Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
  expand section
  collapse section
  collapse section
གང་ལ་ལོངས་སྤྱོད་པའི་གཞི།
   
  expand section
   
  expand section
  expand section
   
   
   
   
  expand section


 
previousགང་ལ་ལོངས་སྤྱོད་པའི་གཞི།next

གང་ལ་ལོངས་སྤྱོད་པའི་གཞི།

རྣམ་པར་འཇོག་བྱེད་ཀྱི་རྒྱུ།


MLP005_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

གང་ལ་ལོངས་སྤྱོད་པའི་གཞི། གང་གིས་སྤྱོད་པར་བྱེད་པ་པོ། ཇི་ལྟར་ལོངས་སྤྱོད་པའི་ཚུལ། དེ་ལྟར་སྤྱད་པའི་ལག་རྗེས་དང་བཞིའོ། །དང་པོ་ལ། རྣམ་པར་འཇོག་བྱེད་ཀྱི་རྒྱུ་དང་། དེ་ལ་བརྟེན་ནས་རྣམ་པར་བཞག་པ་དངོས་སོ། །དང་པོ་ལ། ཡུལ་གྱི་དབང་དུ་བྱས་ཏེ་དཔག་ཚད་ལ་སོགས་པའི་ཚད་དང་། ཡུལ་དུས་གཉིས་ཀའི་དབང་དུ་བྱས་ཏེ་ཆུ་ཚོད་གཉིས་བཤད་པའོ། །དང་པོ་ནི། རྡུལ་ཕྲ་རབ་དང་། རྡུལ་ཕྲ་མོ་དང་། སྐྲ་རྩེ་དང་། སྐེ་ཚེ་དང་། ཤིག་དང་། ནས་དང་། སོར་མོ་རྣམས་རིམ་པར་བརྒྱད་འགྱུར་དང་། སོར་མོ་ཉེར་བཞི་ལ་ཁྲུ། དེ་བཞི་ལ་གཞུ་འདོམ། དེ་ཉིས་སྟོང་ལ་རྒྱང་གྲགས། རྒྱང་གྲགས་བཞི་ལ་དཔག་ཚད་དེ། དེས་འཇིག་རྟེན་གྱི་ཁམས་ཀྱི་ཚད་རྣམ་པར་འཇོག་པ་ཡིན་ནོ། །གཉིས་པ་ལ། དུས་ཀྱི་དང་། ཡུལ་གྱི་ཆུ་ཚོད་གཉིས། དང་པོ་ནི། རྒྱུད་ལས། ཕྲ་དབུགས་དྷྲཱུ་ཞེས་པའི་འགྲེལ་པར། མིའི་དབུགས་གཅིག་གི་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཆ་གཅིག་ལ་ཕྲ་མོའི་དབུགས་གཅིག །དེ་དྲུག་ལ་སྲིན་བུའི་རིགས་སོགས་ཀྱི་ཆུ་སྲང་གཅིག །དེ་དྲུག་ཅུ་ལ་སྲིན་བུའི་རིགས་སོགས་ཀྱི་ཆུ་ཚོད་གཅིག །དེ་འདྲའི་ཆུ་ཚོད་དྲུག་ཅུ་ལ་སྲིན་བུའི་རིགས་སོགས་ཀྱི་ཉིན་ཞག་གཅིག་སྟེ། མིའི་དབུགས་གཅིག་གོ། དེ་འདྲ་བའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་མིའི་ཉིན་ཞག་གཅིག་སྟེ། དབུགས་དྲུག་ལ་ཆུ་སྲང་དང་། དེ་དྲུག་ཅུ་ལ་ཆུ་ཚོད། ཆུ་ཚོད་དྲུག་ཅུ་ལ་ཉིན་ཞག་ཏུ་རྫོགས་པའི་ཕྱིར། དེ་ལྟར་ཡང་རྩ་རྒྱུད་ལས། དྲུག་བརྒྱ་རྣམས་ཀྱིས་ལྷག་པ་ཡི། །སྟོང་ཕྲག་ཉི་ཤུ་རྩ་གཅིག་གོ། ཞེས་སོ། །དེ་ཡང་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་དང་། ཆུ་ཚོད་གཅིག་ལ་ཆུ་སྲང་དྲུག་ཅུར་བྱེད་པ་འདི་ནི་འཕོ་བ་བཅུ་གཉིས་


MLP005_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབང་དུ་བྱེད་པ་སྟེ། དེ་ཉིད་གྲགས་ཆེ་ཞིང་ཤས་ཆེ་བའི་དབང་གིས་གསུངས་ཀྱི། མཐའ་གཅིག་ཏུ་དེར་མ་ངེས་ཏེ། འཕོ་བ་བཅུ་དྲུག་པའི་དབང་དུ་བྱས་ནས་ཞག་གཅིག་ལ་ཆུ་ཚོད་རེ་བཞི་དང་། ཆུ་ཚོད་གཅིག་ལ་བཞི་ཆ་གཅིག་དང་བཅས་པའི་ཆུ་སྲང་ང་དྲུག་རེར་བྱས་པའང་བཤད་པའི་ཕྱིར། གཉིས་པ་ནི། སྟོང་དང་དྲུག་བརྒྱ་ཉི་ཤུ་སྟེ། གྲོ་བཞིན་བྱི་བཞིན་གཉིས་གཅིག་ཏུ་བསྡོམས་པའི་རྒྱུ་སྐར་ཉེར་བདུན་པོ་རེ་རེའི་ས་ཁྱོན་ལ་ཆུ་ཚོད་དྲུག་ཅུ་རེ་ཡོད་པར་གསུངས་པའི་ཕྱིར། དེ་ལྟར་ཡང་རྒྱུད་ལས། ཉིན་གཅིག་རྒྱུ་སྐར་གྱིས་བསྒྱུར་གང་། །ཆུ་ཚོད་དྲུག་ཅུས་དེ་བཞིན་ཏེ། །ཞེས་སོ། །འོ་ན་ཡུལ་གྱི་ཆུ་ཚོད་རེའི་ས་ཁྱོན་ལ་དཔག་ཚད་སོགས་ཅི་ཙམ་ཡོད་ཅེ་ན། ཉི་མས་ལོ་རེ་ལ་རང་འགྲོས་ཀྱིས་གོ་ལ་འཁོར་བ་དང་། རྒྱུ་སྐར་གྱི་འཁོར་ལོ་རླུང་འགྲོས་ཀྱིས་ཉིན་ཞག་རེ་ལ་འཁོར་བའི་ས་ཁྱོན་གྱི་ཟླུམ་སྐོར་གྱི་ཚད་ལ། རྒྱུ་སྐར་གྱི་ཆུ་ཚོད་དང་། ཆུ་ཚོད་རེའི་ཆུ་སྲང་གི་གྲངས་སོགས་ཀྱིས་བགོས་པས་ཐོབ་པ་ནི་ཡུལ་གྱི་ཆུ་ཚོད་ལ་སོགས་པའི་ཚད་དུ་འགྱུར་ཏེ། དེ་བདེ་བླག་ཏུ་རྟོགས་པའི་ཕྱིར་སྨྲས་པ། མཁའ་སྟོང་ཐིག་འབྱུང་རི་མེ་ལ། །མཁའ་ཟུང་མི་བདག་གིས་བགོས་ལྷག །བཞི་དང་གཉིས་སྟོང་མཚོ་རྒྱལ་བ། །དེ་ལྷག་རྣམས་ནི་གདེངས་ཀ་ཡིས། །རིམ་བསྒྱུར་རྒྱུ་སྐར་ཆུ་ཚོད་ཀྱིས། །བགོས་ཐོབ་དཔག་ཚད་གཟུགས་མེ་ལག །རྒྱང་གྲགས་གཅིག་དང་གཞུ་འདོམ་ནི། །གཟུགས་འབྱུང་སྐྱོན་དང་རྩེ་མོའི་ཁྲུ། །སོར་དགུ་ནས་དྲུག་ལྷག་དང་བཅས། །༢༣༡ཡུལ་གྱི་ཆུ་ཚོད་རེ་རེའི་ཁྱོན། །དེ་ལ་དྲུག་ཅུས་རིམ་བགོས་པས། །དཔག་ཚད་གསུམ་དང་རྒྱང་གྲགས་གསུམ། །ཆུ་རོ་ཀླུའི་འདོམ་ཁྲུ་ནམ་མཁའ། །སོར་སྐྱོན་ནས་༧བདུན་ལྷག་བཅས་ནི། །༣ཡུལ་གྱི་ཆུ་སྲང་རེ་རེའི་ཁྱོན། །དེ་ལ་རོས་བགོས་རྒྱང་གྲགས་མིག །གཞུ་འདོམ་ཆུ་མཚོ་དྲག་པོ་དང་། །སོར་གསུམ་ནས་གང་ལ་སོགས་པ། །༠དབུགས་ཡིན་དེ་ལ་བུག་མཁའ་མིག །བུ་ག་ཡིད་ཀྱིས་རིམ་བགོས་པས། །སོར་གསུམ་ནས་གཉིས་ལྷག་དང་བཅས། །༠ཡུལ་གྱི་དབུགས་སོགས་ས་ཁྱོན་ནོ། །ཞེས་སོ། །

རྣམ་པར་བཞག་པ་དངོས།

ཡུལ་གྱི་ལོངས་སྤྱོད་ཀྱི་གཞི་གོ་ལ།

གཞི་འཇིག་རྟེན་ཁམས་ཀྱི་བཀོད་པ།


MLP005_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་རྣམ་པར་བཞག་པ་དངོས་ལ། ཡུལ་གྱི་ལོངས་སྤྱོད་ཀྱི་གཞི་གོ་ལ་དང་། དུས་ཀྱི་ལོངས་སྤྱོད་ཀྱི་གཞི་ལོ་ཟླ་ཞག་གསུམ་བཤད་པའོ། །དང་པོ་ལའང་གཞི་འཇིག་རྟེན་ཁམས་ཀྱི་བཀོད་པ་དང་། བྱེ་བྲག་སྐར་ཁྱིམ་གྱི་བཀོད་པ་གཉིས། དང་པོ་ནི། སེམས་ཅན་རྣམས་ཀྱི་སྣང་གྱུར་ཐུན་མོང་པའི་ལས་ལ་བརྟེན་ནས་བྱུང་བའི་འཇིག་རྟེན་གྱི་ཁམས་ཀྱི་བཀོད་པ་གསུང་རབ་གཞན་རྣམས་སུ་རྣམ་པ་དུ་མ་ཞིག་གསུངས་པ་ལས། འདིར་ཁྱད་པར་དུ་གྱུར་པ་དག་བཤད་ན། འཇིག་རྟེན་གྱི་ཁམས་ཀྱི་ཚད་རྒྱ་དཔངས་གཉིས་ཀ་འབུམ་ཕྲག་བཞི་པར་མཉམ་པ་སྟེ། རྒྱ་ལ་རླུང་གི་མཐའ་ནས་མཐའ་ཅིག་ཤོས་ཀྱི་བར་དང་། དཔངས་ལ་རླུང་གི་འོག་མཐའ་ནས་རི་རབ་ཀྱི་སྐྲ་རྩེའི་བར་ལ་འབུམ་ཕྲག་བཞི་རེ་ཡོད་པའི་ཕྱིར་ཏེ། རླུང་མེ་ཆུ་སའི་དཀྱིལ་འཁོར་བཞིའི་ཐད་ཀར་རིམ་བཞིན་དཔག་ཚད་འབུམ་ཕྲག་བཞི་དང་། གསུམ་དང་། གཉིས་དང་། གཅིག་རྣམས་ཡོད་པ་གང་ཞིག །མཐུག །་རྔམས་སུ་དཀྱིལ་འཁོར་བཞི་ལ་སྟོང་ཕྲག་ལྔ་བཅུ་ལྔ་བཅུ་སྟེ་འབུམ་ཕྲག་གཉིས་དང་། དེ་ཡི་དབུས་སུ་རི་རབ་ཀྱི་དཔུང་པ་མན་ལ་འབུམ་ཕྲག་གཅིག་དང་། དེ་ནས་མགྲིན་གདོང་གཙུག་ཏོར་གྱི་ཐ་སྙད་བྱེད་པའི་ཡིད་གཟུགས་དཔག་ཚད་འབུམ་ཕྲག་གཅིག་སྟེ། བསྡོམས་པས་རི་རབ་ཀྱིས་མཚམས་ཡན་ཆད་ལའང་འབུམ་ཕྲག་གཉིས་ཡོད་པའི་ཕྱིར་རོ། །དེ་ལྟར་དཀྱིལ་འཁོར་བཞི་བརྩེགས་པའི་མཐུག །་རྔམས་སུ་སྟོང་ཕྲག་ལྔ་བཅུ་རེར་ངེས་ཀྱང་། འོག་མ་འོག་མ་གྱེན་དུ་ལོངས་པས་ནང་མ་ནང་མ་སྐྱོར་ཏེ་བཞི་ཀ་སྟེང་ནས་ངོས་མཉམ་པར་བཤད་པའི་ཕྱིར་རོ། །དཀྱིལ་འཁོར་འོག་མ་གསུམ་པོའི་མཐའ་ལོངས་པའི་ཚད་དང་། རླུང་གི་རྔམས་ལ་འབུམ་ཕྲག་གཉིས་དང་། མེ་ལ་ཕྱེད་གཉིས། ཆུ་ལ་འབུམ་ཕྲག་གཅིག་རྣམས་ཡོད་ཅིང་། དཀྱིལ་འཁོར་བཞིའི་ཟླུམ་སྐོར་གྱི་ཚད་ཀྱང་། ཟླུམ་མཐའ་སུམ་འགྱུར་གྱི་རིམ་པས། རླུང་མེ་ཆུ་ས་བཞི་ལ་རིམ་པར་འབུམ་ཕྲག་བཅུ་གཉིས་དང་། དགུ་དང་། དྲུག་དང་། གསུམ་རྣམས་སུ་འགྱུར་རོ། །ལྷུན་པོའི་རྩ་བ་ཟླུམ་པོ་རྒྱར་དཔག་ཚད་སྟོང་ཕྲག་བཅུ་དྲུག་པ། འགྲམ་སྟེགས་ལྟ་བུའི་དཔག་ཚད་སྟོང་ཕྲག་གཅིག་གིས་བསྐོར་བའི་ཕྱི་རོལ་དུ། གླིང་མཚོ་རི་གསུམ་བདུན་བདུན་སྤེལ་ཏེ་གནས་པ་ལས། ནང་མ་དྲུག་པོ་རྩ་བ་ལས་སྟེང་ངོས་རིམ་གྱིས་འཕེལ་བའི་རི་རབ་ཀྱི་རྭ་


MLP005_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པའམ། སྟེང་གི་ཐད་ཀའི་རྒྱ་དཔག་ཚད་སྟོང་ཕྲག་ལྔ་བཅུ་བསིལ་རིའི་ཐོད་དུ་ཕྱིར་གྱེས་པའི་འོག་གི་ཁོང་སེང་ན་གནས་ཏེ། རྩ་བ་བསྐོར་བའི་འགྲམ་སྟེགས་ཀྱི་ཕྱི་རོལ་ནས་བསིལ་རིའི་བར་གྱི་དཔག་ཚད་སྟོང་ཕྲག་བཅུ་དྲུག་པོ་ཆ་བཅོ་བརྒྱད་དུ་བགོས་པ་ལ། ནང་ནས་རིམ་བཞིན་དུ། ཟླ་བ་དང་། འོད་དཀར་དང་། ཀུ་ཤ་དང་། མིའམ་ཅི་དང་། ཁྲུང་ཁྲུང་དང་། དྲག་པོའི་གླིང་སྟེ་གླིང་དྲུག་དང་། དེ་རེ་རེའི་མཐར་སྦྲང་རྩི་དང་། མར་དང་། ཞོ་དང་། འོ་མ་དང་། ཆུ་དང་། ཆང་གི་མཚོ་སྟེ་མཚོ་དྲུག་དང་། དེ་རེ་རེའི་མཐར་ཡང་། འོད་སྔོན་པོ་དང་། མནྡྷ་ར་དང་། ཎིཥ་ཊ་དང་། ནོར་བུའི་འོད་དང་། དྲོ་ཎ་དང་། བསིལ་བའི་རི་སྟེ་རི་དྲུག་གིས་རིམ་པར་བསྐོར་བའི་ཕྱིར་རོ། །རི་མཚོ་གླིང་རྣམས་རེ་རེའི་ཞེང་ཚད་ནི། རྒྱུད་ལས་དཔག་ཚད་བརྒྱད་བརྒྱ་བརྒྱད་ཅུ་རྩ་དགུར་གསུངས་པ་རགས་རྩིས་ཏེ། ཞིབ་མོར་རྩིས་ན་སྟོང་ཕྲག་བཅུ་དྲུག་ལ། དྲུག་གསུམ་བཅོ་བརྒྱད་ཀྱིས་ཕྱེ་བའི་ཐོབ་ནོར་སོ་སོའི་ཚད་དུ་ངེས་པའི་ཕྱིར། དེའི་སྡོམ་ནི། དཔག་ཚད་ཀླུ་ནོར་གདེངས་ཀ་ཅན། །རྒྱང་གྲགས་མེ་དང་གཞུ་འདོམ་ལ། །བསེ་རུ་གཟུགས་དྲག་སོར་མོ་བཅུ། །སོར་མོའི་སུམ་ཆ་གཉིས་རེའོ། །དེ་རྣམས་ཀྱི་དཔངས་ཚད་རྒྱུད་ལས་དངོས་སུ་མ་གསུངས་ཀྱང་། རི་དྲུག་པ་བསིལ་རི་དང་། རི་རབ་ཀྱི་རྭ་ལྔ་པ་ཐུར་འཕྱང་འཕྲད་པའི་སར་བྱང་བགྲོད་མཐར་ཐུག་གི་ཉི་མའི་གདུང་བྱེད་རེག་པར་བཤད་པའི་ཕྱིར། །བསིལ་རིའི་དཔངས་ལ་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་ཡོད་པར་འགྱུར་ལ། དེའི་རིགས་པས་རི་ནང་མ་ནང་མ་ལས་ཕྱི་མ་ཕྱི་མ་དཔངས་མཐོ་བར་གྲུབ་ཅིང་། ལྷོ་བགྲོད་ཀྱི་ཚེ་ཉི་མའི་གདུང་བྱེད་མེ་ལ་རེག་པར་གསུངས་པའི་ཕྱིར། གོང་དུ་བཤད་པ་ལྟར་དཀྱིལ་འཁོར་བཞི་ཀ་སྟེང་ངོས་མཉམ་པར་བཞེད་པ་ནི་མེ་དཀྱིལ་དངོས་ལ་དགོངས་ཀྱི། དེ་ལས་གྱེན་དུ་འབར་བས་འཕགས་པ་རྒོད་མ་ཁའི་མེ་ནི་དཔག་ཚད་བདུན་ཁྲི་ལྔ་སྟོང་གི་བར་དུ་འགྲོ་བ་དང་། ལྷུན་པོའི་རྭ་ལྔ་པ་ཐུར་འཕྱང་གི་ཚད་ཀྱང་དཔག་ཚད་སྟོང་ཕྲག་བཅུ་བཞི་པར་དོན་གྱིས་གོ་ནུས་སོ། །དེ་ཡང་རི་རབ་ཀྱི་དབྱིབས་ནི། ཟླུམ་པོ་དཀར་ཡོལ་སློང་བ་ལྟར་རྩ་བ་དཔག་ཚད་ཁྲི་དྲུག་སྟོང་ནས། སྟེང་ཚད་ལྔ་ཁྲིའི་བར་ཇེ་ཆེར་སྦོམ་


