུའི་ལག་པས་ཉུག་ཉུག་

བྱེད་པ་དང་། སྐྲ་དང་བ་སྤུ་རྣམས་གྱེན་དུ་ལངས་ཤིང་སེན་མོའ་ིབཀྲག་ཤོར་བ་དང་། སྐོམ་

དད་ཆེ་ཞིང་དབུགས་ཐུང་བུད་བུད་བྱེད་པ་དང་། སྔར་ཤ་བཀྲག་མེད་པ་ཕྱིས་ཤ་བཀྲག་

གསལ་ཞིང་སྐྱ་ཧྲོང་ཧྲོང་དུ་སོང་བ་དང་། ཡན་ལག་བརྐྱངས་བསྐུམས་མང་ཞིང་ཡིད་མི་བདེ་

བ་ཟང་ཟིང་འོང་བ་དང་། མིག་གི་ལམ་དུ་གཟུགས་འདི་ཡིན་མེད་པའི་ཟ་བེ་ཟོ་བེ་མང་པོ་

རང་གི་ལུས་ལ་འབྱར་སྙམ་ནས་ལག་པས་བཏོག་པའི་ཚུལ་བྱེད་པ་དང་། ལན་རེ་གསལ་

བོར་མཐོང་བ་དང་། ལན་རེ་མི་མཐོང་ནས་ནག་ཚབ་ཚུབ་ཏུ་འགྲོ་བ་དང་། རྣ་བའི་ལམ་དུ་

ཆུ་ཐག་སྐད་འདྲ་བ་འུར་འུར་བ་དང་། ཝིང་ཝིང་བ་དང་། ཐིག་ཐིག་ཟེར་བ་ཕྲན་བུ་རྒྱུད་དུ་

146

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

གྲགས་པ་དང་། སྣའི་ལམ་དུ་ཡང་དྲི་འདི་ཡིན་བྱ་བ་མེད་པའི་སམ་མེ་སུམ་མེ་བྲོ་བ་དང་།

ལྕེ་ལ་ཡང་རོ་ཁ་བའི་ཤས་ཆེ་བའི་འདེགས་པ་མྱོང་བ་དང་། ལུས་ཇི་ལྟར་བྱས་ཀྱང་མི་བདེ་

གོང་ངེ་སོང་བ་དང་། ཡིད་བྲེལ་ཚུབ་ཚུབ་བྱེད་ཅིང་བྱིན་པ་གཉིས་དང་ལག་ངར་གཉིས་ཀྱི་

རྩ་དང་རྒྱུས་པའི་རྒྱུད་ནས་ཟུག་གཟེར་སྦྲུལ་རྒྱུག་པ་ལྟར་ཚུར་ཁོག་ཟོམ་ངོས་སུ་འོངས་ནས་

གཞོང་པའི་རྒྱུད་དུ་འགྲོ་བ་ལྟར་བྱེད་པ་དང་། སྐྲ་དང་བ་སྤུ་ལ་ཟིལ་པ་ཅུང་ཟད་ཆགས་པ་

དང་ཉལ་མལ་ཡང་ཡང་སྤོ་འདོད་པའི་སྣང་བ་འོང་བ་དང་། གཉེན་འབྲེལ་སོགས་གང་ལ་

ཡིད་སྲེད་པ་དེ་ལ་ལྷག་པར་ཡིད་ཆགས་པས་མིང་ནས་ཡང་ཡང་བརྗོད་པ་དང་། རེས་

དབང་པོ་འཁྲུགས་པས་རྨི་ལམ་གྱི་སྐབས་ལྟར་གཞན་ཞིག་ཡིད་ལམ་དུ་བྱུང་ནས། གཉེན་

འབྲེལ་སོགས་ངོ་མ་ཤེས་ནས་འཆོལ་གཏམ་བན་བུན་སྨྲ་བ་དང་། རེས་དབང་པོ་ཅུང་ཟད་

ཚུལ་གསར་འོང་བ་དེ་རྣམས་འཆི་རྟགས་དང་པོ་ཡིན་པ་ངོས་ཟིན་པ་བྱོས་ལ། དེའི་དུས་སུ་

རིག་པ་འཆལ་འཆོལ་དུ་འཁྲུལ་ན་རིག་པ་བསྒྲིམས་ཏེ་འཁྲུལ་དུ་མི་འཇུག་པའི་འདུན་པ་

དྲག་པོ་ཡང་ཡང་བསྐྱེད་པར་བྱའོ། །

དེ་དུས་གཉེན་འབྲེལ་དང་ཟས་ནོར་ལ་ཆགས་ན་ཐམས་ཅད་བདག་འདྲ་མི་རྟག་པ་

ཡིན་ནོ་སྙམ་ནས་གང་ལ་ཡང་ཆགས་པ་མེད་པར་བླ་མ་དྲན་པར་བྱའོ། །དེ་དུས་སེམས་

ཞུམ་ན། ཞུམ་པ་མེད་པའི་རིག་པ་ཧུར་ཕྱུང་གི་གདེང་བསྐྱེད་ལ་ཡི་དམ་ལྷའི་ང་རྒྱལ་

བརྟན་པར་བྱའོ། །འཆི་འོ་སྙམ་ནས་བྲེད་ན་རིག་པ་འདི་རྒྱུ་རྐྱེན་ལས་བྱུང་བ་མ་ཡིན་ཅིང་

དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་གཟིགས་པར་མི་འགྱུར་བ། ངོ་བོ་མཚན་

མ་དང་བྲལ་བའི་རིག་པ་འདི་ལ་འཆི་རྒྱུ་མེད་པ་ལ། སྐྱེ་བ་བྱ་བ་མེད་པས་འགག་པ་ཡང་

མེད་ཅིང་། གནས་པ་ཡང་མེད་པས་རང་བཞིན་གྱིས་སྟོང་བའི་གཤིས་ལུགས་ཡིན། འཆི་

བ་མེད་པས་སྐྲག་པར་བྱ་བ་ག་ལ་ཡོད་སྙམ་ནས་སྟོང་བ་ཉིད་ཀྱི་ལྟ་བ་རྣམ་དག་དྲན་པར་

བྱའོ། །དང་པོ་འཆི་རྟགས་རྣམས་བྱུང་བའི་རྗེས་སུ་འབྱུང་བ་ལྔ་ཐིམ་སྡུད་འོང་སྟེ། དེའང་

147

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

འབྱུང་བ་ལྔ་འཁྲུགས་པའི་དུས་སུ་འབྱུང་བ་རེ་རེ་ལ་ཡང་ཕྱིའི་རྟགས་དང་། ནང་གི་རྟགས་

དང་གཉིས་འོང་བ་ཡིན། དེའང་ཁ་དོག་རྣམ་པ་ལྔ་ཡིན་པ་ལ་ས་ནི་སེར། ཆུ་ནི་དཀར། མེ་

ནི་དམར། རླུང་ནི་ལྗང་། ནམ་མཁའ་ནི་མཐིང་གའམ་ནག་པོ་སྟེ། དེའང་དང་པོ་ལུས་གྲུབ་

པའི་ཚེ། སས་རྟེན་བྱས། ཆུས་བསྡུས། རླུང་གིས་གཡོས། མེས་སྨིན། ནམ་མཁའ་གོ་འབྱེད་

དེ་ལུས་གྲུབ་བོ། །དེ་ཡང་སས་རྟེན་བྱས་པས་སྲ་ཞིང་འཐས་པའི་རྣམ་པ་ཅན་ཏེ། ལན་

གཅིག་ཞིག་སྟེ། ཆུའི་ནང་དུ་ཐིམ་པས་ས་དང་ཆུ་གཉིས་འདྲེས་ཏེ་འཁྲུགས་སོ། །དེ་བཞིན་

དུ་ཆུ་མེ་ལ་ཐིམ། མེ་རླུང་ལ་ཐིམ། རླུང་ནམ་མཁར་ཐིམ། ནམ་མཁའ་ནི་རིག་པ་དང་

འགྲོགས་ཏེ་ནམ་མཁའ་རིག་པའི་སྟོབས་ཞེས་སམ། ཤུགས་བསྐྱེད། ཐིག་ལེ་དྭངས་མ་མི་

ཤིགས་པའི་ཐིག་ལེ། འོད་ཀྱི་རང་བཞིན་ཅན་ཡུངས་དཀར་གྱི་འབྲུ་མ་ཆུང་ཤོས་ཙམ་དུ་

འདུག་པས། རིག་པའི་རྟེན་བྱས། སྲོག་རླུང་ཤིན་ཏུ་ཕྲ་བས། རིག་པའི་བཞོན་པ་བྱས། ཡེ་

ཤེས་མ་འགག་པའི་རྩལ་གྱིས་རིག་པའི་སྣ་དྲངས་ནས། དབུ་མ་འོད་ཀྱི་སྦུ་གུའི་ལམ་དུ་

ཞུགས་ཏེ། ཐར་པ་ཡེ་ཤེས་ཆེན་པོའ་ིགོ་འབྱེད་པའམ། སྐར་ཁུང་འབྱེད་པའི་ནང་དུ་བུད་

ནས་འོག་མིན་བདེ་བ་ཆེན་པོའ་ིགནས་སུ་སླེབ་པར་བྱེད་པ་ལ། ལས་སྦྱོར་འཕོ་བའི་མན་

ངག་ཟེར་བ་ཡིན་ནོ། །

དེ་ཡང་དང་པོ་ས་ཆུ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་སུ་ལུས་ཉམས་ཤོར་ནས་ལུས་མི་

ཁྱོགས་ཤིང་བརྗིད་ཆེན་པོས་གནོན་བཞིན་འོངས་ནས། ཡར་ལང་མི་ནུས་ཤིང་དྲི་ཆུ་མི་

སྡོམས་པ་དང་། ཚུལ་ཞིག་པ་འོང་། ནང་རྟགས་ནི་ཡིད་ལམ་དུ་དུ་བའི་རྒྱུན་ལྟར་སྔོ་ཀྱུར་

ཀྱུར་བྱེད་པ་དང་། རླངས་པ་ལྟར་སྔོ་ཕ་ལ་ལ་བྱེད་པ་དང་། ཚུལ་འཁོར་བ་ལྟ་བུ་རང་ཉིད་

གཡོགས་ནས་ཐལ་སྙམ་པ་འོང་བ་ཡིན་ནོ། །ཆུ་མེ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་ལ་ཁ་སྣ་

སྐམ་དབུགས་ལ་མེ་དྲོད་ཚ་ངར་ངར་འོང་། མཆུ་གཉིས་མི་འཕྲོད་ལྕེ་བསྐམས་ནས་ལོག་

ལོག་པོར་སོང་ནས་སྨྲ་བ་དཀའ། གནས་ལྔར་དྲོད་ཚ་ལམ་པ་འོང་། ནང་རྟགས་ནི་ཡིད་

148

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལམ་དུ་སྨིག་རྒྱུ་འཁྲིགས་པ་ལྟ་བུར་མེར་མེར་བྱེད་པ་ཁྲིག་ཁྲིག་གཡོ་བ་ལྟ་བུའི་སྣང་བ་

