Nitartha Digital Library
Tibetan
 
previousགནས་ལྔ་པ་ཕྲ་རྒྱས་བསྟན་པའི་འགྲེལ་པ།next

གནས་ལྔ་པ་ཕྲ་རྒྱས་བསྟན་པའི་འགྲེལ་པ།

གཉིས་པ་ཉོན་མོངས་པའི་ཀུན་འབྱུང་བཤད་པ་ལ། སྤང་བྱ་ཕྲ་རྒྱས་ཉོན་མོངས་བཤད། སྤོང་བྱེད་གཉེན་པོ་བཤད། འབྲས་བུ་བསྟན་པ་དང་གསུམ། དང་པོ་ལ། དབྱེ་བ། སྐྱེ་ཚུལ། རྣམ་གྲངས་དང་གསུམ། དང་པོ་ལ། ངོ་བོའི་སྒོ་ནས་དབྱེ་བ། རྣམ་པའི་སྒོ་ནས་དབྱེ་བ། བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ། རྩ་བའི་སྒོ་ནས་དབྱེ་བ། ཡན་ལག་གི་སྒོ་ནས་དབྱེ་བ། གཉེན་པོའི་སྒོ་ནས་དབྱེ་བ་དང་གསུམ། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །འདོད་ཆགས་དེ་བཞིན་ཁོང་ཁྲོ་དང་། །ང་རྒྱལ་མ་རིག་ལྟ་བ་དང་། །ཐེ་ཚོམ་ཡིན་ཏེ་དེ་དྲུག་ཀྱང་། །འདོད་ཆགས་དབྱེ་བས་བདུན་དུ་བཤད། །ཁམས་གཉིས་ལས་སྐྱེས་སྲིད་འདོད་ཆགས། །ཁ་ནི་ནང་དུ་བལྟས་ཕྱིར་དེར། །ཐར་པའི་འདུ་ཤེས་བཟློག་ཕྱིར་བཤད། །ཅེས་པ་སྟེ། ཕྲ་རྒྱས་དེ་ལ་དྲུག་ཏུ་ཡོད་དེ། འདོད་ཆགས་དང་། དེ་བཞིན་དུ་ཁོང་ཁྲོ་དང་། ང་རྒྱལ་དང་། མ་རིག་པ་དང་། ཡང་དག་པ་མིན་པའི་ལྟ་བ་དང་། ཐེ་ཚོམ་སྟེ་དྲུག་ཏུ་ཡོད་པས་སོ། །དེ་དྲུག་ལ་སྲིད་པའི་རྩ་བ་ཞེས་བྱ་སྟེ། འཁོར་བའི་རྩ་བ་ཡིན་པས་སོ། །དེ་དྲུག་བདུན་དུ་བཤད་ཚུལ་ཡང་ཡོད་དེ། འདོད་ཆགས་ལ་འདོད་པའི་འདོད་ཆགས་དང་། སྲིད་པའི་འདོད་ཆགས་གཉིས་སུ་དབྱེ་བས་དེ་ལྟར་བདུན་དུ་འབྱུང་བའི་ཕྱིར། ཁམས་གོང་མ་གཉིས་ལས་སྐྱེས་པའི་འདོད་ཆགས་ལ་སྲིད་པའི་འདོད་ཆགས་ཞེས་བྱ་སྟེ། ཕལ་ཆེར་སྙོམས་འཇུག་ལ་ཆགས་ཤིང་ཁ་ནང་དུ་བལྟས་པའི་ཕྱིར། དེ་ལྟར་བཤད་པའི་དགོས་པ་ནི། ཁམས་གོང་མ་གཉིས་ལ་ཐར་པའི་འདུ་ཤེས་ཡིན་པ་བཟློག་པར་བྱ་བའི་ཕྱིར་དུ་དེ་ལྟར་བཤད་པའོ། །གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །སྲིད་པའི་རྩ་བ་ཕྲ་རྒྱས་དྲུག །ཅེས་པའི་སྐབས་ནས་བསྟན་པའི་ཕྲ་རྒྱས་ཡིན་ན། གང་ཞིག་ཀུན་ལ་ཞེས་སོགས་ཀྱི་སྐབས་ནས་བསྟན་པའི་མུན་པ་ཡིན་པས་ཁྱབ་ཟེར་ན། ཕྲ་རྒྱས་སེམས་བྱུང་དེ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། མུན་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཡིན་པར་ཐལ། སྣང་མུན་གཉིས་གཟུགས་ཀྱི་དབྱེ་བའི་ཡ་གྱལ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། ལྟ་བ་ལྔ་སྟེ་འཇིག་ཚོགས་དང་། །ལོག་དང་མཐར་འཛིན་ལྟ་བ་དང་། །ལྟ་བ་དང་ནི་ཚུལ་ཁྲིམས་དང་། །བརྟུལ་ཞུགས་མཆོག་ཏུ་འཛིན་དང་བཅུ། །ཞེས་པ་སྟེ། ཕྲ་རྒྱས་དེ་ལ་ནང་ཚན་གྱི་སྒོ་ནས་དབྱེ་ན་བཅུ་ཡོད་དེ། ལྟ་བ་ལྔ། ལྟ་མིན་ལྔ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འཇིག་ཚོགས་ལ་ལྟ་བ་དང་། ལོག་ལྟ་མཐར་འཛིན་ལྟ་བ་དང་། ལྟ་བ་མཆོག་འཛིན་དང་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པའི་ལྟ་བ་རྣམས་སུ་ཡོད་པའོ། །གསུམ་པ་ལ། དངོས་དང་། གཉེན་པོས་སྤང་བྱ་སྤོང་ཚུལ་གཉིས། དང་པོ་ལ། འདོད་པ། གཟུགས། གཟུགས་མེད་ཀྱི་སས་བསྡུས་པའི་སྤང་བྱ་དང་གསུམ། དང་པོ་ལ། མཐོང་སྤང་དང་། སྒོམ་སྤང་གཉིས། དང་པོ་ནི། དེ་དག་བཅུ་དང་བདུན་བདུན་བརྒྱད། །ལྟ་བ་གསུམ་གཉིས་མ་གཏོགས་པ། །འདོད་ན་སྡུག་བསྔལ་ལ་སོགས་པ། །མཐོང་བས་རིམ་བཞིན་སྤོང་བར་བྱེད། །ཅེས་པ་སྟེ། འདོད་པ་ན་ཕྲ་རྒྱས་སུམ་ཅུ་རྩ་དྲུག་ཡོད་དེ། སྡུག་བསྔལ་མཐོང་སྤང་ལ་བཅུ། ཀུན་འབྱུང་དང་འགོག་པ་ལ་འཇིག་ལྟ། མཐར་ལྟ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་གསུམ་མ་གཏོགས་པའི་བདུན་བདུན། ལམ་མཐོང་སྤང་ལ་འཇིག་ལྟ་དང་མཐར་ལྟ་གཉིས་མ་གཏོགས་པའི་བརྒྱད། སྒོམ་སྤང་ལ་བཞི་རྣམས་སུ་ཡོད་པའི་ཕྱིར། འདོད་པའི་ཁམས་ན་སྡུག་བསྔལ་མཐོང་སྤང་དང་། ལ་སོགས་པ་ཀུན་འབྱུང་མཐོང་སྤང་རྣམས་སྤོང་བྱེད་ཡོད་དེ། མཐོང་བའི་ལམ་གྱིས་རིམ་ཅན་དུ་སྤོང་བའི་ཕྱིར། གཉིས་པ་ནི། བཞི་ནི་སྒོམ་པས་སྤང་བྱ་ཡིན། །ཞེས་པ་སྟེ། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ་བཞི་ནི། སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། ཕྱིས་གོམས་པར་བྱས་ནས་སྤོང་བའི་ཕྱིར། གཉིས་པ་ནི། ཁོང་ཁྲོ་མ་གཏོགས་དེ་དག་ཉིད། །གཟུགས་ཁམས། ཞེས་པ་སྟེ། གཟུགས་ཁམས་ན་སྤྱོད་པའི་ཕྲ་རྒྱས་སུམ་ཅུ་རྩ་གཅིག་ཡོད་དེ། ཁོང་ཁྲོ་མ་གཏོགས་པའི་སོ་གཅིག་པོ་དེ་དག་ཉིད་ཡོད་པའི་ཕྱིར། གསུམ་པ་ནི། གཟུགས་མེད་དེ་དང་འདྲ། །དེ་ལྟར་དགུ་བཅུ་བརྒྱད་དུ་འདོད། །ཅེས་པ་སྟེ། གཟུགས་མེད་ནའང་གཟུགས་དང་འདྲ་བར་སོ་གཅིག་ཡོད་པའི་ཕྱིར། དེ་ལྟར་ན་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་དུ་ཡོད་དེ། མཐོང་སྤང་བརྒྱད་ཅུ་རྩ་བརྒྱད་དང་། སྒོམ་སྤང་བཅུ་ཡོད་པའི་ཕྱིར། གཉིས་པ་ནི། སྲིད་རྩེ་ལས་སྐྱེས་བཟོད་པ་ཡིས། །གཞོམ་བྱ་མཐོང་བས་སྤང་བྱ་ཉིད། །ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱིས། །བཟོད་པས་གཞོམ་མིན་སྒོམ་ཁོ་ནས། །ཞེས་པ་སྟེ། སྲིད་རྩེ་ལས་སྐྱེས་པའི་སྤང་བྱ་བཟོད་པ་ཡིས་གཞོམ་བྱ་ཡིན་པའི་ཕྲ་རྒྱས་དེ། མཐོང་བས་སྤང་བྱ་ཉིད་ཡིན་ཏེ། བདེན་པ་མངོན་སུམ་དུ་མཐོང་ཙམ་གྱིས་སྤོང་བའི་ཕྱིར། ས་ལྷག་མ་ལས་སྐྱེས་པའི་ཕྲ་རྒྱས། མཐོང་སྒོམ་གཉིས་ཀྱིས་སྤང་བར་བྱ་བ་ཡིན་ཏེ། འདས་ལམ་ལ་བརྟེན་ན་མཐོང་ལམ་གྱིས་སྤོང་། འཇིག་རྟེན་པའི་ལམ་ལ་བརྟེན་ཚེ་སྒོམ་ལམ་གྱིས་སྤོང་བའི་ཕྱིར། བཟོད་པས་གཞོམ་བྱ་མིན་པའི་ཕྲ་རྒྱས། སྒོམ་ལམ་ཁོ་ནས་སྤང་བར་བྱ་བ་ཡིན་ཏེ། བདེན་པ་མཐོང་ཟིན་གྱི་སྒོམ་པས་སྤང་དགོས་པའི་ཕྱིར།