MLP005_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་བ་རྭ་ལྔ་པའི་རྣམ་པ་ཅན་ཏེ། རྭ་འོག་མ་ལྷུན་པོ་ལ་སྐ་རགས་བཅིངས་པ་ལྟར་སྟོང་ཕྲག་གཅིག་འཁོར་ཞིང་འཕྱང་བ། འགྲམ་སྟེགས་དང་ཕྱི་མཐའ་མཉམ་ཞིང་། རྭ་ལྔ་པ་གྱེས་ཏེ་འཕྱང་བ་དང་བསིལ་རི་གཉིས་ཕྲད་དེ་སྲུབ་བར་མེད་པ། རྭ་བར་མ་གསུམ་གྱི་འོག་ན་ཆང་གི་མཚོ་ཕན་ཆད་ཆུད་པས་ནང་གི་གླིང་རྣམས་ལ་ཉི་ཟླའི་འོད་མི་ཕོག་ཀྱང་། དེར་གནས་ཀྱི་མི་རྣམས་རང་འོད་ཀྱིས་འཚོ་བ་སོགས་ཡིན་པའི་ཕྱིར་ལོངས་སྤྱོད་ས་པར་གྲགས་སོ། །རི་རབ་ཀྱི་དཔུང་པ་མན་ཆད་ཀྱི་རྒྱུ་ནི་རིན་པོ་ཆེ་སྣ་ལྔ་སྟེ། མཁའ་རླུང་མེ་ཆུ་སའི་རང་བཞིན། དབུས་ལྗང་། ཤར་ནག །ལྷོ་དམར། ནུབ་སེར། བྱང་དཀར་པོ། ཀུན་ཁྱབ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པའི་རགས་པའོ། །མགྲིན་པ་ཡན་ཆད་ནི། རྒྱུའི་ཁམས་ཇེ་ཕྲར་གྱུར་པ་སྟེ། རིམ་པར་ས་ཆུ་མེ་རླུང་སྤངས་པའི་ཁམས་ལྔ་ལྡན་ནས་གཉིས་ལྡན་གྱི་བར་སྦྱར་རོ། །བསིལ་རིའི་ཕྱི་རོལ་ན། གླིང་བདུན་པ་ལས་ཀྱི་ས་འཛམ་གླིང་ཆེན་པོ། ཞེང་དུ་ནང་མཐའ་ནས་ཕྱི་མའི་མཐའི་བར་དཔག་ཚད་ཉི་ཁྲི་ལྔ་སྟོང་པས་བསྐོར་བའི་སའི་ཁོར་ཡུག་སུམ་འབུམ་གྱི་ཁྱོན་ལ། ཕྱོགས་བཞིར་ཆ་མཉམ་པ་གསུམ་གསུམ་སྟེ་དུམ་བུ་བཅུ་གཉིས་སུ་བཅད་པས། རེ་རེའི་ཕྱི་མཐའི་སྲིད་དུ་དཔག་ཚད་ཉི་ཁྲི་ལྔ་སྟོང་དང་། ནང་མཐའ་ལ་ཁྲི་ཉིས་སྟོང་ལྔ་བརྒྱ་རེ་ཡོད་པའི་གླིང་བཅུ་གཉིས་ཏེ། ལྷོ་གླིང་གསུམ། ནུབ་གླིང་གསུམ། བྱང་གླིང་གསུམ། ཤར་གླིང་གསུམ་རྣམས་སུ་འགྱུར་བའི་ཕྱིར། དེ་རྣམས་ཀྱི་མིང་ཡང་། ལྷོ་གླིང་ཤར་མ་དང་། དབུས་མ་དང་། ནུབ་མ་ཞེས་འདོད་ཀྱི་མངོན་པ་ལྟར་རྔ་ཡབ་ལ་སོགས་པའི་མིང་འདོགས་དང་། གླིང་གཡོག་ཆུང་བ་སོགས་འདིར་མི་བཞེད་དོ། །གླིང་དབུས་མ་བཞི་ཡི་དཀྱིལ་ན། ལྷོར་དཔག་ཚད་སྟོང་ཕྲག་བརྒྱད་པའི་མཚན་མ་གྲུ་གསུམ་པ་རྩེ་ནང་བསྟན། ནུབ་ཏུ་གྲུ་བཞི་སྟོང་ཕྲག་བཅུ་པ། བྱང་དུ་ཟླུམ་པོ་སྟོང་ཕྲག་དགུ་པ། ཤར་དུ་ཟླ་གམ་སྟོང་ཕྲག་བདུན་པའི་ཚད་ཅན་ནོ། །ཁྱད་པར་ལྷོ་གླིང་དབུས་མའི་ཕྱེད་བྱང་མ་ལ་དུམ་བུ་དྲུག་ཏུ་བྱས་པ་ནི་ཡུལ་དྲུག་སྟེ། བྱང་ནས་རིམ་པར། གངས་ལྡན་དང་༡། ཤམྦྷ་ལ་དང་༢། རྒྱ་ནག་དང་༣། ལི་དང་༤། བོད་དང་༥། འཕགས་ཡུལ༦་རྣམས་སུ་གྱུར་པའི་ཕྱིར། དེ་རྣམས་དང་ས་ཁྱོན་


MLP005_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས་པའི་རྣམ་གཞག་དུམ་བུ་གཞན་རྣམས་ལ་ཡང་སྦྱར་ཤེས་པར་བྱའོ། །ལས་སའི་ཕྱི་རོལ་དུ་མཚོ་བདུན་པ་བ་ཚྭའི་མཚོ་དང་། རི་བདུན་པ་རྟ་གདོང་གི་མེ་དང་། རླུང་དཀྱིལ་རྣམས་རེ་རེ་ལའང་དཔག་ཚད་ལྔ་ཁྲིའི་ཚད་ཅན་གྱི་མུ་ཁྱུད་ཀྱིས་ཀུན་ནས་བསྐོར་བའོ། །དེ་ལྟ་བུའི་རྟེན་སྣོད་ཀྱི་འཇིག་རྟེན་ལ་བརྟེན་པ་བཅུད་ཀྱི་སེམས་ཅན་ནི། སྲིད་པ་སུམ་ཅུ་རྩ་གཅིག་སྟེ། འདོད་གཟུགས་གཟུགས་མེད་ཀྱི་ཁམས་གསུམ་ན་རིམ་པ་ལྟར། བཅུ་གཅིག་དང་། བཅུ་དྲུག་དང་། བཞི་རྣམས་ཡོད་པའི་ཕྱིར། དང་པོ་འདོད་ཁམས་ན་བཅུ་གཅིག་ཡོད་དེ། དེའི་སྡོམ་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །མི་དང་ལྷ་མིན་འདོད་ལྷ་དྲུག །ཅེས་སོ། །དེ་དག་གི་གནས་ཚུལ་ནི། འོག་གཞིའི་དཀྱིལ་འཁོར་བཞིའི་མཐུག །་རྔམས་ལ་ཕྱེད་ཕྱེད་དུ་བགོས་པའི། ས་དཀྱིལ་གྱི་ཕྱེད་མན་ཆད་ཆ་བདུན་ལ། སྟེང་ནས་རིམ་པར། གསེག་མ་བྱེ་མ་འདམ་ཆུ་དང་། །དུ་བ་མེ་དང་མུན་པ་ཆེ། །ངུ་འབོད་ཆེ་སྟེ་རྣམ་བདུན་ནོ། །བརྒྱད་པ་རྡོ་རྗེ་མེ་ལྕེ་དང་བཅས་པའི་དམྱལ་བ་ནི། བདུན་པ་ལས་གནས་གཞན་ལོགས་ན་མེད་ཀྱང་། སྡུག་བསྔལ་གྱི་ཚོར་བ་ཐ་དད་པས་དེར་བཞག་གོ། ས་དཀྱིལ་གྱི་ཕྱེད་གོང་མ་ལའང་ཆ་གཉིས་སུ་བྱས་པའི་སྟེང་མར་ལྷ་མིན་དང་། འོག་མར་ཀླུ། ལོངས་སྤྱོད་དང་ལས་སའི་གླིང་རྣམས་ལ་མི་རྣམས་ཏེ། ཡི་དྭགས་དང་དུད་འགྲོ་ལ་འདིར་གནས་ལོགས་པ་མ་བཤད་དོ། །འདོད་ལྷ་དྲུག་ནི། རི་རབ་ཀྱི་དཔུང་པ་ནས་ས་མཚམས་ཀྱི་བར་རྒྱལ་ཆེན་བཞི་དང་། རི་རབ་ཀྱི་སྟེང་ན་སུམ་ཅུ་རྩ་གསུམ། དེའི་སྟེང་མགྲིན་པ་གསུམ་ཆར་བཅད་པའི། འོག་མ་ཆ་བཞིར་ཕྱེ་བ་ལ། འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་རྣམས་སོ། །གཉིས་པ་གཟུགས་ཁམས་ན་བཅུ་དྲུག་སྟེ། རི་རབ་ཀྱི་དཔྲལ་བའི་ཆ་བཞི་ལ། འོག་མིན། ཤིན་ཏུ་མཐོང་། མི་གདུང་། མི་ཆེ་བ་སྟེ་རླུང་བཞི། སྣ་ལ། འབྲས་བུ་ཆེ་བ། བསོད་ནམས་སྐྱེས། སྤྲིན་མེད། དགེ་རྒྱས་ཏེ་མེ་བཞི། ཀོས་ཀོ་ལ། ཚད་མེད་དགེདགེ་ཆུང་། འོད་གསལ། ཚད་མེད་འོད་དེ་ཆུ་བཞི། མགྲིན་པའི་སུམ་གཉིས་ཀྱི་ཆར། འོད་ཆུང་། ཚངས་ཆེན། མདུན་ན་འདོན། ཚངས་རིས་ཏེ་ས་བཞི་རྣམས་གནས་པའི་ཕྱིར་
རོ། །གསུམ་པ་གཟུགས་མེད་ན་བཞི་སྟེ། རི་རབ་ཀྱི་གཙུག་ཏོར་སྐྲ་མཚམས་ཡན་ཆད་དུ་རིམ་པར། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་བཞིས་བསྡུས་པའི་སེམས་ཅན་རྣམས་གནས་པའི་ཕྱིར་རོ། །

བྱེ་བྲག་སྐར་ཁྱིམ་བཀོད་པ།


MLP005_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་སྐར་ཁྱིམ་གྱི་བཀོད་པ་ལ། ཁྱིམ་གྱི་གོ་ལ་སྤྱིར་བཤད་པ་དང་། ཉི་མའི་གོ་ལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ལྷའི་གཞལ་མེད་ཁང་རྣམས་འདེགས་བྱེད་ཀྱི་བརྟན་གཡོའི་རླུང་ཇི་སྙེད་པ་སྟེ། རཱ་ཤའི་སྒྲ་ལས་དྲངས་ན་ཁྱིམ་ནི་ཚོགས་པའམ་ཕུང་པོའི་དོན་ཡིན་པའི་ཕྱིར། དེ་རྣམས་ཀྱི་ནང་ནས་ཀྱང་། གཙོ་བོར་འཇིག་རྟེན་དུ་ཕན་གནོད་དངོས་སུ་སྟོན་པའི་ཁྱིམ་ནི་བཅུ་གཉིས་ཏེ། ལུག་གླང་འཁྲིག་པ་ཀརྐ་ཊ། སེང་གེ་བུ་མོ་སྲང་སྡིག་གཞུ། ཆུ་སྲིན་བུམ་པ་ཉ་རྣམས་སོ། །གནས་ཚུལ་ཡང་། བསིལ་རི་ནས་རྟ་གདོང་གི་མེ་རི་ལ་ཐུག་གི་བར་དཔག་ཚད་བདུན་ཁྲི་ལྔ་སྟོང་གི་ཚད་ཅན། དབྱིབས་ཟླུམ་པོར་གནས་པ་ཡིན་པས། མེ་རིའི་ནང་མཚམས་དང་གོ་ལའི་ཕྱི་མཐའ་འཕྲད་མཚམས་ཀྱི་ཟླུམ་སྐོར་ལ་དཔག་ཚད་འབུམ་ཕྲག་དྲུག་དང་། བསིལ་རིའི་ཕྱོགས་ཀྱི་གོ་ལའི་ནང་མཐའི་ཟླུམ་སྐོར་ལ་ཆིག་འབུམ་ལྔ་ཁྲི་ཡོད་པའི་བར་གྱི་ནམ་མཁའ་ལ་གཡས་སྐོར་དུ་རྒྱུ་ཤིང་། དེ་ལ་བརྟེན་པའི་རྒྱུ་སྐར་རྣམས་རེ་རེ་ཞིང་དུམ་བུ་གཅིག་ལ་ལྟོས་ཏེ་མཐོ་དམན་མེད་ཀྱང་། དུམ་བུ་བཅུ་གཉིས་པོ་ཐམས་ཅད་ལ་ལྟོས་ཏེ་མཐོ་དམའི་རྣམ་པ་ཅན་དུ་འཁོར་བའི་ཕྱིར་སྒང་གཤང་འཁོར་ལོ་ཞེས་བྱའོ། །དེ་ལྟར་འཁོར་གཞི་ཁྱིམ་ལ་བརྟེན་པའི་སྐར་མའི་ཕུང་པོ་ནི་མཐའ་ཡས་པ་སྟེ། དུང་གཉིས་བྱེ་བརྒྱད་ས་ཡ་ལྔ། །སྐར་མའི་གྲངས་སུ་ཤེས་པར་བྱ། །ཞེས་དྲང་སྲོང་སྐར་མ་ལ་དགའ་བས་བཤད་ཀྱང་། འདིར་བླང་དོར་གྱི་འབྲས་བུ་ལུང་སྟོན་པའི་རྩིས་ཀྱི་འཇུག་པ་ཡོད་པའི་རྒྱུ་སྐར་ནི་ཉི་ཤུ་རྩ་བདུན་ཏེ། ཐ་སྐར་བྲ་ཉེ་སྨིན་དྲུག་སྣར། །མགོ་ལག་ནབས་སོ་རྒྱལ་སྐག་མཆུ། །གྲེ་དབོ་མེ་བཞི་ནག་ས་རི། །ས་ག་ལྷ་མཚམས་སྣྲོན་དང་སྣྲུབས། །ཆུ་སྟོད་ཆུ་སྨད་གྲོ་བཞིན་དང་། །མོན་དྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་རྣམས་ཏེ་ཉེར་བདུན་ནོ། །དེ་ཡང་ཡུལ་གྱི་ཆུ་ཚོད་བརྒྱ་སོ་ལྔ་རེ་ལ་ཁྱིམ་རེ་རེར་འཇོག་པའི་ཕྱིར། སྐར་མ་རེ་ལ་


MLP005_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཚོད་བཅོ་ལྔ་བཅོ་ལྔ་རེ་ཡོད་པའི་རྐང་པ་བཞི་བཞི་དང་། དེ་འདྲའི་རྐང་པ་དགུ་དགུའི་བདག་ཉིད་ཅན་གྱི་བཞི་ཆ་གཅིག་དང་བཅས་པའི་སྐར་མ་གཉིས་རེ་ནི་ཁྱིམ་རེའི་ཚད་དེ། དཔེར་ན། ཐ་སྐར། བྲ་ཉེ། སྨིན་དྲུག་གི་བཞི་ཆ་གཅིག་རྣམས་ལུག་ཁྱིམ་ན་གནས་པ་བཞིན་ནོ། །འདིར་ཁྱིམ་གྱི་དང་པོར་ལུག་དང་། རྒྱུ་སྐར་གྱི་དང་པོར་ཐ་སྐར་འཇོག་པའི་རྒྱུ་མཚན་ཡོད་དེ། ཉི་མའི་རྟག་ལོངས་ཐོག་མར་ལུག་ཁྱིམ་ནས་སྤྱོད་པ་གང་ཞིག །དེའང་བྲ་ཉེ་དང་སྨིན་དྲུག་ནས་མི་སྤྱོད་ཀྱིས་ཐ་སྐར་ནས་སྤྱོད་པའི་ཕྱིར་རོ། །སྐར་ཁྱིམ་འཁོར་བཅས་རྒྱུ་ལམ་གཅིག་ལས་མི་འདའ་ཞིང་མགྱོགས་བུལ་མེད་པར་རྟག་ཏུ་གཡས་སྐོར་གྱིས་རྒྱུ་བའི་ཕྱིར། ཁྱིམ་བཅུ་གཉིས་པོ་འཁོར་ཚུལ་ལ་མཐོ་དམན་མེད་མོད། འོན་ཀྱང་དེར་གནས་པའི་རྒྱུ་སྐར་རྣམས་ལ་མཐོ་དམའ་ཡོད་དེ། ཐ་སྐར་སོགས་ལུག་ཁྱིམ་ན་གནས་པའི་རྒྱུ་སྐར་རྣམས། ཤར་གླིང་དབུས་མའི་ཚངས་ཐིག་ཏུ་བསིལ་རི་ལ་ཉེ་བས་མཐོ་བར་འཁོར་ཞིང་། ནུབ་གླིང་དབུས་མའི་ཚངས་ཐིག་ཏུ་མེར་ཉེ་བར་འཁོར་བས་དམའ་ལ། ལྷོ་བྱང་གི་ཚངས་ཐིག་ཏུ་མཉམ་པར་རྒྱུ་བའི་ཕྱིར། དེ་བཞིན་དུ་ལྷོར་ཀརྐ་ཊ་དང་། ནུབ་ཏུ་སྲང་དང་། བྱང་དུ་ཆུ་སྲིན་རྣམས་མཐོ་ཞིང་། རང་ནས་དྲངས་པའི་བདུན་པའི་ཕྱོགས་སུ་དམའ་བ་དང་། ཕན་ཚུན་གཉིས་མཉམ་པ་སྟེ། དེའི་རིགས་པ་ཁྱིམ་གཞན་བརྒྱད་ལའང་སྦྱར་བའོ། །གཉིས་པ་ལ། རྒྱའི་ཚད། དཔངས་ཀྱི་ཚད། མགྱོགས་བུལ་གྱི་ཚད་དང་གསུམ། དང་པོ་ནི། དཔག་ཚད་བདུན་ཁྲི་ལྔ་སྟོང་གི་ཁྱོན་ལ་ལྷོ་བྱང་དུ་བགྲོད་པའི་མཐར། བྱང་བསིལ་རི་དང་། ལྷོ་རྟ་གདོང་གི་མེ་ལ་རེག་པར་གསུངས་པ་ནི། འཇིག་རྟེན་སྤྱིའི་ལུགས་ཀྱི་གོ་ལའི་རྒྱ་སྟེ། དེའི་དབུས་མཉམ་གཉིས་ཀྱི་རྒྱུ་ལམ་ཕོགས་ནས་བལྟས་པའི་བསིལ་རིའི་ཕྱོགས་སུ་གནས་པའི་བྱང་ཁྱིམ་དྲུག་པད་འདབ་ཕྱེད་པ་དང་། མེ་རིའི་ཕྱོགས་སུ་གནས་པའི་ལྷོ་ཁྱིམ་དྲུག་འོད་མའི་གཞུའི་དབྱིབས་སུ་གནས་པར་བཤད་པ་ནི། འཛམ་གླིང་ཆུང་ངུ་འདིའི་སྟེང་ཐད་ཀྱི་ཁྱིམ་རྣམས་ཀྱི་འགྲོ་ལམ་རྟོགས་བྱེད་དོ། །དེ་ཡང་བསིལ་རི་ནས་རྟ་གདོང་གི་མེ་ཡི་བར་ཟླུམ་པོར་བསྐོར་བ་དེའི་ཤར་ནུབ་ཏུ་མཉམ་ལམ་གྱི་རེ་ཁས་བཅད་ལ། ཤར་ཕྱེད་བྱང་མར་ལུག་བཀོད་པ་ནས་བཟུང་སྟེ་


MLP005_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རིམ་པར་བྱང་ཤར་ནས་གླང་སོགས་གཡོན་སྐོར་དུ། ཕྱོགས་རེར་ཁྱིམ་གཉིས་གཉིས་དང་མཚམས་སུ་རེ་རེ་བཀོད་པས། ལུག་གླང་འཁྲིག་ཀརྚ་སེང་གེ་བུ་མོ་སྟེ་བྱང་ཁྱིམ་དྲུག་དང་། སྲང་སྡིག་གཞུ་ཆུ་སྲིན་བུམ་པ་ཉ་སྟེ་ལྷོ་ཁྱིམ་དྲུག་གོ། དེ་ལྟར་ན་ཉི་བར་ཁྱིམ་གང་དང་གང་དུ་སླེབ་མ་ཐག་པའི་ཉིན་དེའི་ལྷོ་གླིང་དབུས་མའི་ཚངས་ཐིག་གི་སྟེང་གི་ཉི་མའི་འགྲོ་ལམ་ཡང་ཁྱིམ་དེ་དང་དེའི་ཐོག་མའི་སྐར་མའི་འགྲོ་ལམ་ཉིད་ཡིན་ཏེ། དཔེར་ན། ཉི་བར་ལུག་ཁྱིམ་དུ་སླེབ་པའི་ཉིན་དེ་ལྷོ་གླིང་དབུས་མའི་ཚངས་ཐིག་གི་སྟེང་གི་མཉམ་ལམ་དུ་འགྲོ་བ་བཞིན་ནོ། །དེའི་ཕྱིར་ལྷོ་བྱང་གི་ཁྱིམ་དྲུག་དྲུག་ཟླུམ་པོ་ཕྱེད་པའི་དབྱིབས་ཅན་དུ་གནས་པར་འདྲ་ནའང་། སྡེབ་སྦྱོར་གྱི་དབང་གིས་བྱང་ཁྱིམ་དྲུག་པད་འདབ་དང་། ལྷོ་ཁྱིམ་དྲུག་གཞུའི་རྣམ་པར་གསུངས་སོ། །གཞན་ཡང་ལྷོ་གླིང་དབུས་མའི་གོ་ལ་བྱེ་བྲག་ཏུ་བཤད་པ་འདི་ལ་བརྟེན་ནས། དུམ་བུ་གཞན་བཅུ་གཅིག་པོའི་སྟེང་གི་གོ་ལའི་འཁོར་ཚུལ་ཡང་དཔག་ནུས་ཏེ། དུམ་བུ་རང་རང་གི་སྟེང་ཐད་ཀྱི་ནམ་མཁའ་ལ་སྔར་བཞིན་ཟླུམ་སྐོར་མཉམ་ལམ་དང་བཅས་པ་བྲིས་པ་ལས། ཁྱིམ་བཀོད་ཚུལ་ནི། ལྷོ་གླིང་ནུབ་མ་ནས་གཡས་སྐོར་དུ་དུམ་བུ་སོ་སོའི་ཤར་ཕྱེད་བྱང་མར་རིམ་བཞིན། ཉ་བུམ་ཆུ་སྲིན་གཞུ་སྡིག་སྲང་། །བུ་མོ་སེང་ཀར་འཁྲིག་པ་གླང་། །ཞེས་པ་ལྟར་བཀོད་པ་ནས་འགོ་དྲངས་ཏེ། དུམ་བུ་སོ་སོ་ལ་ཁྱིམ་བཅུ་གཉིས་པོ་གཡོན་སྐོར་དུ་བཀོད་པས་རང་རང་གི་སྟེང་ཐད་ཀྱི་ཁྱིམ་བཅུ་གཉིས་པོའི་འགྲོ་ལམ་མ་འདྲེས་པར་སོ་སོར་རྟོགས་པར་འགྱུར་རོ། །དེ་ལྟར་གོ་ལའི་རྒྱ་ཚད་ཀྱང་དཔག་ཚད་བདུན་ཁྲི་ལྔ་སྟོང་དུ་བཤད་པ་དེ་ནི། སྐར་ཁྱིམ་འཁོར་དང་བཅས་པའི་འགྲོ་ལམ་གྱི་དབང་དུ་བྱས་པ་སྟེ། བགྲོད་མཐར་མེ་དང་བསིལ་རི་ལ་རེག་པར་གསུངས་པའང་ཉི་མའི་གདུང་བྱེད་རེག་པ་ཡིན་གྱི་དཀྱིལ་འཁོར་རེག་པར་མི་བཟུང་ངོ་། །འོ་ན་ཉི་མའི་དཀྱིལ་འཁོར་ལྷོ་བྱང་དུ་འགྲོ་བའི་བར་འགྱངས་ཀྱི་ཚད་གང་ཞེ་ན། བསིལ་རི་དང་ཆུའི་མཐའ་གཉིས་ཀ་ནས་གདུང་བྱེད་ཀྱི་ཚད་དཔག་ཚད་ཁྲི་ཉིས་སྟོང་ལྔ་བརྒྱ་རེ་ལྷོ་བྱང་དུ་དོར་བའི་བར་གྱི་དཔག་ཚད་ལྔ་ཁྲི་ཡོད་པ་དེ་ཡིན་ཏེ། ལྷོ་བགྲོད་མཐར་ཐུག་གི་ཚེ་ཉི་མའི་འགྲོ་ལམ་གྱི་ཕྱི་རོལ་ན་