གཡེང་བ་དང་། ཆར་རླུང་ཆེན་པོས་གཡོག་སྙམ་པ་དང་། ཆུ་ཆེན་པོ་གཡོ་སྙམ་པ་དང་། ཆུ་

བོ་ཆེན་པོས་ས་གཞི་གཡོས་པར་འདུག་སྙམ་པ་དང་། ཆུ་བོ་ཆེན་པོས་ས་གཞི་ཁེབས་པར་

འདུག་སྙམ་པ་འབྱུང་། མེ་རླུང་ལ་ཐིམ་པའི་དུས་སུ། ཕྱི་རྟགས་ལ་ལུས་ཀྱི་དྲོད་ཤོར་བ།

དབང་པོ་རྣམས་མི་གསལ་བ་འདྲ། གླལ་བ་མང་བ་དང་། དབུགས་འདྲེན་མི་ནུས་ནས་དལ་

བུས་ན་ར་ར་བྱེད་ཅིང་སྔམ་པ་རིང་པོ་རེ་རེ་འབྱུང་ངོ་། །ནང་རྟགས་ནི་མར་མེ་འབར་བ་འདྲ་

བ་དང་། མར་མེ་ཕར་ཁྱེར་ཚུར་ཁྱེར་བྱེད་པ་ལྟ་བུ་དང་། མེ་ཆེར་གྱུར་ཏེ་རང་ཉིད་ཚིག་སྙམ་

པ་དང་། རི་ཀླུང་ཐམས་ཅད་ལ་མེ་འབར་བ་བྱུང་སྙམ་པ་འོང་བ་ཡིན་ནོ། །རླུང་ནམ་མཁའ་

ལ་ཐིམ་པའི་རྟགས་ལ། ཕྱི་རུ་ཁ་ལྕེ་དང་ལུས་ལ་སྨེ་བ་ནག་པོ་ནག་ཆ་ལ་ལ་འབྱུང་ཞིང་།

ལུས་ཀྱི་དྲོད་ཕྱོགས་གཅིག་ཏུ་བསྡུས་ནས་གོར་གོར་པོར་གྱུར་ཏེ། རླངས་པ་ཅུང་ཟད་ཐུ་ལུ་

ལུ་འོང་ཞིང་། གྲེ་བར་སག་སག་ཅེས་པ་ཅུང་ཟད་གྲག་གོ། །

ནང་རྟགས་ལ་འོད་ནམ་མཁའ་ལ་སྤྲིན་ཐག་ཆད་པ་ལྟ་བུ་གསལ་ལ་དྭངས་པ་ཞིག་

འོང་བའི་ངང་ལ། འོད་སྐར་དྲུག་པ་མདའ་ལྟ་བུ་སྐྱ་ཤར་ཤར་བྱེད་པ་དང་། ཁ་བ་བུ་ཡུག་ལྟ་

བུ་ཚབ་ཚུབ་བྱེད་ཅིང་། རླུང་ཆེན་པོས་གཡེང་སྙམ་ནས་དངངས་པའི་རྣམ་པ་ཧྲང་ཧྲང་ཧང་

ཧང་ཞེས་པའི་དངངས་པའི་དངངས་རིང་ཧར་ཧར་འོང་། དེ་དུས་འཇིགས་པ་ཆེན་པོ་རྣམས་

འོངས་ཏེ། མིག་གི་དབང་པོ་ནུབ་པའི་ཚེ་འོད་ཟེར་མཚོན་ཆའི་རྩེ་མོ་འདྲ་བ་དང་། མེ་ལྕེ་

ཆད་པ་འདྲ་བ་དང་། རྔ་ཡབ་ཀྱི་ཕུང་པོ་འདྲ་བ་དང་། སྤྲིན་ཆེན་པོ་གཡོ་བ་འདྲ་བ་དང་། དྲ་

བ་དང་ཉ་རྒྱ་འདྲ་བ་དང་། སེམས་ཅན་གྱི་གཟུགས་འཇིགས་སུ་རུང་བ་འདྲ་བ་དང་། ཆ་

ལང་རྡེབ་པ་འདྲ་བ་དང་། སྨིག་རྒྱུ་གཡོ་བ་ལྟར་མེར་མེར་བྱེད་པ་དང་། ཁ་དོག་མི་འདྲ་བ་སྣ་

ཚོགས་པ་མ་ཚང་བ་མེད་པ་དང་། སྔར་མཐོང་མ་མྱོང་བའི་ཤིན་ཏུ་འཇིགས་པ་རྣམས་

འོང་ལ། དུས་དེ་དང་མཉམ་པོར་རྣ་བའི་དབང་པོ་ནུབ་པས་སྒྲ་འུར་འུར་ཟིང་ཟིང་པོ་གྲངས་

149

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ལས་འདས་པ་དུས་གཅིག་ལ་འོང་བའི་སྐད་ཅིག་གི་རྗེས་སུ་ཐིག་ཆོམ་ཟེར་བའི་སྒྲ་ནམ་

མཁའ་ཁོལ་རྡིབ་ཏུ་བྱུང་སྙམ་པ་འོང་། དེ་ནས་འབྲུག་སྟོང་དུས་གཅིག་ལ་སྐད་ངར་དྲག་པོ་

སྒྲོགས་པ་དང་མཚུངས་པ་ཞིག་འོངས་ནས་ཤིན་ཏུ་བྲེད་པར་བྱེད་དོ། །དེ་ནས་ཕྱི་རོལ་ཏུ་ཅི་

ཡང་མི་ཚོར་ནས་མིག་ལ་སོགས་པའི་དབང་པོ་རྣམས་འགགས་པས། དེ་ཡུན་རིང་དུ་

སྔངས་པ་ཅུང་ཟད་ཅིག་འབྱུང་། དེ་ནས་འབྱུང་བ་ལྔ་ནང་དུ་འདུས་དེ་གཅིག་ཏུ་འདྲེས་ནས་

འཁྲུགས་པས་འབྱུང་བ་བཞི་འཁྲུགས་པའི་རང་གཟུགས་ལ་གཤིན་རྗེ་ཁྲོས་པ་ལྟ་བུའི་

གཟུགས་མཐའ་ཡས་པ་དུ་མ་ཞིག་མཐོང་བའི་སྣང་བ་འོང་། འབྱུང་བ་ལྔ་འཁྲུགས་པའི་ནང་

དུ་རང་ཉིད་གཡེང་བས་ཤིན་ཏུ་བྲེད་པའི་སྣང་བ་འོང་། དེ་ནས་འབྱུང་བ་ལྔ་དང་ཐིག་ལེ་

དཀར་དམར་གཉིས་དང་བཅས་པ་འདྲེས་པའི་ནང་དུ་ཐུམ་ཀྱིས་བཏུམས་ཏེ། མར་མེ་རླུང་

གིས་གསད་པ་བཞིན་དུ་ནག་ཐོམ་གྱིས་དབང་པོ་མེད་པར་འགྲོ། དེ་ནས་དར་ཅིག་ཙམ་

འབྱུང་བའི་སྙིགས་མ་དང་། ཐིག་ལེའི་སྙིགས་མ་རྣམས་འོག་ཏུ་སྙིགས་ནས། འབྱུང་བ་དང་

ཐིག་ལེའི་དྭངས་མ་མི་ཤིགས་པ་ཞེས་པ་ཤིན་ཏུ་གསལ་ཞིང་དྭངས་མའི་ངར་དང་ལྡན་ཞིང་

གཡོ་བ་མེད་པའི་ནང་དུ། རིག་པ་གསལ་ཞིང་དྭངས་ལ་སྒྲིབ་པ་ཐམས་ཅད་དང་བྲལ་བ་ལྟ་

བུའི་ས་ལེ་བ། ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བ་ལྟ་བུའི་ལྷག་གེ་བ། རང་ངོ་

རང་གིས་ཤེས་ཤིང་རང་ལ་རང་དབང་ཐོབ་པ་ཞིག་དར་ཅིག་ལ་འོང་གི། དེའི་ཚེ་དབུ་མ་

འོད་ཀྱི་རང་བཞིན་སྦུ་གུའི་ནང་ནས་སྤྱི་གཙུག་ཚངས་པའི་བུ་ག་རྒྱ་མཐོངས་ཁ་ཕྱེས་པ་ལྟ་

བུའི་ནང་དུ་འབུད་པར་བྱའོ། །དེ་ཡང་དང་པོ་ནད་ཀྱིས་ཐེབས་པ་ནས་བཟུང་སྟེ། མཐར་

ལུས་སེམས་ཕྲལ་ཏེ་བྱང་ཆུབ་ཆེན་པོ་མ་ཐོབ་བར་དུ། བླ་མ་དང་། ཡི་དམ་ལྷ་དང་། ལྟ་བ་

རྣམ་དག་དང་གསུམ་ལ་ལྷག་པར་དུ་སྒྲིམ་དགོས་པ་གལ་ཆེ་བ་དང་བཅས་པའི་ལས་སྦྱང་

རྫས་གྲུབ་ཀྱི་འཕོ་བའི་མན་ངག་འདི་ཡིད་ལ་ཟུངས་ལ་གཞན་ལ་ཕན་པ་མཐའ་ཡས་པ་

སྒྲུབས་ཤིག་དང་རིགས་ལྡན་བུ་མོ་ཀུན་ཅེས་གསུངས། རིགས་སད་བུ་དང་བུ་མོ་རྣམས་

150

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལེགས་པར་ཉོན་དང་། ཕུང་པོའ་ིརབ་ཏུ་དབྱེ་བ་དང་བཅས་པ་བཤད་ཀྱི་འདི་ལྟར་ཡིན་ནོ། །

ཡིད་ལ་ཟུངས་ཤིག་ཨང་། དེའང་རང་རེའི་ལུས་ཐུན་མོང་བའི་ལུགས་ཏེ་སྤྱི་ལ་བཤད་པ་

འདི་མ་རྒྱུད་ཁ་ཅིག་ལྟེ་བ་ནས་ཆགས་སོ། །འདི་སྒྲུབ་པའི་ཚེ་མའི་མངལ་དུ་ཕའི་ཐིག་ལེ་

དཀར་པོ་ཆུའི་བདག་ཉིད་ཅན་དང་། མའི་ཐིག་ལེ་དམར་པོ་མེའི་རྣམ་པ་ཅན་དང་། དེ་

གཉིས་ཀྱི་བར་དུ་རང་གི་རྣམ་ཤེས་དྲི་ཟ་ཞེས་པ་དེ་སྲོག་རླུང་གི་རྟ་ལ་ཞོན་ནས་ལས་ཀྱི་

དབང་གིས་དེར་ཞུགས་པས་ཐམས་ཅད་འདྲེས་ཏེ་ཕྲ་བའི་རྣམ་པ་ཅན་དུ་གྱུར་པ་ལ་ས་ཞེས་

ཟེར་ཏེ། དེ་ཡང་སས་རྟེན་བྱས། ཆུས་བསྡུས། མེས་སྨིན་པར་བྱས། རླུང་གིས་འཕེལ་བར་

བྱས། རྣམ་ཤེས་ལ་ནམ་མཁའི་ཁམས་ཟེར་བ་སྟེ་ནམ་མཁས་གོ་འབྱེད་པར་བྱས་པས་ལུས་

གྲུབ་སྟེ། དེ་ཡང་ལུས་དང་པོ་ལྟེ་བ་ནས་ཆགས་པས། ལྟེ་བའི་རྩ་ལ་ལུས་བརྟེན་པས་རིམ་

གྱིས་ལུས་གྲུབ་པའི་ཐོག་མར་རྩ་རྣམས་བསྐྱེད་པ་ཡིན་ནོ། །

དེ་ཡང་དང་པོ་ལྟེ་བར་རྩ་འཁོར་ལོ་རིམ་པ་བཞི་ཆགས་ཏེ། ཕྱི་རིམ་དུ་རྩ་འདབ་མ་

དྲུག་ཅུ་རྩ་བཞི། དེའི་ནང་དུ་བཅུ་གཉིས། དེའི་ནང་དུ་བརྒྱད་དེ། ཁྲི་བརྩེགས་པ་ལྟ་བུར་

ཡོད་པ་ལ་སྤྲུལ་བའི་འཁོར་ལོ་ཟེར། སྙིང་ཁར་རྩ་འཁོར་ལོ་རིམ་པ་གཉིས་ཏེ། ཕྱི་རུ་རྩ་

འདབ་མ་བརྒྱད། དེའི་ནང་དུ་བཞི་སྟེ། པད་མའི་འདབ་མ་ལྟར་འདུག་པ་ལ་ཆོས་ཀྱི་འཁོར་

ལོ་ཟེར་ཏེ། དེ་ལས་ཡར་གྱེས་པས་མགྲིན་པར་རྩ་འཁོར་ལོ་རིམ་པ་གཉིས་ཏེ། ཕྱི་རུ་རྩ་

འདབ་མ་བཅུ་དྲུག །དེའི་ནང་དུ་བརྒྱད་དེ། བུམ་པའི་མགྲིན་པ་ལྟར་ཡོད་པ་ལ། ལོངས་

སྤྱོད་ཀྱི་འཁོར་ལོ་ཟེར། དེ་ལས་ཡར་གྱེས་ཏེ། སྤྱི་བོར་རྩ་འཁོར་ལོ་རིམ་པ་གསུམ་སྟེ། དེའི་

ནང་དུ་བརྒྱད། གདམས་ཐབས་སུ་ཡོད་པ་ལ་བདེ་བ་སྐྱེད་བྱེད་ཀྱི་འཁོར་ལོ་ཟེར། དེ་ལས་

མར་གྱེས་པ་ལས་ནོར་བུའི་རྩ་བར་འདབ་མ་བཅུ་དྲུག །སྐེད་པར་འདབ་མ་བརྒྱད། རྩེ་

མོར་འདབ་མ་བཞི་སྟེ་ཆགས་པའི་རྩའོ། །དེ་ནས་ལྟེ་བ་ལས་རྩ་བཞི་གྱེས་པ། ཡན་ལག་

བཞིའོ། །དེ་ནས་ལྟེ་བ་ལས་མཆིན་པ་དང་། མཁལ་མ་གཉིས། སྙིང་དང་། གློ་བ་དང་།

151

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

མཚེར་བ་དང་དྲུག་གི་རྩ་གྱེས་ཏེ། དེ་རྣམས་ལས་སོ་སོར་རྩ་གྱེས་པས་མཆིན་པ་ལས་མིག་

རྩ་བྱུང་། མཁལ་མ་གཉིས་ལས་རྣ་བ་གཉིས་། སྙིང་ལས་ལྕེ། གློ་བ་ལས་སྣ། མཚེར་བ་

ལས་མཆུ་རྩ་གྱེས་སོ། །དེ་ནས་ལྟེ་བ་ལས་རྩ་གྱེས་པ་ཕོ་བ་དང་། ལོང་ག་དང་། རྒྱུ་མ་དཀར་

ནག་དང་། མཁྲིས་པ་དང་། ལྒང་བ་དང་། རྨེན་ཡུ་དང་། སྣོད་རྣམས་བསྐྱེད་དོ། །ཡན་ལག་

བཞིའི་ལྷུ་ཆེན་བཅུ་གཉིས་ཀྱི་ཚིགས་རྣམས་ཀྱི་མཚམས་སུ་རྩ་འཁོར་ལོ་རིམ་པ་གཉིས་ཏེ།

ཕྱི་ནང་བཅུ་གཉིས་རེ་མཉམ་པས་ཉི་ཤུ་རྩ་བཞི་དང་། ལྷུ་རྣམས་ཀྱི་རྒྱུད་དུ་རྩ་ལྔ་ལྔ་བརྐྱངས་