གཉིས་པ་ལྟ་བ་དང་ང་རྒྱལ་བྱེ་བྲག་ཏུ་བཤད་པ་ལ། ལྟ་བ་བཤད་པ་དང་། ང་རྒྱལ་བཤད་པ་གཉིས། དང་པོ་ལ། དངོས་དང་། དོགས་དཔྱོད་གཉིས། དང་པོ་ནི། བདག་དང་བདག་གིར་རྟག་ཆད་དང་། །མེད་དང་དམན་ལ་མཆོག་ལྟ་དང་། །རྒྱུ་མིན་ལམ་མིན་དེ་ལྟ་བ། །དེ་དག་ལྟ་བ་ལྔ་ཡིན་ནོ། །ཞེས་པ་སྟེ། ལྟ་བ་ལྔའི་ངོ་བོ་ཡོད་དེ། ཉེར་ལེན་གྱི་ཕུང་པོ་ལ་བདག་དང་བདག་གི་བར་ལྟ་བ་དེ་འཇིག་ལྟ་དང་། དེ་ལ་དམིགས་ནས་རྟག་ཆད་གང་རུང་དུ་འཛིན་པ་མཐར་འཛིན་དང་། ལས་རྒྱུ་འབྲས་མེད་པར་འཛིན་པ་ལོག་ལྟ་དང་། དམན་པ་ལ་དམིགས་ནས་མཆོག་ཏུ་འཛིན་པ་མཆོག་ལྟ་དང་། དབང་ཕྱུག་སོགས་སྣོད་བཅུད་ཀྱི་རྒྱུ་མིན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ངན་པ་སོགས་ལམ་མིན་པ་ལ་རྒྱུ་དང་ལམ་དེར་ལྟ་བ་ནི། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་ཏེ། དེ་དག་ལྟ་བ་ལྔ་ཡིན་པའོ། །གཉིས་པ་ནི། དབང་ཕྱུག་སོགས་རྒྱུར་མངོན་ཞེན་པ། །རྟག་བདག་ཕྱིན་ཅི་ལོག་པ་ཡིས། །རབ་ཏུ་འཇུག་པས་དེ་ཕྱིར་ཏེ། །སྡུག་བསྔལ་མཐོང་བས་སྤང་བྱ་ཉིད། །ལྟ་བ་གསུམ་ལས་ཕྱིན་ཅི་ལོག །བཞི་ཚན་ཕྱིན་ཅི་ལོག་ཕྱིར་དང་། །ངེས་རྟོག་ཕྱིར་དང་སྒྲོ་འདོགས་ཕྱིར། །སེམས་དང་འདུ་ཤེས་དེའི་དབང་གིས། །ཞེས་པ་སྟེ། དབང་ཕྱུག་དང་སྐྱེ་དགུའི་བདག་པོ་སོགས་འཇིག་རྟེན་གྱི་རྒྱུར་མངོན་པར་ཞེན་པ་དེ་དག་སྡུག་བསྔལ་མཐོང་བས་སྤང་བར་བྱ་བ་ཉིད་ཡིན་ཏེ། རྟག་པ་དང་། བདག་ཏུ་ལྟ་བ་ཕྱིན་ཅི་ལོག་ལ་ཡིད་རབ་ཏུ་འཇུག་པས་དེར་བཞག་པའི་ཕྱིར། གཙང་བདེ་རྟག་བདག་ཏུ་ལྟ་བའི་ཕྱིན་ཅི་ལོག་བཞི་ཡོད་དེ། འཇིག་ལྟ། མཐར་ལྟ། ལོག་ལྟ་གསུམ་ལས་ཕྱིན་ཅི་ལོག་དེ་ལྟར་འབྱུང་བའི་ཕྱིར། དེ་ལྟར་བཞག་པ་ལ་རྒྱུ་མཚན་ཡོད་དེ། ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོག་པའི་ཕྱིར་དང་། སྒྲོ་འདོགས་པས་དེ་ལྟར་བཞག་པའི་ཕྱིར། སེམས་ཕྱིན་ཅི་ལོག་དང་། འདུ་ཤེས་ཕྱིན་ཅི་ལོག་འདིར་དངོས་སུ་མ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། ལྟ་བ་དེའི་དབང་གིས་དེ་གཉིས་འབྱུང་བས་མ་བསྟན་པའི་ཕྱིར་རོ། །གཉིས་པ་ལ། ང་རྒྱལ་གྱི་དབྱེ་བ་དང་། དོགས་དཔྱོད་གཉིས། དང་པོ་ནི། ང་རྒྱལ་བདུན་རྣམ་དགུ་གསུམ་པོ། །ཞེས་པ་སྟེ། ང་རྒྱལ་བདུན་ཡོད་དེ། མཉམ་མོ་སྙམ་པའི་ང་རྒྱལ་དང་། ལྷག་པའི་ང་རྒྱལ་དང་། ང་རྒྱལ་ལས་ཀྱང་ང་རྒྱལ་དང་། ངའོ་སྙམ་པའི་ང་རྒྱལ་དང་། མངོན་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་དང་། ལོག་པའི་ང་རྒྱལ་རྣམས་སུ་ཡོད་པའི་ཕྱིར། འོ་ན་བསྟན་བཅོས་ལས། བདག་མཆོག་ཡིན་ནོ། །བདག་དང་མཉམ་པ་ཡིན་ནོ། །བདག་ཅུང་ཟད་དམན་པ་ཡིན་སྙམ་པ་གསུམ་དང་། བདག་བས་མཆོག་ཡོད་དོ། །བདག་དང་མཉམ་པ་ཡོད་དོ། །བདག་ལས་དམན་པ་ཡོད་དོ་སྙམ་པ་གསུམ་དང་། བདག་བས་མཆོག་མེད་དོ། །བདག་དང་མཉམ་པ་མེད་དོ། །བདག་བས་དམན་པ་མེད་དོ་སྙམ་པ་གསུམ་སྟེ་དགུ་གསུངས་པ་དང་འགལ་ལམ་སྙམ་ན་མི་འགལ་ཏེ། དགུ་པོ་ནི་ང་རྒྱལ་དང་ལྷག་པའི་ང་རྒྱལ་དང་། ཅུང་ཟད་སྙམ་པའི་ང་རྒྱལ་གསུམ་གྱིས་བསྡུས་པའི་ཕྱིར་རོ། །གཉིས་པ་ནི། མཐོང་དང་སྒོམ་པས་ཟད་བྱ་བ། །སྒོམ་པས་སྤང་བར་བྱ་བ་ནི། །གསོད་སོགས་ཀུན་ནས་དཀྲིས་པའོ། །དེ་བཞིན་འཇིག་སྲེད་འཕགས་པ་ལ། །རྣམ་སོགས་ངའོ་སྙམ་མི་འབྱུང་། །ལྟ་བས་རྒྱས་པར་འགྱུར་ཕྱིར་རོ། །མི་དགེའི་འགྱོད་པའང་མ་ཡིན་ནོ། །ཞེས་པ་སྟེ། མཐོང་སྒོམ་གྱི་ལམ་ང་རྒྱལ་ཟད་པར་བྱ་བའི་གཉེན་པོ་ཡིན་ཞིང་སྒོམ་པས་སྤང་བར་བྱ་བ་ནི་དུ་མ་ཡོད་དེ། གསོད་པ་ནས་སོགས་པས་རྫུན་སྨྲ་བའི་བར་གྱི་ཀུན་དཀྲིས་རྣམས་སུ་ཡོད། དེ་བཞིན་དུ་འཇིག་པའི་སྲེད་པ་དང་སྐྱེ་བའི་སྲེད་པ་སྒོམ་སྤང་ཡིན་ཏེ། གཉེན་པོ་སྒོམ་ལམ་གྱིས་གཞོམ་པར་བྱ་བ་ཡིན་པས་སོ། །འཕགས་པ་ལ་ང་རྒྱལ་གྱི་རྣམ་པ་སོགས་ངའོ་སྙམ་པ་དང་། འཇིག་སྲེད་སོགས་མི་འབྱུང་སྟེ། དེ་ལ་ལོག་སོགས་མི་འབྱུང་བའི་ཕྱིར། ཁྱབ་སྟེ། དེ་དག་ནི་ལོག་ལྟ་དང་འཇིག་ཚོགས་ལ་ལྟ་བ་ལས་རྒྱས་པར་འགྱུར་བའི་ཕྱིར། འཕགས་པ་ལ་འགྱོད་པ་དང་མི་དགེ་བ་མི་འབྱུང་སྟེ། དེ་ལ་ཐེ་ཚོམ་ཉོན་མོངས་ཅན་མི་འབྱུང་བའི་ཕྱིར།

གཉིས་པ་རྣམ་པའི་སྒོ་ནས་དབྱེ་བ་ལ། ཀུན་འགྲོ་ཡིན་མིན་གྱི་སྒོ་ནས། ཟག་མེད་ལ་དམིགས་མ་དམིགས་ཀྱི་སྒོ་ནས། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས། མི་དགེ་བ་དང་ལུང་མ་བསྟན་གྱི་སྒོ་ནས། དུས་གསུམ་ལ་ཕྲ་རྒྱས་ལྡན་ཚུལ་གྱི་སྒོ་ནས་དབྱེ་བ་དང་ལྔ། དང་པོ་ནི། སྡུག་བསྔལ་རྒྱུ་མཐོང་སྤང་བྱ་བ། །ལྟ་དང་དེ་བཞིན་ཐེ་ཚོམ་དང་། །གང་དེ་ལྷན་ཅིག་མ་འདྲེས་པའི། །མ་རིག་གང་ཡིན་ཀུན་ཏུ་འགྲོ། །དེ་དག་ལས་དགུ་གོང་དུ་དམིགས། །ལྟ་བ་གཉིས་པོ་མ་གཏོགས་སོ། །དེ་དག་དང་ནི་ལྷན་ཅིག་གང་། །འབྱུང་དེའང་ཀུན་འགྲོ་ཐོབ་མ་གཏོགས། །འགོག་དང་ལམ་མཐོང་སྤང་བྱ་བ། །ཞེས་པ་སྟེ། ཕྲ་རྒྱས་ཀུན་འགྲོ་དེ་ལ་བཅུ་གཅིག་ཡོད་དེ། སྡུག་བསྔལ་མཐོང་སྤང་དང་ཀུན་འབྱུང་མཐོང་བས་སྤང་བར་བྱ་བའི་ལྟ་བ་དང་། དེ་བཞིན་དུ་ཐེ་ཚོམ་དང་། གང་དེ་དག་དང་ལྷན་ཅིག་ཏུ་མ་འདྲེས་པའི་མ་རིག་པ་གང་ཡིན་པ་རྣམས་སྐལ་བ་མཉམ་པས་ཁམས་ཀུན་ཏུ་འགྲོ་བའི་ཕྱིར། བཅུ་གཅིག་པོ་དེ་དག་ལས་དགུས་ཁམས་གོང་མ་ལ་དམིགས་ཏེ། འཇིག་ལྟ་དང་མཐར་ལྟ་གཉིས་མ་གཏོགས་པ་དེ་ལ་དམིགས་པའི་ཕྱིར། དེ་དག་དང་ལྷན་ཅིག་ཏུ་འབྱུང་བའི་སེམས་སེམས་བྱུང་གང་ཡིན་པ་དེ་ཡང་ཀུན་ཏུ་འགྲོ་བ་ཡིན་ཏེ། རྒྱུན་མཚན་སྔར་བཤད་པ་དེའི་ཕྱིར་རོ། །ཐོབ་པ་ནི་ཀུན་འགྲོར་མ་གཏོགས་སོ། །འགོག་པ་མཐོང་སྤང་དང་ལམ་མཐོང་སྤང་གཉིས་ཀུན་འགྲོ་མིན་ཏེ། སྤང་བྱ་རིགས་ལྔ་ལ་དམིགས་པས་སོ། །གཉིས་པ་ལ། ཟག་མེད་ལ་དམིགས་པ་དང་། མ་དམིགས་པའི་ཉོན་མོངས་པ་གཉིས་ལས། དང་པོ་ནི། ལོག་ལྟ་ཐེ་ཚོམ་དེ་དག་དང་། །ལྡན་དང་འབའ་ཤིག་མ་རིག་དང་། །དྲུག་ནི་ཟག་མེད་སྤྱོད་ཡུལ་ཅན། །རང་གི་ས་པའི་འགོག་པ་དང་། །ལམ་ནི་ཕན་ཚུན་རྒྱུ་ཡིན་པས། །ས་དྲུག་ས་དགུའི་ལམ་ནི་དེའི། །སྤྱོད་ཡུལ་ཅན་གྱི་ལམ་ཡིན་ནོ། །ཞེས་པ་སྟེ། འགོག་པ་མཐོང་བས་སྤང་བར་བྱ་བའི་ལོག་ལྟ་དང་ཐེ་ཚོམ་དང་། དེ་དག་དང་མཚུངས་ལྡན་གྱི་མ་རིག་པ་དང་། འབའ་ཞིག་སྟེ་མ་འདྲེས་པའི་མ་རིག་པ་དང་དྲུག་ནི། ཟག་པ་མེད་པའི་སྤྱོད་ཡུལ་ཅན་ཡིན་ཏེ། རང་གི་སའི་འགོག་པ་དང་ལམ་ལ་དམིགས་པའི་ཕྱིར། དེ་ལྟར་དམིགས་ཏེ། བསམ་གཏན་ས་དྲུག །གཟུགས་མེད་དང་པོ་གསུམ་མཚོན་པའི་ས་དགུའི་སྤྱོད་ཡུལ་ཅན་གྱི་ལམ་ནི་ཕན་ཚུན་མཉམ་པ་དང་། ཁྱད་པར་ཅན་གྱི་སྐལ་མཉམ་གྱི་རྒྱུ་ཡིན་པའི་ཕྱིར། གཉིས་པ་ནི། འདོད་ཆགས་མིན་ཏེ་སྤང་བྱའི་ཕྱིར། །གནོད་མི་བྱེད་ཕྱིར་ཞེ་སྡང་མིན། །ཞི་དང་དག་དང་མཆོག་གྱུར་ཕྱིར། །ང་རྒྱལ་མ་ཡིན་མཆོག་འཛིན་མིན། །ཞེས་པ་སྟེ། འདོད་ཆགས་ནི་ཟག་མེད་ལ་དམིགས་པ་མིན་ཏེ། འདོད་ཆགས་སྤངས་པའི་ཕྱིར། ཞེ་སྡང་ཡང་འགོག་ལམ་ལ་དམིགས་པ་མིན་ཏེ། དེ་གནོད་བྱེད་ལས་སྐྱེས། འགོག་ལམ་དེས་གནོད་པ་མི་བྱེད་པའི་ཕྱིར། ང་རྒྱལ་ཡང་འགོག་ལམ་ལ་དམིགས་པ་མིན་ཏེ། དེ་ནི་མ་ཞི་བའི་རྣམ་པ་ཅན་ལ་འཇུག་ལ། འགོག་ལམ་ཞི་བ་ཡིན་པའི་ཕྱིར། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་ཡང་ཟག་མེད་ལ་དམིགས་པ་མིན་ཏེ། ཟག་མེད་ཡང་དག་པའི་དོན་དུ་དག་པའི་ཕྱིར། ལྟ་བ་མཆོག་འཛིན་ཡང་ཟག་མེད་ལ་དམིགས་པ་མིན་ཏེ། དེ་ནི་དམན་པ་ལ་མཆོག་ཏུ་ལྟ་བ་ཡིན་ལ། ཟག་མེད་ནི་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར། གསུམ་པ་དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་དབྱེ་བ་ནི། ཕྲ་རྒྱས་ཀུན་ཏུ་འགྲོ་རྣམས་ནི། །དམིགས་པའི་སྒོ་ནས་རང་གི་ས། །ཐམས་ཅད་དུ་ནི་རྒྱས་པར་འགྱུར། །ཀུན་འགྲོ་མ་ཡིན་རང་རིས་སུ། །ཟག་མེད་གོང་མའི་ཡུལ་ཅན་མིན། །བདག་གིར་མ་བྱས་གཉེན་པོའི་ཕྱིར། །གང་ཞིག་གང་དང་མཚུངས་ལྡན་པ། །དེ་ནི་དེར་མཚུངས་ལྡན་སྒོ་ནས། །ཞེས་པ་སྟེ། ཕྲ་རྒྱས་དེ་དམིགས་པའི་སྒོ་ནས་རྒྱས་བསྡུས་གཉིས་ཡོད་དེ། ཕྲ་རྒྱས་ཀུན་ཏུ་འགྲོ་བ་ནི། དམིགས་པའི་སྒོ་ནས་རང་གི་ས་ཐམས་ཅད་དུ་ནི་རྒྱས་པར་འགྱུར་བ་དང་། ཀུན་འགྲོ་མིན་པ་རྣམས་ནི་རང་རང་གི་རིས་སུ་རྒྱས་པར་འགྱུར་བའི་ཕྱིར། ཕྲ་རྒྱས་ཟག་མེད་ལ་དམིགས་པ་རྣམས་ནི། དམིགས་པའི་སྒོ་ནས་རྒྱས་འགྱུར་མིན་ཏེ། དེས་དམིགས་པ་དེ་བདག་གིར་མ་བྱས་པའི་ཕྱིར། ཕྲ་རྒྱས་གོང་མའི་ཡུལ་ཅན་རྣམས་ནི། དམིགས་པའི་སྒོ་ནས་རྒྱས་པར་མི་འགྱུར་ཏེ། གོང་ས་ནི་འོག་སའི་གཉེན་པོ་ཡིན་པའི་ཕྱིར། ཕྲ་རྒྱས་གང་ཞིག་སེམས་གང་དང་མཚུངས་པར་ལྡན་པ་དེ་ནི་དེར་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་ཏེ། དེ་དག་དང་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། བཞི་པ་ལ། དབྱེ་བ་སྤྱིར་བསྟན་པ། དེ་དག་ཏུ་འཇོག་པའི་རྩ་བ་ངོས་བཟུང་བ། དྲི་ལན་གྱི་རྣམ་བཞག་གཏན་ལ་ཕབ་པ་དང་གསུམ། དང་པོ་ནི། གོང་མ་ཐམས་ཅད་ལུང་མ་བསྟན། །འདོད་ན་འཇིག་ཚོགས་ལྟ་བ་དང་། །མཐར་འཛིན་ལྷན་ཅིག་མ་རིག་པའང་། །ལྷག་མ་རྣམས་འདིར་མི་དགེ་བའོ། །ཞེས་པ་སྟེ། ཁམས་གོང་མའི་ཕྲ་རྒྱས་ཐམས་ཅད་ལུང་མ་བསྟན་ཡིན་ཏེ། བསྒྲིབས་ལུང་མ་བསྟན་ཡིན་པས་སོ། །འདོད་པ་ན་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་གྱི་ལྟ་བ་དང་། དེ་དང་ལྷན་ཅིག་པའི་མ་རིག་པ་རྣམས་ལུང་མ་བསྟན་ཡིན་ཏེ། རྒྱུ་མཚན་སྔར་བཤད་པ་ལྟར་ཡིན་པའི་ཕྱིར། གསུམ་པ་དེའི་ལྷག་མར་གྱུར་པའི་ཕྲ་རྒྱས་རྣམས། འདོད་པ་འདིར་མི་དགེ་བ་ཡིན་ཏེ། འདིར་རྣམ་པར་གནག་པའི་ངོ་བོར་ལུང་དུ་བསྟན་པའི་ཕྱིར། གཉིས་པ་ལ། འདོད་པའི་ཉོན་མོངས་མི་དགེ་བ་དང་། ཁམས་གོང་གི་ཉོན་མོངས་པ་ལུང་མ་བསྟན་དུ་འཇོག་པའི་རྩ་བ་ངོས་བཟུང་བ་གཉིས། དང་པོ་ནི། འདོད་ན་འདོད་ཆགས་ཁོང་ཁྲོ་དང་། །རྨོངས་རྣམས་མི་དགེའི་རྩ་བ་ཡིན། །ཞེས་པ་སྟེ། འདོད་པ་ན། འདོད་ཆགས་དང་། ཁོང་ཁྲོ་དང་། རྨོངས་པ་མ་རིག་པ་རྣམས་མི་དགེ་བའི་རྩ་བ་ཡིན་ཏེ། དེ་ན་དེ་རྣམས་རྩ་ཉོན་གཙོ་བོ་ཡིན་པའི་ཕྱིར། གཉིས་པ་ལ། ཁ་ཆེ་བའི་ལུགས་དང་། ཉི་འོག་པའི་ལུགས་གཉིས། དང་པོ་ནི། ལུང་མ་བསྟན་པའི་རྩ་བ་གསུམ། །དེ་ནི་སྲིད་དང་མ་རིག་བློ། །རྣམ་གཉིས་མཐོར་འཇུག་ཕྱིར་དེ་ལས། །གཞན་མིན། ཞེས་པ་སྟེ། ལུང་མ་བསྟན་པའི་རྩ་བ་དེ་ལ་གསུམ་ཡོད་དེ། སྲིད་པ་དང་། མ་རིག་པ་དང་། བློ་རྣམས་སུ་ཡོད་པའི་ཕྱིར། དེ་ལས་གཞན་ཐེ་ཚོམ་དང་ང་རྒྱལ་གཉིས་རྩ་བ་མིན་ཏེ། ཐེ་ཚོམ་ནི་ཡུལ་ལ་རྣམ་པ་གཉིས་སུ་འཇུག །ང་རྒྱལ་ནི་མཐོན་པོར་འཇུག་པའི་ཕྱིར་ན་རྩ་བ་དང་ཆོས་མི་མཐུན་པའི་ཕྱིར། གཉིས་པ་ནི། བཞི་ཞེས་ཉི་འོག་པ། །དེ་དག་སྲེད་ལྟ་ང་རྒྱལ་རྨོངས། །བསམ་གཏན་པ་གསུམ་མ་རིག་ལས། །ཞེས་པ་སྟེ། ཉི་འོག་བྱེ་བྲག་ཏུ་སྨྲ་བ་རྣམས་ན་རེ། ལུང་མ་བསྟན་གྱི་རྩ་བ་དེ་ལ་བཞི་ཡོད་དེ། སྲེད་པ་དང་། ལྟ་བ་དང་། ང་རྒྱལ་དང་། རྨོངས་པ་རྣམས་སུ་ཡོད་པའི་ཕྱིར། རྒྱུ་མཚན་ཡོད་དེ། བསམ་གཏན་དེ་ལ་སྲེད་པ་དང་། ལྟ་བ་དང་། ང་རྒྱལ་གསུམ་ཤས་ཆེ་བ་དང་། དེ་ཡང་མ་རིག་པའི་དབང་ལས་འབྱུང་བའི་ཕྱིར། གསུམ་པ་དྲི་ལན་གྱི་རྣམ་བཞག་གཏན་ལ་ཕབ་པ་ནི། མགོ་གཅིག་དང་ནི་རྣམ་ཕྱེ་དང་། །དྲི་དང་བཞག་པར་ལུང་བསྟན་པ། །འཆི་དང་སྐྱེ་དང་ཁྱད་པར་འཕགས། །བདག་གཞན་ལ་སོགས་ལྟ་བུ་ཡིན། །ཞེས་པ་སྟེ། དྲི་བ་ལུང་དུ་བསྟན་ཚུལ་དེ་ལ་བཞི་ཡོད་དེ། མགོ་གཅིག་ཏུ་ལུང་བསྟན་པ་དང་། རྣམ་པར་ཕྱེ་སྟེ་ལུང་དུ་བསྟན་པ་དང་། དྲི་བས་ལུང་དུ་བསྟན་པ་དང་། བཞག་པར་ལུང་དུ་བསྟན་པ་རྣམས་ཡོད་པའི་ཕྱིར། བཞི་ནི། སོ་སོའི་སྐྱེ་བོ་འཆིའམ་ཞེས་པ་དང་། སྐྱེའམ་ཞེས་པ་དང་། མི་ཁྱད་པར་དུ་འཕགས་སམ་ཞེས་པ་དང་། བདག་སྲོག་གཞན་ཡིན་ནམ་ཞེས་པ་རྣམས་སོ། །དང་པོའི་ལན་ཡོད་དེ། མགོ་གཅིག་པའི་དྲི་བ་ཡིན་པས། སོ་སྐྱེ་སྐྱེས་ནས་འཆི་བ་ལས་མ་འདས་པས་འཆིའོ་ཞེས་མཐའ་གཅིག་ཏུ་ལུང་སྟོན་པའི་ཕྱིར། གཉིས་པ་ཡོད་དེ། རྣམ་པར་ཕྱེ་ནས་ལུང་སྟོན་པའི་དྲི་བ་ཡིན་པས། ཉོན་མོངས་ཅན་རྣམས་སྐྱེ་ལ། དེའི་ཅིག་ཤོས་ནི་མི་སྐྱེའོ་ཞེས་འཆད་པའི་ཕྱིར། གསུམ་པ་ཡོད་དེ། དྲིས་ནས་ལུང་བསྟན་པར་བྱ་བའི་དྲི་བ་ཡིན་པས། ལྷ་ལ་ལྟོས་ན་དམན་ལ། འགྲོ་བར་གཞན་ལ་ལྟོས་ན་ཁྱད་པར་དུ་འཕགས་སོ་ཞེས་འཆད་པའིི་ཕྱིར། བཞི་པ་ཡོད་དེ། ཕུང་པོ་རྣམས་ལ་བདག་དང་སེམས་ཅན་དུ་སོགས་པ་ལས་གཞན་ཡིན་མིན་དྲི་བ་ལ་ཅང་མི་གསུང་བས་བཞག་པ་ལྟ་བུ་ཡིན་པའི་ཕྱིར། ལྔ་པ་དུས་གསུམ་ལ་ཕྲ་རྒྱས་ལྡན་ཚུལ་གྱི་སྒོ་ནས་དབྱེ་བ་ལ། ཕྲ་རྒྱས་ཀྱི་དམིགས་ཡུལ། དུས་གསུམ་ལྡན་ཚུལ་ལ་དཔྱད་པ། དུས་གསུམ་གྱི་རྣམ་བཞག་སྤངས་ཀྱང་ལྡན་པའི་ཚུལ། སེམས་ཀྱི་དམིགས་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། དམིགས་ཡུལ་ངེས་པ་ཅན་གྱི་ཉོན་མོངས་རང་མཚན་པ་དང་། དེ་ངེས་མེད་ཀྱི་ཉོན་མོངས་སྤྱིར་བསྟན་པ་གཉིས། དང་པོ་ནི། འདས་དང་ཉེར་གནས་འདོད་ཆགས་དང་། །ཁོང་ཁྲོ་ང་རྒྱལ་དག་གིས་ནི། །གང་ལ་དེ་སྐྱེས་མ་སྤངས་པའི། །དངོས་པོ་དེ་དང་ལྡན་པ་ཡིན། །ཡིད་ཀྱིས་དེ་དག་མ་འོངས་པས། །ཀུན་དང་གཞན་གྱི་རང་དུས་པ། །མི་སྐྱེ་རྣམས་ཀྱིས་ཐམས་ཅད་དང་། །ཞེས་པ་སྟེ། འདས་པ་དང་། ཉེར་གནས་དང་། ད་ལྟར་བའི་འདོད་ཆགས་དང་། ཁོང་ཁྲོ་དང་། ང་རྒྱལ་དག་གི་ནི་རྒྱུད་གང་ལ་དེ་སྐྱེས་ནས་མ་སྤངས་ཀྱི་བར་དུ་དངོས་པོ་དེ་དག་དང་ལྡན་པ་ཡིན་ཏེ། དེ་རྣམས་ཉོན་མོངས་རང་གི་མཚན་ཉིད་པའི་ས་པ་ཡིན་པའི་ཕྱིར། ཡིད་ཤེས་འཁོར་གྱི་དུག་གསུམ་པོ་དེ་དག་མ་འོངས་པས་དུས་གསུམ་ཀུན་དང་ལྡན་ཏེ། ཡིད་ནི་དུས་གསུམ་གྱི་ཡུལ་ཅན་ཡིན་པའི་ཕྱིར། གཞན་དབང་ཤེས་འཁོར་གྱི་ཉོན་མོངས་དེ་དག་རང་དུས་ད་ལྟར་བ་དང་ལྡན་ཏེ། དབང་ཤེས་ད་ལྟར་བའི་ཡུལ་ཡིན་པའི་ཕྱིར། དབང་ཤེས་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱི་དུས་གསུམ་པོ་ཐམས་ཅད་དང་ལྡན་ཏེ། དེ་ཡུལ་དུས་གསུམ་ལ་དམིགས་པ་སྲིད་པའི་ཕྱིར། གཉིས་པ་ནི། ལྷག་མ་ཀུན་གྱི་ཀུན་དང་ལྡན། །ཞེས་པ་སྟེ། ལྷག་མ་ལྟ་བ་དང་ཐེ་ཚོམ་མ་རིག་པ་ཀུན་གྱི་ཡུལ་དུས་གསུམ་པོ་ཀུན་དང་ལྡན་ཏེ། དེ་གསུམ་ཡུལ་དུས་གསུམ་ཀ་ལ་དམིགས་པའི་ཕྱིར། གཉིས་པ་དུས་གསུམ་དང་ལྡན་ཚུལ་དཔྱད་པ་ལ། དུས་གསུམ་རྫས་ཡོད་དུ་གྲུབ་པ། དུས་གསུམ་གྱི་འཇོག་ཚུལ། དེ་ལ་མདོ་སྡེ་པའི་གནོད་བྱེད་བརྗོད་པ། བྱེ་བྲག་སྨྲ་བ་རང་གིས་ལན་བཏབ་པ་དང་བཞི། དང་པོ་ལ། ལུང་དང་། རིགས་པའི་སྒྲུབ་བྱེད་གཉིས་ལས། དང་པོ་ནི། དུས་རྣམས་ཀུན་ཏུ་ཡོད་གསུངས་ཕྱིར། །ཞེས་པ་སྟེ། དུས་གསུམ་པོ་རྣམ་པ་ཀུན་ཏུ་རྫས་སུ་ཡོད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གལ་ཏེ་འདས་པའི་གཟུགས་གཅིག་ཡོད་པར་མ་གྱུར་ན་འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདས་པའི་གཟུགས་ལ་བལྟ་བར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་འདས་པའི་གཟུགས་ཡོད་པའི་ཕྱིར། འཕགས་པ་ཉན་ཐོས་ཐོས་པ་དང་ལྡན་པ་དག་འདས་པའི་གཟུགས་ལ་མི་བལྟ་བ་ཡིན་ནོ་ཞེས་དེ་བཞིན་དུ་མ་འོངས་པ་ལའང་སྦྱར་ནས་གསུངས་པའི་ཕྱིར། གཉིས་པ་ནི། གཉིས་ཕྱིར་ཡུལ་ཡོད་ཕྱིར་འབྲས་ཕྱིར། །དེ་ཡོད་སྨྲ་བའིི་ཕྱིར། ཞེས་པ་སྟེ། འདས་མ་འོངས་རྫས་སུ་ཡོད་དེ། དེ་གཉིས་ལ་དམིགས་པའི་རྣམ་ཤེས་ཀྱི་ཡུལ་ཡོད་པའི་ཕྱིར་དང་། ལས་འགག་ནས་ཡུན་རིང་དུ་ལོན་པ་ལ་འབྲས་བུ་འབྱུང་བ་ཡོད་པའི་ཕྱིར། གཞི་ཐམས་ཅད་ཡོད་པར་སྨྲ་བ་དུས་གསུམ་རྫས་ཡོད་དུ་འདོད་དེ། དེ་རྫས་ཡོད་དུ་ཁ་ཆེ་བ་སྨྲ་བའི་ཕྱིར། གཉིས་པ་ནི། ཐམས་ཅད། ཡོད་པར་སྨྲ་བ་འདོད་དེ་དག །རྣམ་བཞི་དངོས་དང་མཚན་ཉིད་དང་། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །གསུམ་པ་བཟང་སྟེ་བྱ་བ་ཡི། །ཞེས་པ་སྟེ། ཐམས་ཅད་ཡོད་པར་སྨྲ་བ་དེ་དག་ཀྱང་རྣམ་པ་བཞི་སྟེ། དངོས་པོ་དང་། མཚན་ཉིད་དང་། གནས་སྐབས་དང་། སྔ་ཕྱི་གཞན་དང་གཞན་དུ་འགྱུར་བར་སྨྲ་བ་སྟེ་བཞི་ཡོད་པའི་ཕྱིར། དང་པོ་ཡོད་དེ། བཙུན་པ་ཆོས་སྐྱོབ་ན་རེ། དུས་གསུམ་དངོས་པོ་གཞན་འགྱུར་ཡིན་གྱི། རྫས་གཞན་འགྱུར་མིན་ཏེ། མ་འོངས་པ་ནས་ད་ལྟར་བ། དེ་ནས་འདས་པར་འགྱུར་བའི་ཚེ། མ་འོངས་པའི་དངོས་པོ་དོར་ནས་ད་ལྟར་བའི་དངོས་པོར་འགྱུར། དེ་དོར་ནས་འདས་པའི་དངོས་པོར་འགྱུར་གྱི། རྫས་ལ་འགྱུར་བ་མེད་པའི་ཕྱིར། དཔེར་ན། འོ་མ། ཞོ། མར་དུ་འགྱུར་བའི་ཚེ་རོ་ནུས་གཞན་དུ་འགྱུར་གྱི། ཁ་དོག་མི་འགྱུར་བ་ལྟར་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། བཙུན་པ་དབྱངས་སྒྲོག་ན་རེ། མིང་གཞན་འགྱུར་ཡིན་གྱི། རྫས་གཞན་འགྱུར་མིན་ཏེ། མ་འོངས་པ་ད་ལྟར་བ་སོགས་སུ་འགྱུར་བའི་ཚེ། དུས་གསུམ་རེ་རེ་བཞིན་དུས་གསུམ་ཀའི་མིང་དང་ལྡན་ཡང་། ཤས་ཆེ་བའི་དབང་དུ་བྱས་ནས་དེ་དང་དེར་འཇོག་པའི་ཕྱིར། དཔེར་ན་སྲིད་སྒྲུབ་ནག་མོ་སྙན་སྒྲོག་མ་ལ་ལྷག་པར་ཆགས་པས། ཆགས་ཞེས་བརྗོད་ཀྱི་བུད་མེད་གཞན་ལ་ཆགས་པ་བྲལ་བ་མིན་པ་བཞིན་ནོ། །གསུམ་པ་ཡོད་དེ། བཙུན་པ་དབྱིག་བཤེས་ན་རེ། དུས་གསུམ་གནས་སྐབས་གཞན་འགྱུར་ཡིན་གྱི། རྫས་གཞན་འགྱུར་མིན་ཏེ། མ་འོངས་པ་ནས་ད་ལྟར་བ་སོགས་སུ་འཇུག་པའི་ཚེ། ཆོས་ཤིག་བྱ་བ་མི་བྱེད་པའི་གནས་སྐབས་ལ་མ་འོངས་པ། བྱ་བ་བྱེད་པའི་གནས་སྐབས་ལ་ད་ལྟར་བ། བྱ་བ་བྱས་ཟིན་པའི་གནས་སྐབས་ལ་འདས་པར་འཇོག་པའི་ཕྱིར། དཔེར་ན། རྩིས་མཁན་གྱི་ཡི་གེ་གཅིག་པ་གཅིག་གི་གོ་སར་བཞག་ན་གཅིག་དང་། བཅུའི་གོ་སར་བཞག་ན་བཅུ། སྟོང་གི་གོ་སར་བཞག་ན་སྟོང་འབྱུང་བ་བཞིན་ནོ། །བཞི་པ་ཡོད་དེ། བཙུན་པ་སངས་རྒྱས་ལྷ་ན་རེ། དུས་གསུམ་སྔ་ཕྱི་གཞན་དུ་འགྱུར་བ་ཡིན་གྱི། རྫས་གཞན་དུ་མི་འགྱུར་ཏེ། དངོས་པོ་རྣམས་རེ་རེ་ལ་ཡང་སྔ་ཕྱི་བར་མ་གསུམ་གསུམ་དང་ལྡན་ཞིང་། སྔ་མའི་ཆ་ལ་འདས་པ། ཕྱི་མའི་ཆ་ལ་མ་འོངས་པ། བར་མའི་ཆ་ལ་ད་ལྟར་བར་འཇོག་པའི་ཕྱིར། དཔེར་ན་དངུལ་སྲང་གང་གསེར་སྲང་གང་ལ་ལྟོས་ཏེ་ངན་པ་དང་། ཟངས་སྲང་གང་ལ་ལྟོས་ཏེ་བཟང་བ་བཞིན་ནོ། །ལུགས་དེ་རྣམས་ལས་བཙུན་པ་དབྱིག་བཤེས་ཀྱི་ལུགས་དེ་ཅུང་ཟད་བཟང་སྟེ། བྱ་བ་མི་བྱེད་པ་དང་བྱེད་པ་ཡི་དུས་གསུམ་པོ་རྣམས་ཀྱི་རྣམ་བཞག་མཛད་པའི་ཕྱིར་རོ། །གསུམ་པ་ནི། དུས་རྣམས་རྣམ་བཞག་གེགས་སུ་བྱེད། །དེ་ཡང་ཇི་ལྟར་གཞན་མ་ཡིན། །དུས་སུ་མི་རུང་དེ་བཞིན་དུ། །ཡོད་ན་ཅི་ཕྱིར་མ་སྐྱེས་ཤིག །ཅེས་པ་སྟེ། འདས་མ་འོངས་ཀྱིས་འབྲས་བུ་བསྐྱེད་པའི་བྱ་བ་བྱེད་པར་ཐལ། དེ་གཉིས་འབྲས་བུ་སྐྱེད་པ་ལ་གེགས་སུ་བྱེད་པ་ཅི་ཡང་མེད་པའི་ཕྱིར། བྱ་བ་བྱས་ཟིན་འདས་པའི་དུས་དང་། བྱེད་འགྱུར་མ་འོངས་པའི་དུས་སུ་མི་རུང་བར་ཐལ། བྱ་བ་མི་བྱེད་པ་ལ་སོགས་པ་དེས་ཡང་རྒྱུ་མཚན་ཇི་ལྟར་ན་དུས་གསུམ་ལས་གཞན་མིན་སྙམ་དུ་ཡིན་པའི་ཕྱིར། མ་འོངས་པ་ཅིའི་ཕྱིར་མ་སྐྱེས་ཤིག་སྟེ་སྐྱེས་པར་ཐལ། དེ་ད་ལྟར་བ་བཞིན་དུ་རྫས་སུ་ཡོད་པའི་ཕྱིར། བཞི་པ་ནི། ཆོས་ཉིད་དག་ནི་ཟབ་པ་ཡིན། །ཞེས་པ་སྟེ། བྱེ་བྲག་ཏུ་སྨྲ་བ་ན་རེ། མདོ་སྡེ་པས་བརྗོད་པའི་སྐྱོན་དེ་ནི་མི་འཇུག་སྟེ། འདས་མ་འོངས་རྫས་སུ་ཡོད་ཀྱང་ཞིག་པ་ལས་མ་འདས་པ་དང་། མ་སྐྱེས་པ་ལ་མ་འོངས་པར་འཇོག་པའི་རྟེན་འབྲེལ་གྱི་ཆོས་ཉིད་དེ་ནི་ཟབ་པ་ཡིན་པའི་ཕྱིར། གསུམ་པ་དུས་གསུམ་གྱི་རྣམ་བཞག་སྤངས་ཀྱང་ལྡན་པའི་ཚུལ་ནི། སྡུག་བསྔལ་མཐོང་སྤང་བྱ་སྤངས་ཀྱང་། །ཀུན་འགྲོ་ལྷག་མ་རྣམས་ཀྱི་ལྡན། །དང་པོའི་རྣམ་པ་སྤངས་ཀྱང་དེའི། །ཡུལ་ཅན་དྲི་མ་ལྷག་རྣམས་ཀྱིས། །ཞེས་པ་སྟེ། སྡུག་བསྔལ་མཐོང་སྤང་མཐའ་དག་སྤངས་ཀྱང་ལྡན་པ་ཡོད་དེ། ཀུན་འགྲོ་ལྷག་མ་ཀུན་འབྱུང་མཐོང་སྤང་རྣམས་ཀྱི་དམིགས་པར་ལྡན་པ་ཡོད་པའི་ཕྱིར། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཚེ། འདོད་པའི་སས་བསྡུས་ཀྱི་སྒོམ་སྤང་དང་པོའི་རྣམ་པ་སྟེ། ཆེན་པོ་སྤངས་ཀྱང་ལྡན་པ་ཡོད་དེ། སྒོམ་སྤང་ཆེན་པོའི་ཡུལ་ཅན་གྱི་དྲི་མ་ལྷག་མ་རྣམས་ཀྱི་དམིགས་པར་ལྡན་པ་ཡོད་པའི་ཕྱིར། བཞི་པ་སེམས་ཀྱི་དམིགས་པ་བྱེ་བྲག་ཏུ་བཤད་པ་ནི། སྡུག་བསྔལ་རྒྱུ་མཐོང་སྒོམ་པ་ཡིས། །སྤང་བྱ་འདོད་ཁམས་ལས་སྐྱེས་པ། །རང་གི་གསུམ་དང་གཟུགས་གཏོགས་གཅིག །དྲི་མེད་རྣམ་ཤེས་སྤྱོད་ཡུལ་ལོ། །གཟུགས་ཁམས་ལས་སྐྱེས་རང་གི་དང་། །འོག་གསུམ་གོང་གཅིག་དྲི་མེད་ཀྱི། །གཟུགས་མེད་ལས་སྐྱེས་ཁམས་གསུམ་གཏོགས། །གསུམ་དང་ཟག་མེད་སྤྱོད་ཡུལ་ལོ། །འགོག་དང་ལམ་མཐོང་སྤང་བྱ་ཀུན། །རང་གི་ཀླགས་པའི་སྤྱོད་ཡུལ་ལོ། །ཟག་མེད་ཁམས་གསུམ་མཐའ་གསུམ་དང་། །ཟག་པ་མེད་པའི་སྤྱོད་ཡུལ་ལོ། །ཞེས་པ་སྟེ། འདོད་ཁམས་ལས་སྐྱེས་པའི་སྡུག་བསྔལ་མཐོང་སྤང་དེའི་རྒྱུ་ཀུན་འབྱུང་མཐོང་སྤང་དང་སྒོམ་པས་སྤང་བར་བྱ་བ་རྣམས། སེམས་ལྔའི་དམིགས་པ་ཡིན་ཏེ། རང་གི་སར་གཏོགས་པའི་གསུམ་དང་། གཟུགས་སུ་གཏོགས་པའི་སྒོམ་སྤང་གཅིག །དྲི་མེད་ཟག་མེད་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། གཟུགས་ཁམས་ལས་སྐྱེས་པའི་སྤང་བྱ་གསུམ་པོ། སེམས་བརྒྱད་ཀྱི་དམིགས་པ་ཡིན་ཏེ། རང་གི་སའི་གསུམ་དང་། འོག་སའི་འདོད་ཁམས་ཀྱི་གསུམ། གོང་ས་གཟུགས་མེད་ཁམས་ཀྱི་སྒོམ་སྤང་གཅིག །དྲི་མེད་ཀྱི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། གཟུགས་མེད་ཁམས་ལས་སྐྱེས་པའི་སྤང་བྱ་གསུམ་པོ་ཆོས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་དུ་གཏོགས་པའི་སྡུག་བསྔལ་མཐོང་སྤང་ཀུན་འབྱུང་མཐོང་སྤང་སྒོམ་སྤང་གསུམ་གསུམ་དང་། ཟག་མེད་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། འགོག་པ་མཐོང་སྤང་དང་ལམ་མཐོང་སྤང་ཀུན། ཆོས་དུ་མའི་དམིགས་པ་ཡིན་ཏེ། སྔར་བསྟན་པའི་སྟེང་དུ་རང་གི་ཀླགས་པ་སྟེ་བསྣན་པའི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར། ཟག་མེད་ས་བཅུའི་དམིགས་པ་ཡིན་ཏེ། ཁམས་གསུམ་གྱི་སྤང་བྱའི་མཐའ་མ་འགོག་པ་དང་ལམ་མཐོང་སྤང་དང་། སྒོམ་སྤང་གསུམ་གསུམ་དང་། ཟག་པ་མེད་པའི་སེམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་ཕྱིར།

གསུམ་པ་བཅས་མ་བཅས་ཀྱི་སྒོ་ནས་དབྱེ་བ་ནི། ཉོན་མོངས་ཕྲ་རྒྱས་བཅས་རྣམ་གཉིས། །ཉོན་མོངས་བཅས་མིན་རྒྱས་འགྱུར་གྱིས། །ཞེས་པ་སྟེ། ཉོན་མོངས་ཅན་གྱི་ཕྲ་རྒྱས་ནི། རྒྱས་ཚུལ་རྣམ་པ་གཉིས་ཡོད་དེ། དམིགས་པ་དང་མཚུངས་ལྡན་གྱི་སྒོ་ནས་རྒྱས་པར་འགྱུར་བས་སོ། །ཉོན་མོངས་ཅན་མིན་པའི་ཕྲ་རྒྱས་ནི། རྒྱས་ཚུལ་གཅིག་སྟེ། དམིགས་པའི་སྒོ་ནས་རྒྱས་པར་འགྱུར་བའི་ཕྱིར།