MLP005_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

སྐར་མ་མང་དུ་སྣང་བ་དང་། བྱང་ནས་རྩིས་པའི་ཡུལ་ལྔ་པ་བོད་ཀྱི་ས་འདིར་ཡང་བྱང་བགྲོད་མཐར་ཐུག་གི་ཚེ་ཐུར་གྲིབ་བྱང་དུ་ཅུང་ཟད་ལུས་འོང་བས་དེའི་ཚེ་ཉི་མ་ས་འདིའི་ལྷོ་ཕྱོགས་ཀྱི་སྟེང་ཐད་ཀྱི་ནམ་མཁའ་ལ་འགྲོ་བར་གྲུབ་ལ། ངེས་པ་དེས་ཡུལ་དྲུག་པ་འཕགས་ཡུལ་གྱི་མཐར་རང་གྲིབ་རང་ལ་འཁོར་བ་ཙམ་འོང་བར་དཔག་ནུས་པའི་ཕྱིར་དང་། ཡེ་ལེར་ཡང་། བགྲོད་པ་དག་ལས་དཔག་ཚད་སྟོང་ཕྲག་དག་ནི་ལྔ་བཅུའོ། །ཞེས་པའི་ལུང་གིས་ཀྱང་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་བགྲོད་གཉིས་ཀྱི་མཐར། བྱང་ལྷུན་པོའི་རྭ་དང་། ལྷོར་རྟ་གདོང་གི་མེ་ལ་གདུང་བྱེད་རེག་པའི་ཞག་དེའི་ཁྱིམ་ལོངས་རྫོགས་མཚམས་སུ་ཕྱིར་བཟློག་པས་གདུང་བྱེད་བཟློག་རྐྱེན་དུ་བཞག་ཅིང་། དེའང་ཉིན་ཞག་རེ་ལ་གདུང་བྱེད་ལྷོ་བྱང་གཉིས་ཀར་རེག་པ་རེ་རེ་འབྱུང་བའི་ཕྱིར། ས་དུམ་བུ་བཅུ་གཉིས་པོའི་ཁྱོན་མཐའ་དག་ལ་ལྟོས་ཏེ་ཉིན་རེ་བཞིན་ལྡོག་པས་ཉི་ལྡོག་སུམ་བརྒྱ་དྲུག་ཅུ་རྩ་ལྔ་དང་། ས་དུམ་བུ་གཅིག་ལ་ལྟོས་ཏེ་སུམ་ཅུ་ལྷག་ཙམ་རེ་འབྱུང་བ་ཡིན་ནོ། །གདུང་བྱེད་རེག་པ་དང་། དཀྱིལ་འཁོར་རེག་པའི་ཕྱོགས་གཉིས་ཀ་ལ། གོ་ལའི་ཟླུམ་སྐོར་གྱི་ཐད་ཀར་ལ་དཔག་ཚད་འབུམ་ཉི་ཁྲི་ལྔ་སྟོང་དང་། མཐའ་སྐོར་ལ་སུམ་འབུམ་བདུན་ཁྲི་ལྔ་སྟོང་ཡོད་པར་མཚུངས་པ་ཉིད་དེ། དཀྱིལ་འཁོར་མེ་ལ་རེག་པའི་ཕྱོགས་ལ། རྒྱ་མཚོའི་བཞི་ཆའི་ཚད་དེ་ཙམ་ཞིག་དུམ་བུ་བདུན་པའི་ལས་སའི་ཕྱེད་བྱང་མར་ནང་དུ་འོང་ནས་བསིལ་རི་ལ་རེག་དགོས་པའི་ཕྱིར་རོ། །གཉིས་པ་ནི། དུམ་བུ་རང་རང་གི་ཉིན་ཕྱེད་ཀྱི་བྱང་བགྲོད་མཐར་ཐུག་པའི་ནམ་མཁའ་ལ་འགྲོ་བའི་ཚེ། ལས་ས་ནས་དཔག་ཚད་བརྒྱད་ཁྲི་དྲུག་སྟོང་དང་། ལྷོ་བགྲོད་མཐར་ཐུག་གི་ཚེ། དཔག་ཚད་བདུན་ཁྲི་ལྔ་སྟོང་འཕགས་པའི་ཐད་དུ་འཁོར་ཏེ། སྟེང་འོག་མཐོ་དམན་གྱི་ཚུལ་དུ་འཁོར་བའི་བར་འགྱངས་ལ་དཔག་ཚད་སྟོང་ཕྲག་བཅུ་གཅིག་གི་ཁྱད་ཡོད་པའི་ཕྱིར། གལ་ཏེ་མཉམ་ལམ་དུ་འགྲོ་བ་ན་བརྒྱད་ཁྲི་ལྔ་བརྒྱ་འཕགས་པའི་ཐད་ནས་འགྲོ་སྟེ། བར་ཁྱད་སྟོང་ཕྲག་བཅུ་གཅིག་པོ་ཕྱེད་དུ་གཏུབ་པའི་གྲངས་ལྔ་སྟོང་ལྔ་བརྒྱས་མཐོ་ཚད་ནས་དབྲི་བའམ། དམའ་ཚད་ལ་བསྣན་པ་ན་དེ་ལྟར་འབྱུང་བའི་ཕྱིར། ཡང་ཉིན་ཞག་རེ་ལ་སྟེང་འོག་ཏུ་འགྲོ་བའི་
ཚད་ནི། ཕྱེད་བཅས་བརྒྱ་གྱ་གཉིས་ཡིན་པས། དེའི་བར་ཁྱད་སྟོང་ཕྲག་བཅུ་གཅིག་ལ་བགོས་ན་རྟོགས་པར་འགྱུར་ཏེ། དེའི་ལག་ལེན་ནི། ལག་སྐྱོན་མིག་བསྒྱུར་ཟླ་བ་བསྲེ། །མདའ་རོ་མེ་འབྱུང་བགོད་བྱེད་ཡིན། །དེ་ཡིས་མཁའ་མཁའ་མཁའ་དྲག་པོ། །མིག་བསྒྱུར་ཉི་ཁྲི་ཉིས་སྟོང་ལ། །བགོས་ཐོབ་དཔག་ཚད་མཁའ་རོ་དང་། །རྒྱང་གྲགས་ཟླ་བ་གཞུ་འདོམ་ནི། །ཟླ་བུག་བསེ་རུ་ཁྲུ་གསུམ་དང་། །སོར་གཉིས་ལྷག་བཅས་ཉིན་རེ་བཞིན། ༦༠། གདུང་བྱེད་སྟེང་འོག་འགྲོ་བའི་ཚད། །ཞག་དེས་ལྔ་ཁྲི་ཤེད་མཚུངས་ཕྱིར། །མིག་བསྒྱུར་འབུམ་ཕྲག་ལ་བགོས་པས། །དཔག་ཚད་མེ་འཁོར་རྒྱང་གྲགས་གསུམ། །མཁའ་ཀླུ་རི་གཟུགས་གཞུ་འདོམ་སྟེ། །ཁྲུ་གསུམ་སོར་དྲུག་ལྷག་དང་བཅས། ༢༧༣། ཞག་རེར་ཉི་དཀྱིལ་ལྷོ་བྱང་དུ། །འགྲོ་བའི་ཚད་ཡིན་གདུང་བྱེད་ལ། །བརྟགས་ན་བདུན་ཁྲི་ལྔ་སྟོང་པོ། །མིག་བསྒྱུར་ཆིག་འབུམ་ལྔ་ཁྲི་ལ། །བགོས་པས་དཔག་ཚད་ཕྱོགས་མཚོ་དང་། །མེ་ཡི་རྒྱང་གྲགས་གཞུ་འདོམ་ནི། །གཟུགས་རི་མི་བདག་ཁྲུ་ནམ་མཁའ། །སོར་མོ་ལག་མིག་ལྷག་དང་བཅས། ༤༡༠། གདུང་བྱེད་ལྷོ་བྱང་འགྲོ་བའི་ཚད། །ཅེས་སོ། །གསུམ་པ་ནི། ཉི་མས་གོ་ལའི་རླུང་འགྲོས་ལ་བརྟེན་ནས་སྣང་འགྲོས་གཡས་སྐོར་དུ་རྒྱུ་བའི་མགྱོགས་ཁྱད་དེ་གང་ཞེ་ན། དུས་ཀྱི་ཆུ་ཚོད་རེའི་ཡུན་ལ་དཔག་ཚད་དྲུག་སྟོང་ཉིས་བརྒྱ་ལྔ་བཅུ་རེ་འགྲོ་ནུས་པ་ཡིན་ཏེ། དེ་ཉིད་ཞག་གི་ཆུ་ཚོད་དྲུག་ཅུས་བསྒྱུར་བས་ཉི་མའི་རྒྱུ་ལམ་ཟླུམ་པོའི་ཚད་སུམ་འབུམ་བདུན་ཁྲི་ལྔ་སྟོང་འབྱུང་བའི་ཕྱིར་རོ། །

དུས་ཀྱི་ལོངས་སྤྱོད་ཀྱི་གཞི་ལོ་ཟླ་ཞག་གསུམ་བཤད་པ།

ཐོག་མར་ཇི་ལྟར་རྩོམ་ཚུལ།


MLP005_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལོ་ཟླ་ཞག་གསུམ་བཤད་པ་ལ། ཐོག་མ་ནས་ཇི་ལྟར་རྩོམ་ཚུལ། དེ་ལྟར་རྩོམ་པའི་རྣམ་གཞག་དངོས་སོ། །དང་པོ་ནི། དབུགས་ཁུག་པ་དྲུག་ལ་ཆུ་སྲང་གཅིག །དེ་དྲུག་ཅུ་ལ་ཆུ་ཚོད། དེ་བསགས་པ་ལས་ཞག་རིགས་གསུམ་དུ་འགྱུར་ཏེ། ཚེས་ཞག་ནི། ཟླ་བའི་ཆ་འཕེལ་འགྲིབ་ཀྱིས་བཞག་པའི་ཞག་གང་ཞིག །ཡུན་ཚད་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ། ཉིན་ཞག་ནི། རེས་གཟའི་འཕོ་མཚམས་ཀྱིས་བཞག་པའི་ཞག་གང་ཞིག །ཡུན་ཚད་ཆུ་ཚོད་དྲུག་ཅུ། ཁྱིམ་ཞག་ནི། ཉི་ཁྱིམ་འཕོ་བའི་དབང་གིས་བཞག་པའི་ཞག་གང་ཞིག །
ཡུན་ཚད་ཆུ་ཚོད་དྲུག་ཅུ་རྗེས་འབྲང་དང་བཅས་པའོ། །དེ་གསུམ་གྱིས་ཟླ་བ་དང་ལོ་རྩོམ་པའི་ཚེ་ཤུགས་ཆེ་ཆུང་གིས། ཟླ་བར་མ་ལོངས་ཀྱི་བར་དུ་ཉིན་ཞག་གཙོ་ཆེ་སྟེ། ཁྱིམ་ཚེས་གཉིས་ཀྱང་ཉིན་ཞག་དང་ལྟོ་བསྟུན་ཏེ་བརྩི་དགོས་པའི་ཕྱིར་རོ། །ཟླ་བར་ལོངས་ནས་ཚེས་ཞག་གཙོ་ཆེ་སྟེ། ཚེས་ཞག་སུམ་ཅུར་ལོངས་པ་ན་ཉིན་ཞག་སུམ་ཅུ་མ་ལོངས་ཀྱང་ཟླ་བ་རྫོགས་པར་འདོད་དགོས་པའི་ཕྱིར་ཏེ། ཚེས་ཞག་སུམ་བརྒྱ་དོན་གཅིག་ལ། ཉིན་ཞག་སུམ་བརྒྱ་རེ་ལྔས་ཕྲི་བས་ལྷག་མ་དྲུག་ལུས་པ་དེ་ལོ་གཅིག་གི་ཞག་མི་ཐུབ་ཀྱི་ཆ་ཡིན་པས་འདོར་དགོས་པའི་ཕྱིར། དེ་ལྟར་ཡང་མཛོད་ལས། ཟླ་བ་ཕྱེད་དང་གཉིས་འདས་ཤིང་། །ཟླ་བ་ཕྱེད་ནི་ལུས་པ་ན། །མཁས་པས་ཞག་མི་ཐུབ་པ་དོར། །ཞེས་སོ། །ལོར་ལོངས་ནས་ཁྱིམ་ཞག་གཙོ་ཆེ་སྟེ། ལོ་མཚན་ཉིད་པ་ཡིན་ན། བགྲོད་གཉིས་ཀྱི་དུས་བཞི་ཕྲུག་གཅིག་རྫོགས་དགོས་པ་གང་ཞིག །དེ་རྫོགས་པ་ལ་ཉི་མས་ཁྱིམ་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཁྱིམ་ཟླ་བཅུ་གཉིས་པོ་འཁོར་དགོས་པའི་ཕྱིར་ཏེ། རྡོ་རྗེ་མཁའ་འགྲོ་ལས། ཉི་མ་འགྲོ་ལྡོག་གཉིས་ལས་ནི། །ལོ་གཅིག་ཅེས་ནི་བརྗོད་པ་ཡིན། །ཞེས་སོ། །དེ་བས་ན་ལོ་གཅིག་ལ་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་དང་། ཁྱིམ་ཟླ་བཅུ་གཉིས་ལས་མི་མང་ཞིང་མི་ཉུང་བའི་ཕྱིར། ཉིན་ཚེས་གཉིས་རང་རང་གི་ཞག་སུམ་ཅུའི་བདག་ཉིད་ཅན་གྱི་ཟླ་བ་བཅུ་གཉིས་རེ་རྫོགས་པ་ན་ལོ་མི་འཁོར་ཏེ། དེའི་སྟེང་དུ་ཚེས་ཞག་ལ་ཞག་བཅུ་གཅིག་ལྷག་བཅས་དང་། ཉིན་ཞག་ལ་ཞག་ལྔ་རྗེས་འབྲང་དང་བཅས་པ་བསྣན་ནས་ཁྱིམ་ལོ་དང་བསྟུན་དགོས་པའི་ཕྱིར་རོ། །

དེ་ལྟར་རྩོམ་པའི་རྣམ་གཞག་དངོས།

ལོ་བཤད་པ།

ལོའི་ཐ་སྙད་སྤྱིར་བཤད་པ།


MLP005_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། ལོ་དང་། ཟླ་བ་དང་། ཞག་བཤད་པའོ། །དང་པོ་ལའང་། ལོའི་ཐ་སྙད་སྤྱིར་བཤད། འདས་ལོ་དག་པ་བྱེ་བྲག་ཏུ་བཤད་པ་དང་གཉིས། དང་པོ་ནི། ཉི་མས་རྒྱུ་སྐར་གྱི་འཁོར་ལོ་ལན་གཅིག་འཁོར་བ་ལ་ལོར་འཇོག་པའི་ཕྱིར། ཉི་མ་ནམ་སྐྱེས་པ་ནས་ལོའི་དང་པོ་བྱུང་ལ། དེའི་མིང་རབ་བྱུང་ཞེས་བཏགས་པར་ཚངས་པའི་སྔོན་གྱི་རིག་བྱེད་ལས་བཤད་པར་གྲགས་པའི་ཕྱིར། ལོ་དེ་དྲུག་ཅུ་སྐོར་གྱི་ལོའི་དང་པོར་བཞག་གོ། དེ་ཡང་དྲུག་ཅུ་སྐོར་ནི། བདེ་མཆོག་སྟོད་འགྲེལ་ལས། རབ་བྱུང་རྣམ་བྱུང་དཀར་པོ་དང་། །རབ་
མྱོས་སྐྱེས་བདག་ཨཾ་ཀི་ར། །དཔལ་གདོང་དངོས་པོ་ན་ཚོད་ལྡན། །འཛིན་བྱེད་དབང་ཕྱུག་འབྲུ་མང་པོ། །མྱོས་ལྡན་རྣམ་གནོན་ཁྱུ་མཆོག་དང་། །སྣ་ཚོགས་ཉི་མ་ཉི་སྒྲོལ་བྱེད། །ས་སྐྱོང་མི་ཟད་ཐམས་ཅད་འདུལ། །ཀུན་འཛིན་འགལ་བ་རྣམ་འགྱུར་དང་། །བོང་བུ་དགའ་བ་རྣམ་རྒྱལ་ཉིད། །རྒྱལ་བ་མྱོས་བྱེད་གདོང་ངན་དང་། །གསེར་འཕྱང་རྣམ་འཕྱང་སྒྱུར་བྱེད་དང་། །ཀུན་ལྡན་འཕར་བ་དགེ་བྱེད་དང་། །མཛེས་བྱེད་ཁྲོ་མོ་སྣ་ཚོགས་དབྱིག །ཟིལ་གནོན་སྤྲེའུ་ཕུར་བུ་དང་། །ཞི་བ་ཐུན་མོང་འགལ་བྱེད་དང་། །ཡོངས་འཛིན་བག་མེད་ཀུན་དགའ་དང་། །སྲིན་པོ་མེ་དང་དམར་སེར་ཅན། །དུས་ཀྱི་ཕོ་ཉ་དོན་གྲུབ་དྲག །བློ་ངན་རྔ་ཆེན་ཁྲག་སྐྱུག་པ། །མིག་དམར་ཁྲོ་བོ་ཟད་བྱེད་དོ། །ཞེས་གསུངས་པ་ལྟར་རོ། །དྲུག་ཅུ་སྐོར་དེ་རྣམས་དང་། རྒྱ་རྩིས་པའི་བྱི་བ་སོགས་ལོ་བཅུ་གཉིས་པོ། ཤིང་། མེ། ས། ལྕགས། ཆུ་ལྔར་ཕྱེ་བའི་ལོ་རྒན་དྲུག་ཅུ་པོ་དུས་ངེས་ཀྱི་ལྟོ་སྦྱོར་བའི་ཚེ། ལོ་འགོ་འཛིན་ཚུལ་མི་མཐུན་ཡང་། ལོ་སྐོར་བཅུ་གཉིས་པོ་ངོ་བོ་དོན་གཅིག་མིང་གི་རྣམ་གྲངས་ཏེ། སྟོད་འགྲེལ་པའི་རབ་བྱུང་དང་། རྒྱ་རྩིས་པའི་མེ་ཡོས་ཀྱི་ལོ་དོན་གཅིག་པ་ནས་རིམ་པར་དེད་པས་ཟད་བྱེད་དང་མེ་སྟག་གི་ལོའི་བར་དུ་དོན་གཅིག་པའི་ཕྱིར་རོ། །

འདས་ལོ་དག་པ་བྱེ་བྲག་ཏུ་བཤད་པ།

སྟོན་པས་རྒྱུད་གསུངས་པ།


MLP005_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། སྟོན་པས་རྒྱུད་གསུངས་པ། བསྡུ་བ་པོས་བསྡུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་པ། ཀླ་ཀློ་ཞུགས་པ། རྩིས་འགོ་ཟུག་པ་ཕྱིན་གྱི་འདས་ལོ་དང་བཞི། དང་པོ་ནི། བདག་ཅག་གི་སྟོན་པ་འདི་དོན་གྲུབ་ཅེས་པ་ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་ཡུམ་གྱི་ལྷུམས་སུ་ཞུགས་ནས། ཟླ་བ་བཅུ་ཕལ་ཆེར་རྫོགས་པ་དྲག་པོ་ཞེས་པ་ལྕགས་སྤྲེལ་ས་གའི་ཚེས་བདུན། རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་སྐུ་བལྟམས། དེ་ནས་དགུང་ལོ་ཉེར་དགུ་པ་ས་ཕོ་བྱི་བ་ལ་ཁྱིམ་ནས་ཕྱུང་སྟེ། དཀའ་བ་ལོ་དྲུག་སྤྱད། དགུང་ལོ་སོ་ལྔ་པ་རྒྱལ་བ་ཞེས་པ་ཤིང་ཕོ་རྟའི་ལོ་ས་ག་ཟླ་བའི་ཉའི་ཐོ་རེངས་ཟླ་བ་སྒྲ་གཅན་གདོང་གིས་བཟུང་བ་དང་མཉམ་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཐེག་པ་གསུམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར་ནས། དགུང་ལོ་རིལ་པོ་བརྒྱད་ཅུ་པ་དང་། ལོ་ངོ་གྱ་གཅིག་པ་རྣམ་གནོན་ལྕགས་
འབྲུག་གི་ལོ། ལུག་ཁྱིམ་ས་ག་དང་སྦྱར་ཏེ་མར་ངོ་སྔོན་འགྲོའི་དབང་དུ་བྱས་པའི་ཟླ་བ་བཅུ་གཉིས་པ་དཔྱིད་འབྲིང་ནག་ཟླའི་ཡར་ཚེས་བཅོ་ལྔ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ། འོག་ཏུ་ཆོས་དབྱིངས་གསུང་དབང་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ཏེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་དཀྱིལ་འཁོར་བདག་པོའི་རྣམ་པས། ཟླ་བ་བཟང་པོ་སོགས་ལ་རྩ་རྒྱུད་སྟོང་ཕྲག་བཅུ་གཉིས་པ་འདའ་ཁ་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཏེ། ཕྱི་ཟླ་ས་གའི་ཉ་ལ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །དེ་ལྟར་ཡང་རྩ་རྒྱུད་ལས། བྱ་རྒོད་ཕུང་པོའི་རི་ཆེན་པོར། །ཐེག་པ་ཆེན་པོ་བླ་ན་མེད། །ཤེས་རབ་ཕ་རོལ་ཕྱིན་པའི་ཚུལ། །བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན། །དེ་ནས་གཅིག་ཏུ་མཆོད་རྟེན་ཆེར། །ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་དུ། །དམ་པ་དང་པོའི་དཔལ་ལྡན་རྒྱུད། །དཔྱིད་ཟླ་འབྲིང་པོའི་ཉ་ལ་གསུངས། །ཞེས་དང་། འགྲེལ་ཆེན་ལས། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར་ནག་པོའི་ཚེས་གཅིག་འཇུག་པ་ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ཐེག་པ་གསུམ་བསྟན་པར་མཛད་ནས། ཟླ་བ་བཅུ་གཉིས་པ་ནག་ཟླའི་ཉ་ལ་ཤྲཱི་དྷཱ་ནྱ་ཀ་ཊ་ཀར། ཞེས་གསུངས་པའི་ཕྱིར་རོ། །

བསྡུ་བ་པོས་བསྡུས་ཤིང་འཆད་ཉན་གྱིས་གཏན་ལ་ཕབ་པ།


MLP005_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། རྩ་རྒྱུད་དང་། བསྡུས་རྒྱུད་གཉིས་ལས། དང་པོ་ནི། སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོ་ལྕགས་སྦྲུལ་ལ་ཟླ་བཟང་གིས་རྩ་རྒྱུད་བསྡུས་ཤིང་ཤམྦྷ་ལའི་ཡུལ་དུ་གླེགས་བམ་ལ་བཀོད་པ་ན་ཡི་གེ་བརྒྱད་པ་རྗེས་བསྔགས་ཀྱི་སྡེབ་སྦྱོར་གྱིས་བཅིངས་པའི་ཤོ་ལོ་ཀ་སྟོང་ཕྲག་བཅུ་གཉིས་བྱུང་བའི་ཕྱིར་དེར་གྲགས་སོ། །དེ་ནས་འགྲེལ་ཆེན་སྟོང་ཕྲག་དྲུག་ཅུ་པ་མཛད་ཅིང་བསྟན་ནས་ལོ་གསུམ་པ་ཆུ་ལུག་ལ་མ་ལ་ཡའི་སྐྱེད་ཚལ་དུ་གཞལ་ཡས་ཁང་བཞེངས་ཏེ་གཤེགས་པའི་འོག་ཏུ། ཤིང་སྤྲེལ་ནས་ལྷ་དབང་སོགས་ཆོས་རྒྱལ་དྲུག་གི་ལོ་བརྒྱ་བརྒྱ་སྟེ། དྲུག་བརྒྱའི་བར་དུ་རྩ་རྒྱུད་རྒྱས་འགྲེལ་དང་བཅས་པ་བསྟན་ཏོ། །
དེ་ལྟར་ཡང་རྩ་རྒྱུད་ལས། ཟླ་བཟང་ལྷ་དབང་གཟི་བརྗིད་ཅན། །ཟླ་བས་བྱིན་དང་ལྷའི་དབང་ཕྱུག །སྣ་ཚོགས་གཟུགས་དང་ལྷ་དབང་ལྡན། །ཞེས་སོ། །གཉིས་པ་ནི། རགས་རྩིས་ལ་དེ་བཞིན་གཤེགས་པས་རྩ་རྒྱུད་གསུངས་ནས་ལོ་དྲུག་བརྒྱའམ། ཞིབ་མོར་བརྩིས་ན་དྲུག་བརྒྱ་དང་གསུམ་འདས་པའི་ཤིང་སྤྲེ་ནས། འཇམ་དབྱངས་གྲགས་པས་ལོ་བརྒྱའི་བར་དུ་རྩ་རྒྱུད་བསྟན་ཏེ། མིག་དམར་ཤིང་བྱི་ལ་ཉི་མའི་ཤིང་རྟ་སོགས་ཚངས་པའི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྗེས་སུ་བཟུང་བའི་ཕྱིར་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་བསྡུས་ཤིང་རིགས་བཞི་རིགས་གཅིག་ཏུ་མཛད་དེ་གཤེགས་སོ། །དེ་ལྟར་ཡང་སྔ་མ་ལས། ལོ་འདི་ནས་ནི་དྲུག་བརྒྱའི་ལོ། །དྲང་སྲོང་རྣམས་ནི་སྨིན་དོན་དུ། །མི་བདག་འཇམ་དབྱངས་གྲགས་པ་ནི། །ཤམྦྷ་ལ་ཞེས་བྱ་བར་འབྱུང་། །ཞེས་དང་། ཕྲེང་འཛིན་ཚིགས་བཅད་སུམ་ཅུ་ནི། །ལྷག་པའི་ཕྱོགས་བརྒྱ་ལེའུ་ལྔས། །དཔལ་ལྡན་རྒྱུད་དག་རྫོགས་པར་ནི། །སྨྲ་བའི་རྒྱལ་པོས་སྟོན་པར་འགྱུར། །སྡུད་པར་བྱེད་པ་པོ་ཡང་དེ། །ཞེས་སོ། །མིག་དམར་གྱི་ལོ་དེ་ལ་པད་དཀར་གྱིས་འགྲེལ་ཆེན་དྲི་མ་མེད་པའི་འོད་སྟོང་ཕྲག་བཅུ་གཉིས་པ་འདི་བརྩམས་ནས། དེ་སོགས་རིགས་ལྡན་བརྒྱད་པོ་རེ་རེས་ཀྱང་ལོ་བརྒྱ་བརྒྱ་སྟེ་བརྒྱད་བརྒྱའི་བར་དུ་བསྡུས་རྒྱུད་འགྲེལ་ཆེན་དང་བཅས་པ་སྟོན་པར་མཛད་དོ། །དེ་ལྟར་ཡང་། གྲགས་པ་རིགས་ལྡན་རིགས་ཀྱང་སྟེ། །དེ་ནས་རིགས་ལྡན་པདྨ་དཀར། །བཟང་པོ་རིགས་ལྡན་གསུམ་པ་སྟེ། །དེ་བཞིན་བཞི་པ་རྣམ་རྒྱལ་ལོ། །བཤེས་གཉེན་བཟང་པོ་རིན་ཆེན་ཕྱག །བདུན་པ་ཁྱབ་འཇུག་སྦས་པའོ། །ཉི་མ་གྲགས་དང་ཤིན་ཏུ་བཟང་། །ཞེས་སོ། །

ཀླ་ཀློ་ཞུགས་པ།


MLP005_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ནི། དེའི་འོག་ཏུ་ཉི་སྒྲོལ་བྱེད་ཤིང་ཕོ་སྤྲེལ་ལ་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད། ལོ་དེ་ལ་མ་གའི་ཡུལ་དུ་ཀླ་ཀློ་ཞུགས་ཤིང་སྦྲང་རྩིའི་བློ་གྲོས་ཀླ་ཀློའི་སྟོན་པར་གྱུར་པ་དང་། མུ་སྟེགས་པའི་ཉུང་ངུའི་བྱེད་པ་རྩོམ་པ་རྣམས་དུས་མཉམ་པ་ཡིན་ཏེ། བསྡུས་རྒྱུད་ལས། དེ་ནས་ཀླུ་ཡི་ལོ་བརྒྱ་རྣམས་ཀྱིས་ངེས་པར་མ་གའི་ཡུལ་དུ་ཀླ་ཀློའི་ཆོས་དག་རབ་ཏུ་འཇུགདེ་ཡི་དུས་སུ་འཛིན་མ་ལ་ནི་ཉུང་ངུའི་བྱེད་པ་གསལ་བར་མི་རྣམས་དག་གིས་རིགས་པར་བྱ། །ཞེས་སོ། །

རྩིས་འགོ་ཟུག་པ་ཕྱིན་གྱི་འདས་ལོ།


MLP005_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ་ནི། དེ་ལྟར་རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་གྱ་གཉིས་ལ་ཆོས་བསྟན་པའི་མཐར། མི་ཟད་པ་མེ་ཁྱིའི་ལོ་ལ་རྒྱལ་དཀའ་སྟོན་པ་པོར་ཕེབས་མ་ཐག་རྒྱལ་བས་ལུང་བསྟན་པ་ལྟར། དུས་དེར་ད་ལྟར་བའི་ཚུལ་གྱིས་ཕྱག་ལེན་ལ་བཏབས་ནས་རང་ལུགས་ཀྱི་ཉུང་ངུའི་བྱེད་རྩིས་འགོ་བཟུང་། དེ་ནས་བཟུང་སྟེ་རབ་བྱུང་དང་པོའི་སྔ་ལོགས་ཀྱི་ཟད་པ་མེ་སྟག་གི་བར་གྱི་ལོ་ཉིས་བརྒྱ་ཉེར་གཅིག་ཏུ་ཆོས་བསྟན་ཏོ། །དེ་ལྟར་ན་ཡབ་སྲས་གཉིས་པོའི་ལོ་དེ་ལ་མེ་མཁའ་རྒྱ་མཚོ་ཞེས་གྲགས་ཤིང་། དེའི་འོག་ཏུ་རབ་བྱུང་མེ་ཡོས་ལ་རིགས་ལྡན་ཉི་མ་སྟོན་པ་པོར་ཕེབས་པའི་ལོ་འདི་མེ་མཁའ་རྒྱ་མཚོ་ལ་བསྲེ་རྒྱུའི་འདས་ལོ་དང་པོ་དང་། རྒྱུད་འདི་ཆུ་བོ་ཤཱི་ཏའི་ལྷོར་ཕེབས་པའི་ལོ་སྟེ། དེ་ནས་དྲུག་ཅུ་སྐོར་བཅུ་གཅིག་དང་ལོ་རྐྱང་བཞི་འདས་པའི་ལྔ་པ་ནི་ད་ལྟའི་སྐྱེས་བདག་ལྕགས་ལུག་གི་ལོ་འདི་ཉིད་དོ། །དེས་ན་ཀླ་ཀློ་ཞུགས་ནས་ད་ལྟ་ཡན་ལ་ལོ་ཆིག་སྟོང་དྲུག་ཅུ་རྩ་བདུན་འདས་པའི་ཕྱིར། ཡབ་སྲས་གཉིས་ཀྱི་ལོ་བྱེ་བྲག་པ་མེ་མཁའ་རྒྱ་མཚོའི་སྟེང་དུ། ཉི་མ་སོགས་རིགས་ལྡན་དྲུག་གིས་ལོ་དྲུག་བརྒྱ་དང་། སེང་གེ་ཁྲིར་ཕེབས་ནས་ལོ་དྲུག་ཅུ་རྩ་བཞི་འདས་པ་ཡིན་ལ། ལྕགས་ལུག་འདི་ནས་ལོ་སོ་དྲུག་འདས་པའི་འོག་ཏུ་རྣམ་གནོན་ཕེབས་པ་ནས་བཟུང་སྟེ། མཐའ་ཡས་རྣམ་རྒྱལ་གྱི་བར་རིགས་ལྡན་དྲུག་གིས་ལོ་དྲུག་བརྒྱ་དང་། དྲག་པོས་ཆོས་བསྟན་ནས་ལོ་གོ་བདུན་ཡན་གྱིས་ཀླ་ཀློའི་གནས་ཚད་སྟོང་བརྒྱད་བརྒྱ་རྫོགས་པར་འགྱུར་རོ། །དེ་ཡང་མ་ཁར་ཀླ་ཀློ་ཞུགས་པ་ཕྱིན་གྱི་རིགས་ལྡན་བཅུ་དྲུག་ནི། རྩ་རྒྱུད་ལས། རྒྱ་མཚོ་རྣམ་རྒྱལ་རྒྱལ་དཀའ་དང་། །རིགས་ལྡན་ཉི་མ་བཅུ་གཉིས་པ། །སྣ་ཚོགས་གཟུགས་དང་ཟླ་བའི་འོད། །མཐའ་ཡས་དང་ནི་ས་སྐྱོང་དང་། །དཔལ་སྐྱོང་སེང་གེ་རྣམ་པར་གནོན། །སྟོབས་པོ་ཆེ་དང་མ་འགགས་པ། །མི་ཡི་སེང་གེ་དབང་ཕྱུག་ཆེ། །མཐའ་ཡས་རྣམ་རྒྱལ་རིགས་ལྡན་དང་། །གྲགས་པ་རིགས་ལྡན་དེ་ནས་སླར། །དེ་སྲས་འཁོར་ལོ་ཆེན་པོ་ཅན། །རིགས་ལྡན་དྲག་པོ་འབྱུང་འགྱུར་ཏེ། །སྨྲ་མཁས་རྟ་མཆོག་ཏིང་འཛིན་གྱིས། །ཀླ་ཀློའི་ཆོས་ནི་མཐར་བྱེད་པའོ། །
ཞེས་སོ། །དེ་དག་བདེ་བླག་ཏུ་བརྩི་བར་འདོད་ན། གང་བརྩིའི་འདས་ལོ་དག་པའི་ཚོགས་བཀོད་ལ། སྔ་ཕྱིའི་བར་ཁྱད་ཀྱི་དུས་གྲངས་གང་ཡིན་དེས། སྔ་མ་སྔ་མ་ལ་ཕྲི་བས་ཕྱི་མ་ཕྱི་མའི་དུས་མཚམས་ནས་རྩོམ་པའི་འདས་ལོ་དག་པ་སྟོན་པར་འགྱུར་ཏེ། དེའི་ལག་ལེན་ནི། གཟུགས་འབྱུང་དུས་མིག་ལོ་ཚོགས་ལ། །རབ་ཉིའི་སྐྱེས་བདག་ལ་སོགས་བསྲེ། །བདག་ཅག་རྣམས་ཀྱི་སྟོན་མཆོག་དེ། །དྲག་པོ་ལྕགས་སྤྲེལ་ལ་འཁྲུངས་ནས། །ད་ལྟའི་བར་དུ་འདས་པའི་ལོ། །དེ་ཡི་སྟེང་ནས་ཆུ་མེས་ཕྲི། །ཤིང་རྟར་མངོན་སངས་རྒྱས་ནས་ལོ། །དེ་ལ་དུས་མཚོས་དམན་པའི་ལྷག །ལྕགས་འབྲུག་རྩ་རྒྱུད་གསུངས་པ་དང་། །མྱ་ངན་འདས་པ་ཕྱིན་གྱི་ལོ། །དེ་ལ་གཟུགས་ཕྲི་ལྕགས་སྦྲུལ་ལ། །ཟླ་བས་རྩ་རྒྱུད་བསྡུས་པ་དང་། །སླར་ཡང་མིག་སྦྱངས་གཤེགས་ལོ་སྟེ། །བསེ་རུས་དམན་པའི་ཤིང་སྤྲེ་ལ། །ལྷ་དབང་སྟོན་པར་ཕེབས་ནས་ལོ། །མཁའ་མཁའ་རོས་ཕྲི་གྲགས་པ་ཡིས། །ཤིང་སྤྲེ་ཆོས་བསྟན་ཕྱིན་གྱི་ལོ། །དེ་ལས་མཁའ་མཁའ་བུ་ག་སྦྱངས། །རྒྱ་མཚོ་རྣམ་རྒྱལ་ཁྲིར་ཕེབས་ཤིང་། །མ་ཁར་ཀླ་ཀློ་ཞུགས་ནས་ལོ། །མིག་སྐྱོན་ཕྲི་བས་མེ་ཁྱི་ལ། །རྒྱལ་དཀས་རྩིས་འགོ་རྩོམ་ནས་ཏེ། །དེ་ལས་གཟུགས་ལག་མིག་སྦྱངས་པས། །རབ་བྱུང་དང་པོ་ཟུག་པ་ནས། །ད་ལྟའི་བར་གྱི་འདས་ལོ་སྟེ། །ཆུ་རོ་རོས་ཕྲི་སྐྱེས་བདག་ཅེས། །ལྕགས་ལུག་འདི་ཡི་སྟེང་དུ་སླེབས། །ཞེས་སྨྲས་པ་ནི་མཚོན་པ་ཙམ་སྟེ། འདས་ལོ་རྣམ་པར་དག་པ་འདི་ཉིད་ཀྱི་སྲོག་ཤིང་ལ་བརྟེན་ནས། སྔོན་གྱི་དེབ་ཐེར་ལས་བྱུང་བའི་བསྟན་རྩིས་ཀྱི་རབས་གང་དང་གང་བརྩི་འདོད་པ་དེ་དང་དེ་རྣམས་ཀྱང་བརྩི་ཚུལ་ཤེས་པར་བྱའོ། །

ཟླ་བ་བཤད་པ།

ཐ་སྙད་སྤྱིར་བསྟན་པ།


MLP005_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ཟླ་བ་བཤད་པ་ལའང་ཐ་སྙད་སྤྱིར་བཤད་པ་དང་། ཟླ་དག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། ཟླ་བའི་དཀར་ཆ་འཕེལ་འགྲིབ་བཅོ་ལྔ་རེ་རྫོགས་པ་ལ་ཟླ་གཅིག་ཏུ་འཇོག་པའི་ཕྱིར། ཚེས་ཞག་སུམ་ཅུ་རེའི་བདག་ཉིད་ཅན་ནི་ཟླ་བ་མཚན་ཉིད་པ་ཡིན་ལ། ཁྱིམ་ཞག་དང་ཉིན་ཞག་སུམ་ཅུ་སུམ་ཅུ་ལ་རང་རང་གི་ཟླ་བ་རེར་བྱས་པ་ནི་ཟླ་བོ་ཚེས་ཟླ་ལས་བཏགས་པར་ཟད་དོ། །དེ་ཡང་ལོ་གཅིག་ལ་ཟླ་བ་བཅུ་གཉིས་ཏེ། བོད་ཀྱི་ཐ་སྙད་དང་


MLP005_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བསྟུན་ན། དཔྱིད་དབྱར་སྟོན་དགུན་བཞི་རེ་རེ་ལའང་ར་འབྲིང་ཐ་གསུམ་དུ་ཕྱེ་བས་དེ་ལྟར་འབྱུང་བའི་ཕྱིར་དང་། འཕགས་ཡུལ་ལ་སོགས་པའི་ཐ་སྙད་དང་བསྟུན་ནའང་། ཉ་སྐར་བཅུ་གཉིས་པོ་གང་དང་གང་གིས་ཉ་བ་དེ་དང་དེའི་མིང་འདོགས་པས་དེ་ལྟར་འབྱུང་བའི་ཕྱིར་ཏེ། བཤོལ་མེད་པའི་དུས་སུ་ནག་པས་ཉ་བ་ལ་ནག་ཟླར་འཇོག་པ་ནས་རིམ་པར་དབོས་ཉ་བ་ལ་དབོ་ཟླར་འཇོག་པ་དེའི་ཕྱིར། གལ་ཏེ་བཤོལ་ལོངས་པའི་དུས་སུ་དེར་མ་ངེས་ཏེ། ནག་ཟླ་ལ་ས་རིས་ཉ་བ་དང་། དབོ་ཟླ་ལ་ནག་པས་ཉ་བ་སྲིད་པའི་ཕྱིར། ཉ་སྐར་ནི། དབོ་ནག་ས་ག་དཔྱིད་གསུམ་སྟེ། །སྣྲོན་དང་ཆུ་སྟོད་གྲོ་བཞིན་དབྱར། །ཁྲུམས་དང་ཐ་སྐར་སྨིན་དྲུག་སྟོན། །མགོ་རྒྱལ་མཆུ་གསུམ་དགུན་དུས་ཉིད། །ཅེས་སོ། །དེ་དག་འབྱུང་རྩིས་པའི་ཟླ་བ་དང་དུས་ངེས་ཀྱིས་ལྟོ་སྒྲིག་པའི་ཚེ་ནག་ཟླ་དང་། འབྱུང་རྩིས་པའི་རྟ་ཟླ་ཧོར་ཟླ་གསུམ་པ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་ནས། དབོ་ཟླ་དང་སྦྲུལ་ཟླ་ཧོར་ཟླ་གཉིས་པ་གཉིས་དོན་གཅིག་པའི་བར་ལྟོ་འབྱོར་བ་ཡིན་ནོ། །གཞན་ཡང་། ཟླ་བ་བཅུ་གཉིས་པོ་རེ་རེ་ཞིང་། ཁྱིམ་ཟླ་དང་། དེ་དག་གི་མིང་མ་རྒྱུད་རྣམས་སུ་གསུངས་པའི་རོ་ཧི་ཏ་སོགས་དང་། དེ་ལ་འཆར་བའི་རྟེན་འབྲེལ་རྣམས་ལྟོ་སྦྱར་ཚུལ་ཡང་ཤེས་པར་བྱ་སྟེ། དེ་ཡང་མཁའ་འགྲོ་རྒྱ་མཚོ་ལས། ཐོག་མར་མ་རིག་ཆུ་སྲིན་དང་། །རོ་ཧི་ཏའོ་དེ་བཞིན་གཞན། །གཉིས་པར་མོ་ཧི་ཏ་བུམ་པ། །འདུ་བྱེད་དུ་ནི་གསལ་བར་འགྲོ། །གསུམ་པར་བཟང་པོ་དང་ནི་ཉ། །རྣམ་པར་ཤེས་པ་དེ་རིག་བྱ། །བཞི་པར་ཁྱུ་མཆོག་དང་ནི་ལུག །མིང་དང་གཟུགས་སུ་འདོད་པར་བྱ། །ལྔ་པ་དུ་ནི་རུས་སྦལ་ཏེ། །བྲྀ་ཥ་སྐྱེ་མཆེད་དྲུག་མཆོག་གོ། དྲུག་པ་ཆུ་སྲིན་དང་འཁྲིག་པ། །རྟག་ཏུ་རེག་པ་རུ་ནི་འགྲོ། །བདུན་པ་རཱཎྜ་ཀརྐ་ཊ། །དེ་བཞིན་དུ་ནི་ཚོར་བ་མཆོག །བརྒྱད་པར་མི་ཀི་ར་སེང་གེ། མཆོག་ཏུ་མཐུན་པ་སྲེད་པའོ། །དགུ་པར་འབུགས་པ་དང་བུ་མོ། །ཉེ་བར་ལེན་པ་དུ་ནི་འདོད། །བཅུ་པར་སེམས་གཡེང་བ་དང་སྲང་། །སྲིད་པ་དུ་ནི་རབ་ཏུ་བརྗོད། །བཅུ་གཅིག་པ་རུ་རྨི་ལམ་དང་། །བྲྀཥྩི་ཀ་དང་སྐྱེ་དེ་བཞིན། །བཅུ་གཉིས་པ་རུ་ས་དབང་ཕྱུག །གཞུ་དང་རྒས་ཤིང་ཤི་བའོ། །ཞེས་གསུངས། དེ་དག་ཀྱང་དགུན་