པ་དང་ཚིགས་ཕྲན་རྣམས་ཀྱི་མཚམས་སུ་ཕྱི་ནང་དུ་རྩ་ལྔ་ལྔ་སྟེ་འཁོར་ལོ་རིམ་པ་གཉིས་ཀྱི་

རྣམ་པ་དང་། རྐང་མཐིལ་ལག་མཐིལ་བཞི་ལ་འཁོར་ལོ་རིམ་པ་གཉིས་ཏེ། ཕྱི་རོལ་ཏུ་བཅུ་

གཉིས། ནང་དུ་དྲུག་སྟེ། ཚིགས་ཕྲན་རྣམས་ཀྱི་རྒྱུད་དུ་རྩ་གཉིས་གཉིས་བརྐྱང་པ་དང་། རྩ་

འཁོར་ལོ་བཞིའི་དབུས་སུ་དབུ་མ་ཞེས་པ་དེ་ཕྱི་དཀར་ལ་ནང་དམར་བ་སྨྱུག་མའི་མདའ་

སྦོམ་ཤོས་ཙམ་ཞིག་ཡོད་པའི་མར་སྣེ་གསང་བའི་རྩ་འཁོར་གྱི་དབུས་སུ་ཟུག་ལ། ཡར་སྤྱི་

བོར་བུད་ནས་རྩ་ཁ་འབྱེད་པར་ཡོད་དོ། །དེའི་གཡས་སུ་རོ་མ་ཞེས་པ་དང་། གཡོན་དུ་རྐྱང་

མ་ཞེས་པ་དང་། གཉིས་ཁ་དོག་དང་། ཚད་དབུ་མ་དང་འདྲ་བའི་མར་སྣེ་གསང་བའི་རྩ་

འདབ་བརྒྱད་པ་དང་བཞི་བའི་བར་དུ་སོང་ནས་རྩའི་སྣེ་མོ་གཉིས་ཡར་དབུ་མའི་ནང་དུ་

བསྣུན་པ་ཡིན་ལ་དེ་ནས་དབུ་མ་ལ་འཁྲིལ་ཏེ་ཡར་སོང་བ་སྤྱི་བོའ་ིརྩ་འཁོར་གྱི་ནང་ནས་

དབུ་མ་ལ་ཚུར་ནུབ་པས་གཅིག་ཏུ་གྱུར་ཏོ། །རྩ་སྣེ་ཕྲ་བ་གཉིས་ཡན་ལག་གི་ཚུལ་དུ་ཕྱིར་

གུག་པ་མིག་གཉིས་ལ་ཟུག་གོ། །རྩ་གསུམ་གའི་མདོ་ནས་དབུ་མའི་ཡན་ལག་རྩ་ཕྲའུ་ཞིག་

ཕྱིར་གྱེས་པ། དཔྲལ་བའི་མཛོད་སྤུ་ལ་ཟུག་གོ། །རྩ་གསུམ་ག་ཡང་དྭངས་ཤིང་གསལ་ལ་

རླུང་གིས་བརྐྱང་བ་ཡིན་པའི་དབུ་མ་ལ་ཡང་ནང་དུ་རྩ་འཁོར་བཞིའི་རྣམ་པ་སྨྱུག་མའི་

ཚིགས་པ་ལྟ་བུ་ཡོད་པའི་དབུས་སུ། ཆོས་ཉིད་ཀྱི་རྩ་དབུ་མ་ཞེས་པ་དངུལ་ཆུའི་ཁ་དོག་ལྟ་

བུ་གསལ་ལ་དྭངས་པའི་འོད་ཀྱི་རང་བཞིན་ཅན་སྒྲིབ་པ་མེད་པའི་ཕྱི་ནང་ཟངས་ཐལ་ཤེལ་

152

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལྟར་དུ་དག་པ། རྩ་ཨ་ཝ་དྷཱུ་ཏའི་ཕྲ་ཤོས་ཙམ་པའམ། རྒྱ་ཁབ་ཕྲ་བ་ཙམ་མམ། དར་སྐུད་ཕྲ་

ཤོས་ཙམ་ངང་ཀྱུ་རེ་ཡོད་པའི་ནང་དུ་རིག་པ་ཡེ་ཤེས་ཀྱི་རླུང་དང་འགྲོགས་ནས་གནས་པ་

ཡིན་ནོ། །གཡས་རོ་མའི་ནང་དུ་ཤེས་རབ་ཀྱི་རྩ་དམར་ལ་དྭངས་པ་པདྨ་རཱ་གའི་མདོག་ལྟར་

རབ་ཏུ་དམར་བ་རྒང་གི་ཐུར་མ་ཕྲ་ཤོས་ཙམ་པའམ། རྒྱ་ཁབ་ཕྲ་ཤོས་ཙམ་དུ་ཡོད་པའི་ནང་

དུ་ཐིག་ལེ་དམར་པོ་རྒྱ་སྐག་གི་ཁུ་བ་ལྟར་རབ་ཏུ་དམར་ཞིང་དྭངས་པ། སྲན་ཆེན་གྱི་རྡོག་པ་

ཙམ་གྱིས་ཁྲིགས་སེ་གང་ནས་ཡོད་དོ། །གཡོན་རྐྱང་མའི་ནང་དུ་ཐབས་ཀྱི་རྩ་དུང་ལྟར་རབ་

ཏུ་དཀར་བ་སྦོམ་ཕྲ་གཡས་དང་འདྲ་བའི་ནང་དུ་ཐིག་ལེ་དཀར་པོ་དངུལ་ཆུ་ལྟ་བུའི་སྲན་

ཆེན་ཙམ་གྱིས་ཁྲིགས་སེ་གང་བ་འོད་ཀྱི་རྣམ་པ་ཅན་དུ་གནས་པ་ཡིན་ནོ། །

དེ་ལྟར་རྩ་གར་གནས་པ་ན། རླུང་དང་ཡེ་ཤེས་གཉིས། ཉི་མ་དང་འོད་ཟེར་གྱི་ཚུལ་

དུ་གནས་པའོ། །ཡེ་ཤེས་མེད་ན་སེམས་མི་འབྱུང་། སེམས་མེད་ན་རླུང་མི་འབྱུང་། སེམས་

གཅིག་བྱུང་ན་ཡེ་ཤེས་གཅིག་གྲུབ་པས། དེ་བཞིན་དུ་དབྱེར་མེད་ཡེ་ཤེས་ཀྱི་རྩལ་ཡིན་པ་ལ།

རིག་པ་དང་། སེམས་དང་། རླུང་ལ་སོགས་པ་ཟེར་ཏེ་བརྟགས་ན་གང་ཡང་མ་གྲུབ་པར་

དབྱེར་མེད་དུ་གནས་པ་ཡིན་ནོ། །དེ་ཡང་བུད་མེད་ལ་གཡས་གཡོན་གཉིས་ཀྱི་རྩ་གཉིས་

དང་། ནོར་བུའི་རྩ་བའི་རྩ་འཁོར་ལོ་གསུམ་པོ་གོ་བཟློག་པ་དང་། ཕོ་མོའ་ིམཚན་མ་གཉིས་

མི་འདྲ་བ་མ་གཏོགས་གཞན་རྣམས་འདྲ་བ་ལས་སྐྱེས་པའི་ཐབས་ཀྱི་རྩ་དཀར་ཆའི་མར་སྣེ་

ནས་སོར་གཉིས་ཀྱི་སར་རྩའི་ལག་ཅེས་པ་སྦུ་གུ་གཉིས་མར་ནོར་བུའི་རྩ་འཁོར་གྱི་དབུས་

སུ་ཁ་ཡར་ཅུང་ཟད་དྲིལ་ནས་ཡོད་པ་དང་། བུད་མེད་ལ་ཤེས་རབ་ཀྱི་རྩ་ལ་དེའི་ནང་དུ་ཡོད་

པ་དང་གཉིས་ཕོ་མོ་གཉིས་ཀའི་གཡས་སུ་ཡོད་པ། དུས་ཀྱི་དྲོད་དང་ཕྲད་པ་ན་རྩ་ཁ་མར་

གྲོལ་བ་ཡིན་པ་དང་བཅས་པ་ལུས་དང་པོ་ལས་གྲུབ་པ་ཞེས་བཤད་པ་ཡིན་ནོ། །སྒལ་

ཚིགས་ནས་བརྩེགས་ཏེ་གཞུང་རུས་དང་། སྐེ་ཚིགས་དང་། མགོ་དང་། ཡན་ལག་དང་

བཅས་པའི་རུས་པ་རྣམས་རྩ་ལ་བརྟེན་ནས་རིམ་གྱིས་གྲུབ་པས་རུས་པ་རྣམས་ཆུ་རུས་ཀྱིས་

153

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

བསྒྲོགས་པའི་ཆུ་རུས་ལས་ཤ་ཐམས་ཅད་ཆགས་པའི་རྒྱབ་ཏུ་པགས་པ་རིམ་པ་བདུན་རིམ་

པ་བཞིན་ཆགས་པའི་རྒྱབ་ཏུ་བ་སྤུ་རྣམས་སྐྱེས་པ་དང་བཅས་པས་ལུས་ཡོངས་སུ་རྫོགས་

པར་གྲུབ་སྟེ་མའི་མངལ་ནས་ཕྱིར་ཐོན་པའོ། །དེ་ཡང་རུས་པ་དང་། རྐང་མར་དང་། ལྷ་བ་

དང་། ཚིལ་བུ་དང་། ཆུ་རུས་དང་། གཞུང་བ་དང་། ཀླད་པ་དང་། བྱང་སེམས་དཀར་པོ་

དང་། དེ་རྣམས་ནི་ཕའི་ཐིག་ལེ་ལས་གྲུབ་པ་ཡིན་ལ། ཤ་དང་། ཁྲག་དང་། ཞག་དང་། ཆུ་

སེར་དང་། པགས་པ་རིམ་པ་བདུན་དང་། སྐྲ་དང་། བ་སྤུ་དང་། རཀྟ་དམར་པོ་དང་། དེ་

རྣམས་ནི་མའི་ཁུ་བ་དམར་པོ་ལས་གྲུབ་པ་ཡིན་ལ། རྩ་དང་ནང་ཁྲོལ་ལ་སོགས་པ་གཞན་

རྣམས་ནི་ཕ་མ་གཉིས་ཀའི་སྤྱི་མཐུན་ལས་གྲུབ་པ་ཡིན་པ་དང་བཅས་པའི་ལུས་རྫོགས་པར་

གྲུབ་པའི་ཚེ། རྩའི་གྲངས་ནི་འདི་ཡིན་ཏེ། རྩ་ཆེན་སྟོང་ཚོ་བཞི་དང་། རྩ་ཕྲན་ཁྲི་ཚོ་བརྒྱད།

རྩ་ཡང་ཕྲན་འབུམ་ཚོ་གཉིས། རྩ་ཞིབ་བྱེ་བ་ལས་འདས་པ་བ་སྤུའི་གྲངས་དང་མཉམ་སྟེ།

བ་སྤུ་ཡང་བྱེ་བ་ལས་འདས་སོ། །

རུས་པ་ལ་སུམ་བརྒྱ་དྲུག་ཅུ་ལྷག་མ་དང་བཅས་པ་དང་། ཆུ་རུས་ཡང་རྒྱུས་པའི་

གྲངས་ལས་ལྔ་འགྱུར་གྱིས་མང་བ་ཡིན་ནོ། །རུས་པ་ལ་ཡང་། ཡན་ལག་གི་རྩེ་མོའ་ིམཛུབ་

མོ་ཉི་ཤུ་ལ་དུམ་བུ་བཞི་བཞི་སྟེ་བརྒྱད་ཅུ། རྐང་བའི་ལོང་བུ་གཉིས། ལག་པའི་ལག་འགག་

གཉིས་དང་བཞི་ལ། དུམ་བུ་ལྔ་སྟེ། ཉི་ཤུ་དང་བརྒྱ་ཐམ་པ། སྒལ་ཚིགས་ཉི་ཤུ་རྩ་བཞི་རེ་རེ་

ལ་ལྔ་ལྔ་སྟེ་དགུ་བཅུ་རྩ་དྲུག མ་ནེ་དུམ་བུ་བཞི་དང་བརྒྱ་ཐམ་པ། ཡན་ལག་གི་རྐང་ཆེན་

བརྒྱད། རྐང་ཕྲན་བཞི་དང་བཅུ་གཉིས། དཀྱིལ་གཉིས་ལ་བཞི་བཞི་སྟེ་བརྒྱ་དང་ཉི་ཤུ། སོ་

སུམ་ཅུ་སོ་གཉིས་དང་ལྔ་བཅུ་ང་གཉིས། རྩིབ་མ་བཅོ་བརྒྱད་དང་བདུན་ཅུ། སྐེ་ཚིགས་བཞི།

ལྟག་འཁོར་དང་ལྔ་མཛུབ་ཆུང་གི་རུས་པ་དང་དྲུག་ལ་ལྔ་ལྔ་སྟེ་སུམ་ཅུ་དང་བརྒྱ་ཐམ་པ།

བྲང་མཛུབ་གཉིས་ལ་དུམ་བུ་བརྒྱད། གཡས་གཡོན་གྱི་རྩིབ་ཐུང་ལ་གསུམ་གསུམ་སྟེ་དྲུག་

དང་བཅུ་བཞི། སྒྲོག་རུས་ཕྱི་ནང་ལ་དུམ་བུ་དྲུག་དང་ཉི་ཤུ། རྐང་མགོ་ལག་མགོའ་ིརུས་པ་

154

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

བཞི་ལ་དུམ་བུ་གསུམ་གསུམ་སྟེ་བཅུ་གཉིས་དང་སུམ་ཅུ་སོ་གཉིས། པུས་མོའ་ིཚིགས་

གཉིས་འཕང་ལོ་གཉིས་དང་བཞི། ཕྱི་རྟིང་གི་རུས་པ་གཉིས་དང་དྲུག །སོག་པ་གཉིས་དང་

བརྒྱད་རེ་རེ་ལ་གསུམ་གསུམ་སྟེ་ཉེར་བཞི་དང་ལྔ་བཅུ་ང་དྲུག །གསང་སྒོའ་ིརུས་པ་ལེབ་ལེབ་

པ་ོལ་དུམ་བུ་བཞ་ིདང་དྲུག་ཅུ་ཐམ་པ་དང་། རུས་པ་སུམ་བརྒྱ་དང་དྲུག་ཅུ་ཡནི ་ན།ོ །ལྷག་མ་ནི་

མགོ་དུམ་བུ་གཅིག་པ་ནས་བཅུ་གཉིས་ཀྱི་བར་དུ་བརྩི་བ་ནི་ལྷག་མའོ། །

དེ་ལ་ཤ་རུས་ཁྲག་དང་། རྩ་རྒྱུས་པགས་པའི་བར་དུ་རླུང་གི་བྱེད་ལས་ཀྱིས་ཐམས་

ཅད་དྭངས་སྙིགས་ཕྱེ་ཞིང་བསྐྱེད་པའི་མི་གཙང་བའི་རྫས་སུམ་ཅུ་སོ་གཉིས་ལས་གྱུར་པའི་

གདོས་བཅས་ཀྱི་ཕུང་པོ་ཞེས་པ་ལུས་འདི་གྲུབ་པའི་ཕྱི་ཤ་གཟུགས་དྲུག་ཅེས་པ་ནི། རྐང་པ་

གཉིས། ལག་པ་གཉིས་དང་བཞི། བྲང་དང་ཁོག་ཟོམ་གཉིས་དང་དྲུག་ཡིན། མགོ་བོ་མན་

མཁལ་དང་བཅས་པ་དང་། རྐང་ཞག་མཚན་མ་དང་བཅས་པ། བྲང་ནུ་འབུར་དང་བཅས་

པ་ནི་བར་ཤ་ཡིན། མཆིན་དྲི་སྲོག་རྩ་དང་བཅས་པ། དལ་མོ་མཁལ་ཤ་དང་བཅས་པ། ནུ་

མ་བཤུལ་རྟིང་དང་བཅས་པ་ལ་ནང་ཤ་ཟེར། གློ་བ་དབུགས་ཀྱི་བུ། སྙིང་ནི་རྩའི་བུ། མཚེར་

བ་ནི་ཁྲག་གི་བུ། མཆིན་པ་ནི་ཤའི་བུ། མཁལ་མ་རྨེན་གྱི་བུ། ཕོ་བ་བཅུད་ཀྱི་བུ། ལོང་ག་

ཟས་ཀྱི་བུ། རྒྱུ་དཀར་ཚིལ་གྱི་བུ། རྒྱུ་ནག་ཆུ་སེར་གྱི་བུ་དང་དགུ་སྟེ་དེ་ལ་ནང་ཆ་བུ་དགུ་

ཟེར། དོན་སྣོད་ནི་སྐེམ་པ་ཞག་གི་སྣོད། མཁྲིས་པ་དྲིའི་སྣོད། ལྒང་བ་ཆུའི་སྣོད། ཕོ་བ་དྲོད་

ཀྱི་སྣོད། ལོང་ག་ཟས་ཀྱི་སྣོད། རྒྱུ་མ་བཤང་བའི་སྣོད་དེ་དོན་སྣོད་དྲུག་ཟེར། གློ་སྙིང་

མཆིན་མཚེར་མཁལ་མ་གཉིས་དང་དེ་རྣམས་ལ་ནང་ཁྲོལ་ཟེར། རྐང་པའི་བརླ་གཉིས་བྱིན་

པ་གཉིས་དང་བཞི། དཀྱིལ་གཉིས་དང་དྲུག །ལག་པའི་ངར་གཉིས་དཔུང་པ་གཉིས་དང་

བཞི། སོག་པ་གཉིས་དང་དྲུག་སྟེ་བཅུ་གཉིས་ལ་ལྷུ་ཆེན་བཅུ་གཉིས་ཟེར། མཛུབ་མོ་དང་།

སྒལ་པའི་ཚིགས་པ་རྣམས་ལ་ལྷུ་ཕྲན་ཟེར། རྐང་པ་ལོང་བུའི་རུས་པ་གཉིས། ལག་འགག་

གི་རུས་པ་དང་། པུས་མོའ་ིརུས་པ་གཉིས། མཛུབ་ཆུང་གི་རུས་པ་དང་། ལྟག་པའི་འཁོར་

155

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

མའི་ཚིགས་བདུད་སྒོ་ཞེས་པ་དང་གཉིས་ཏེ། ཚིགས་ཆེན་བརྒྱད་ཟེར་བ་ཡིན་ནོ། །པགས་

པ་ལ་ནང་དུ་ཤའི་རིམ་པ། དེའི་རྒྱབ་ཏུ་དར་ཤའི་རིམ་པ། དེ་ནས་ཆུ་རུས་ཀྱི་རིམ་པ། དེ་

ནས་རྩའི་རིམ་པ། དེ་ནས་ཚིལ་བུའི་རིམ་པ། དེ་ནས་སྐྱི་མོའ་ིརིམ་པ། དེ་ནས་པགས་པ་སྟེ།

རིམ་པ་བདུན་དང་བཅས་པ་ནི། ཕུང་པོའ་ིརབ་ཏུ་དབྱེ་བ་ཡིན་པས་ཡིད་ལ་ཟུངས། ད་ནི་

ལུས་ཀྱི་ཆགས་ཚད་བཤད། ལུས་ཆེ་བའམ། འབྲིང་དང་། ཆུང་བ་གང་ལ་ཡང་། རང་རང་

འདོམ་པ་བརྐྱང་བ་གང་རེ་སྟེ། གྲུ་བཞི། མཐོ་དགུ། མཛུབ་བཅུ། གུང་མོ་བཅུ་གཉིས། ཁྱུད་

བཅུ་བཞི། ཆག་མ་བཅུ་དྲུག །ཚོན་ལྔ་བཅུ་རྩ་བཞི། སོར་བརྒྱ་དང་བརྒྱད། ནས་འབྲས་

ཉིས་བརྒྱ་དང་ལྔ་བཅུ་ང་དྲུག་གི་ཚད་དང་ལྡན་པ་ཕྱི་ལུས་པོ་དབྱིབས་ཀྱི་ཆགས་ཚད་ཡིན་ནོ་

ཡིད་ལ་འཇགས་པར་གྱིས། ད་ནི་བྱེ་བྲག་ཏུ་རྫས་ཀྱི་ཕུང་པོ་ལྔའི་ཆགས་ཚད་སོ་སོར་བསྟན་

པ་ལས། ཀླད་པ་རང་གི་སྙེམ་པ་བརྒྱད་པ་གང་། ཁྲག་ནི་རང་གི་སྙེམ་པ་བཞི། ཆུ་སེར་ཁྱོར་

བ་དྲུག བད་ཀན་ཁྱོར་བ་ཡ་བ་གང་། རླུང་ལ་སྙེམ་པ་ཁ་སྦྱོར་གང་། མཁྲིས་པ་ལ་ཁ་མཁུར་

ཡ་བ་གང་། བྱང་སེམས་དཀར་དམར་གཉིས་ལ་ཁ་མཁུར་གཉིས་ཀ་བརྐྱང་བའི་གང་རེ་སྟེ།

དེ་ལས་འཕེལ་ནས་བསམ་གྱིས་མི་ཁྱབ་པར་གྱུར་ནས་འཛག་ཀྱང་ཟད་པ་མ་ཡིན་ནོ། །

དྲི་ཆེན་དྲི་ཆུང་ཡང་སྙེམ་པ་གང་སྟེ་ངེས་པ་མེད་པས་འཕེལ་འགྲིབ་ཆེ། སྣབས་དང་

ལུད་པ་གཉིས་ལ་ཚད་མེད་པས་རྒྱུན་གྱི་འཛག་པའི་ཆུ་ཡིན། ཁ་ཆུ། མིག་ཆུ། སྣ་ཆུ།

རྔུལ་ཆུ་ནི་རྐྱེན་གྱིས་བཙིར་བའི་ཆུ་བཞི་སྟེ། བཞི་པོ་འདི་ཡི་ཚད་ལ་ངེས་པ་མེད། གློ་ཡུ་

ལག་ངར་གང་། མིད་ཡུ་ཁྲུ་གང་། སྙིང་ནི་ལག་པ་གཡོན་པའི་མཛུབ་མོ་ལྔའི་མགོ་བསྡུས་

པའི་ཚོམ་ཚོམ་པོར་བྱས་པའི་མཛུབ་མོའ་ིརྩ་བ་ལག་མཐིལ་དང་མཚམས་ཀྱི་ཚིགས་འབུར་

བོ་མན་ཆད་ཀྱི་ཚད་དང་མཚུངས་ཤིང་ཟུར་གསུམ་པོ་རྣོ་ཞིང་རུས་པའི་རྟེན་དང་ལྡན་

པའོ། །གློ་བ་ནི། སྙེམ་པ་གཉིས་ཁ་སྦྱོར་ཏེ་མཁྲིག་མ་མན་ཆད་དང་། གློ་བ་གཡས་

གཡོན་རེ་རེ་མཉམ་ལ། རྣ་བ་དེའི་དྲུག་ཆ་དང་། བཅུར་བགོས་པའི་ཆ་དང་འདྲ་བ་ཡོད།

156

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

མཚེར་བ་ནི། རང་རང་གི་ལྕེའི་ཚད་བཞི་དང་མཉམ། མཆིན་པ་མཚེར་བ་བཞི་ལས་ཅུང་

ཟད་ལྷག །མཁལ་མ་རང་རང་གི་རྣ་བ་གཉིས་དང་མཉམ། རྒྱུ་ནག་ལ་རང་འདོམ་དགུ། རྒྱུ་

དཀར་ལ་འདོམ་དོ་དང་ཁྲུ་གང་། ལོང་ག་ལ་ཁྲུ་དོ་སོར་བཞི། སྦོམས་སུ་རང་གི་བྱིན་པའི་

ཚད་དང་མཉམ། ལྒང་བ་དང་སྙིང་གི་ཤུན་པ་མཉམ་སྟེ། ལྒང་བ་ངེས་མེད་གང་སྟོང་ཆེ།

མཚན་མ་ནི་སྐྱེས་པ་ལ་ཕྱིར་མཐོ་གང་འབུར་བ་ཙམ་ཞིག །ནང་ན་ཡང་དེ་ཙམ་ཞིག་ཡོད།

བུད་མེད་ལ་ནང་ནུབ་ལ་སྣོད་དུ་གྱུར་པ་ཡིན་པའི་རང་མཐོ་གང་། ཤ་ཤིན་ཏུ་རྒྱས་པའི་ཚད་

ལ་སྤར་ཆང་ལྔ་བརྒྱ་དང་དགུ་ཡོད་དོ། །ཚིལ་བུ་ལ་ངེས་པ་མེད་དེ། འོན་ཀྱང་རྒྱས་པའི་

ཚད་ནི། སྙེམ་པ་བརྐྱང་པ་གཉིས་ཡོད། རྐང་མར་ཐམས་ཅད་བསྡུས་པ་ཀླད་པའི་ཕྱེད་དང་

མཉམ་ཟེར་ཏེ། དེ་བས་ཅུང་ཟད་ཉུང་ངོ་། །རྩ་རྣམས་ཀུན་ལ་སྤར་བ་དོ། ཆུ་རྒྱུས་རྣམས་ལ་

སྤར་བ་ལྔ། རྒྱུས་པ་ཀུན་ལ་གྲུ་མོ་གང་། སྐྲ་དང་ཁ་སྤུ་སྨིན་མ་འདོམས་སྤུ་རྣམས་ལ་ངེས་

པ་མེད་དོ། །བ་སྤུ་སོར་ཕྲན་རྩེ་སོར་ཕྱེད་དང་མཉམ། པགས་པ་ལ་རང་རང་གི་སྤར་བ་

བཅོ་བརྒྱད་ཡོད་པ་དང་བཅས། ཕྱི་ནང་བར་གསུམ་ལུས་ཀྱི་ཚད་ཡིན་པས་ཡིད་ལ་ཟུངས་

ཤིག །ད་ནི་ཕྱི་ནང་གི་ལྷ་འདྲེ་ཞེས་པའི་དབྱེ་བ་ལགས་ཀྱང་། མགྲོན་ལ་ཡང་ཕྱི་ནང་བར་

གསུམ་དུ་ཤེས་དགོས་ཏེ། དེ་ལ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་ནང་གི་