གཉིས་པ་སྐྱེ་ཚུལ་ལ། སྐྱེ་བའི་གོ་རིམ་དང་། སྐྱེ་བའི་རྒྱུ་གཉིས། དང་པོ་ནི། རྨོངས་ལས་ཐེ་ཚོམ་དེ་ནས་ནི། །ལོག་ལྟ་དེ་ནས་འཇིག་ཚོགས་ལྟ། །དེ་ནས་མཐར་འཛིན་དེ་ནས་ནི། །ཚུལ་ཁྲིམས་མཆོག་འཛིན་དེ་ནས་ལྟ། །རང་གི་ལྟ་ལ་ང་རྒྱལ་ཆགས། །གཞན་ལ་ཞེ་སྡང་དེ་ལྟར་རིམ། །ཞེས་པ་སྟེ། ཕྲ་རྒྱས་རྣམས་ཀྱིས་འཇུག་པའི་རིམ་པ་ཡོད་དེ། དང་པོར་བདེན་པ་རྣམས་ལ་རྨོངས་པས་འཇུག །དེ་ནས་བདེན་པ་རྣམས་ལ་ཐེ་ཚོམ་སྐྱེ། དེ་ནས་བདེན་པ་རྣམས་མེད་སྙམ་པའི་ལོག་ལྟ། དེ་ནས་ཕུང་པོ་ལ་བདག་ཏུ་འཛིན་པའི་འཇིག་ཚོགས་ལ་ལྟ་བ། དེ་ནས་དེ་རྟག་ཆད་དུ་ལྟ་བའི་མཐར་འཛིན། དེ་ནས་ནི་དེ་ཉིད་ལ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན། དེ་ནས་ལྟ་ངན་དེ་མཆོག་ཏུ་འཛིན་པའི་ལྟ་བ་མཆོག་འཛིན། དེ་ལས་རང་གི་ལྟ་བ་ལ་ང་རྒྱལ་དང་། གཞན་གྱི་ལྟ་བ་ལ་ཞེ་སྡང་། དེ་ལྟར་རིམ་པ་བཞིན་དུ་སྐྱེ་བའི་ཕྱིར་རོ། །གཉིས་པ་ནི། ཕྲ་རྒྱས་སྤངས་པ་མ་ཡིན་དང་། །ཡུལ་ནི་ཉེ་བར་གནས་པ་དང་། །ཚུལ་བཞིན་མ་ཡིན་ཡིད་བྱེད་ལས། །ཉོན་མོངས་རྒྱུ་ནི་ཚང་བ་ཡིན། །ཞེས་པ་སྟེ། ཕྲ་རྒྱས་ཉོན་མོངས་ཅན་སྐྱེ་ཚུལ་གསུམ་ཡོད་དེ། ཕྲ་རྒྱས་ཉོན་མོངས་སྤངས་པ་མ་ཡིན་པ་དང་། གཟུགས་མཛེས་པ་ལ་སོགས་པའི་ཡུལ་ནི་ཉེ་བར་གནས་པ་དང་། གཙང་བདེ་ལ་སོགས་པའི་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པ་ལས་ཉོན་མོངས་སྐྱེ་བའི་རྒྱུ་ནི་ཚང་བའི་ཕྱིར་རོ། །

གསུམ་པ་རྣམ་གྲངས་ལ། མདོ་ནས་གསུངས་པའི་རྣམ་གྲངས། བསྟན་བཅོས་ནས་བཤད་པའི་རྣམ་གྲངས། ཞར་བྱུང་མཚུངས་ལྡན་བཤད་པ། སྤང་བྱ་སྒྲིབ་པ་ལྔ་བཤད་པ་དང་བཞི། དང་པོ་ལ། སོ་སོར་བཤད་པ་དང་ངེས་ཚིག་བསྡུས་ཏེ་བསྟན་པ་གཉིས། དང་པོ་ལ། ཟག་པ་བཤད། ཆུ་སྦྱོར་བཤད། ཉེར་ལེན་བཤད་པའོ། །དང་པོ་ལ། འདོད་པའི་ཟག་པ། སྲིད་པའི་ཟག་པ། མ་རིག་པའི་ཟག་པ་དང་གསུམ། དང་པོ་ནི། འདོད་ན་གཏི་མུག་མ་གཏོགས་པའི། །ཉོན་མོངས་ཀུན་ནས་དཀྲིས་བཅས་ཟག །ཅེས་པ་སྟེ། འདོད་པ་ན་གཏི་མུག་མ་གཏོགས་པའི་ཉོན་མོངས་པས་ཀུན་ནས་དཀྲིས་པ་དང་བཅས་པ་ནི་ཟག་པ་ཡིན་ཏེ། འཁོར་བར་ཟག་བྱེད་ཡིན་པས་སོ། །གཉིས་པ་ནི། གཟུགས་དང་གཟུགས་ནི་མེད་པ་ན། །ཕྲ་རྒྱས་ཁོ་ན་སྲིད་པའི་ཟག །དེ་ལུང་མ་བསྟན་ཁ་ནང་བལྟས། །མཉམ་བཞག་ས་པའི་ཕྱིར་གཅིག་བྱས། །ཞེས་པ་སྟེ། གཟུགས་དང་གཟུགས་མེད་པའི་ཁམས་ན་མ་རིག་པ་མ་གཏོགས་པའི་ཕྲ་རྒྱས་ཁོ་ན་ལ་སྲིད་པའི་ཟག་པ་ཞེས་བྱ་སྟེ། དེ་རྣམས་ཁམས་གོང་མར་ཟག་བྱེད་ཡིན་པའི་ཕྱིར། ཁམས་གོང་མའི་མ་རིག་པ་མ་གཏོགས་པའི་ཉོན་མོངས་པ་རྣམས་སྲིད་པའི་ཟག་པ་ཞེས་གཅིག་ཏུ་འཆད་པའིི་རྒྱུ་མཚན་ཡོད་དེ། དེ་རྣམས་ལུང་དུ་མ་བསྟན་པ་དང་། ཁ་ནང་དུ་བལྟས་པ་དང་། མཉམ་བཞག་གི་ས་པ་ཡིན་པས་དེ་ལྟར་དུ་བཤད་པའི་ཕྱིར། གསུམ་པ་ནི། རྩ་བ་མ་རིག་ཡིན་པས་ན། །ལོགས་ཤིག་ཏུ་ནི་ཟག་པར་བསྟན། །ཅེས་པ་སྟེ། མ་རིག་པ་ལོགས་ཤིག་ཏུ་ནི་ཟག་པར་བསྟན་པ་ལ་རྒྱུ་མཚན་ཡོད་དེ། མ་རིག་པ་དེ་ཉོན་མོངས་པའི་རྩ་བ་ཡིན་པས་དེ་ལྟར་བཤད་པའི་ཕྱིར། གཉིས་པ་ནི། ཆུ་བོ་སྦྱོར་བའང་དེ་བཞིན་དུ། །ལྟ་རྣམས་གསལ་ཕྱིར་ལོགས་ཤིག་བསྟན། །ཟག་པར་མ་ཡིན་གྲོགས་མེད་རྣམས། །འཇོག་པའི་རྗེས་སུ་མི་མཐུན་ལོ། །ཞེས་པ་སྟེ། ཆུ་བོ་དང་སྦྱོར་བ་ལའང་དུ་མ་ཡོད་དེ། ཟག་པ་དེ་བཞིན་དུ་འདོད་པའི་ཆུ་བོ། འདོད་པའི་སྦྱོར་བ། སྲིད་པའི་ཆུ་བོ། སྒྲིབ་པའི་ཆུ་བོ། མ་རིག་པའི་སྦྱོར་བ་རྣམས་སུ་ཡོད་པའི་ཕྱིར། ལྟ་བ་རྣམས་ལྟ་བའི་ཆུ་བོ། ཞེས་ལོགས་ཤིག་ཏུ་བསྟན་པ་ལ་རྒྱུ་མཚན་ཡོད་དེ། ལྟ་བ་དམིགས་རྣམ་གསལ་བས་དེ་ལྟར་བཤད་པའི་ཕྱིར། ལྟ་བ་རྣམས་ཟག་པར་བཤད་པ་མ་ཡིན་པ་ལ་རྒྱུ་མཚན་ཡོད་དེ། དེ་རྣམས་མ་རིག་པའི་གྲོགས་མེད་པར་འཁོར་བར་འཇོག་པའི་རྗེས་སུ་མི་མཐུན་པའི་ཕྱིར་རོ། །གསུམ་པ་ཉེར་ལེན་བཤད་པ་ནི། ཇི་སྐད་བཤད་ཉིད་མ་རིག་བཅས། །ཉེར་ལེན་རྣམས་ཏེ་ལྟ་རྣམ་གཉིས། །ཕྱེ་བའི་ཕྱིར་རོ་མ་རིག་པ། །འཛིན་པར་བྱེད་པ་མིན་ཕྱིར་བསྲེས། །ཞེས་པ་སྟེ། གོང་དུ་ཇི་ལྟར་བཤད་པ་ཉིད་ཀྱི་ཕྲ་རྒྱས་མ་རིག་པ་དང་བཅས་པ་ཉེར་ལེན་ཡིན་ཏེ། འཁོར་བར་ཉེ་བར་འཛིན་བྱེད་ཡིན་པའི་ཕྱིར་ལྟ་བ་ལ་ཉེར་ལེན་རྣམ་པ་གཉིས་ཡོད་དེ། དེ་ལ་ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་གཉིས་ཀྱིས་ཕྱེ་བའི་ཕྱིར། མ་རིག་པ་ཉོན་མོངས་པ་དང་བསྲེས་ནས་ཉེར་ལེན་དུ་བཤད་པ་ལ་རྒྱུ་མཚན་ཡོད་དེ། མ་རིག་པ་རྐྱང་པས་འཁོར་བར་འཛིན་པར་བྱེད་པ་མིན་པའི་ཕྱིར། གཉིས་པ་ངེས་ཚིག་ནི། གང་ཕྱིར་དེ་དག་ཕྲ་བ་དང་། །རྗེས་འབྲེལ་རྣམ་གཉིས་རྒྱས་འགྱུར་དང་། །རྗེས་སུ་འབྲང་བས་དེ་ཡི་ཕྱིར། །ཕྲ་རྒྱས་དག་ཏུ་བཤད་པ་ཡིན། །དེ་དག་འཇོག་བྱེད་ཟག་བྱེད་དང་། །ཁྱེར་བར་བྱེད་དང་འབྱར་བྱེད་དང་། །ཉེ་བར་འཛིན་ཕྱིར་ཟག་ལ་སོགས། །དེ་དག་གི་ནི་ངེས་ཚིག་ཡིན། །ཞེས་པ་སྟེ། རྩ་ཉོན་ལྔ་སོགས་ཕྲ་རྒྱས་དག་ཏུ་བཤད་པ་ཡིན་ཏེ། གང་གི་ཕྱིར་དེ་དག་ཕྲ་ཞིང་རྟོགས་པར་དཀའ་བ་དང་། ཐོབ་པ་དང་རྗེས་སུ་འབྲེལ་བ་དང་། དམིགས་པ་དང་མཚུངས་ལྡན་རྣམ་པ་གཉིས་ཀྱིས་རྒྱས་པར་འགྱུར་བ་དང་། ཟློག་ཀྱང་ཡང་དང་ཡང་དུ་རྗེས་སུ་འབྲང་བས་དེ་ལྟར་བཤད་པ་དེའི་ཕྱིར་རོ། །ཟག་པ་སོགས་ཀྱི་སྒྲ་དོན་ཡོད་དེ། ཕྲ་རྒྱས་དེ་དག་འཁོར་བར་འཇོག་པར་བྱེད་པ་དང་། འཁོར་བར་ཁྱེར་བར་བྱེད་པ་དང་། འཁོར་བར་འབྱར་བ་བྱེད་པ་དང་། འཁོར་བར་ཉེ་བར་འཛིན་པའི་ཕྱིར་ན། ཟག་པ་ལ་སོགས་པ་ཆུ་བོ་དང་སྦྱོར་བ་དང་ཉེ་བར་ལེན་པ་དེ་དག་གི་ནི་ངེས་ཚིག་དེ་ལྟར་ཡིན་པས་སོ། །