MLP005_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་རྒྱལ་ཟླ་ནས་འགོ་བརྩམས་ཏེ། རྡོ་རྗེ་མཁའ་འགྲོ་ལས། དགུན་ཟླ་འབྲིང་པོ་ནས་བརྩམས་ཏེ། །ཉི་མ་བྱང་དུ་བགྲོད་པའི་དུས། །ཟླ་བ་རྣམ་པ་བཅུ་གཉིས་ནི། །རིམ་ནས་རིམ་པ་བཞིན་དུ་བཞག །ཅེས་གསུངས་པའི་ཕྱིར་རོ། །འོ་ན་འདིར་ཡང་དགུན་འབྲིང་ནས་བརྩམས་ཏེ་ལོ་འགོ་འཛིན་ནམ་སྙམ་ན། མ་ཡིན་ཏེ། སྔར་བཤད་པ་ལྟར་ཁྱིམ་གྱི་དང་པོ་ལུག་ཡིན་པས་དེར་ཉི་མ་ཐོག་མར་ཞུགས་པ་ནས་ལོ་འགོ་འཛིན་དགོས་ལ། དེ་ཡང་ཧོར་ཟླ་གསུམ་པ་དང་འགྲིག་པས་དེ་ནས་འཛིན་དགོས་ཏེ། ཡར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ་ལུག་ཁྱིམ་ནག་ཟླ་དང་། མར་ངོ་སྔོན་འགྲོའི་དབང་དུ་བྱས་ཏེ་ལུག་ཁྱིམ་ས་ག་དང་སྦྱོར་བའི་ལུགས་གཉིས་ཀ་ལྟར་ཡང་ཧོར་ཟླ་གསུམ་པ་ལས་མི་འདའ་བའི་ཕྱིར་ཏེ། དེའི་དཀར་ཚེས་གཅིག་ནས་གནམ་གང་གི་བར་གང་རུང་ལ་ཉི་བར་ལུག་ཁྱིམ་དུ་འཇུག་ངེས་པའི་ཕྱིར། གལ་ཏེ་ཟླ་ཐེབ་ཡོད་པའི་ཚེ། དབོ་ཟླའི་ཉེར་བརྒྱད། ཉེར་དགུ། གནམ་གང་རྣམས་ལ་ལུག་ཁྱིམ་དུ་འཇུག་པའི་རི་མོ་འཆར་བ་ཡོད་དོ་ཞེ་ན། ཁྱིམ་སླེབ་ཉི་དག་ལ་བྱས་པའི་ཚེ་དེ་འདྲ་བ་སྲིད་པ་བདེན་ཡང་། འདིར་ཉི་དག་ལ་བྱེད་པ་འོག་ཏུ་འགོག་པ་ལྟར་མི་འཐད་པའི་ཕྱིར་སྲིད་པ་མ་ཡིན་ནོ། །དེ་ལས་འདིར་ལག་རྩིས་ཀྱིས་འདས་ལོ་དག་པ་བརྩི་བའི་ཚེ། ནག་ཟླའི་དཀར་ཕྱོགས་ཁོ་ན་ནས་འགོ་འཛིན་དགོས་ཏེ། ཉི་དྷྲཱུ་སྟོང་པའི་ཚེ། སླར་ཡང་ནག་ཟླའི་དཀར་ཚེས་གཅིག་ནས་བརྩམས་ཏེ་ངེས་པར་འཆར་བའི་ཕྱིར་རོ། །གཞན་དུ་ན་ནག་ཟླའི་སྨད་ལ་ཉི་མ་ལུག་ཁྱིམ་དུ་ཞུགས་པའི་རི་མོ་འཆར་བ་དེའི་ཚེ། ལུག་ཁྱིམ་ས་ག་དང་སྦྱར་ཏེ་ནག་ཟླའི་ཚེས་བཅུ་དྲུག་ན་འགོ་འཛིན་པའང་བཤད་དེ། འགྲེལ་ཆེན་ལས། ལྷུན་པོའི་ལྷོ་ཡི་དུམ་བུ་འདིར་ལུག་ལ་ཉི་མ་གནས་པ་དཔྱིད་ཀྱི་དུས་སུ་ས་གའི་ཟླ་བ་ཕྱེད་དོ། །ཞེས་པ་དང་། དབང་ལེའི། ནག་པོའི་མཐར་ནི་དཀར་པོའི་ཚེས་ལ། ཞེས་པའི་འགྲེལ་པར། འཕགས་པའི་ཡུལ་འདིར་དཀར་པོའི་ཚེས་གཅིག་ལ་སོགས་པ་ཆ་བཅོ་ལྔའི་མཐར། ནག་པོའི་ཚེས་གཅིག་འཇུག་པ། ས་གའི་ཉའི་སྐྱ་རེངས་འཆར་བའི་ཚེ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཞེས་སོ། །

ཟླ་དག་བྱེ་བྲག་ཏུ་བཤད་པ།


MLP005_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། ཁྱིམ་ཟླ་དག་པ་དང་། ཚེས་ཟླ་དག་པ་གཉིས། དང་པོ་ནི། རྩིས་གཞི་གང་ཡིན་དེའི་ལོ་དག་པ་བཅུ་གཉིས་ཀྱིས་བསྒྱུར་བས་ཁྱིམ་ཟླའི་ཕུང་པོར་འགྱུར་ཏེ། ལོ་རེ་ལ་ཁྱིམ་ཟླ་བཅུ་གཉིས་རེ་ཆད་ལྷག་མེད་པར་ཡོད་པའི་ཕྱིར། དེ་ལ་འགོ་ཐོག་གི་ལོ་གང་ཡིན་དེར་མ་ལོངས་པའི་ནག་ཟླ་ནས་མཆུ་ཟླའི་བར་གྱི་འདས་ཟླ་དུ་སོང་བསྲེ་དགོས་ཏེ། མ་བསྲེས་ན་ནག་དྷྲཱུ་ཁོ་ན་ལས་ས་ག་ལ་སོགས་པའི་དྷྲཱུ་བ་གཞན་རྣམས་མི་སྟོན་པའི་ཕྱིར། གལ་ཏེ་དབོ་ཟླ་རྫོགས་པ་ན་འདས་ཟླ་བཅུ་གཉིས་པ་དེ་བསྲེ་དགོས་པ་མ་ཡིན་ཏེ། དེའི་ཚེ་ལོར་ལོངས་པས་འདས་ལོ་བསྲེས་པ་ཉིད་ཀྱིས་དེ་བསྲེས་པར་འགྱུར་བའི་ཕྱིར་རོ། །གཉིས་པ་ནི། ཁྱིམ་ཟླའི་ཚོགས་དེ་ལས་ཚེས་ཟླ་བསྒྲུབ་དགོས་ཏེ། ཡན་ལག་ལྔའི་ངེས་པ་གཙོ་བོར་ཚེས་ཞག་ལས་བརྩམས་ཏེ་འཆར་བ་གང་ཞིག །ཁྱིམ་ཟླས་ཚེས་རྩིས་རྟོགས་པར་མི་ནུས་པའི་ཕྱིར་རོ། །དེས་ན་ཚེས་ཟླ་བསྒྲུབ་པའི་ཆེད་དུ་ཁྱིམ་ཟླའི་ཚོགས་དེ་གནས་གཉིས་སུ་འཇོག་སྟེ། སྟེང་མ་ཟླ་ལྷག་བསྣོན་པའི་གཞི་དང་། འོག་མ་འཚོལ་གཞིར་ངེས་པའི་ཕྱིར། དེ་ཡང་ཟླ་ལྷག་འོངས་མཚམས་ནི། ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་སོང་བའི་ཚེ། ཚེས་ཟླ་གཅིག་ལྷག་པའི་ཁྱད་ཀྱིས་ཕྱེད་བཅས་སོ་གསུམ་དུ་འགྱུར་ལ། དེའི་གནད་ཀྱིས་འོག་མ་ལ་ཕྱེད་བཅས་སོ་གཉིས་ཀྱིས་བགོད་དགོས་ཀྱང་། ཕྱེད་པ་དེས་བགོད་མ་བདེ་བས་དེ་སོ་གཉིས་ལ་གཞུགས་པའི་ཕྱིར། རིལ་པོ་སོ་གཉིས་པོ། གཉིས་ཀྱིས་བསྒྱུར་ཏེ་ཕྱེད་པའི་ཕུང་པོར་བྱས་པ་ལ། ཕྱེད་པ་གཅིག་པོ་བཅུག་སྟེ་བགོད་བྱེད་རེ་ལྔར་བྱས་ན། དེ་དང་ཤེད་མཚུངས་པའི་ཕྱིར་བགོད་གཞི་ཡང་གཉིས་ཀྱིས་བསྒྱུར་ལ་བགོ་བར་བྱ་བ་ཡིན་མོད། རྒྱུད་དུ་ནི། རེ་ལྔ་ཡང་ཕྱེད་པའི་ཕུང་པོར་གསིལ་ཏེ་དཀྱིལ་འཁོར་མཁའ་མེ་ཟླ་བར་མཛད་པའི་གནད་ཀྱིས་སྒྱུར་བྱེད་ཀྱང་བཞིས་མཛད་དོ། །དེ་ལྟར་གནས་འོག་ལ་མདའ་རོས་བགོས་པའི་ཐོབ་ནོར་ནི། རྩིས་གཞི་བརྩམས་ནས་ད་ལྟའི་བར་དུ་ཟླ་བཤོལ་ཅི་ཙམ་སོང་བའི་གྲངས་ཡིན་པའི་ཕྱིར། དེ་སྟེང་མ་ལ་སྦྱིན་པས་ཚེས་ཟླ་དག་པར་འགྱུར་ཤིང་། ལྷག་མ་ནི་ཟླ་བཤོལ་གྱི་རྩིས་འཕྲོ་སྟེ། ཟླ་ཐེབ་ཕྱི་མ་དེ་དོར་བ་ནས་བརྩམས་ཏེ། ཟླ་བ་དུ་སོང་གི་གྲངས་ཡིན་པས་དེས་


MLP005_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་རོར་སྦྱངས་པའི་ལྷག་མ་དེ་ལ་གཉིས་ཀྱིས་བགོས་པའི་ནོར་གྱིས། ད་ནས་ཅི་ཙམ་ན་ཟླ་ཐེབ་འབྱུང་བའི་གྲངས་སྟོན་པ་ཡིན་ལ། དེ་ཡང་ཟླ་དག་འཕར་བའི་ཚེ། ཟླ་བ་སྔ་མ་དེ་ཟླ་ཐེབ་ཏུ་འདོན་ཞིང་། དེའི་ཚེ་ཟླ་བཤོལ་གྱི་འཕྲོར་ཐིག་བྱུང་ན། བཤོལ་གྱི་ཟླ་བ་དེ་རྫོགས་པ་དང་ཟླ་དག་འཕར་བའི་ཟླ་བ་དེ་ཤར་བས་ན་མཐའ་ནས་བཤོལ་བའི་ཐ་སྙད་དང་། གལ་ཏེ་གཅིག་ལུས་ན་འཕར་བའི་ཟླ་བ་དེ་ཤར་བའི་ཚེ་ཟླ་བཤོལ་ཐོན་ནས་ཟླ་བ་ཕྱེད་སོང་བ་ཡིན་པས་དབུས་ནས་བཤོལ་ཞེས་ཐ་སྙད་གདགས་སོ། །འདིར་རྒྱུད་ལས་རྩིས་འཕྲོ་བསྲེ་སྦྱངས་གང་ཡང་མ་གསུངས་པ་ནི། བྱེད་པ་ལ་ལྟོས་ཏེ་བཤོལ་ཟླ་བ་གཉིས་ཀྱི་སྔ་ནུར་ནས་འདོན་པར་མཛད་པའི་དབང་གིས་ཡིན་ལ། གྲུབ་མཐའ་ལྟར་དག་པར་བརྩི་ན། དུས་དེར་མདའ་རོ་ལྷག་དྲུག་ཅུ་རེ་གཅིག་རྩིས་འཕྲོར་བསྲེ་དགོས་པ་ཡིན་ཏེ། ལོ་རེ་ལྔ་ལ་ཟླ་བཤོལ་ཉི་བར་དང་བཅས་པ་ལོ་མཚམས་དང་། དེ་ལན་བཅུ་གཉིས་བལྡབས་པའི་བདུན་བརྒྱ་བརྒྱད་ཅུའི་མཐར་དྲུག་ཅུ་སྐོར་གྱི་མཚམས་སུ་འཁོར་བ་གང་ཞིག །རྒྱལ་དཀས་རྩིས་གཞི་གཟུང་བའི་དུས་མཚམས་ནི། མེ་ཁྱི་དེའི་སྔོན་མ་ཤིང་བྱའི་མཐའ་དེར་ངེས་པའི་ཕྱིར་དང་། ལོ་དེ་ཉིད་ཀྱང་རབ་བྱུང་མེ་ཡོས་ནས་བརྩམས་ཏེ་ལོ་མཚམས་སུ་དག་ཐེངས་ལན་ལྔ་དང་ལོ་རྐྱང་ང་བཞི་པའི་སྟེང་དུ་སླེབ་པ་སུམ་བརྒྱ་དོན་དགུའི་མཐའི་ཤིང་བྱ་དེ་ཡིན་པར་གྲུབ་སྟེ། དེ་ནས་ལོ་བཅུ་གཅིག་འདས་པའི་མེ་སྤྲེལ་ལ་འཁོར་ཐེངས་དྲུག་པ་རྫོགས་པའི་ཕྱིར་དང་། རྒྱུད་དངོས་བསྟན་གྱི་ཟླ་བཤོལ་རྩིས་འཕྲོ་སྟོང་པ་དང་། ཉི་དྷྲཱུ་དོན་གྱི་ཉེར་དྲུག་ང་བརྒྱད་དུ་གསུངས་པ་འདི་ལོ་རེ་ལྔ་ལ་ཟླ་བཤོལ་ཉེར་བཞི་འཁོར་བའི་ནང་ནས་ས་ག་བཤོལ་བ་གཉིས་ཡོད་པ་ལས། ཟླ་བཤོལ་ཉི་ཤུ་པ་ས་ག་ཐ་ནས་བཤོལ་བ་དང་འགྲིགས་པའི་ཤིང་བྱ་དེ་ཉིད་མ་གཏོགས་ཤིང་བྱ་གཞན་ལས་མི་འགྲུབ་པའི་ཕྱིར་རོ། །གཞན་ཡང་ཁྱིམ་ཚེས་ཀྱི་བར་ཁྱད་ལས་ཟླ་ཐེབ་འདོན་པའི་རྒྱུ་མཚན་ཞིབ་མོ་དང་། ཉི་ཚེས་རིལ་ཆའི་ཟླ་དྷྲཱུ་རྣམས་ཀྱི་རྒྱུ་མཚན་ཡང་སྐབས་འདི་ཉིད་དུ་འཆད་པར་རིགས་མོད་ཀྱི། འོན་ཀྱང་སྔ་མ་ནི་ཞག་གི་དབྱེ་བ་འཆད་པ་ལས་ཤེས་པར་འགྱུར་ཞིང་། ཕྱི་མ་ཡང་འོག་ཏུ་ལོངས་སྤྱོད་ཀྱི་སྐབས་སུ་བཤད་ན་མ་
འཛིང་པས་བློ་ལ་འཆར་བདེ་བར་སྣང་བའི་ཕྱིར་མ་སྤྲོས་སོ། །འདིར་སྨྲས་པ། ཁྱིམ་ཟླ་ཕྱེད་བཅས་སོ་གཉིས་ན། །ཚེས་ཟླ་ཕྱེད་བཅས་སོ་གསུམ་སྟེ། །ཟླ་བཤོལ་རྩིས་འཕྲོ་ལོ་མཚམས་སུ། །འཁོར་བའི་ལོ་གྲངས་རེ་ལྔ་ལ། །ཟླ་ཐེབ་ཉི་ཤུ་རྩ་བཞིར་ངེས། །དེ་ཕྱིར་ཟླ་བཤོལ་འབྱུང་བའི་དུས། །བདེ་བླག་བརྟགས་པའི་ལག་ལེན་ནི། །རབ་ཉིའི་ནང་གི་སྐྱེས་བདག་སོགས། །འདས་ལོ་ཉིས་བསྒྱུར་འདས་ཟླ་བསྲེས། །གནས་གཉིས་འོག་ཆ་ལག་པས་བསྒྱུར། །དུས་མཚོ་བསྲེས་ལ་མདའ་རོས་བགོ། ཐོབ་པ་སྟེང་བྱིན་ཚེས་ཟླར་འགྱུར། །ཞེས་སོ། །

ཞག་བཤད་པ།

ཐ་སྙད་སྤྱིར་བཤད་པ།


MLP005_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཞག་བཤད་པ་ལ། ཐ་སྙད་སྤྱིར་བསྟན་པ་དང་། དབྱེ་བ་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཞག་ལ་རིགས་གསུམ་དུ་འགྱུར་ཏེ། ཉིན་ཞག །ཚེས་ཞག །ཁྱིམ་ཞག་གསུམ་དུ་ངེས་པའི་ཕྱིར། དེ་ལ་ཉིན་ཞག་ནི། རེས་གཟའི་འཕོ་མཚམས་སམ་ཉི་མས་གླིང་ལ་བྱ་བ་བྱེད་ཚུལ་གྱི་སྒོ་ནས་འཇོག་པ་ཡིན་ཏེ། ད་ལྟ་ཡོངས་གྲགས་ལྟར་གླིང་འདིར་ད་ནངས་ནམ་ལངས་ནས་སང་ནམ་མ་ལངས་མཚམས་ཀྱི་བར་ལ་ཞག་རེར་བྱས་པ་འདི་ལ་འཇོག་ཅིང་། དེ་ཉིད་ལ་མིའི་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པར་གསུངས་ལ། དེ་ཆུ་སྲང་དུ་དྲིལ་ན་སུམ་སྟོང་དྲུག་བརྒྱ། དེའང་ཆུ་ཚོད་དུ་དྲིལ་ན་ཆུ་ཚོད་དྲུག་ཅུ་རེ་ཡོད་པའི་ཕྱིར། ཚེས་ཞག་ནི། ཟླ་བའི་ཆ་སྐྱེ་འབྲིའི་སྒོ་ནས་འཇོག་སྟེ། ཡར་ངོ་ལ་འཕེལ་ཆ་བཅོ་ལྔ་དང་། མར་ངོ་ལ་འགྲིབ་ཆ་བཅོ་ལྔ་ཡོད་ཅིང་། འཕེལ་འགྲིབ་ཀྱི་ཆ་བཅོ་ལྔ་བཅོ་ལྔར་ཕྱེ་བའི་ཆ་རེའི་ཡུན་ལ་ཞག་གཅིག་ཏུ་འཇོག་པ་གང་ཞིག །དེ་ཉིད་ལ་ཆུ་ཚོད་ང་དགུ། སྲང་གསུམ། དབུགས་བཞི། དབུགས་ཀྱི་རི་མཁའ་རི་ཆ་བཅུ་དྲུག་རྣམས་ཡོད་པའི་ཕྱིར། ཁྱིམ་ཞག་ནི། ཉི་བར་གྱི་ཁྱིམ་རེ་འཕོ་བའི་སུམ་ཅུ་ཆ་རེར་འཇོག་སྟེ། ཁྱིམ་རེ་རྫོགས་པར་སྤྱོད་པའི་ཡུན་ལ་ཁྱིམ་ཞག་སུམ་ཅུ་སུམ་ཅུ། དེ་རེ་རེ་ལ་ཡུན་ཚད། ཆུ་ཚོད་དྲུག་ཅུ། སྲང་ང་གཉིས། དབུགས་བཞི། རི་མཁའ་རི་ཆ་བརྒྱ་རེ་བརྒྱད། དེའི་འདོད་ཆ་བཅུའམ་མདའ་རོ་ཆ་ལྔ་བཅུ་རྣམས་ཡོད་པའི་ཕྱིར། དེ་ལྟར་ན་ཁྱིམ་ཞག་ཡུན་རིང་། ཉིན་ཞག་འབྲིང་། ཚེས་ཞག་ཐུང་བའི་ཕྱིར། ལོངས་སྤྱོད་དེས་བརྩམ་པའི་ཞག་གྲངས་འདྲེན་པའི་ཚེ། ཁྱིམ་ཞག་གྲངས་ཉུང་།
ཉིན་ཞག་འབྲིང་། ཚེས་ཞག་མང་བར་འགྱུར་ཏེ། གཞལ་བྱའི་ཕུང་པོ་གཅིག་ལ་འཇལ་བྱེད་ཆེ་འབྲིང་ཆུང་གསུམ་གྱིས་གཞལ་བ་ན་ཆུང་རིམ་ནས་གྲངས་མང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པའི་ཕྱིར། དེས་ན་ཉི་མས་རྒྱུ་སྐར་འཁོར་བའི་ཡུན་ཚད་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུའི་ཕུང་པོ་གཅིག་ཉིད་ལ། ཉིན་ཞག་གི་ཚད་ཀྱི་གྲངས་ནི། ཞག་སུམ་བརྒྱ་རེ་ལྔ། ཆུ་ཚོད་བཅུ་དྲུག །སྲང་བཅུ་བཞི། དབུགས་གཅིག །འདོད་ཆ་བཅུ་གཉིས། རི་མཁའ་རི་ཆ་བརྒྱ་ཉེར་གཅིག་རྣམས་སུ་འགྱུར་ལ། གལ་ཏེ་ཚེས་ཞག་གི་ཚད་ཀྱི་གྲངས་ནི། ཞག་སུམ་བརྒྱ་དོན་གཅིག །ཆུ་ཚོད་བཞི། སྲང་སོ་དྲུག །དབུགས་ལྔ། འདོད་ཆ་བདུན་རྣམས་འོང་བ་ཡིན་ནོ། །

དབྱེ་བ་རྒྱས་པར་བཤད་པ།

ལོངས་སྤྱོད་ལས་ལོངས་སྤྱོད་འཚོལ་བའི་རིགས་པས་ཞག་གསུམ་གྱི་ཚད་རྣམ་པར་བཞག་པ།


MLP005_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། ལོངས་སྤྱོད་ལས་ལོངས་སྤྱོད་འཚོལ་བའི་རིགས་པས་ཞག་གསུམ་གྱི་ཚད་རྣམ་པར་བཞག་པ། ཞག་གྲངས་ཐ་དད་པའི་དབང་གིས་དཀྱིལ་འཁོར་གསུམ་དུ་རྣམ་པར་བཞག་པ། དེ་གསུམ་ཉི་མའི་དཀྱིལ་འཁོར་དུ་འགྱུར་ཚུལ་བཤད་པས་དོན་བསྡུ་བའོ། །དང་པོ་ལ། ཉིན་ཞག་ལས་བརྩམས་ཏེ་ལུགས་འབྱུང་དང་། རྩ་རྒྱུད་ལས་དཀྱིལ་འཁོར་གསུངས་པའི་རིམ་པ་དང་མཐུན་པར་དེ་ལས་ལྡོག་སྟེ་འཚོལ་ཚུལ་ལོ། །དང་པོ་ནི། ཞག་གྲངས་བརྩི་བ་ན་སྐྱེ་བོ་ཐམས་ཅད་ཉིན་མཚན་གྱིས་ཕྱེ་བའི་ཞག་དུ་སོང་འདྲེན་པ་ལྟར། ཐོག་མར་ཉིན་ཞག་ལས་བརྩམས་ཏེ་འཚོལ་ན། ཉིན་ཞག་ཕྲུག་རེ་ལ་ཆུ་ཚོད་དྲུག་ཅུ་དང་། དེ་དབུགས་སུ་གསིལ་ན་ཉི་ཁྲི་ཆིག་སྟོང་དྲུག་བརྒྱར་ངེས་ཏེ། ཉིན་ཞག་གཅིག་གི་དུས་ལོངས་སོ། །དེ་ལས་ཚེས་ཞག་གི་ཚད་འཚོལ་བའི་རིགས་པ་ནི། ཉིན་ཞག་གི་དབུགས་གྲངས་དེ་ཉིད་རི་མཁའ་རིས་བསྒྱུར་བའི་ཚོགས་གནས་གསུམ་དུ་བཀོད་ལ། འོག་ནས་རི་མཁའ་རི་དང་། །ཆུ་རོས་དྲིལ་བའི་ལྷག་མེད་ཅིང་། ནོར་དེས་སྟེང་མར་སྦྱངས་པས་ཚེས་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར་ཏེ། རི་མཁའ་རི་སོགས་འཁོར་ལོས་ཕུད་པས་ཚེས་ཞག་གི་ཚད་༠རྣམ་པར་དག་པ་འཆར་རོ། །དེ་ལྟར་ཉིན་ཞག་གཅིག་གི་རེ་བཞི་ཆ་དང་། དེའི་རི་མཁའ་རི་ཆ་བསྡོམས་པས་ཚེས་ཞག་ལ་བུ་ལོན་དུ་འགྲོ་བའི་རྒྱུ་མཚན་ཡང་འདི་ཡིན་ཏེ། ཉིན་ཞག་ལ་ཚེས་ཞག་གིས་ཕྲི་བས་ལྷག །ཆུ་སྲང་ང་དྲུག །དབུགས་གཅིག །རི་མཁའ་རི་ཆ་དྲུག་བརྒྱ་


MLP005_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

གོ་གཅིག་རྣམས་ལུས་པ་དེ་ཉིད་ཚེས་ཞག་དང་ཉིན་ཞག་གཉིས་ཀྱི་བར་ཁྱད་ཡིན་པ་གང་ཞིག །དེ་ཉིན་ཞག་གི་ལོངས་སྤྱོད་ལ་ཆུ་རོས་བགོས་པའི་ནོར་༠དང་། དེ་ལ་རི་མཁའ་རིས་བགོས་པའི་ནོར་༠གཉིས་གནས་མཚུངས་སུ་བསྲེས་པ་ལས་དེ་ལྟར་འབྱུང་བའི་ཕྱིར་རོ། །ཡང་དེ་ལས་ཁྱིམ་ཞག་གི་ཚད་འཚོལ་བ་ན། ཚེས་ཞག་གི་ཚད་དེ་རི་མཁའ་རིའི་བར་དུ་གསིལ་བ་གནས་གཉིས་སུ་བཞག་པའི་འོག་མ་གཉིས་ཀྱིས་བསྒྱུར་ལ་མདའ་རོས་བགོས་པས་ལྷག་ལྔ་བཅུ་ལུས་ཤིང་། ཐོབ་ནོར་སྟེང་དུ་བསྲེས་པས་ཁྱིམ་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར། དེ་སྔར་གསིལ་བའི་ཆས་དྲིལ་བས་ཁྱིམ་ཞག་གི་ཚད་༠རྣམ་པར་དག་པ་འཆར་རོ། །ཆོ་ག་དེ་ལྟར་བྱས་པའི་རྒྱུ་མཚན་ཡང་ཡོད་དེ། ཁྱིམ་ལོངས་ལ་ཚེས་ལོངས་ཀྱིས་ཕྲི་བས་ལྷགཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ། དབུགས་ཐིག །རི་མཁའ་རི་ཆ་བརྒྱ་ང་གཉིས། རེ་ལྔ་ཆ་ལྔ་བཅུ་ལུས་པ་དེ་ཞག་གཉིས་པོའི་བར་ཁྱད་དུ་ངེས་པ་གང་ཞིག །དེ་ཚེས་ཞག་རྟག་ལོངས་ལ་རེ་ལྔས་བགོས་པའི་ནོར་༠ཉིས་འགྱུར་དུ་བྱས་པའམ། ཡང་ན་ཕྱེད་བཅས་སོ་གཉིས་ཆ་སྟེ་ཚེས་ལོངས་གཉིས་ཀྱིས་བསྒྱུར་བ་ལ། མདའ་རོས་རིམ་པར་བགོས་པས་བར་ཁྱད་དེ་ཉིད་འབྱུང་བའི་ཕྱིར། འདིར་ཕྱེད་བཅས་སོ་གཉིས་ཀྱིས་བགོད་མ་བདེ་བས་ཕྱེད་པར་བྱས་པ་སོགས་ནི་ཟླ་དག་གི་སྐབས་སུ་བཤད་པ་ལྟར་རོ། །གཉིས་པ་ནི། ཉི་མའི་ཉིན་ཞག་དཀྱིལ་འཁོར་ལ་ཁྱིམ་ཞག་དཀྱིལ་འཁོར་གྱིས་རིམ་པར་བགོས་པས་ཁྱིམ་ལོངས་༠རྣམ་དག་འཆར་རོ། །དེ་ལྟར་རིགས་པའང་ཡིན་ཏེ། ཆུ་ཚོད་དྲུག་ཅུ་ལ་ཞག་ཏུ་བྱས་པའི་དུས་ཀྱི་ལོངས་སྤྱོད་ལོ་གཅིག་གི་བར་དུ་སྤུངས་པའི་ཉིན་ཞག་དཀྱིལ་འཁོར་ལས། ལོ་གཅིག་གི་ཁྱིམ་ཞག་གི་ཕུང་པོས་རང་གི་ཐོབ་སྐལ་བླངས་པ་ངེས་པའི་ཕྱིར། དེ་ལས་ཚེས་ཞག་གི་ཚད་འཚོལ་ན། ཁྱིམ་ལོངས་རི་མཁའ་རིའི་བར་གསིལ་བ་གནས་གཉིས་སུ་བྱས་པའི་འོག་མ་མིག་གིས་བསྒྱུར་ནས། རི་རོས་བགོས་པའི་ནོར་གྱིས་གནས་སྟེང་མར་ཕྲི་ལྷག་ཚེས་ཞག་གི་ཆ་ཡི་ཕུང་པོར་འགྱུར་བའི་ཕྱིར། དེ་སྔར་གང་དུ་བཤིག་པའི་ཆ་ཤས་ནས་བརྩམས་ཏེ་འཁོར་ལོས་དྲིལ་བས་ཚེས་ཞག་གི་ཚད་༠འཆར་རོ། །དེ་ལྟར་འཆར་བའི་ཤེས་བྱེད་ཡོད་དེ། ཞག་གཉིས་པོའི་


MLP005_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཁྱད། ཆུ་ཚོད་གཅིག །སྲང་ཞེ་དགུ། དབུགས་ཐིག །འདོད་ཆ་གཉིས། རི་མཁའ་རི་ཆ་ལྔ་བརྒྱ་དོན་གཉིས་ཡོད་པ་གང་ཞིག །དེའི་ཁྱིམ་ལོངས་ལ་རེ་བདུན་གྱིས་ཕྱེ་བའི་ནོར་༠ཉིས་འགྱུར་དུས་བྱས་པའམ། ཡང་ན་ཕྱེད་བཅས་སོ་གཉིས་ཆ་སྟེ་ཁྱིམ་ལོངས་ཉིས་འགྱུར་ལ་རི་རོས་ཕྱེ་ན་ཡང་བར་ཁྱད་དེ་ལྟར་འབྱུང་བའི་ཕྱིར། ཡང་དེ་ལས་ཉིན་ཞག་གི་ཚད་འཚོལ་ན། ཚེས་ལོངས་ཆ་ཤས་ཀྱི་བར་དུ་གསོལ་བ་གནས་བཞིར་བཞག་ལ། འོག་ནས་འབྱུང་འདོད་དྲག་པོ་དང་། རོ་བུག་རོ་དང་། མེ་རོ་རྣམས་ཀྱིས་དྲིལ་བའི་ཐོབ་ནོར་སྟེང་མར་བསྲེས་པའི་ཚོགས་དེ་ཉིན་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར། དེ་རི་མཁའ་རི་དང་། འདོད་པ་སོགས་ཀྱིས་ཆུ་ཚོད་ཀྱི་སར་དྲིལ་བས་གནས་འོག་མ་ཀུན་སྟོང་ནས་ཆུ་ཚོད་དུ་དྲུག་ཅུ་འོང་སྟེ་ཉིན་ཞག་གི་ཚད་༠རྣམ་པར་དག་པའོ། །ཆོ་ག་དེ་ལྟར་རིགས་པའི་རྒྱུ་མཚན་ནི་འདི་ཡིན་ཏེ། ཞག་གཉིས་པོའི་བར་ཁྱད་ལ། སྲང་ང་དྲུག །དབུགས་གཅིག །འདོད་ཆ་བཅུ་གཉིས། རི་མཁའ་རི་ཆ་བཞི་བརྒྱ་གོ་དགུ་རྣམས་ཡོད་པ་གང་ཞིག །དེ་ཚེས་ཞག་གཅིག་གི་རེ་གསུམ་ཆ་༠དང་། དེའི་རོ་བུག་རོ་ཆ་༠དང་། དེའི་ཡང་འབྱུང་འདོད་དྲག་ཆ་༠རྣམས་གནས་མཚུངས་སུ་བསྲེས་པ་ལ། རོ་བུག་རོ་དང་། མེ་རོ་དང་། རི་མཁའ་རི་སོགས་འཁོར་ལོས་དྲིལ་བས་བར་ཁྱད་དེ་ལྟར་འབྱུང་བའི་ཕྱིར་རོ། །དེ་ལྟར་ནའང་། ཁྱིམ་ཚེས་ཀྱི་རྟག་ལོངས་ལུགས་ལྡོག་གིས་བཙལ་བའི་རིགས་པ་འདི་དང་། གོང་དུ་ལུགས་འབྱུང་གི་རིགས་པས་བཙལ་བའི་ལོངས་སྤྱོད་གཉིས་ཆ་ཤས་ཀྱི་རི་མོའི་རྣམ་འགྱུར་མི་འདྲ་ཡང་དོན་འདྲ་བ་སྟེ། ཁྱིམ་ཞག་གི་ཆ་གོང་འོག་གཉིས་གནས་གཅིག་ཏུ་བསྡུས་ན་མཚོ་བུག་གཟུགས་མིག་འོང་བར་མཚུངས་པའི་ཕྱིར་རོ། །དེས་མཚོན་ནས། གཞི་གང་དང་གང་ལའང་དང་པོར་ཡོད་པའི་གནས་གློ་བུར་དུ་བསྡུ་བ་དང་། མེད་པ་གློ་བུར་དུ་བཟོ་བའི་རིགས་པ་གོང་འོག་ཀུན་ཏུ་འཁྱེར་ཤེས་པར་བྱ་སྟེ། དེ་ལས་དང་པོ་ནི། གོང་མ་འོག་མའི་འཁོར་ལོས་བསྒྱུར་ལ་རང་ཆ་བཅུག་ནས། གོང་མའི་འཁོར་ལོས་བགོས་པས་ལྷག་མ་མ་ལུས་ན་རང་གནས་སུ་བསྡུས་པར་སོང་སྟེ། དཔེར་ན། ཚེས་ལོངས་ཀྱི་ཆུ་སྲང་དང་། རི་མཁའ་རི་ཆའི་བར་དུ་དབུགས་
མེད་པར་བྱེད་ན། དབུགས་བཞི་པོ་རི་མཁའ་རིས་བསྒྱུར་ལ་བཅུ་དྲུག་པོ་བཅུག །དེ་ལ་དབུགས་ཀྱི་འཁོར་ལོ་དྲུག་གིས་བགོས་ནོར་ཆུ་རི་རྒྱ་མཚོ་འོང་སྟེ། ཆུ་སྲང་གཅིག་གི་རི་མཁའ་རི་ཆའོ། །གཉིས་པ་ནི། གནས་འོག་མ་དེ་གང་བཟོ་འདོད་པའི་ཆའི་འཁོར་ལོས་བསྒྱུར་ལ། འོག་མའི་འཁོར་ལོས་བགོས་པའི་ཐོབ་པ་ནི། གློ་བུར་དུ་བཟོས་པའི་འཁོར་ལོའི་ཆ་དང་། ལྷག་མ་ནི་དེའི་ཆ་གཅིག་གི་འོག་མའི་རང་ཆར་གནས་པ་ཡིན་ཏེ། དཔེར་ན། ཚེས་ལོངས་ཀྱི་དབུགས་དང་། རི་མཁའ་རིའི་བར་དུ། འདོད་ཆ་གློ་བུར་དུ་འདོན་ན། བཅུ་དྲུག་པོ་འདོད་པས་བསྒྱུར་ལ་རི་མཁའ་རིས་ཐོབ་པ་ཐིག་ལེ་ནི་འདོད་ཆ་དང་། ལྷག་ཀླུ་མཁའ་མིག་ནི་དེའི་རི་མཁའ་རི་ཆའོ། །དེ་བཞིན་དུ་ཆ་འོག་མ་མེད་པར་བྱས་ཏེ། གོང་མ་ལས་སྟེང་དུ་ཆ་གང་འདོད་གློ་བུར་དུ་འདོན་ནའང་། གོང་མ་སྟེང་དུ་གང་འདོན་གྱི་འཁོར་ལོས་བསྒྱུར། སྒྱུར་བྱེད་དེས་འོག་མའི་འཁོར་ལོ་གང་ཡིན་ལ་བགོས་པས་ལྷག་མེད་དུ་སོང་ན། དེའི་ཐོབ་ནོར་དེ་འོག་མའི་གནས་ལ་བགོས་པའི་ནོར་རམ། གལ་ཏེ་ལྷག་མེད་དུ་མ་སོང་ན། འོག་མའི་གནས་ན་གང་ཡོད་དེ་ཉིད་ལ་བསྲེས་ནས་རང་གནས་ཀྱི་འཁོར་ལོས་ཕུད་པས་ཐོབ་ནོར་གྱི་ཆ་གློ་བུར་དུ་ཐོན་ཅིང་། གནས་འོག་མ་བསྡུ་ཐུབ་པ་སྟེ། ཁྱིམ་ལོངས་གོང་མའི་ལུགས་འབྱུང་གི་ཆ་ཤས་ལ་དཔེར་མཚོན་ན། མདའ་རོ་ལ་འདོད་པས་ཕྱེ་བས་ནོར་ལྔ་འོང་བ་དེ་མདའ་རོ་ཆ་ལྔའམ་བཅུ་གསུམ་ཆ་གཅིག་ཡིན་པའི་ཕྱིར། དེས་མདའ་རོ་ཆ་ལྔ་བཅུ་ལ་བགོས་ནོར་བཅུ་ཐོབ་པ་དེ། བརྒྱ་རེ་བརྒྱད་འདོད་པས་བསྒྱུར་བ་ལ་སྦྱིན་པས་རེ་ཞིག་འདོད་ཆའི་ཕུང་པོར་འགྱུར་ལ། དེ་ལ་འོག་མའི་ཆ་གང་བྱེད་ཀྱི་འཁོར་ལོ་རི་མཁའ་རིས་བགོས་པས་ནོར་གསུམ་ཐོབ་པ་འདོད་པའི་ཆ་དང་། ལྷག་བདུན་ཅུ་དོན་གསུམ་པོ་རི་མཁའ་རི་ཆ་ཡིན་པ་བཞིན་ནོ། །

ཞག་གྲངས་ཐ་དད་པའི་དབང་གིས་དཀྱིལ་འཁོར་གསུམ་དུ་རྣམ་པར་བཞག་པ།

དཀྱིལ་འཁོར་གསུམ་དུ་རྣམ་པར་བཞག་པ་དངོས།


MLP005_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་དཀྱིལ་འཁོར་གསུམ་གྱི་རྣམ་གཞག་ལ། དངོས་དང་། དེས་ཟླ་བཤོལ་དང་ཞག་མི་ཐུབ་པ་བཤད་པའོ། །དང་པོ་ལ། ལུགས་འབྱུང་དང་། དེ་ལས་ལྡོག་སྟེ་འཚོལ་ཚུལ་གཉིས་ལས། དང་པོ་ནི། རྩ་རྒྱུད་དུ་གསུངས་པའི་གོ་རིམ་ལྟར་ཐོག་མར་ཁྱིམ་ཞག་ལས་


MLP005_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

བརྩམས་ཏེ་བཤད་ན། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་ནི། དེའི་དཀྱིལ་འཁོར་ཡིན་ཏེ་ཉི་མའི་རང་འགྲོས་ཀྱིས་རྒྱུ་སྐར་གྱི་དཀྱིལ་འཁོར་འཁོར་བའི་གྲངས་ཆད་ལྷག་དང་བྲལ་བར་ལུང་རིགས་ཚད་མས་གྲུབ་པའི་ཕྱིར། ལུང་གིས་གྲུབ་སྟེ། རྩ་རྒྱུད་ལས། ལོ་གཅིག་མཁའ་དུས་མེས་བསྒྱུར་ཏེ། ཞེས་གསུངས་པས་སོ། །ས་རིས་ཀྱི་རིག་པས་ཀྱང་གཏན་ལ་ཕེབས་ཏེ། ཉི་མས་ཁྱིམ་ཞག་རེ་ལ་ཡུལ་སྟེང་ནས་སྤྱོད་པའི་རྟག་ལོངས་༠ཆུ་སྲང་གི་ཕུང་པོར་བྱས་པས། བགྲོད་གཞི་རྒྱུ་སྐར་གྱི་ཆུ་ཚོད་སྟོང་དྲུག་བརྒྱ་ཉི་ཤུ་པོ་ཤེད་མཚུངས་སུ་བྱས་པ་ལ། བགོས་པས་ཁྱིམ་ཞག་དཀྱིལ་འཁོར་རྣམ་དག་༣༦༠འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་ཉིན་ཚེས་གཉིས་ལའང་མཚོན་ཏེ། རང་རང་གི་ཡུལ་ལོངས། ༠༠བུག་མཁའ་མིག་བུག་ཡིད་དང་། ༦༦༡༧༥༢ཆུ་འདོད་ཆར་དྲིལ་བས། ༥༨༥རྒྱུ་སྐར་ཆུ་ཚོད་ཤེད་མཚུངས་བྱས་པ་ལ་བགོས་པས། སོ་སོའི་དཀྱིལ་འཁོར་འཆར་བར་འགྱུར་རོ། །དེ་ནས་ཁྱིམ་ཞག་དཀྱིལ་འཁོར་ལས་ཚེས་ཞག་གི་དཀྱིལ་འཁོར་འཚོལ་ན། ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ་གནས་གཉིས་སུ་བྱས་ཏེ། འོག་མ་མིག་གིས་བསྒྱུར་ནས་མདའ་རོས་རྙེད་པ་སྟེང་མར་སྦྱིན་པས་ལོ་གཅིག་གི་ཚེས་ཞག་གི་གྲངས་སྟོན་ལ། ལྷག་མར་ལྔ་ལུས་པ་ནི། ཚེས་ཞག་གཅིག་གི་བཅུ་གསུམ་ཆ་གཅིག་དང་། མདའ་རོ་ཆ་ལྔའི་གཞི་མཐུན་གྱི་ཚད་ཡིན་ཏེ། ཚེས་ཞག་གཅིག་གི་བཅུ་གསུམ་ཆའི་ལྔ་ཆ་གཅིག་དང་། མདའ་རོ་ཆ་གཅིག་དོན་གཅིག་པའི་ཕྱིར་རོ། །དེས་ན་ལྷག་མ་དེ་འདོད་པས་བསྒྱུར་ནས། མདའ་རོས་བགོས་པས་བཅུ་གསུམ་ཆ་གཅིག་ཐོབ་སྟེ་དག་མོད་ཀྱི། དེ་ལྟ་ནའང་རྩ་རྒྱུད་ལས། གནས་གཉིས་འོག་མ་མིག་གིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །སྟེང་གི་ཕུང་པོར་ནོར་དུ་སྦྱིན། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ཡི་འོག་ཏུ་ཡང་། །སླར་ཡང་ལྷག་མ་དྲུག་ཅུས་བསྒྱུར། །ཆ་ཐོབ་དེ་ལས་ཀྱང་འོག་སྟེ། །སླར་ཡང་ལྷག་མ་དྲུག་གིས་བསྒྱུར། །དྲུག་ཅུ་རྩ་ལྔས་བགོས་ཐོབ་པ། །དབུགས་ཀྱི་ཚོགས་ཏེ་མི་ཡི་བདག །དེ་ཡི་ཡང་ནི་འོག་ཏུ་བཞག །ཅེས་དབུགས་ཀྱི་བར་གསུངས་ཤིང་། ད་དུང་དབུགས་ཀྱི་ལྷག་སོ་ལྔ་ལུས་པ་དེར་འདོད་ཆར་བྱས་པས་ལྷག་མ་མེད། ༣༧༡