མགྲོན་བྱེད། ལན་ཆགས་པ་དང་། རིགས་དྲུག་ཀླུ་གཞི་བདག་དང་བཅས་པ་ལ་བར་གྱི་

མགྲོན་བྱེད། ལྷ་འདྲེ་གདུག་པ་ཅན་རྣམས་ལ་ཤ་ཁྲག་གཏོང་བ་ལ་ཕྱིའི་མགྲོན་བྱེད་པ་ཡིན།

ནང་གི་མགྲོན་ལ་གསུམ་སྟེ། བླ་མ་བརྒྱུད་པ་དང་བཅས་པ་རྣམས་དང་། ཁྱད་པར་རྩ་བའི་

བླ་མ་དང་། རྒྱལ་བ་སྲས་དང་སློབ་མར་བཅས་པ་ལ་ནང་གི་མགྲོན་བྱེད། རྒྱུད་སྡེ་བཞིའི་ལྷ་

ཚོགས་སམ། ཁྱད་པར་རང་གི་ཡི་དམ་གྱི་ལྷ་གང་ཡིན་པ་དང་། མ་རྒྱུད་ཀྱི་ལྷ་ཚོགས་མཁའ་

འགྲོའ་ིཚོགས་དང་བཅས་པ་ལ་བར་གྱི་མགྲོན་བྱེད། དཔལ་མགོན་ལྕམ་དྲལ་འཁོར་དང་

བཅས་པ་ལ་ཕྱིའི་མགྲོན་བྱེད་པ་དང་གསུམ་ནི། སྐྱབས་གནས་མཐར་ཐུག་གི་མགྲོན་

157

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གསུམ་ཡིན། བར་མ་ལ་ཡང་གསུམ་སྟེ། ལན་ཆགས་པ་རྣམས་ལ་ནང་གི་མགྲོན་བྱེད།

རིགས་དྲུག་སྤྱི་ལ་བར་གྱི་མགྲོན་བྱེད། གཞི་བདག་དང་ཀླུ་ལ་ཕྱིའི་མགྲོན་བྱེད་པ་སྦྱིན་

གནས་ཀྱི་མགྲོན་གསུམ་ཡིན། དེ་ཡང་སྐྱབས་པའི་གནས་དང་། སྦྱིན་པའི་གནས་དང་

གཉིས་ལ་ཕྱི་ནང་གི་མགྲོན་གསུམ་རེ་བྱས་པའི་དགོས་ཆེད་ནི་གང་ཟག་རབ་ཏུ་བྱུང་བ་

བསྒྲུབ་པའི་ས་ལམ་ལ་བར་ཆད་བྱེད་པར་འདུག་པས། དུས་དང་རྣམ་པ་ཐམས་ཅད་དུ་ཁྱོད་

རྣམས་ལ་བཤད་པས་ཤེས་པ་དེ་ཡིན། ཕྱིའི་ལྷ་འདྲེ་ལ་གསུམ་སྟེ། དེ་ཡང་གང་ཟག་གི་བློ་

ལ་རག་ལས་པས། གང་ཟག་ཐར་བ་ཁོ་ན་དོན་དུ་གཉེར་བར་བྱེད་པ་རྣམས་ཀྱི་ལས་གདོན་

ལ་བར་ཆད་བྱེད་པའི་རྐྱེན་ཟེར་ཏེ། དེ་ལ་ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་ཀྱིས་

བསྐོར་བ་ལ་ནང་གི་ལྷ་འདྲེ་བྱེད། ལུས་གདོན་ལ་གནོད་བྱེད་རྣམས་ཀྱིས་བསྐོར་བ་ལ་བར་

གྱི་ལྷ་འདྲེ་བྱེད། རང་ཉིད་འདུག་པའི་གནས་སུ། དེ་ཞི་བ་མ་ཡིན་པའི་དྲག་པོ་ཡིན་པའམ་

ཡང་ན་ཡུལ་ཕྱོགས་དེ་རུ་གདོན་དྲག་པོ་འཇིགས་སུ་རུང་བ་ཡོད་པའམ། ཡང་ན་ལོ་དེ་ལ་

ནད་ཡམས་ཆེན་པོ་གཏོང་བའི་བདག་པོ་གསུམ་ལས་གང་ཡིན་པ་གཟུགས་ཅན་མིའི་དགྲ་

དང་གཟུགས་མེད་ལྷ་འདྲེའི་དགྲ་ཟེར། སྡང་བྱེད་རྣམས་ཀྱིས་བསྐོར་བ་དེ་ལ་ཕྱིའི་ལྷ་འདྲེ་

བྱེད་པ་ཡིན་ལ། གང་ཟག་ནད་དང་གདོན་གྱིས་ཉེན་པ་ལ་དེའི་ཆེད་དུ་ཡིན་ལ། ལུས་

གདོན་འཁོར་བཅས་ལ་ནང་གི་ལྷ་འདྲེ་བྱེད། གནས་བདག་འཁོར་བཅས་ལ་བར་གྱི་ལྷ་

འདྲེ་བྱེད། ལས་གདོན་འཁོར་བཅས་ལ་ཕྱིའི་ལྷ་འདྲེ་བྱེད་པ་ཡིན་ནོ། །

ཡང་གནས་བདག་འདུལ་བར་བྱེད་འདོད་པའི་ཆེད་དུ་ཡིན་པའམ། ཡང་ན་གནས་

བདག་ལ་ལས་བཅོལ་བར་འདོད་པའི་ཕྱིར་ཡིན་ན། གནས་བདག་འཁོར་བཅས་ལ་ནང་

གི་ལྷ་འདྲེ་བྱེད། ལུས་གདོན་འཁོར་དང་བཅས་པ་ལ་བར་གྱི་ལྷ་འདྲེ་བྱེད། ལས་གདོན་

འཁོར་བཅས་ལ་ཕྱིའི་ལྷ་འདྲེ་བྱེད་པ་དང་བཅས་པ་དེ་ནི་ཕྱི་ནང་བར་གསུམ་གྱི་ལྷ་འདྲེའི་

དབྱེ་བ་ཡིན། ཡ་བདུད་ནི་ལྷ་འདྲེ་ཕོ་རིགས་ཞེས་ཕོ་བདུད་ལ་ཟེར། མོ་བདུད་ནི་ལྷ་འདྲེ་མོ་

158

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

རིགས་ཞེས་མོ་བདུད་དམ་མ་མོ་ལ་ཟེར་ཏེ། ཕོ་བདུད་མོ་བདུད་ཀྱི་མཚན་ཉིད་ནི་སྔར་ཁྱེད་

ཚོས་ཤེས་པ་དེ་ཡིན་ནོ་རིགས་ལྡན་ལས་འཕྲོ་ཅན། ཞེས་གསུངས་སོ། །ཡང་རྒྱན་ཆེན་མས་

ཞུས་པ། མ་ཡེ་ཤེས་ཀྱི་མཁའ་འགྲོ་ཆེན་མོ་ལགས། ལུས་གྲུབ་པའི་ལས་ཐམས་ཅད་རླུང་

གིས་བྱེད་པ་ཡིན་ན་རླུང་ལ་གྲངས་ཀྱིས་དབྱེ་བ་ཡོད་དམ། གྲངས་མེད་ནས་རླུང་གཅིག་

གིས་བྱེད་པ་ཡིན་ནམ། ལུས་འདི་མི་གཙང་པའི་རྫས་སུམ་ཅུ་རྩ་གཉིས་གང་ལ་ཟེར།

གདོས་བཅས་ཞེས་པ་དང་། ཕུང་པོ་ཞེས་པའི་མཚན་ཉིད་ཇི་ལྟར་ལགས། ཞེས་ཞུས་པས།

མ་ཅིག་གི་ཞལ་ནས། བུ་མོ་ཉོན་དང་། རླུང་གི་མཚན་ཉིད་སྔར་བཞིན་དུ་སྔགས་ཀྱི་སྐབས་

སུ་བཤད་པ་དེ་ཡིན་མོད་ཀྱང་། ད་ལྟར་ཡང་ཅུང་ཟད་བཤད་དོ། །

ཉོན་དང་འདི་ལྟར་ཡིན་པ་ཡིད་ལ་ཟུངས། རླུང་ནི་རྩའི་གྲངས་དང་མཉམ་པ་ཡིན་ཏེ།

དེ་ཡང་ཤིན་ཏུ་བསྡུས་ན། རླུང་ཉི་ཤུ་རྩ་གཉིས་ལ་འདུས། རབ་ཏུ་བསྡུས་ན་གསུམ་ལ་

འདུས་པ་ཡིན། ཤིན་ཏུ་བསྡུས་ན་གཉིས་ཏེ། དེ་ཡང་དང་པོ་རླུང་ཉི་ཤུ་རྩ་གཉིས་ལ་བཞི་སྟེ།

ཕྱིའི་རླུང་དང་། ནང་གི་རླུང་དང་། བར་གྱི་རླུང་དང་། གསང་བའི་རླུང་དང་བཞིའི་དང་པོ་ལ་

བརྒྱད། འབྱུང་བ་ཐམས་ཅད་གནས་པར་བྱེད་པ་སྙོམས་བྱེད་ཀྱི་རླུང་དང་གཅིག །འབྱུང་བ་

ལྔ་སོ་སོར་འགོག་པར་བྱེད་པ་གཅོད་བྱེད་ཀྱི་རླུང་དང་གཉིས། འབྱུང་བ་ལྔའི་རང་བཞིན་

ཕྱེད་པར་བྱེད་པ་བཤིག་བྱེད་ཀྱི་རླུང་དང་གསུམ། གཡོ་ཞིང་འདེགས་པར་བྱེད་པའི་རླུང་

དང་བཞི། ཕུང་པོ་འཇིག་པར་བྱེད་པའི་རླུང་དང་ལྔ། ཕུང་པོ་བརྟན་པར་བྱེད་པའི་རླུང་དང་

དྲུག །ལས་ཐམས་ཅད་བྱེད་པའི་རླུང་དང་བདུན། ཀུན་ཏུ་ཁྱབ་པར་བྱེད་པའི་རླུང་དང་

བརྒྱད་དེ་ཕྱིའི་རླུང་བརྒྱད་ཅེས་སོ། །གཉིས་པ་ལ་ཡང་བརྒྱད་དེ། གྱེན་དུ་རྒྱུ་བ་མགྲིན་པའི་

རླུང་དང་གཅིག །དྲན་པ་ཐམས་ཅད་བསྐྱེད་པ་སྙིང་གི་རླུང་དང་གཉིས། དྭངས་སྙིགས་

འབྱེད་པ་ཕོ་བའི་རླུང་དང་གསུམ། ཐུར་དུ་རྒྱུ་བ་གསང་བའི་རླུང་དང་བཞི། བཀྲག་

མདངས་བསྐྱེད་པ་སྟོབས་ཀྱི་རླུང་དང་ལྔ། ལས་ལས་བྱུང་བའི་སྙིང་རྗེ་མེད་པའི་ཉོན་མོངས་

159

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཀྱི་རླུང་དང་དྲུག །ལས་ལས་བྱུང་བའི་སྙིང་རྗེ་ཆེན་པོ་བཏང་སྙོམས་ཀྱི་རླུང་དང་བདུན།

ཤེས་རབ་བསྐྱེད་པ་ཆོས་ཉིད་ཡེ་ཤེས་ཆེན་པོའ་ིརླུང་དང་བརྒྱད་ལ་ནང་གི་རླུང་བརྒྱད་ཟེར།

གསུམ་པ་ལ་ལྔ་སྟེ། མིག་ལ་སོགས་པའི་དབང་པོ་ལྔའི་ལས་བྱེད་པ་སྟེ། དེ་ཡང་རླུང་དང་པོ་

རྒྱུ་བས་མིག་གིས་གཟུགས་མཐོང་བར་བྱེད་དོ། །གཉིས་པས་རྣ་བས་སྒྲ་ཐོས་པར་བྱེད།

གསུམ་པས་སྣས་དྲི་ཚོར་བར་བྱེད། བཞི་བས་ལྕེས་རོ་མྱོང་བར་བྱེད། ལྔ་བས་པགས་པས་

རེག་བྱ་ཤེས་པར་བྱེད་པ་སྟེ་བར་གྱི་རླུང་ལྔའོ། །བཞི་བ་ནི་བདེ་སྡུག་ཐམས་ཅད་ཆོས་ཉིད་

བདེ་བ་ཆེན་པོའ་ིཀློང་དུ་རོ་མཉམ་པའི་རང་བཞིན་གྲུབ་པ་མེད་པར་གཞི་གདོད་མ་ནས་

སྙོམས་པར་བྱེད་པའི་རླུང་ཞིག་གནས་པ་ལ་ཀུན་སྙོམས་བྱང་ཆུབ་ཆེན་པོའ་ིརླུང་ཞེས་ཟེར་ཏེ།

གསང་བའི་རླུང་གཅིག་པ་ཡང་ཟེར་ཏེ། རླུང་ཉི་ཤུ་རྩ་གཉིས་པའོ། །

རབ་ཏུ་བསྡུས་པ་ནི། ཕྱིར་རྒྱུ་བ་དང་ནང་དུ་འཇུག་པ་དང་། གནས་པ་དང་གསུམ་

ཡིན། དེ་ཡང་ཕྱིར་རྒྱུ་བ་སོར་དྲུག་གི་བར་དུ་རྒྱུ་བའོ། །ནང་དུ་རྒྱུ་བ་དང་། གནས་པ་ཡང་

འདྲའོ། །ཕྱིར་རྒྱུ་བ་ཧཱུཾ་དང་། ནང་དུ་རྒྱུ་བ་ཨོཾ་དང་། གནས་པ་ལ་ཨཱཿ དང་། སྐུ་གསུང་

ཐུགས་སྔར་བཤད་པ་བཞིན་ཡིན་ནོ། །ཤིན་ཏུ་བསྡུས་པ་ནི་ཉོན་མོངས་པའི་རླུང་དང་། ཡེ་

ཤེས་ཀྱི་རླུང་གཉིས་ཡིན་པ་ལ། ཉིན་གཅིག་ཡེ་ཤེས་ཀྱི་རླུང་ཁྲི་ཚོ་བཞི་དང་ཉིས་སྟོང་དང་།

ཉོན་མོངས་ཀྱི་རླུང་ཁྲི་ཚོ་བཞི་དང་ཉིས་སྟོང་སྟེ་ཡེ་ཤེས་ཀྱི་རླུང་དང་ཉོན་མོངས་ཀྱི་རླུང་ཉིན་

གཅིག་ན་བརྒྱད་ཁྲི་དང་བཞི་སྟོང་སྤེལ་མར་རྒྱུ་སྟེ། དེ་བཞིན་དུ་མཚན་མོ་ཡང་བརྒྱད་ཁྲི་

དང་བཞི་སྟོང་སྤེལ་མར་རྒྱུ་བས་ཞག་གཅིག་ལ་ཡེ་ཤེས་ཀྱི་རླུང་བརྒྱད་ཁྲི་དང་བཞི་སྟོང་རྒྱུ་

ཡང་མི་ཚོར་ཞིང་རིག་པར་དཀའ་སྟེ། འཁོར་བ་ཐོག་མེད་དུས་ནས་ཡེ་ཤེས་ཀྱི་རླུང་སྦྱངས་

སྟོབས་ཆུང་བས་ཡེ་ཤེས་ཀྱི་རླུང་ནི་ཉོན་མོངས་ཀྱི་རླུང་གི་གསེབ་ཏུ་མི་མངོན་པར་གྱུར་པ་

ཡིན་ལ། ཞག་གཅིག་ལ་ཉོན་མོངས་ཀྱི་རླུང་བརྒྱད་ཁྲི་བཞི་སྟོང་རྒྱུ་བས། རྣམ་ཤེས་ཉོན་

མོངས་ཀྱི་རླུང་གིས་གཡོ་བ་ལས། ཡིད་ཉོན་མོངས་འགྱུ་བྱེད་ཀྱི་རྟོག་པ་སྣ་ཚོགས་པ་བྱུང་

160

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ནས་འཁོར་བར་འཁྱམ་པའི་རྒྱུ་བྱེད། ཉོན་མོངས་ཀྱི་རླུང་གིས་མི་དགེ་བའི་ལས་བསགས་

པས་རིགས་དྲུག་ཏུ་སྦྱོར་བར་བྱེད་དོ། །དེ་ཡང་མི་དགེ་བའི་ལས་ཀྱི་རླུང་གིས་རིག་པ་དེད་

ནས་ཐུར་སེལ་གྱི་རླུང་དང་རིག་པ་འགྲོགས་ནས་འོག་སྒོར་བུད་ན་དམྱལ་བར་སྐྱེའོ། །ཐུར་

སེལ་དང་འགྲོགས་ནས་གསང་བར་བུད་ན་ཡི་དྭགས་སུ་སྐྱེའོ། །དྭངས་སྙིགས་འབྱེད་པའི་

འཕོ་བའི་རླུང་དང་འགྲོགས་ནས་ལྟེ་བར་བུད་ན་དུད་འགྲོར་སྐྱེའོ། །སྙིང་རྗེ་མེད་པའི་རླུང་

དང་འགྲོགས་ནས་ལྟག་པའི་བདུད་སྒོར་བུད་ན་ལྷ་མ་ཡིན་ལ་སྐྱེ་བ་དེ་རྣམས་ཉོན་མོངས་ཀྱི་

རླུང་གིས་རྐྱེན་བྱས་པ་ཡིན་ནོ། །

ཡེ་ཤེས་ཀྱི་རླུང་གིས་ལས་བྱས་ནས་སྟོབས་ཀྱི་རླུང་དང་འགྲོགས་ནས་ཁའམ་སྣ་བུག་

ཏུ་བུད་ན་ལྷ་དང་མི་རུ་སྐྱེའོ། །ཁྱད་པར་དུ་སྣ་བུག་གཡོན་པར་བུད་ན་འདོད་ཁམས་ཀྱི་ལྷ་

དང་མི་ལུས་གཙང་མ་ཐོབ་པར་གསུངས། གྱེན་རྒྱུ་དང་འགྲོགས་ཏེ་མིག་ཏུ་བུད་ན་གཟུགས་

ཁམས་ཀྱི་ལྷར་སྐྱེ། བཏང་སྙོམས་ཆེན་པོའ་ིརླུང་དང་འགྲོགས་ཏེ་རྣ་བར་བུད་ན་གཟུགས་

མེད་དུ་སྐྱེའོ། །ཆོས་ཉིད་ཡེ་ཤེས་ཀྱི་རླུང་དང་འགྲོགས་ཏེ་ཚངས་བུག་ཏུ་བུད་ན་གཙང་མའི་

རིགས་ཀྱི་ལྷའམ་ཁྱད་པར་འོག་མིན་གྱི་ལྷ་ལ་སྐྱེའོ། །བྱང་ཆུབ་ཆེན་པོའ་ིརླུང་དང་འགྲོགས་

ཏེ་མི་ཤིགས་པའི་ཐུག་ལེ་ལ་ཐིམ་ན་རིག་པ་སྙིང་གི་དབུས་སུ་སད་ནས་ཆོས་ཉིད་ཀྱི་བདེན་

པ་མངོན་སུམ་དུ་མཐོང་ཞིང་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་དང་བཅས་པ་དེ་

ཉིད་དུ་འཆར་ཏེ་སངས་རྒྱས་པ་ཡིན་ནོ། །དེ་ཡང་སྣ་བུག་གཉིས་སུ་རླུང་ལྔ་ལྔ་སྟེ་རེ་རེ་དུས་

གཅིག་ཏུ་རྒྱུ་བའི་གཡས་པ་ནི་ཐབས་དང་། གཡོན་པ་ནི་ཤེས་རབ་དང་། གཉིས་ཀ་ནས་

མཉམ་དུ་རླུང་རྒྱུ་བས་ཐབས་དང་། ཤེས་རབ་ཟུང་འཇུག་གི་རླུང་ཟེར་ཏེ་གཡས་པ་ནི་ཉོན་

མོངས་པའི་རླུང་ཤས་ཆེ་བས་སྐྱོན་དུ་གདའོ། །

གཡོན་པ་ནི་ཡེ་ཤེས་ཀྱི་རླུང་ཁོ་ན་ཡིན་པས། ལས་ལ་འཇུག་ན་གཡས་སུ་རྒྱུ་དུས་

སྐྱོན་དུ་འགྱུར་བས་རླུང་མི་བཟུང་། མཉམ་པོར་རྒྱུ་བའི་དུས་སུ་ཡིན་ནམ། ཁྱད་པར་དུ་རླུང་

161

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

གཡོན་དུ་རྒྱུ་དུས་གཟུང་བར་བྱ་སྟེ། དེ་ཡང་དང་པོ་རླུང་རོ་ལེགས་པར་འདོན་དགོས་པས།

དང་པོ་ཧ་བདུན་བགྲངས་ཏེ་ཁ་ནས་འདོན། དེ་ནས་ཧཱུཾ་བདུན་བགྲངས་ཏེ་སྣ་ནས་འདོན་ལ།

མཐར་ཕཊཿཀྱིས་བཅད་ནས་སྟེང་རླུང་མནན། འོག་རླུང་བསྡམས་ཏེ་གང་དུ་གཅུན་པའི་

རླུང་ཇེ་རིང་ཇེ་རིང་དུ་སོང་ནས་མཐར་དབུ་མར་ཚུད་པར་འོངས་ནས། ལུས་ལ་དྲོད་སྐྱེས་

ནས་གོས་མི་དགོས་པ་དང་། རླུང་མི་རྒྱུ་བས་ཉོན་མོངས་མི་སྐྱེ་བ་དང་། འགྲོ་མགྱོགས་པ་

དང་། སྣང་བ་ཐམས་ཅད་རྨི་ལམ་དང་སྒྱུ་མ་ལྟ་བུར་རྟོགས་ཤིང་སྒྱུ་མ་ལྟ་བུར་འཆར་བ་དང་།

མངོན་པར་ཤེས་པ་ལྔ་དང་། སྤྱན་ལྔ་དང་། འཕོ་བ་གྲོང་འཇུག་ལ་སོགས་པ་ཡོན་ཏན་

མཐའ་ཡས་པ་ཐམས་ཅད་སྐྱེས་ནས་འོང་བ་ཡིན་པས། རླུང་རྩོལ་གྱི་བྱེ་བྲག་ཐམས་ཅད་

སྔར་བཤད་པ་བཞིན་དུ་བརྩོན་འགྲུས་སྐྱེད་ཅིག་དང་། དེ་ལྟ་བུའི་དུས་སུ་རིག་པ་ཆོས་ཉིད་

རང་ས་ཟིན་པས་རྐྱེན་གང་གིས་ཀྱང་གཡོ་བར་མི་ནུས་པར་གཉུག་མ་སྟོང་གསལ་ཆེན་པོའ་ི

ངང་ལ་གནས་པས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རིག་པ་དྭངས་པའི་ངར་དང་ལྡན་

པའི་སིང་ངེ་བ་དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཟེར་བ་ཡིན་ཏེ། རང་ལ་རང་དབང་ཐོབ་

པའི་ཚེ་ཉི་ཟླ་དང་མཉམ་པ་དང་། ཞིང་ཁམས་གང་དུ་འགྲོ་བ་ལ་དབང་བ་ལ་སོགས་པ་

དབང་ཐོབ་པ་མང་པོ་འབྱུང་བ་ལ་ངའི་ཆོས་ལུགས་ཀྱི་ཕྱག་རྒྱ་ཆེན་པོའ་ིའབྲས་བུ་ཟེར་

བ་ཡིན་ནོ། །

དེའང་རླུང་དབུ་མར་ཚུད་པ་ལ་རྟགས་དང་ཡོན་ཏན་དེ་འདྲ་བ་འོང་བས། རླུང་རྩོལ་

ལ་སྒྲིམ་པ་གལ་ཆེ་བ་ཡིན་པ་དང་། འོན་ཀྱང་རླུང་རྩོལ་མ་བྱས་པའི་དུས་སུ་ཡང་རླུང་དབུ་

མར་རིག་ཙམ་རེ་ཚུད་པས། དེའི་རྟགས་ཀྱང་རིག་ཙམ་པ་རེ་ཕོ་མོ་གང་ལའང་འོང་སྟེ། རིག་

དཀའ་བ་ཡིན། དེ་གང་ཞེ་ན་ཕོ་མོ་གཉིས་འཕྲད་པའི་སྐབས་དང་། སྦྲིད་པ་དྲག་པོ་འོང་བ་

དང་། གླལ་བ་ཤུགས་ཆེན་པོ་འོང་དུས་དང་། དེ་གསུམ་ལ་དར་ཅིག་ལ་རྟོག་པ་ཐམས་ཅད་

འགག་ནས་བརྒྱལ་བ་ལྟ་བུ་ཞིག་འོང་བའི་ངང་ལ་སྨྲ་རྒྱུ་མེད་པའི་བདེ་བ་ཁྱད་པར་ཅན་ཞིག་

162

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

འོང་བ་དེ་མི་ཚོར་ཏེ། གློག་འགྱུ་བ་ཙམ་མམ། དེ་བས་ཀྱང་ཡུན་ཐུང་ལ་ཕྲ་བ་ཞིག་བྱུང་བ་དེ་

རླུང་དབུ་མར་ཚུད་པའི་རྟགས་ཡིན་པ་དང་། ལུས་སེམས་ཕྲལ་བའི་དུས་ལ་ཆོས་ཉིད་ཀྱི་

བདེན་པ་ལྷག་གེ་བ་མཐོང་བ་ལྟ་བུ་ཡང་རླུང་དབུ་མར་ཞུགས་པའི་དོན་ཡིན་པས། དེའང་

ཕོ་མོ་གཉིས་འཕྲད་པ་དང་། གླལ་བ་དང་། སྦྲིད་པ་དང་། ཆོས་ཉིད་བདེན་པ་མཐོང་བ་ལྟ་

བུ་དང་དེ་རྣམས་སེམས་ཅན་ཐམས་ཅད་ཀྱི་སྤྱི་མཐུན་ལས་ལ་འབྱུང་བ་ཡིན་པར་ཤེས་པར་

གྱིས། ལར་ཡང་སྣོད་བཅུད་ཐམས་ཅད་རླུང་གི་བྱེད་ལས་ལ་འབྱུང་བ་ཡིན་ཅིང་། སེམས་

ཅན་གྱི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཀྱང་རླུང་གི་བྱེད་ལས་ལས་བྱུང་བ་ཡིན་པས།