MLP005_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ཚེས་ཞག་གི་དཀྱིལ་འཁོར་རྣམ་པར་དག་པའོ། །ཆོ་ག་དེ་ལྟར་བྱེད་པའི་རྒྱུ་མཚན་ཡང་། ཁྱིམ་ཞག་ཕྱེད་བཅས་སོ་གཉིས་ན། ཚེས་ཞག་གི་གྲངས་གཅིག་ལྷག་པར་ལོངས་པའི་དོན་གྱིས་ཡིན་ཏེ། ཁྱིམ་ཚེས་ལོངས་སྤྱོད་ཀྱི་བར་ཁྱད། ཆུ་ཚོད་གཅིག །སྲང་ཞེ་དགུ། དབུགས་ཐིག །འདོད་ཆ་གཉིས། རི་སོགས་ཆ་ལྔ་བརྒྱ་དོན་གཉིས་པོ་གནས་གཉིས་བཀོད་པའི། གཅིག་གི་གནས་ཐམས་ཅད་སོ་གཉིས་ཀྱིས་བསྒྱུར་༠དང་། གཅིག་ལ་མིག་གིས་རིམ་པར་བགོས་པའི་ནོར་༠གཉིས་གནས་མཚུངས་སུ་བསྲེས་པས་ཚེས་ཞག་གཅིག་ཏུ་༠ལོངས་པའི་ཕྱིར་རོ། །འདིར་ཚེས་ཞག་དཀྱིལ་འཁོར་གྱི་རྗེས་འབྲང་། ཆུ་ཚོད་བཞི། སྲང་སོ་དྲུགདབུགས་ལྔ། འདོད་ཆ་བདུན་རྣམས་ཞག་རེར་ཆུ་ཚོད་དྲུག་ཅུར་བྱས་པ་ལྟ་བུའི་ཆུ་ཚོད་སོགས་མཚན་ཉིད་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། གལ་ཏེ་ཡིན་ན། ཚེས་ཞག་གཅིག་གི་ཚད་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པའི་གནས་ཐམས་ཅད་སུམ་བརྒྱ་དོན་གཅིག་གིས་བསྒྱུར་བ་ལ། དཀྱིལ་འཁོར་གྱི་རྗེས་འབྲང་། ཆུ་ཚོད་བཞི། སྲང་སོ་དྲུག་སོགས་གནས་མཚུངས་སུ་བསྲེས་ཏེ་འཁོར་ལོར་དྲིལ་བས་ཉིན་ཞག་དཀྱིལ་འཁོར་རྗེས་འབྲང་དང་བཅས་པ་འབྱུང་རིགས་པ་ལས། དེ་ལྟར་མི་འབྱུང་བ་རི་མོས་སྟོན་པའི་ཕྱིར་རོ། །དེས་ན་ཆུ་ཚོད་མཚན་ཉིད་པའི་དབང་དུ་བྱས་ན། སྔར་ཁྱིམ་ཚེས་གཉིས་ཀྱི་དཀྱིལ་འཁོར་གྱི་བར་ཁྱད་ཞག་ཐོབ་ཀྱི་ལྷག་ལྔ་ལུས་པ་དེ། ཚེས་ཞག་གཅིག་གི་བཅུ་གསུམ་ཆ་གཅིག་ཡིན་པའི་རྒྱུ་མཚན་གྱིས། འདིར་ཚེས་ཞག་གི་ཚད་ཆུ་ཚོད་ང་དགུ་རྗེས་འབྲང་དང་བཅས་པ་བཅུ་གསུམ་གྱིས་རིམ་པར་ཕྱེ་བས། ཆུ་ཚོད་བཞི། སྲང་སོ་གཉིས། དབུགས་གསུམ། འདོད་ཆ་བདུན། རི་མཁའ་རི་ཆ་བཅུ་དྲུག་རྣམས་འོང་བ་ཡིན་ཏེ། ཚེས་ཞག་གི་ཚད་དེ་སུམ་བརྒྱ་དོན་གཅིག་གིས་བསྒྱུར་བ་ལ། དེ་རྣམས་སྦྱིན་ཏེ་འཁོར་ལོས་དྲིལ་བས་ཉིན་དཀྱིལ་རྣམ་དག་༣༦༥འཆར་བའི་ཕྱིར་རོ། །འོ་ན་ཆུ་སྲང་སོ་དྲུག་སོགས་མེད་པ་ལ་ཡོད་པར་བྱས་པས་དཀྱིལ་འཁོར་མ་དག་གོ་སྙམ་ན། སྐྱོན་མེད་དེ། ཚེས་ཞག་གི་ཚད་ཆུ་ཚོད་ང་དགུ་སོགས་ཀྱི་བདག་ཉིད་ཅན་གྱི་ཚེས་ཞག་དཀྱིལ་འཁོར་ཞག་སུམ་བརྒྱ་དོན་གཅིག་དང་། དེ་འདྲའི་ཞག་གི་བཅུ་གསུམ་


MLP005_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཆ་གཅིག་ཡིན་ཡང་། ཞག་གཞན་གཉིས་ཀྱི་གྲངས་ལས་ཚེས་ཞག་གི་གྲངས་དང་། ཚེས་ཞག་གི་གྲངས་ལས་གཞན་གཉིས་ཀྱི་གྲངས་འཚོལ་བའི་ཚེ། ཆུ་ཚོད་ང་དགུ་ལ་སོགས་པའི་བདག་ཉིད་ཅན་དུ་གྱུར་པའི་ཚེས་ཞག་རེ་ལ་ཆུ་ཚོད་དྲུག་ཅུ་དང་། དེ་འདྲའི་ཆུ་ཚོད་རེ་ལ་སྲང་དྲུག་ཅུ་ལ་སོགས་པར་བྱས་ན་རྟག་ལོངས་ལ་སོགས་པའི་སྐབས་དོན་གྱི་གྲུབ་འབྲས་ལ་སྐྱོན་ཆེར་མི་བསྐྱེད་ཅིང་། གནས་སྐབས་སུ་བྱ་སླ་བའི་དགོས་པ་གཟིགས་ནས་དེར་མཛད་པའི་ཕྱིར་རོ། །ཡང་ཚེས་ཞག་དཀྱིལ་འཁོར་ལས་ཉིན་ཞག་དཀྱིལ་འཁོར་འཚོལ་ན། རྒྱུད་དུ་ཚེས་དཀྱིལ་དབུགས་ཡན་མ་གཏོགས་འདོད་ཆར་གསིལ་བ་དངོས་སུ་ུམ་གསུངས་ཀྱང་དོན་གྱིས་ཐོབ་ཅིང་། འདོད་ཆའི་ཕུང་པོ་དེ་ཡང་རི་མཁའ་རིས་བསྒྱུར་དགོས་ཏེ། གནས་གསུམ་གྱི་འོག་མ་ལྷག་མེད་དུ་བྱེད་པའི་རིགས་པ་ཡིན་པའི་ཕྱིར། དེ་ལྟར་ཚེས་དཀྱིལ་རི་མཁའ་རིར་གསིལ་བའི་ཕུང་པོ་དེ་གནས་གསུམ་དུ་བྱས་ལ། འོག་ནས་རི་མཁའ་རི་དང་། ཆུ་རོས་དྲིལ་བས་ལྷག་མེད་ཅིང་། ཐོབ་ནོར་གྱིས་གནས་སྟེང་མ་ལ་སྦྱངས་པས་ཉིན་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར། དེ་རི་མཁའ་རི་སོགས་སྔར་གང་དུ་བཤིག་པའི་ཆའི་འཁོར་ལོས་ཞག་སར་དྲིལ་བས་ཉིན་ཞག་གི་དཀྱིལ་འཁོར་༣༦༥རྣམ་དག་འཆར་བ་ཡིན་ནོ། །འདིར་ཆོ་ག་དེ་ལྟར་བྱས་པའི་ཤེས་བྱེད་ཀྱང་། ཚེས་ཞག་རེ་བཞིན་ཉིན་ཞག་རེ་ཆད་པར་མ་ཟད། ཉིན་ཞག་གི་རི་མཁའ་རི་ཆ་དེ་ཡང་ཆད་ཡོད་པའི་དོན་གྱིས་ཡིན་ཏེ། ཉིན་ཚེས་ལོངས་སྤྱོད་ཀྱི་བར་ཁྱད། ཆུ་སྲང་ང་དྲུག །དབུགས་གཅིག །རི་མཁའ་རི་ཆ་དྲུག་བརྒྱ་གོ་གཅིག་གི་གནས་ཐམས་ཅད་རེ་བཞིས་བསྒྱུར་ཏེ་དྲིལ་བས། ཆུ་ཚོད་དྲུག་ཅུ། སྲང་ལྔ། དབུགས་ཐིག །རི་མཁའ་རི་ཆ་མཁའ་བུག་ཡོན་ཏན་རྣམས་འོང་བ་གང་ཞིག །དེའི་ཆུ་ཚོད་དྲུག་ཅུ་པོ་ཉིན་ཞག་གཅིག་གི་ཚད་དང་། རྗེས་འབྲང་རྣམས་ཉིན་ཞག་གི་རྟག་ལོངས་ལ་རི་མཁའ་རིས་ཕྱེ་བའི་ཐོབ་ནོར་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་རྩ་རྒྱུད་ལས། ཉིན་ཞག་ཆུ་ཚོད་ཆུ་སྲང་རྣམས། དབུགས་སུ་བྱས་ནས་རྣམ་གསུམ་སླར། །འོག་མ་རི་མཁའ་རིས་ཐོབ་པ། །དབུགས་ཀྱི་ཕུང་པོར་ནོར་དུ་ཕྱིན། །དེ་ལ་དྲུག་ཅུ་རྩ་བཞིས་ཐོབ། །སྟེང་གི་ཕུང་པོར་


MLP005_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བུ་ལོན་འཕྲོག །ལྷག་མ་འདིར་ནི་ཉིན་ཞག་དང་། །ཆུ་ཚོད་ཆུ་སྲང་དག་དང་དབུགས། །ཞེས་སོ། །གཉིས་པ་ལུགས་ལྡོག་གི་འཚོལ་ཚུལ་ནི། ཁྱིམ་ཞག་གི་ཚད་ཀྱི་༠གནས་ཐམས་ཅད་ཁྱིམ་དཀྱིལ་གྱིས་བསྒྱུར་ཏེ་དྲིལ་བས་ཉིན་ཞག་གི་དཀྱིལ་འཁོར་༣༦༥འཆར་ཞིང་། ༧མིག་ཀླུ་མེ་སྐྱོན་གྱི་ཆས་བསྡུས་པའི་ཉིན་ཞག་དཀྱིལ་འཁོར་༣༦༥ཡིན། མཆན། དེ་ལས་ཚེས་ཞག་གི་དཀྱིལ་འཁོར་འཚོལ་ན། ཉིན་དཀྱིལ་ཆ་ཕྲ་མོའི་བར་གསིལ་བའི་ཚོགས་གནས་བཞིར་བཞག་ལ། འོག་ནས་འབྱུང་འདོད་དྲག་པོ་དང་། རོ་བུག་རོ་དང་། མེ་རོ་རྣམས་ཀྱིས་དྲིལ་བའི་ནོར་སྟེང་མར་སྦྱིན་པས་ཚེས་ཞག་གི་ཆའི་ཚོགས་སུ་འགྱུར་ལ། དེ་སྔར་གོང་དུ་གསིལ་བའི་འཁོར་ལོས་ཞག་སར་ཕུད་པས་ཚེས་དཀྱིལ་༣༧༡འཆར་ཏེ། ༧འདོད་ཆར་བསྡུས་པའི་ཚེས་དཀྱིལ་༣༧༡ཡིན། མཆན། དེའི་ཤེས་བྱེད་ཀྱང་། ཉིན་ཚེས་ཀྱི་བར་ཁྱད། ཆུ་སྲང་ང་དྲུག །དབུགས་གཅིག །འདོད་ཆ་བཅུ་གཉིས། རི་སོགས་ཆ་བཞི་བརྒྱ་གོ་དགུ་རྣམས་བསགས་པ་ལས། ཞག་རེ་གསུམ་ན་ཚེས་ཞག་གི་རོ་བུག་རོ་ཆ་༠དང་། དེའི་འབྱུང་འདོད་དྲག་ཆ་༠གཅིག་དང་བཅས་པའི་ཚེས་ཞག་གི་ཚད་དུ་ལོངས་བའི་དོན་གྱིས་ཏེ། ཞག་གི་བར་ཁྱད་དེ་རེ་གསུམ་གྱིས་བསྒྱུར་བའི་ཚོགས་༠ལ། རོ་བུག་རོ་ཆ་དང་འབྱུང་འདོད་དྲག་ཆ་བསྡོམས་པའི་ཚད་༠ཀྱིས་ཕྲི་བས། ཚེས་ཞག་གི་ཚད་ཆུ་ཚོད་ང་དགུ་སོགས་གཙང་མར་འཆར་རོ། །ཡང་དེ་ལས་ཁྱིམ་དཀྱིལ་བཟོ་ན། ཚེས་དཀྱིལ་འདོད་ཆའི་བར་དུ་གསིལ་བའི་ཚོགས་གནས་གཉིས་སུ་བྱས་ཏེ། འོག་མ་མིག་གིས་བསྒྱུར་ལ་རི་རོས་བགོས་པའི་ནོར་གྱིས་སྟེང་མ་ལ་སྦྱངས་པས་ཁྱིམ་ཞག་གི་ཆའི་ཕུང་པོར་འགྱུར་བའི་ཕྱིར། དེ་འདོད་དུས་སོགས་འཁོར་ལོས་ཞག་སར་དྲིལ་བས་ཁྱིམ་དཀྱིལ་རྣམ་དག་༣༦༠འཆར་ཏེ། དེ་ལྟར་འོང་བའི་རྒྱུ་མཚན་ཡང་ཁྱིམ་ཚེས་ཀྱི་བར་ཁྱད། ཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ་ལ་སོགས་པ་དེ་བསགས་པ་ལས། ཞག་ཕྱེད་བཅས་སོ་གསུམ་ན་ཁྱིམ་ཞག་གཅིག་ཏུ་ལོངས་པའི་དོན་གྱིས་ཏེ། ཁྱིམ་ཚེས་ཀྱི་བར་ཁྱད་༠དེ་གནས་གཉིས་སུ་བྱས་པའི་གཅིག་གི་གནས་རྣམས་སོ་གསུམ་གྱིས་བསྒྱུར་བ་༠དང་། གཅིག་ལ་མིག་གིས་བགོས་པའི་ནོར་༠གཉིས་གནས་མཚུངས་སུ་བསྲེས་པས་ཁྱིམ་ཞག་


MLP005_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཏུ་ལོངས་པའི་ཕྱིར་རོ། །གཞན་ཡང་ཞག་གསུམ་ཕན་ཚུན་བརྟེན་ཏེ་རི་མོའི་གཟུགས་བརྙན་འདོན་ཚུལ་མཐའ་ཡས་མོད་ཀྱི། དེ་ལྟར་ནའང་འདིར་ཞག་གང་དང་གང་ལས་དེ་དང་དེ་གློ་བུར་དུ་བསྒྲུབ་པ་སོགས་རི་མོས་གཏན་ལ་འབེབས་པ་ལ་དོགས་པ་སྤངས་པའི་ཆེད་དུ་སྔར་མ་བརྗོད་པའི་ལག་ལེན་རྒྱུག་ཆེ་བ་འགའ་ཞིག་འཆད་དེ། དེ་ཡང་ཉིན་ཚེས་གཉིས་ཀྱི་བར་ཁྱད་འཚོལ་བ་ནི། འཚོལ་གཞི་ཞག་གང་དང་གང་ཡིན་པ་དེ་གནས་གཉིས་སུ་བྱས་ཏེ། འོག་མ་ཐུབ་རི་ཟླ་བས་བསྒྱུར་ལ། བགོད་བྱེད་ཚེས་ཞག་ལས་ཉིན་ཞག་བསྒྲུབ་པའི་ཚེ། ཉི་མ་འདོད་ཟླས་བགོས་ནོར་གྱིས་སྟེང་ནས་སྦྱང་བ་དང་། ཡང་ཉིན་ཞག་ལས་ཚེས་ཞག་བསྒྲུབ་པའི་ཚེ། འབྱུང་འདོད་དྲག་པོས་ཐོབ་པ་སྟེང་མར་སྟེར་དགོས་པ་ཡིན་ཏེ། དང་པོའི་རྒྱུ་མཚན་ནི། ཉིན་ཚེས་ཀྱི་བར་ཁྱད་ཆུ་སྲང་ང་དྲུག་ལ་སོགས་པ་དེ་ཐུབ་རི་ཟླ་བའི་ཆ་བརྒྱ་རེ་གཅིག་དང་བཅས་པའི་རེ་གསུམ་དུ་བསགས་པ་ལས་ཉིན་ཞག་ཏུ་ལོངས་པའི་དོན་གྱིས་ཏེ། བར་ཁྱད་༠དེ་ཉིད་གནས་གཉིས་སུ་བྱས་པའི་གཅིག་ལ་ཐུབ་རི་ཟླ་བས་བགོས་པའི་ནོར་༠རྣམས་བརྒྱ་རེ་གཅིག་གིས་བསྒྱུར་བ་༠དང་། ཅིག་ཤོས་ཀྱི་གནས་རྣམས་རེ་གསུམ་གྱིས་བསྒྱུར་བ་༠གཉིས་སྟོབས་མཚུངས་སུ་བསྲེས་པས་ཉིན་ཞག་གི་ཚད་དུ་༠ལོངས་པའི་ཕྱིར། གཉིས་པའི་ཤེས་བྱེད་ནི། བར་ཁྱད་དེ་ཐུབ་རི་ཟླ་ཆ་བརྒྱ་རེ་གཅིག་དང་བཅས་པའི་རེ་གཉིས་སུ་བསགས་པ་ལས་ཚེས་ཞག་ཏུ་ལོངས་པའི་དོན་གྱིས་ཏེ། ཆུ་སྲང་ང་དྲུག་ལ་སོགས་པའི་བར་ཁྱད་དེ་གནས་གཉིས་སུ་བྱས་པའི་གཅིག་གི་གནས་རྣམས་རེ་གཉིས་ཀྱིས་བསྒྱུར་ཏེ་དྲིལ་བའི་ཚོགས་༠དང་། ཅིག་ཤོས་ཐུབ་རི་ཟླ་ཆ་བརྒྱ་རེ་གཅིག་ཏུ་བསགས་ལུགས་བཤད་མ་ཐག་པ་ལྟར་བྱས་པ་དེ་གཉིས་བསྲེས་པས་ཚེས་ཞག་གཅིག་གི་ཚད་དུ་༠ལོངས་པའི་ཕྱིར་རོ། །དེས་ན་བརྒྱ་རེ་གཅིག་དང་བཅས་པས་བགོད་མ་བདེ་བས། རེ་གསུམ་དང་། རེ་གཉིས་གཉིས་ཀ་ཐུབ་རི་ཟླ་བས་བསྒྱུར་ལ། བརྒྱ་རེ་གཅིག་བཅུག་པས་བགོད་བྱེད་གཉིས་པོ་འབྱུང་ཞིང་། དེ་དང་ཤེད་མཚུངས་པའི་ཕྱིར་འོག་མ་ཐུབ་རི་ཟླ་བས་བསྒྱུར་བ་ཡིན་ནོ། །ཡང་། ཁྱིམ་ཉིན་གཉིས་ཀྱི་བར་ཁྱད་འཚོལ་བ་ན། འཚོལ་གཞི་ཞག་