དེ་ཡང་ཁ་ཟས་རོ་དྲུག་གི་རྣམ་པ་ཅན་བཏུང་བ་དང་། བཅའ་བ་ཟོས་པ་སྲོག་རླུང་གིས་མར་

དེད་པས་ཕོ་བར་ཕྱིན་ཏེ། མེ་མཉམ་རླུང་གིས་བསྐོལ་བས་དྭངས་སྙིགས་འབྱེད་པ་ལས་

སྙིགས་མ་ནི་ཟག་པ་དང་། དྭངས་མ་ནི་ཁྲག་ཏུ་འགྱུར། ཁྲག་གི་སྙིགས་མ་ནི་བད་ཀན་

དང་མཁྲིས་པའོ། །དྭངས་མ་ནི་ཤ་ཡིན་ནོ། །ཤའི་སྙིགས་མ་ནི་བུ་གའི་དྲི་མ་རྣམས་ཡིན་ལ།

དྭངས་མ་ནི་ཚིལ་བུ་ཡིན་ནོ། །ཚིལ་བུའི་དྭངས་མ་ནི་རུས་པ་དང་། སྙིགས་མ་ནི་རྔུལ་

ཆུའོ། །རུས་པའི་སྙིགས་མ་ནི་སོ་སེན་དང་། བ་སྤུ་རྣམས་ཡིན་ལ། དྭངས་མ་ནི་རྐང་མར་

ཡིན་ནོ། །རྐང་མར་གྱི་སྙིགས་མ་ནི་པགས་པ་དང་། དྭངས་མ་ནི་ཐིག་ལེ་ཡིན་ནོ། །ཐིག་

ལེའི་སྙིགས་མས་ལུས་ཀྱི་བཀྲག་མདངས་བསྐྱེད་ལ། དྭངས་མ་ནི་ཡོན་ཏན་གྱི་རྩ་ལམ་

སྟོབས་ཆེན་པོ་བསྐྱེད་པ་ཡིན་ནོ། །

སྟོབས་བསྐྱེད་པའི་ཐིག་ལེ་དྭངས་མ་དེ་ཡང་རླུང་གིས་རབ་ཏུ་ཕྱེས་པས། དྭངས་མའི་

དྭངས་མ། རབ་ཏུ་དྭངས་མ། དྭངས་མ་ཆེན་པོ། དྭངས་མ་ཆེན་པོའ་ིབཅུད་དུ་གྱུར་པ། རྐྱེན་

གང་གིས་ཀྱང་གཡོ་བར་མི་ནུས་པའི་དྭངས་མ། ཡོན་ཏན་ཐམས་ཅད་དབང་དུ་སྒྱུར་བར་

བྱེད་པའི་དྭངས་མ། ཡེ་ཤེས་ཆེན་པོའ་ིདྭངས་མ། མཆོག་ཆེན་པོའ་ིདྭངས་མ། འགྱུར་མེད་རྡོ་

རྗེ་ལྟ་བུ་སྟེ་རྡོ་རྗེའི་དྭངས་མ་ཞེས་པ་ནི་མཐར་ཕྱིན་པའི་ས་ཡིན་པ་དང་བཅུ་སྟེ། དེ་ཐམས་

163

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཅད་ཀྱང་རླུང་གི་ལས་ཕྱེད་དགོས་པ་ཡིན་པའི་མན་ངག་གི་གནད་ཐམས་ཅད་ཁྱེད་ཚོས་

སྔར་ནས་ཤེས་པ་བཞིན་ཡིན་པས་ཉམས་ལེན་ལ་བརྩོན་པར་གྱིས། ཐིག་ལེ་བཅུ་པོ་དེ་དག་

ནི་གང་ཟག་གང་གི་རླུང་གི་རྩོལ་བས་ཉམས་སུ་བླངས་པ་ཡོན་ཏན་ཐམས་ཅད་གོང་ནས་

གོང་དུ་འཕེལ་བས་སངས་རྒྱས་ཀྱི་ས་ལ་ཕྱིན་པར་ནུས་པ་རྡོ་རྗེའི་དྭངས་མ་ཡིན་པའི་བར་

ལ་འཕེལ་བས་འཕེལ་བྱེད་ཀྱི་ཐིག་ལེ་ཟེར་ཏེ། གང་ཟག་གི་རྩོལ་བས་བསྒྲུབས་ན་ཐིག་ལེ་

བཅུ་པོ་འཕེལ་ལ། མ་བསྒྲུབས་ན་ཐིག་ལེ་བཅུ་པོ་འཕེལ་བ་མ་ཡིན་ནོ། །ལར་ཡང་སེམས་

ཅན་ལ་སྤྱི་མཐུན་དུ་ཐིག་ལེ་འཕེལ་འགྲིབ་མེད་ཅིང་རང་བཞིན་དུས་ཐམས་ཅད་ལ་གནས་

པའི་ཐིག་ལེ་བཞི་དང་གཉིས་དང་གཅིག་ཡིན་ཏེ། དེ་གང་ཞེ་ན་སེམས་ཅན་ཐམས་ཅད་ཀྱི་

དཔྲལ་བར་ལུས་ཀྱི་ཐིག་ལེ། མགྲིན་པར་ངག་གི་ཐིག་ལེ། སྙིང་གར་སེམས་ཀྱི་ཐིག་ལེ།

ལྟེ་བར་ཡེ་ཤེས་ཀྱི་ཐིག་ལེ་སྟེ་བཞིའོ། །སྤྱི་བོར་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོ་ཆུའི་

བདག་ཉིད་ཡིག་འབྲུའི་རྣམ་པ་ཅན་དུ་གནས་པ། གསང་གནས་སུ་མ་ལས་ཐོབ་པའི་ཐིག་

ལེ་དམར་པོ་མེའི་བདག་ཉིད་ཅན་ཡིག་འབྲུའི་རྣམ་པ་རླུང་གི་གདན་ལ་གནས་པ་དང་

གཉིས་ཐིག་ལེ་གཉིས་པའོ། །མི་ཤིགས་པའི་ཐིག་ལེ་གཅིག་པའོ། །

དེ་ལྟར་རྩ་དང་རླུང་དང་ཐིག་ལེ་གསུམ་གྱིས་བྱེད་ལས་ཐམས་ཅད་ཁྱེད་ཚོས་ཤེས་པ་

བཞིན་ཡིན་པས་རྩ་ཐིག་རླུང་གསུམ་གྱི་སྒོ་ནས་ཡོན་ཏན་སྐྱེ་བའི་ཐབས་ལ་བརྩོན་པར་

གྱིས་དང་གཞན་དོན་འབྱུང་ངོ་བུ་དང་བུ་མོ་ཀུན། རྩ་རླུང་དང་ཐིག་ལེའི་བསྡུས་དོན་ཅུང་

ཟད་བཤད་པའི་གསང་བའི་རྒྱ་དེ་ཉིད་ཡིན་ནོ། །མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལས་

ཕྱི་རུ་བརྒྱད། བར་དུ་བརྒྱད། ནང་དུ་བརྒྱད། གསང་བའི་བརྒྱད་དེ་བརྒྱད་ཚན་བཞིའི་དང་

པོ་ནི། སྐྲ་སེན་གཉིས། པགས་པ་ཚིལ་བུ་གཉིས། རྩ་རྒྱུས་གཉིས། ཤ་རུས་གཉིས་དང་

བརྒྱད་དེ། ཕྱིའི་རྫས་བརྒྱད་དོ། །རྐང་མར་ལྷ་བ་གཉིས། གཞུང་བ་ཀླད་པ་གཉིས། སྣབས་

ལུད་དྲི་མ་གཉིས། དྲི་ཆེ་དྲི་ཆུང་གཉིས་དང་བརྒྱད་དེ་བར་གྱི་རྫས་བརྒྱད་དོ། །མཁལ་མ་

164

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

དང་རྒྱུ་མ་གཉིས། བད་ཀན་དང་མཁྲིས་པ་གཉིས། མཆིན་པ་དང་མཚེར་བ་གཉིས། གློ་

སྙིང་གཉིས་དང་བརྒྱད་དེ་ནང་གི་རྫས་བརྒྱད་དོ། །ཁྲག་ཞག་ཆུ་སེར་དང་གསུམ། དྲོད་

དབུགས་རྔུལ་ཆུ་གསུམ། བྱང་སེམས་དཀར་དམར་གཉིས་དང་བརྒྱད་དེ་གསང་བའི་རྫས་

བརྒྱད་དང་སུམ་ཅུ་རྩ་གཉིས་པོ་ཡིན་ཏེ། དེ་ལྟར་རྫས་ཐམས་ཅད་གཅིག་ཏུ་བསྡོམས་པའི་

གོང་གོང་བོ་འདི་རྣམས་ལ་ཕུང་པོ་ཟེར་བ་དང་། དེའང་ལུས་འདི་རྣག་ཁྲག་གི་རྐྱལ་པ་རུས་

པའི་དུམ་བུ་བརྩེགས་ཤིང་ཆུ་རྒྱུས་ཀྱིས་བསྒྲོགས་ནས་རྩའི་དྲ་བས་དཀྲིས་ཤིང་པགས་པའི་

རྒྱས་གཏུམ་པའི་ཐུམ་པོ་ཅོག་ཅོག་པོ་འདི་ལ་ཕུང་པོ་ཟེར་བ་དང་། དེའང་རྫས་ཐམས་ཅད་

གཅིག་ཏུ་འདུས་པའི་ཕུང་པོ་ཡོར་ཡོར་པོ་འདི་ལ་ཕུང་པོ་ཟེར་བ་ཡིན་པ་ནི། ཕུང་པོ་འདི་ལ་

ཆགས་པ་དང་ཞེན་པའི་ཕྱིར་དུ་མི་གཙང་བའི་རྫས་ཀྱི་ཐུམ་པོར་བསྟན་པས། རྫས་ཀྱི་ཕུང་

པོ་འདི་གཅིག་དང་དུ་མར་ཕྲལ་ནས་དཔྱད་པས་དེ་གང་ལ་ཡང་ཆགས་པ་དང་། ཞེན་པ་

མེད་པར་བྱ་བའི་ཕྱིར་དུ་མི་གཙང་བའི་རྫས་སུ་བསྟན་པ་ཡིན་པ་དང་། དོན་གནས་ལ་ཡང་

མི་གཙང་བའི་རྫས་ཡིན་ལ། མི་གཙང་བ་ཡིན་པའི་ཕྱིར། མཐར་དུར་ཁྲོད་དུ་བསྐྱུར་བས་

མི་ཐམས་ཅད་ཀྱི་ཡིད་ལ་མི་འདོད་ནས། སྣ་སྒག་ཅིང་ཞེ་ལོག་པར་བྱེད་པའི་མི་གཙང་བའི་

རྫས་ཐམས་ཅད་ཚོགས་པ་ལ་ཕུང་པོ་ཟེར་བ་ཡིན། དེ་ཡང་དཔེར་ན་རི་བོ་ཐམས་ཅད་ཀྱང་

རྡུལ་གྱི་ཕུང་པོ་ཡིན་པ་དང་འདྲ་སྟེ། གྲངས་མཐའ་ཡས་པའི་ཕྲ་བ་རྣམས་གཅིག་ཏུ་

བརྩེགས་པའམ། འདུས་པ་ལ་ཕུང་པོ་ཟེར་བ་ཡིན་པ་དང་། ཆུ་ཕྲན་མང་པོ་འདུས་ནས་ཆེན་

པོ་གཅིག་ཏུ་གྱུར་པ་ལ་ཆུའི་ཕུང་པོ་ཟེར་བ་ཡིན་པ་དེ་བཞིན་དུ་རང་རེའི་ལུས་འདི་ཡང་

རྫས་རིགས་མི་འདྲ་བ་དུ་མ་ཞིག་བརྩེགས་པ་གཅིག་ཏུ་གྱུར་པ་ལ་ཕུང་པོ་ཟེར་བ་ཡིན་པ་

ཤེས་པར་བྱའོ། །

དེ་ཡང་གཟུགས་ཀྱི་ཕུང་པོ་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།

རྣམ་པར་ཤེས་པ་དང་ལྔ་ལ་ཡང་ཕུང་པོ་ཟེར་བ་ཡིན། ལས་བཟང་ངན་ཐམས་ཅད་གསོག་

165

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

པའི་རྟེན་གནས་སམ། ལས་བཟང་ཐམས་ཅད་འདུས་པའི་ཕུང་པོ་ཡིན་པའི་ཕྱིར་དུ་ཡང་

ཕུང་པོ་ཟེར་ལ། ལར་ཡང་སྐྱོན་དང་ཡོན་ཏན་གཉིས་ཀྱི་ཕུང་པོ་ཡིན་པས་ཀྱང་ཕུང་པོ་ཟེར་

བ་ཡིན་པ་དང་དེ་ལྟ་བུའི་ཐམས་ཅད་འདུས་པའི་ཕུང་པོ་འདི་ལ་ཡན་ལག་བཞི་ཉིང་ལག་

བཞི་མིག་སོགས་དབང་པོའ་ིསྒོ་སྐྱེ་མཆེད་དང་བཅས་པ་ལ་གཟུགས་ཟེར་བ་ཡིན་ལ།

གཟུགས་དེ་ཡང་འདུས་བྱས་ཀྱི་རྫས་སུ་གྲུབ་པས། སྒྱུ་ལུས་མ་ཞིག་གི་བར་དུ། ས་ཆུ་མེ་

རླུང་འབྱུང་བ་དང་རི་བྲག་ལ་སོགས་པ་ལ་ཐོགས་པས་ལུས་འདི་གདོས་དང་འདྲ་བའི་ཕྱིར་

གདོས་བཅས་ཟེར་ཏེ། ལུས་འདི་དང་བྲལ་ན་གདོས་དང་བྲལ་བ་དང་འདྲ་བས་རིག་པ་ལ་

ལན་ཅིག་གང་ལ་ཡང་ཐོགས་པ་མེད་པ་ཞིག་འོང་བ་ཡིན་ཅིང་། དེས་ན་རིག་པ་ལས་

བཟང་ངན་གང་ཡིན་པ་དེ་དང་འགྲོགས་ནས་འགྲོ་བ་ཡིན་ལ། གཟུགས་ཀྱི་ཕུང་པོ་འདི་

ལུས་པོ་ཡིན་པའི་ཕྱིར་དུ་ལུས་པོ་ཟེར་ལ། དེ་ཡང་ཕུང་པོ་ཞེས་པ་དང་། ལུས་པོ་ཞེས་པ་

དང་། གཟུགས་ཞེས་པ་དང་། མིང་གང་ལྟར་འདོགས་ཀྱང་། འདུས་བྱས་ཀྱི་རྫས་དུ་མ་

ཞིག་འབྱུང་བ་བཞི་ལ་གཞི་བྱས་ནས། ལས་དང་རྟེན་འབྲེལ་གྱི་དབང་གིས་འདུས་པའི་

དངོས་པོ་ཅན་དབྱིབས་ཅན། ཡོར་ཡོར་པོའ་ིལས་འབྲས་དང་རྣམ་ཤེས་གཉིས་ཀའི་རྟེན་དུ་

རུང་བ་འདི་ལ་གདོས་བཅས་ཟེར་ཏེ་རྣམ་ཤེས་ལས་དང་བཅས་པ་ལ་ཟེར་བས་གདོས་

བཅས་ཟེར། གདོས་བཅས་འདི་མི་རྟག་མི་བརྟན་ཏེ་སྒྱུ་མ་དང་འདྲ་བས་ནམ་འཇིག་ཆ་མེད་

ཅིང་ལུས་པོ་འདི་ཡིན་པས་སྒྱུ་ལུས་ཟེར་བ་ཡིན་པས་དེ་ལྟར་ཤེས་པར་གྱིས་ཤིག་རིགས་

ལྡན་ཀུན་ཞེས་གསུངས་སོ། །

ཡང་རྒྱན་ཆེན་མས་ཞུས་པ། མ་ཅིག་ལགས་རླུང་གི་སྐབས་སུ་རླུང་རོ་ཁ་དང་སྣ་ནས་

འདོན་པ་ལ་ཧ་དང་ཧཱུཾ་དང་ཕཊཿདང་གསུམ་མིན་པའི་རླུང་འདོན་ན་མི་འཐད་དམ། ཡི་གེ་

འདི་གསུམ་མ་ཡིན་པའི་ཡི་གེ་གཞན་ཞིག་ལ་བརྟེན་ནས་རླུང་རོ་འདོན་ན་འོང་ངམ་ཇི་ལྟར་

ལགས། ཞེས་ཞུས་པས། མ་ཅིག་གིས་བུ་མོ་ཁྱོད་ཀྱི་ཤེས་རབ་རྣོ་བས་དེ་ལྟར་དྲི་ཤེས་པ་

166

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ལེགས་སོ་ད་ཉོན་དང་ངས་བཤད་དོ། །ཁྱོད་ཀྱིས་ཡིད་མ་ཡེངས་པར་གྱིས་དང་འདི་ལྟར་

ཡིན། རླུང་རོ་ཕྱིར་འདོན་པ་ཡི་གེ་ལ་མ་བརྟེན་ཀྱང་རུང་སྟེ། འོན་ཀྱང་ཁ་དང་སྣ་ནས་རླུང་

ཕྱིར་རྒྱུ་བའི་དུས་སུ་རླུང་དེ་ཉིད་ཧ་དང་ཧཱུཾ་གི་རྣམ་པར་དུས་ཐམས་ཅད་དུ་རྒྱུ་བ་ཡིན་པ་དང་།

ཁྱད་པར་དུ་རླུང་རོ་འདོན་པའི་དུས་ལ་རླུང་དྲག་ཏུ་འབུད་པས་ཧ་དང་ཧཱུཾ་རང་བྱུང་དུ་ཡོད་

ཅིང་། རླུང་དེ་ཉིད་མ་ཡིན་པའི་ཧ་དང་ཧཱུཾ་གི་གཞན་ནས་བསྒྲུབ་དགོས་པ་མ་ཡིན་པས། རླུང་

དེ་ཉིད་ཧ་དང་ཧཱུཾ་གི་རང་བཞིན་ངེས་པ་ཅན་དུ་ཡིན་པས་ཤེས་དགོས་སོ། །

ཧ་དང་ཧཱུཾ་མ་ཡིན་པར་རང་བཞིན་དུ་རླུང་འདོན་ན་ཡང་རུང་སྟེ། རླུང་དེ་ཉིད་ཧ་དང་

ཧཱུཾ་ཡིན་པར་མ་ཤེས་ན་བསོད་ནམས་ཆུང་དུ་འགྲོ་བ་ཡིན། རླུང་དེ་ཉིད་ཧ་དང་ཧཱུཾ་ཡིན་པར་

ཤེས་ཤིང་དམིགས་སུ་ཟིན་ན། རླུང་དེ་ཉིད་ཧ་དང་ཧཱུཾ་གི་རྣམ་པར་ཕྱི་རོལ་ཏུ་ཁྲིག་ཁྲིག་བུད་

ནས་གཟུགས་མེད་ཀྱི་སེམས་ཅན་གྲངས་མེད་པ་ལ་ཕོག་པས་བསོད་ནམས་ཆེན་པོ་འཐོབ་

པའི་དགོས་པ་ཡོད་པས། དེ་ལྟར་ངེས་ཅན་དུ་ཤེས་དགོས་པ་ཡིན་ནོ། །ཧ་དང་ཧཱུཾ་མ་ཡིན་པར་

གཞན་ཡི་གེ་རླུང་འདོན་པའི་དགོས་པ་མ་མཐོང་བས། ངའི་ཆོས་ལུགས་ལ་མེད་དོ། །ཕཊཿ

ཀྱི་དགོས་པ་ནི་ཕཊཿའདི་དྲག་པོའ་ིཡི་གེ་ཁྱད་པར་ཅན་ཡིན་པས། ཕཊཿཀྱི་སྒྲ་ཐོས་པ་ཙམ་

གྱིས། མི་མ་ཡིན་གདུག་པ་ཅན་རྣམས་ཀྱི་གདུག་སེམས་ཀྱི་ངར་ཞི་ནས་ཟིལ་གྱིས་གནོན་

ནུས་པའི་ཡི་གེ་ཡིན། ཕཊཿ འདི་དམིགས་པའི་བློས་མ་ཟིན་པར། རང་བཞིན་གྱི་ཕཊཿ

དྲག་པོ་བརྗོད་ན། འདྲེ་ཕྲན་ཕལ་པའི་སྙིང་འགས་པས་ཕཊཿ དྲག་པོ་དོན་མེད་དུ་གདབ་

པར་མི་བྱའོ། །ཕཊཿདྲག་པོ་བརྒྱ་རྩ་བརྒྱད་དུས་གཅིག་ལ་གདབ་ན། གདོན་གང་ཡིན་ཀྱང་

བརླག་པར་ནུས་པའི་ཕཊཿའདི་ནི། ངའི་ཆོས་ལུགས་དང་མཚུངས་ཏེ། ཕ་ཞེས་པ་ནི་ཕ་རོལ་

ཏུ་ཕྱིན་པའི་དོན་ཡིན། ཊ་ཞེས་པ་ནི་ནང་གསང་སྔགས་བླ་ན་མེད་པའི་དོན་ཡིན་པ་དང་།

དེ་གཉིས་གཅིག་ཏུ་དྲིལ་བ་ལ་ཕཊ་ཟེར། བརྗོད་པ་ཙམ་ལ་ཡང་ཡོན་ཏན་མཐའ་ཡས་པ་

ཡོད་དེ། ཕཊ་བརྗོད་པ་ཙམ་གྱིས་ནང་བདག་འཛིན་གྱི་མགོ་བོ་འགེམ་པར་ནུས་པ་དང་།

167

མ་ཅིག་ལབ་སྒྲོན་གྱི་རྣམ་ཐར་ཕུང་པོ་གཟན་བསྐྱུར་གྱི་རྣམ་བཤད།

ཕྱི་ནང་གི་གདོན་ཞི་བར་ནུས་པ་ཡིན་ནོ། །ངའི་ཆོས་ལུགས་ཕྱག་རྒྱ་ཆེན་པོ་གཅོད་བྱ་བ་

འདི་ཡང་། ཕ་རོལ་ཏུ་ཕྱིན་པ་དང་། ནང་གསང་སྔགས་བླ་ན་མེད་པ་དང་གཉིས་ཀྱི་དོན་

ཕྱོགས་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་པ་ལ། ཕྱག་རྒྱ་ཆེན་པོའ་ིགཅོད་ཟེར་བ་ཡིན།

ཡི་གེ་ཕཊ་ཅེས་པ་དང་མཚུངས་སོ། །

དེ་ཡང་ཕཊ་ལ་རྣམ་པ་གསུམ་ཡོད་པ་ནི་འདི་ལྟར་ཡིན་ནོ་རིགས་ལྡན་མ། དྲག་

པོའ་ིཡི་གེ་འབྲུ་མ་གཉིས། །གཅིག་ཏུ་དྲིལ་ནས་དྲག་པོར་བརྗོད། །ཕཊཿཅེས་བྱ་བའི་སྒྲ་

བྱུང་བ། །གོ་དོན་ཐ་དད་དམིགས་འདྲ་བས། །དམིགས་པ་ཀུན་གྱི་གསལ་གདབ་ཡིན། །

དེ་ཡང་རྣམ་པ་གསུམ་ཡིན་ཏེ། །མཆོད་སྦྱིན་ཕཊ་ནི་ལྷུག་པོར་བརྗོད། །བཀུག་སྐྲད་ཕཊ་

ནི་རིང་དུ་བརྗོད། །མཚམས་གཅོད་ཕཊ་ནི་ཐུང་ངུར་བརྗོད། །དེ་ཡང་ལྷུག་པ་ཕཊ་རྒྱང་

དང་སྦོམ་པོར་གདབ། །དཔེར་ན་འབྲོང་གཡག་རྔ་ཕུང་བཞིན། །འཇམ་མཉེན་སྤུངས་

པའི་ཕུང་པོ་ལྟར། །ཁོང་ཤུགས་དབུགས་དང་བཅས་པ་ནི། །ལྷུག་ཅིང་གཏོང་ལ་གཏོང་

བར་དམིགས། །ཕཊ་རིང་ཐ་མ་དྲག་ཏུ་བརྗོད། །དཔེར་ན་བསེ་རུ་གཅིག་པུ་བཞིན། །རྩ་

བ་སྦོམ་ཞིང་རྩེ་མོ་ཕྲ། །དབུགས་བཀང་གྲེ་བར་རིང་འདྲེན་པའི། །སྡུད་པ་དང་ནི་

གཤེགས་པར་དམིགས། །ཐུང་ངུར་ཕཊ་རྒྱང་ཕྲ་བུར་གདབ། །དཔེར་ན་སྐལ་བཟང་ནས་

འབྲུ་བཞིན། །མགོ་མཇུག་ཕྱི་ནང་མེད་པ་ལྟར། །ཁ་གང་མཆུ་རྩེས་དྲག་ཏུ་བཅད། །འགྱུ་

བའི་རྒྱུན་ནི་གཅོད་པར་དམིགས། །གར་དང་སྟོང་ཉིད་ནད་གདོན་གྱི། །དམིགས་པ་ཡི་གེ་ཧ་

ཡིས་གདབ། །གཏོང་ལེན་བསྡུས་དོན་བཀུག་སྐྲད་རྣམས། །ཕལ་ཆེར་ཡི་གེ་ཧཱུཾ་གིས་

གདབ། །ཕཊ་ཀྱི་ཡན་ལག་ཧ་དང་ཧཱུཾ། །དམིགས་པ་ཀུན་གྱི་གསལ་བྱེད་ཡི་གེ་གསུམ། །དམ་

ཆོས་གཅོད་ཀྱི་སྲོག་འཛིན་ཡིན། །ཤེས་པར་གྱིས་ཤིག་རིག་ལྡན་ཀུན། །དམ་ཆོས་གཅོད་

ཀྱི་བརྡ་དོན་རྣམས། །གོ་བར་གྱིས་ཤིག་རིག་པ་ཅན། །མ་བརྗེད་བློ་ལ་འཇོག་པར་གྱིས། །

གཞན་དོན་སྒྲུབས་ཤིག་ཀྱེ་མ་ཧོ། །ཞེས་སོ། །ཧ་དང་ཧཱུཾ་དང་ཕཊ་དང་གསུམ་གྱི་དེ་ཉིད་

168

གངས་ཅན་སྐྱེས་མའི་དཔེ་ཚོགས་ལས། མ་ཅིག་ལབ་ཀྱི་སྒྲོན་མའི་གསུང་རྣམ་པོད་དང་པོ།

ཡིན་ནོ། །རྒྱན་ཆེན་མས་ཞུས་པའི་ལེའུ་སྟེ་དྲུག་པའོ།། །།


previousལེའུ་དྲུག་པ་རྒྱན་ཆེན་མའི་ཞུས་ལན་སྐོར།next