MLP005_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

གང་དང་གང་ཡིན་པ་དེ་གནས་གཉིས་སུ་བྱས་ཏེ། འོག་མ་མེ་ཚེས་ལག་པས་བསྒྱུར་བ་ལ། བགོད་བྱེད། ཉིན་ཞག་ལས་ཁྱིམ་ཞག་འཚོལ་བའི་ཚེ། བུག་མཁའ་མིག་བུག་ཡིད་ཀྱི་ཐོབ་ནོར་གྱིས་སྟེང་ནས་སྦྱངས་པ་དང་། ཡང་ཁྱིམ་ཞག་ལས་ཉིན་ཞག་འཚོལ་བའི་ཚེ། དུས་མདའ་མཁའ་རི་ཡིད་ཀྱིས་རྙེད་པ་གོང་མར་སྟེར་དགོས་པ་ཡིན་ཏེ། དང་པོའི་ཤེས་བྱེད་ནི། ཁྱིམ་ཞག་དང་ཉིན་ཞག་གི་བར་ཁྱད། ཆུ་སྲང་ང་གཉིས། དབུགས་བཞི། འདོད་ཆ་གསུམ། རི་མཁའ་རི་ཆ་དོན་གསུམ་རྣམས། མེ་ཚེས་ལག་ཆ་དྲུག་བརྒྱ་ང་གཉིས་དང་བཅས་པའི་རེ་དགུར་བསགས་པ་ལས་ཁྱིམ་ཞག་ཏུ་ལོངས་པའི་དོན་གྱིས་ཏེ། བར་ཁྱད་དེ་ཉིད་གནས་གཉིས་སུ་བྱས་པའི་གཅིག་ལ་མེ་ཚེས་ལག་པས་ཕྱེ་བའི་ནོར་༠རྣམས་དྲུག་བརྒྱ་དང་ང་གཉིས་ཀྱིས་བསྒྱུར་བ་༠དང་། ཅིག་ཤོས་ཀྱི་གནས་རྣམས་རེ་དགུས་བསྒྱུར་བ་༠གཉིས་བསྲེས་པས་ཁྱིམ་ཞག་གཅིག་ཏུ་༠ལོངས་པའི་ཕྱིར། གཉིས་པའི་ཤེས་བྱེད་ནི། མེ་ཚེས་ལག་ཆ་དྲུག་བརྒྱ་ང་གཉིས་དང་བཅས་པའི་རེ་བརྒྱད་དུ་བསགས་པའི་ཉིན་ཞག་ཏུ་ལོངས་པའི་དོན་གྱིས་ཏེ། ཞག་གཉིས་པོའི་བར་ཁྱད་ཆུ་སྲང་ང་གཉིས་ལ་སོགས་པ་དེ་གནས་གཉིས་སུ་བྱས་པའི་གཅིག་གི་གནས་རྣམས་རེ་བརྒྱད་ཀྱིས་བསྒྱུར་བ་༠དང་། ཅིག་ཤོས་ལ་མེ་ཚེས་ལག་ཆ་དྲུག་བརྒྱ་ང་གཉིས་སུ་བསགས་ལུགས་སྔར་ལྟར་བྱས་པ་གཉིས་བསྲེས་པས་ཉིན་ཞག་གཅིག་ཏུ་༠ལོངས་པའི་ཕྱིར་རོ། །དེས་ན་དྲུག་བརྒྱ་ང་གཉིས་དང་བཅས་པས་བགོད་མ་བདེ་བས། རེ་དགུ་དང་། རེ་བརྒྱད་མེ་ཚེས་ལག་པས་བསྒྱུར་ལ། དྲུག་བརྒྱ་དང་ང་གཉིས་བསྲེས་པས་བགོད་བྱེད་གཉིས་པོ་འབྱུང་བའི་ཕྱིར། བགོད་གཞི་ཡང་ཤེད་མཚུངས་ཀྱི་རིགས་པས་མེ་ཚེས་ལག་པས་བསྒྱུར་བ་ཡིན་ནོ། །དེ་ལྟར་ངེས་པར་བྱས་ནས། སྐབས་སུ་བབས་པའི་ཞག་གང་དང་གང་ལས་དེ་དང་དེ་གློ་བུར་དུ་འཚོལ་བའི་ལག་ལེན་གྱི་སྡོམ་ནི། ༈ །ཉིན་ཞག་གྲངས་ལས་ཚེས་ཞག་གྲངས། །བསྒྲུབ་ན་ཉིན་ཞག་གནས་གཉིས་བཀོད། །འོག་མ་ཐུབ་རི་ཟླས་བསྒྱུར་བཞག །འབྱུང་འདོད་དྲག་པོས་ཐོབ་པའི་ནོར། །སྟེང་བསྲེ་ལྷག་རྣམས་མཁའ་རོ་སོགས། །རང་ཆས་བསྒྱུར་ཐོབ་ཚེས་ཞག་གོ། ༈ཉིན་ཞག་ལས་ནི་ཁྱིམ་ཞག་


MLP005_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས། །འཚོལ་ན་ཉིན་ཞག་གནས་གཉིས་བཞག །འོག་མ་མེ་ཚེས་ལག་པས་བསྒྱུར། །བུག་མཁའ་མིག་བུག་ཡིད་ཀྱིས་བགོ། རྙེད་པས་སྟེང་ཕྲི་ལྷག་བྱུང་ན། །ཞག་ནས་གཅིག་ཕོབ་དེ་ཡིས་སྦྱངས། །སྐབས་དེའི་ཁྱིམ་ཞག་གྲངས་ཡིན་ནོ། ༈ །ཚེས་ཞག་ལས་ཀྱང་ཁྱིམ་ཞག་གྲངས། །འཚོལ་ན་ཚེས་ཞག་གནས་གཉིས་འོག །མིག་གིས་བསྒྱུར་ལ་རི་རོས་བགོད། །རྙེད་པས་སྟེང་ཕྲི་ལྷག་བྱུང་ན། །ཞག་ནས་གཅིག་ཕོབ་ལྷག་གིས་སྦྱངས། །དེ་ཡིས་སྐབས་དེའི་ཁྱིམ་ཞག་འགྲུབ། ༈ །ཚེས་ཞག་ལས་ནི་ཉིན་ཞག་གྲངས། །འཚོལ་ན་ཚེས་ཞག་གནས་གཉིས་ཀྱི། །འོག་མ་ཐུབ་རི་ཟླས་བསྒྱུར་ལ། །ཉི་མ་འདོད་ཟླས་ཐོབ་པ་ཡི། །ནོར་གྱིས་སྟེང་ཕྲི་ལྷག་ལུས་ན། །ཞག་ནས་གཅིག་ཕོབ་རང་གི་ཆར། །བྱས་པ་ལ་ཕྲི་ཉིན་ཞག་གོ། ༈ཁྱིམ་ཞག་གྲངས་ལས་ཚེས་ཞག་གྲངས། །འཚོལ་ན་ཁྱིམ་ཞག་གནས་གཉིས་འོག །མིག་བསྒྱུར་མདའ་རོས་ཐོབ་པའི་ནོར། །སྟེང་བསྲེ་ལྷག་རྣམས་རང་ཆ་ཡིས། །རིམ་བསྒྱུར་ཐོབ་པ་ཚེས་ཞག་ཡིན། ༈ །ཁྱིམ་ཞག་གྲངས་ལས་ཉིན་ཞག་གྲངས། །བསྒྲུབ་ན་ཁྱིམ་ཞག་གནས་གཉིས་བཀོད། །འོག་མ་མེ་ཚེས་ལག་པས་བསྒྱུར། །དུས་མདའ་མཁའ་རི་ཡིད་ཀྱིས་བགོ། རྙེད་པ་སྟེང་བྱིན་ཉིན་ཞག་གོ། ཞེས་སོ། །མདོར་ན་ཞག་གི་གྲངས་ལ་ནོར་བུ་ལོན་དུ་འགྱུར་ཚུལ་དེ་ལྟར་ལས། ལོངས་སྤྱོད་ལ་དེ་ལས་བཟློག་སྟེ་ནོར་བུ་ལོན་དུ་འགྱུར་ཚུལ་ཡང་ཤེས་པར་བྱ་སྟེ། ལོངས་སྤྱོད་ཀྱི་ནོར་བུ་ལོན་ནི། ཞག་གི་དངོས་པོ་ཆེ་ཆུང་དང་། དཀྱིལ་འཁོར་གསུམ་གྱི་ནོར་བུ་ལོན་ནི་གྲངས་མང་ཉུང་གིས་འཇོག་པ་དེའི་ཕྱིར་དང་། གང་དང་གང་གི་ལོངས་སྤྱོད་ལ་ནོར་དུ་གྱུར་ན་དཀྱིལ་འཁོར་ལ་བུ་ལོན། དཀྱིལ་འཁོར་ལ་ནོར་དུ་གྱུར་ན་ལོངས་སྤྱོད་ལ་བུ་ལོན་དུ་འགྱུར་བ་དང་། དེ་དག་གི་བར་ཁྱད་འཇལ་བའི་བགོད་བྱེད་ཀྱང་། ལོངས་སྤྱོད་ལས་ལོངས་སྤྱོད་འཚོལ་བའི་ཚེ། བར་ཁྱད་དེ་འཚོལ་གཞི་གང་ཡིན་དེའི་ལོངས་སྤྱོད་ཀྱི་གྲངས་ཇི་ཙམ་ཞིག་ཡིན་པའི་གྲངས་དེས་བགོད་པ་དང་། ཡང་གྲངས་ལས་གྲངས་འཚོལ་བ་ན། བར་ཁྱད་བསགས་པ་ལས་བཙལ་བྱར་གྱུར་པའི་ཞག་དེ་ཇི་ཙམ་ན་ལོངས་པའི་གྲངས་དེས་བགོད་པ་ཡིན་ཏེ། སྔར་ཆ་ཙམ་སྨྲས་པ་དེ་དག་ལ་བརྟགས་ནས་ཤེས་པར་བྱའོ། །

དེས་ཟླ་བཤོལ་དང་ཞག་མི་ཐུབ་པ་བཤད་པ།


MLP005_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་ལ། ཁྱིམ་ཚེས་ཀྱི་བར་ཁྱད་ལ་བརྟེན་ནས་ཟླ་ཐེབ་བཤད་པ་དང་། ཉིན་ཚེས་ཀྱི་བར་ཁྱད་ལ་བརྟེན་ནས་ཞག་མི་ཐུབ་པ་བཤད་པའོ། །དང་པོ་ནི། ཁྱིམ་ཚེས་གཉིས་ཀྱི་ཞག་རེའི་བར་ཁྱད། ཆུ་ཚོད་གཅིག །ཆུ་སྲང་ཞེ་དགུ་ལ་སོགས་པ་དེ། ཕྱེད་བཅས་སོ་གཉིས་སུ་བསགས་པ་ན་ཚེས་ཞག་གཅིག་ཏུ་ལོངས་པའི་ཕྱིར། ཁྱིམ་ཞག་ཕྱེད་བཅས་སོ་གཉིས་ན། ཚེས་ཞག་གཅིག་ཐེབ་ཏུ་ཐོན་ཅིང་། དེ་བསགས་པ་ལས་ལོ་གཅིག་གི་བར་ཁྱད། ཞག་བཅུ་གཅིག །ཆུ་ཚོད་བཞི། ཆུ་སྲང་སོ་དྲུག །དབུགས་ལྔ། འདོད་ཆ་བདུན་འོང་སྟེ་ཟླ་བཤོལ་གྱི་རྒྱུའོ། །དེ་རྣམས་བསགས་པ་ལས་ཁྱིམ་ཟླ་སོ་གཉིས་ཕྱེད་བཅས་ན་ཚེས་ཟླ་གཅིག་བཤོལ་དུ་འཐོན་པ་ཡིན་ཏེ། ལོ་གཅིག་གི་ཁྱིམ་ཚེས་ཀྱི་བར་ཁྱད་ཞག་བཅུ་གཅིག་ལ་སོགས་པ་དེ་ལོ་གསུམ་གྱིས་བསྒྱུར་བ་༣༣ལ། ཟླ་བ་ཕྱེད་དང་བཞི་ལྷག་པས་དེ་དམན་པའི་ཆེད་དུ། ཟླ་བ་གསུམ་པོ་ཞག་གི་ཕུང་པོར་བྱས་པ་ལ། ཟླ་བ་ཕྱེད་པའི་ཞག་བཅོ་ལྔ་པོ་བསྲེས་ནས་མིག་གིས་བསྒྱུར་ཏེ། མདའ་རོས་བགོས་པས་ཞག་གསུམ་ཐོབ། ལྷག་མ་བཅོ་ལྔ་ལུས་པ་བཅུ་གསུམ་ཆ་གསུམ་དུ་བྱས་ཀྱང་རུང་མོད། འོན་ཀྱང་ཆུ་ཚོད་སོགས་བྱ་ན། དེ་དག་གི་འཁོར་ལོས་རིམ་པར་བསྒྱུར་ལ་མདའ་རོས་བགོས་པས་ཆུ་ཚོད་བཅུ་གསུམ་སོགས་༣ཐོབ་ཅིང་། ཞག་གསུམ་དང་ཆུ་ཚོད་བཅུ་གསུམ་ལ་སོགས་པ་དེས་སྔར་གྱི་ལོ་གསུམ་གྱི་བར་ཁྱད་ཞག་སོ་གསུམ་སོགས་ལ་ཕྲི་བས། ལྷག་མར་ཚེས་ཞག་སུམ་ཅུ་འོང་སྟེ། ཟླ་བཤོལ་གྱི་ཞག་གྲངས་སོ། །དེ་ལྟར་ན་ལོ་གཉིས་དང་། ཟླ་བ་བརྒྱད་དང་། ཞག་བཅོ་ལྔ་ན་ཚེས་ཟླ་ཐེབ་རེ་ལོངས་པ་ཡིན་ཏེ། དཔེར་ན་ཟླ་བཤོལ་ལོ་མཚམས་སུ་སྟོང་པ་གཅིག་ནས་བཟུང་སྟེ། ལོ་གཉིས་དང་། ཟླ་བ་ཕྱེད་དང་དགུ་སོང་མཚམས་མགོ་ཟླའི་དབུས་དང་། ལོ་ལྔ་དང་ཟླ་བ་ལྔ་སོང་མཚམས་གྲོ་བཞིན་ཟླ་བའི་མཐར་ཟླ་བཤོལ་འབྱུང་བ་ཡིན་ནོ། །དེས་ན་རྩོམ་བྱེད་ཀྱི་ཟླ་བ་ཕྱེད་པ་དེ་ཁ་ལོངས་མ་ལོངས་ཀྱི་ཁྱད་པར་གྱིས། དབུས་མཐའི་ཟླ་བཤོལ་སྤེལ་ཏེ་སྟོང་རྩིས་ཀྱི་ལོར་འཁོར་བའི་ཟླ་བཤོལ་ལ་གྲངས་ཉི་ཤུ་རྩ་བཞི་ཉིད་དུ་ཆད་ལྷག་མེད་ཅིང་། དེའང་ཟླ་བ་དག་པ་བསྒྲུབ་པ་ན། མདའ་རོ་ལྷག་གཅིག་འབྱུང་ཚེ་དབུས་བཤོལ་དང་། ཐིག་
བྱུང་ཚེ་མཐའ་ནས་བཤོལ་བའོ། །གཉིས་པ་ལ། ལོངས་སྤྱོད་ཀྱིས་ལོངས་སྤྱོད་ལ་དང་། གྲངས་ཀྱིས་གྲངས་ལ་མ་ཐུབ་པའོ། །དང་པོ་ནི། ཚེས་ཞག་གིས་ཉིན་ཞག་ལ་མ་ཐུབ་སྟེ། ཚེས་ཞག་གི་ཚད་ཆུ་ཚོད་ང་དགུ་ལ་སོགས་པ་དེས་ཉིན་ཞག་གི་ཚད་ཆུ་ཚོད་དྲུག་ཅུར་མ་ལོངས་པ་དེའི་ཕྱིར། གཉིས་པ་ནི། ཉིན་ཞག་གིས་ཚེས་ཞག་ལ་མ་ཐུབ་སྟེ། འཇལ་བྱེད་ཆེ་བས་གཞལ་བའི་ཉིན་ཞག་གི་གྲངས་ཀྱིས། ཆུང་བས་གཞལ་བའི་ཚེས་ཞག་གི་གྲངས་སུ་མ་ལོངས་པའི་ཕྱིར། དཔེར་ན། ཉིན་ཞག་གི་ཚད་ལས་ཚེས་ཞག་གི་ཚད་ཡུན་ཐུང་བས་ཞག་ལྷག་འབྱུང་བ་ཡིན་ཏེ། ལོངས་སྤྱོད་ལ་བུ་ལོན་དུ་གྱུར་ན་དཀྱིལ་འཁོར་ལ་ནོར་དུ་འགྱུར་བའི་རིགས་པ་དེའི་ཕྱིར། དོན་དེས་གང་ལྷག་པའི་ཞག་གི་ངོ་བོ་ཡང་ཚེས་ཞག་ཡིན་ཏེ། ཉིན་ཞག་གི་དཀྱིལ་འཁོར་ལས་གྲངས་མང་ཆར་གྱུར་པའི་ཚེས་ཞག་གི་གྲངས་ཡིན་པའི་ཕྱིར། འོ་ན་ལོ་གཅིག་གི་ཞག་མི་ཐུབ་ཀྱི་ཆ་ལ་ཇི་ཙམ་ཡོད་ཅེ་ན། ཞག་ལྔ། ཆུ་ཚོད་ཞེ་བརྒྱད། སྲང་ཉེར་གཉིས། དབུགས་གསུམ། འདོད་ཆ་བདུན། རི་མཁའ་རི་ཆ་ལྔ་བརྒྱ་གྱ་དྲུག་རྣམས་ཡོད་དེ། ཚེས་དཀྱིལ་ལ་ཉིན་ཞག་དཀྱིལ་འཁོར་གྱིས་ཕྲི་བས་དེ་ལྟར་འབྱུང་བའི་ཕྱིར། དེ་བས་ན་འདུལ་བ་པའི་གསོ་སྦྱོང་བཅུ་བཞི་པ་དང་། མཛོད་ཀྱི་དགོངས་པ་གོང་དུ་བཤད་པ་གཉིས་མཐུན་པར་ལོ་རེ་ལ་ཞག་མི་ཐུབ་པ་དྲུག་རེ་འདོན་པར་མཛད་པ་ནི་རགས་པའི་དབང་དུ་སྟེ། ཆུ་ཚོད་བཅུ་གཅིག་ལྷག་ཙམ་གཅིག་གིས་ཞག་དྲུག་ཏུ་མ་ལོངས་པའི་ཕྱིར་རོ། །

དེ་གསུམ་ཉི་མའི་དཀྱིལ་འཁོར་དུ་འགྱུར་ཚུལ་བཤད་པ།


MLP005_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་ཉི་མའི་དཀྱིལ་འཁོར་དུ་འགྱུར་ཚུལ་བཤད་པས་དོན་བསྡུ་བ་ནི། གོང་དུ་བཤད་མ་ཐག་པའི་ཁྱིམ་ཞག་སུམ་བརྒྱ་དྲུག་ཅུ། ཉིན་ཞག་སུམ་བརྒྱ་རེ་ལྔ་དང་། ཚེས་ཞག་སུམ་བརྒྱ་དོན་གཅིག་གཉིས་རྗེས་འབྲང་དང་བཅས་པ་དེ་རྣམས་ནི་ཉི་མའི་ཞག་གསུམ་གྱི་དཀྱིལ་འཁོར་ཡིན་ཏེ། ཉི་མའི་རང་འགྲོས་ཀྱིས་རྒྱུ་སྐར་གྱི་འཁོར་ལོ་འཁོར་བའི་ཡུན་ཚད་ལ་ཞག་གསུམ་གྱི་ཚད་སོ་སོས་གཞལ་བའི་གྲངས་ཡིན་པའི་ཕྱིར། དེ་ལྟར་ཡང་རྩ་རྒྱུད་ལས། འདི་དག་འཁོར་ལོའི་ལོངས་སྤྱོད་པས། །ཉི་མའི་དཀྱིལ་འཁོར་དུ་འགྱུར་རོ། །ཞེས་སོ། །དཔེར་ན་ཡུལ་གྱི་ལོངས་སྤྱོད་དེ་རང་གིས་འཁོར་ཚད་ཀྱི་དུས་ཀྱི་དཀྱིལ་འཁོར་གྱིས་བསྒྱུར་
བས་འཁོར་གྲངས་རྒྱུ་སྐར་གྱི་འཁོར་ལོ་གཙང་མར་སྟོན་པའི་ཕྱིར་ཏེ། ཁྱིམ་ཞག་གི་ཡུལ་ལོངས་༠ཉིད་ཁྱིམ་དཀྱིལ་༣༦༠གྱིས་བསྒྱུར་བས་འཁོར་ལོར་འདྲིལ་འགྲོ་བ་གང་ཞིག །ཉིན་ཞག་རྟག་ལོངས་༠སུམ་བརྒྱ་རེ་ལྔས་བསྒྱུར་བའི་སྟེང་དུ། ལོངས་སྤྱོད་དེ་མིག་ཀླུ་མེ་སྐྱོན་གྱི་ཆར་བསྟུན་པ་༠ཉིད་དཀྱིལ་འཁོར་རྗེས་འབྲང་རྣམས་དེ་དང་ཤེད་མཉམ་གྱི་ཆར་དྲིལ་བས་བསྒྱུར་བའི་ཚོགས་༠བསྣན་པ་དང་། ཚེས་ཞག་ལ་རང་གི་ལོངས་སྤྱོད་༠སུམ་བརྒྱ་དོན་གཅིག་གིས་བསྒྱུར་བའི་སྟེང་ཞག་གི་འདོད་ཆ་གཅིག་༠བསྣན་ཏེ་དྲིལ་བས་འཁོར་ལོར་འདྲིལ་༢༧བའི་ཕྱིར་རོ། །


previousགང་ལ་ལོངས་སྤྱོད་པའི་གཞི།next