གཉིས་པ་བསྟན་བཅོས་ལས་བཤད་པའི་རྣམ་གྲངས་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ་ནི། དེ་དག་ཀུན་ཏུ་སྦྱོར་སོགས་ཀྱི། །དབྱེ་བས་ཡང་རྣམ་ལྔར་བཤད་དོ། །ཞེས་པ་སྟེ། ཕྲ་རྒྱས་དེ་དག་ཡང་རྣམ་པ་ལྔར་བཤད་དེ་ཀུན་ཏུ་སྦྱོར་བ་དང་། སོགས་པས་འཆིང་བ་དང་། ཕྲ་རྒྱས་དང་། ཉེ་བའི་ཉོན་མོངས་དང་། ཀུན་དཀྲིས་ཀྱི་དབྱེ་བས་དེ་ལྟར་དུ་ཡོད་པའོ། །གཉིས་པ་ལ། ཀུན་སྦྱོར། འཆིང་བ། ཉེར་ལེན། ཀུན་དཀྲིས་དང་བཞི། དང་པོ་ལ། དངོས་དང་། ཞར་བྱུང་གཉིས། དང་པོ་ནི། རྫས་དང་མཆོག་འཛིན་འདྲ་བའི་ཕྱིར། །ལྟ་གཉིས་ཀུན་ཏུ་སྦྱོར་གཞན་ནོ། །གང་ཕྱིར་གཉིས་ཀའང་གཅིག་ཏུ་ནི། །མི་དགེ་རང་དབང་དེ་ཡི་ཕྱིར། །ཕྲག་དོག་སེར་སྣ་དེ་དག་ལས། །ལོགས་ཤིག་ཀུན་སྦྱོར་གཉིས་སུ་བཤད། །ཅེས་པ་སྟེ། ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་གཉིས། ལྟ་བའི་ཀུན་ཏུ་སྦྱོར་བ་ལ། གཞན་གྱི་མཆོག་འཛིན་གྱི་ཀུན་སྦྱོར་དུ་བཤད་པའི་རྒྱུ་མཚན་ཡོད་དེ། དེ་གཉིས་ལྟ་བའི་ཀུན་སྦྱོར་དང་རྫས་བརྒྱད་བརྒྱད་དུ་འདྲ་བ་དང་། གཉིས་པོ་དེ་མཆོག་ཏུ་འཛིན་ཚུལ་དང་འདྲ་བས་དེ་ལྟར་བཤད་པས་སོ། །ཕྲག་དོག་དང་སེར་སྣ་དེ་དག་སོགས་ལས་ལོགས་ཤིག་ཏུ་ཀུན་སྦྱོར་གཉིས་སུ་འཆད་པའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་དེ་གཉིས་གཅིག་ཏུ་ནི། མི་དགེ་བ་ཡིན་པ་དང་རང་དབང་ཅན་ཡིན་པ་དེའི་ཕྱིར་རོ། །གཉིས་པ་ཞར་བྱུང་ལ། མཐའ་མའི་ཆ་མཐུན་ལྔ་བཤད། ཀུན་སྦྱོར་གསུམ་བཤད། གོང་མའི་ཆ་མཐུན་ལྔ་བཤད་པའོ། །དང་པོ་ནི། ཐ་མའི་ཆ་དང་མཐུན་རྣམ་ལྔ། །གཉིིས་ཀྱིས་འདོད་ལས་མི་འདའ་ལ། །གསུམ་པོ་ཡིས་ནི་ཕྱིར་བཟློག་བྱེད། །ཅེས་པ་སྟེ། ཀུན་ཏུ་སྦྱོར་བ་ཐ་མའི་ཆ་དང་མཐུན་པ་ལྔ་ཡོད་དེ། འདོད་པ་ལ་འདུན་པ་དང་། གནོད་སེམས་དང་འཇིག་ལྟ་དང་། ཚུལ་ཁྲིམས་མཆོག་འཛིན་དང་ཐེ་ཚོམ་རྣམས་སུ་ཡོད་པའི་ཕྱིར། ཐ་མའི་ཆ་མཐུན་ལྔའི་བྱེད་ལས་ཡོད་དེ། དང་པོ་གཉིས་ཀྱི་ཁམས་མཐའ་མ་འདོད་པ་ལས་མི་འདའ་བར་བྱེད་ལ། ཕྱི་མ་གསུམ་པོ་ཡིས་ནི་ཁམས་གོང་མར་སྐྱེས་ཀྱང་ཕྱིར་བཟློག་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། སྒོ་དང་རྩ་བས་བསྡུས་ཕྱིར་གསུམ། །འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་དེ་སྙེད་གཅིག །ཐར་པ་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་པ་སྟེ། རྒྱུན་ཏུ་ཞུགས་པས་ཀུན་སྦྱོར་ཐ་མ་གསུམ་སྤངས་ཞེས་བཤད་པ་ལ་རྒྱུ་མཚན་ཡོད་དེ། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་གསུམ་གྱིས་ཉོན་མོངས་པའི་སྒོ་བསྡུས་པ་དང་། བྱ་བ་བསྡུས་པས་དེ་ལྟར་བཤད་པའི་ཕྱིར། ཡང་གོང་གི་དེ་ཡིན་ཏེ། ཐར་པ་བགྲོད་པའི་གེགས་བྱེད་པའི་གཙོ་བོ་ལ་གསུམ་པོ་དེར་ངེས་པའི་ཕྱིར་ན་ཀུན་སྦྱོར་གསུམ་བསྟན་པའི་ཕྱིར། དེ་ཡང་འཇིག་ལྟས་ཐར་པར་འགྲོ་མི་འདོད་པར་བྱེད་པ་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱིས་ལམ་ནོར་བར་བྱེད་པ་དང་། ཐེ་ཚོམ་དེ་སྙེད་གཅིག་གིས་ཐར་པའི་ལམ་ལ་ཐེ་ཚོམ་ཟ་བར་བྱེད་པའི་ཕྱིར། གསུམ་པ་ནི། གོང་མའི་ཆ་དང་མཐུན་ལྔ་ཉིད། །གཟུགས་དང་གཟུགས་མེད་ལས་སྐྱེས་པའི། །འདོད་ཆགས་གཉིས་རྒོད་ང་རྒྱལ་རྨོངས། །ཞེས་པ་སྟེ། ཀུན་ཏུ་སྦྱོར་བ་གོང་མའི་ཆ་དང་མཐུན་པ་ལྔ་ཉིད་ཡོད་དེ། གཟུགས་ཁམས་དང་གཟུགས་མེད་ཁམས་ལས་སྐྱེས་པའི་འདོད་ཆགས་གཉིས་དང་། རྒོད་པ་དང་། ང་རྒྱལ་དང་། རྨོངས་པ་སྟེ་མ་རིག་པ་རྣམས་སུ་ཡོད་པའོ། །གཉིས་པ་འཆིང་བ་བཤད་པ་ནི། ཚོར་བའི་དབང་གིས་འཆིང་བ་གསུམ། །ཞེས་པ་སྟེ། འཆིང་བ་གསུམ་ཡོད་དེ། ཚོར་བ་བདེ་བའི་དབང་གིས་འདོད་ཆགས་ཀྱི་འཆིང་བ། སྡུག་བསྔལ་གྱི་དབང་གིས་ཞེ་སྡང་གི་འཆིང་བ། བཏང་སྙོམས་ཀྱི་དབང་གིས་གཏི་མུག་གི་འཆིང་བ་གསུམ་རྣམས་སོ། །གསུམ་པ་ཉེ་ཉོན་ནི། ཉོན་མོངས་ལས་གཞན་ཉོན་མོངས་ཅན། །སེམས་བྱུང་འདུ་བྱེད་ཕུང་ཞེས་པ། །གང་དེའང་ཉེ་བའི་ཉོན་མོངས་ཏེ། །དེ་དག་ཉོན་མོངས་ཞེས་མི་བྱ། །ཞེས་པ་སྟེ། རྩ་བའི་ཉོན་མོངས་ལས་གཞན་ཉོན་མོངས་ཅན་སེམས་བྱུང་འདུ་བྱེད་ཀྱི་ཕུང་པོ་ཞེས་པ་དེ་དག་གང་ཡིན་པ་དེ་ཡང་ཉེ་བའི་ཉོན་མོངས་པ་ཡིན་ཏེ། ཉོན་མོངས་པ་གང་ཞིག །རྩ་བའི་ཉོན་མོངས་ཞེས་མི་བྱ་བའི་ཕྱིར། བཞི་པ་ཀུན་དཀྲིས་བཤད་པ་ལ། དངོས་དང་། ཞར་བྱུང་ཉོན་མོངས་ཀྱི་དྲི་མ་དྲུག་བཤད། ཁྱད་ཆོས་དང་གསུམ། དང་པོ་ལ། དབྱེ་བ་དང་། རྒྱུ་གང་ལས་བྱུང་བ་གཉིས། དང་པོ་ལ། བསྟན་བཅོས་རབ་ཏུ་བྱེད་པ་ནས་བཤད་པའི་ཚུལ་དང་། བྱེ་སྨྲ་སྤྱིའི་ལུགས་གཉིས། དང་པོ་ནི། ངོ་ཚ་མེད་དང་ཁྲེལ་མེད་དང་། །ཕྲག་དོག་སེར་སྣ་རྒོད་པ་དང་། །འགྱོད་དང་རྨུགས་དང་གཉིད་དང་ནི། །ཀུན་ནས་དཀྲིས་པ་རྣམ་པ་བརྒྱད། །ཅེས་པ་སྟེ། ཀུན་ནས་དཀྲིས་པ་རྣམ་པ་བརྒྱད་ཡོད་དེ། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། ཕྲག་དོག །སེར་སྣ། རྒོད་དང་། འགྱོད་པ་དང་། རྨུགས་པ་དང་། གཉིད་དང་བརྒྱད་ཡོད་པའི་ཕྱིར། གཉིས་པ་ནི། ཁྲོ་དང་འཆབ་པའོ། །ཞེས་པ་སྟེ། སྔར་བཤད་པའི་སྟེང་དུ་ཁྲོ་བ་དང་འཆབ་པ་གཉིས་ཡོད་པའོ། །གཉིས་པ་ནི། འདོད་ཆགས་ཀྱིས། །ངོ་ཚ་མེད་རྒོད་སེར་སྣ་བསླངས། །འཆབ་པ་རྩོད་དོ་མ་རིག་ལས། །རྨུགས་དང་གཉིད་དང་ཁྲེལ་མེད་དོ། །ཐེ་ཚོམ་ལས་འགྱོད་ཁྲོ་བ་དང་། །ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང་། །ཞེས་པ་སྟེ། ངོ་ཚ་མེད་པ་དང་། རྒོད་པ་དང་། སེར་སྣའི་རྒྱུ་ཡོད་དེ། འདོད་ཆགས་ཀྱིས་བསླངས་པ་ཡིན་པས་སོ། །འཆབ་པའི་རྒྱུ་ལ་རྩོད་དེ། ཁ་ཅིག་གིས་ནི་རྩོད་པའི་རྒྱུ་ལས་བྱུང་ཞེས་ཟེར་ཞིང་། གཞན་དག་ནི་མ་རིག་པའི་རྒྱུ་ལས་བྱུང་ཞེས་ཟེར། རྨུགས་པ་དང་གཉིད་དང་ཁྲེལ་མེད་ཀྱི་རྒྱུ་མ་རིག་པ་ལས་བྱུང་། འགྱོད་པའི་རྒྱུ་ཐེ་ཚོམ་ལས་བྱུང་། ཁྲོ་བ་དང་ཕྲག་དོག་ཁོང་ཁྲོའི་རྒྱུ་ལས་བྱུང་བའོ། །གཉིས་པ་ལ། དབྱེ་བ་དང་། རྒྱུ་གང་ལས་བྱུང་བ་གཉིས། དང་པོ་ནི། གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་འཁོན་འཛིན་དང་། །རྣམ་འཚེ། ཞེས་པ་སྟེ། གཞན་ཡང་ཉོན་མོངས་པའི་དྲི་མ་དྲུག་ཡོད་དེ། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། དེ་བཞིན་དུ་འཚིག་པ་དང་། འཁོན་འཛིན་པ་དང་། རྣམ་འཚེ་རྣམས་སོ། །གཉིས་པ་ནི། སྒྱུ་དང་རྒྱགས་པ་ནི། །འདོད་ཆགས་ལས་སྐྱེས་འཁོན་འཛིན་དང་། །རྣམ་འཚེ་ཁོང་ཁྲོ་ལས་སྐྱེས་སོ། །འཚིག་པ་ལྟ་བ་མཆོག་འཛིན་ལས། །གཡོ་ནི་ལྟ་བས་ཀུན་ནས་བསླངས། །ཞེས་པ་སྟེ། སྒྱུ་དང་རྒྱགས་པའི་རྒྱུ་འདོད་ཆགས་ལས་བྱུང་། འཁོན་འཛིན་དང་རྣམ་འཚེའི་རྒྱུ་ཁོང་ཁྲོ་ལས་བྱུང་། འཚིག་པའི་རྒྱུ་ལྟ་བ་མཆོག་འཛིན་ལས་སྐྱེས། གཡོའི་རྒྱུ་ལྟ་བ་ངན་པས་ཀུན་ནས་བསླངས་པ་ལས་བྱུང་བའོ། །གསུམ་པ་ཁྱད་ཆོས་ལ། མཐོང་སྤང་དང་སྒོམ་སྤང་གི་ཁྱད་པར། དགེ་བ་དང་ལུང་མ་བསྟན་གྱི་ཁྱད་པར། ཁམས་དང་སའི་ཁྱད་པར་དང་གསུམ། དང་པོ་ནི། དེ་ལས་ངོ་ཚ་མེད་པ་དང་། །ཁྲེལ་མེད་རྨུགས་གཉིད་རྒོད་རྣམ་གཉིས། །དེ་ལས་གཞན་ནི་སྒོམ་སྤང་བྱ། །རང་དབང་དེ་བཞིན་དྲི་མ་རྣམས། །ཞེས་པ་སྟེ། ཀུན་དཀྲིས་དེ་ལས་ངོ་ཚ་མེད་པ་དང་། ཁྲེལ་མེད་པ། རྨུགས་པ་དང་། གཉིད་དང་། རྒོད་པ་རྣམས་ལ་མཐོང་སྤང་དང་སྒོམ་སྤང་རྣམ་པ་གཉིས་ཡོད་དེ། མཐོང་སྤང་དང་མཚུངས་པར་ལྡན་པ་རྣམས་མཐོང་སྤང་། དེ་ལས་གཞན་དུ་གྱུར་པ་རྣམས་སྒོམ་པས་སྤང་བར་བྱ་བ་ཡིན་པས་སོ། །དེ་ལས་གཞན་ཕྲག་དོག །སེར་སྣ། ཁྲོ་འཆབ། འགྱོད་པ་རྣམས་ནི་སྒོམ་པས་སྤང་བར་བྱ་བ་ཡིན་ཏེ། བདེན་པ་མཐོང་ཟིན་སྒོམ་པས་སྤོང་དགོས་པའི་ཕྱིར། དེ་ནི་ཉོན་མོངས་རང་དབང་ཅན་ཡིན་ཏེ། མ་རིག་པ་ཙམ་དང་མཚུངས་པར་ལྡན་པའི་ཕྱིར། དེ་བཞིན་དུ་ཉོན་མོངས་པའི་དྲི་མ་དྲུག་པོ་རྣམས་ཡིན་ཏེ། སྔར་བཞིན་དེས་སྤོང་དགོས་པས་སོ། །གཉིས་པ་ནི། འདོད་ན་མི་དགེ་གསུམ་རྣམ་གཉིས། །དེ་ཡན་ཆད་ནི་ལུང་མ་བསྟན། །ཞེས་པ་སྟེ། ཉེ་ཉོན་རྣམས་མི་དགེ་བ་ཡིན་ཏེ། འདོད་ཁམས་ན་མི་དགེ་བ་ཡིན་པའི་ཕྱིར། རྨུགས་རྒོད་གཉིད་གསུམ་ལ་རྣམ་པ་གཉིས་ཡོད་དེ། མི་དགེ་བ་དང་ལུང་མ་བསྟན་གཉིས་ཡོད་པའི་ཕྱིར། ཁམས་དེ་ཡན་ཆད་ཀྱི་ཉོན་མོངས་རྣམས་ལུང་མ་བསྟན་ཁོ་ནར་ངེས་པའོ། །གསུམ་པ་ནི། འདོད་དང་བསམ་གཏན་དང་པོ་ན། །གཡོ་སྒྱུ་ཚངས་པས་འདྲིད་ཕྱིར་རོ། །རྨུགས་རྒོད་རྒྱགས་པ་ཁམས་གསུམ་ན། །གཞན་དག་འདོད་ཁམས་ལས་སྐྱེས་པ། །ཞེས་པ་སྟེ། གཡོ་སྒྱུ་ནི་ཁམས་གཉིས་ན་ཡོད་དེ། འདོད་ཁམས་དང་བསམ་གཏན་དང་པོ་ན་ཡོད་པའི་ཕྱིར། བསམ་གཏན་དང་པོ་ན་གཡོ་སྒྱུ་ཡོད་དེ། ཚངས་པས་གཞན་འདྲིད་ཅིང་བསླུ་བར་བྱེད་པ་ཡོད་པའི་ཕྱིར། རྨུགས་པ་དང་། རྒོད་པ་དང་། རྒྱགས་པ་རྣམས་ཁམས་གསུམ་ན་ཡོད། ཉེ་ཉོན་བཅུ་དྲུག་ལས་བཤད་མ་ཐག་པ་ལྔ་ལས་གཞན་པ་བཅུ་གཅིག་ཁམས་གོང་མ་གཉིས་ན་མེད་དེ། འདོད་ཁམས་ཁོ་ན་ལས་སྐྱེས་པའི་ཕྱིར།

གསུམ་པ་ཞར་བྱུང་མཚུངས་ལྡན་བཤད་པ་ལ། གཙོ་སེམས་གང་དང་མཚུངས་པར་ལྡན་པ་དང་། ཚོར་བ་གང་དང་མཚུངས་པར་ལྡན་པ་གཉིས། དང་པོ་ནི། མཐོང་སྤང་བྱ་ཉིད་ང་རྒྱལ་བཅས། །ཡིད་ཀྱི་རྣམ་ཤེས་ས་པ་ཡིན། །ཉེ་བའི་ཉོན་མོངས་རང་དབང་ཡང་། །གཞན་ནི་རྣམ་ཤེས་དྲུག་རྟེན་ཅན། །ཞེས་པ་སྟེ། མཐོང་བས་སྤང་བར་བྱ་བ་དང་། གཉིད་ང་རྒྱལ་དང་བཅས་པ། ཡིད་ཀྱི་རྣམ་པར་ཤེས་པའི་ས་པ་ཡིན་ཏེ། ཡིད་ཤེས་ཁོ་ནའི་འཁོར་དུ་བྱུང་བའི་ཕྱིར། ཕྲག་དོག་སོགས་ཉེ་བའི་ཉོན་མོངས་པ་རང་དབང་ཅན་ཡང་། ཡིད་ཤེས་ཁོ་ནའི་འཁོར་དུ་བྱུང་བའི་ཤེས་པའོ། །འདོད་ཆགས་དང་ཁོང་ཁྲོ་སོགས་རྩ་ཉོན་དང་ཉེ་ཉོན་གཞན་ནི། རྣམ་ཤེས་ཚོག་དྲུག་གི་རྟེན་ཅན་ཡིན་ཏེ། དེའི་འཁོར་དུ་བྱུང་བའི་ཕྱིར། གཉིས་པ་ལ། རྩ་ཉོན་ཚོར་བ་གང་དང་མཚུངས་པར་ལྡན་པ་དང་། ཉེ་ཉོན་ཚོར་བ་གང་དང་མཚུངས་པར་ལྡན་པ་གཉིས། དང་པོ་ནི། བདེ་བ་དག་དང་འདོད་ཆགས་སུ། །མཚུངས་ལྡན་ཞེ་སྡང་བཟློག་པའོ། །མ་རིག་པ་དག་ཐམས་ཅད་དང་། །མེད་ལྟ་ཡིད་བདེ་སྡུག་བསྔལ་དང་། །ཡིད་མི་བདེ་དང་ཐེ་ཚོམ་མོ། །གཞན་ཡིད་བདེ་དང་འདོད་ལས་སྐྱེས། །བཏང་སྙོམས་དང་ཀུན་ས་གོང་མ། །ས་ཇི་བཞིན་དུ་རང་རང་དང་། །ཞེས་པ་སྟེ། འདོད་ཆགས་ནི་བདེ་བ་དང་ཡིད་བདེ་བ་དག་དང་མཚུངས་པར་ལྡན་པ་ཡིན་ཏེ། དགའ་བའི་རྣམ་པས་འཇུག་པའི་ཕྱིར། ཞེ་སྡང་བདེ་བ་ལས་བཟློག་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་དང་མཚུངས་པར་ལྡན་ཏེ། སྐྱོ་བའི་རྣམ་པས་འཇུག་པའི་ཕྱིར། མ་རིག་པ་ཚོར་སོགས་དབང་པོ་ཐམས་ཅད་དང་མཚུངས་པར་ལྡན་ཏེ། ཉོན་མོངས་ཀུན་དང་མཚུངས་པར་ལྡན་པའི་ཕྱིར། མེད་ལྟ་དེ་ཡིད་བདེ་བའི་དབང་པོ་དང་སྡུག་བསྔལ་གྱི་དབང་པོ་གང་རུང་དང་མཚུངས་པར་ལྡན་ཏེ། དགའ་སྐྱོ་སྣ་ཚོགས་འབྱུང་བའི་ཕྱིར། ཐེ་ཚོམ་དེ། ཡིད་མི་བདེ་དང་མཚུངས་པར་ལྡན་ཏེ། སྐྱོ་བའི་རྣམ་པས་འཇུག་པའི་བློ་ཡིན་པའི་ཕྱིར། གཞན་ལྟ་བ་ལ་ལྷག་མ་བཞི་དང་ང་རྒྱལ་རྣམས། ཡིད་བདེ་དང་མཚུངས་པར་ལྡན་ཏེ། དགའ་བའི་རྣམ་པས་འཇུག་པའི་བློ་ཡིན་པའི་ཕྱིར། ཉོན་མོངས་དེ་དག་ཀྱང་འདོད་ཁམས་ལས་སྐྱེས་པ་ཁོ་ནའི་དབང་དུ་བྱས་པ་ཡིན་ཏེ། ས་གོང་མའི་ཕྲ་རྒྱས་རྣམས་ནི་ས་གང་ལ་ཚོར་བ་གང་ཡོད་པ་ཇི་ལྟ་བ་བཞིན་དུ་རང་རང་གི་ཚོར་བ་དང་མཚུངས་པར་ལྡན་པའི་ཕྱིར་རོ། །གཉིས་པ་ནི། འགྱོད་དང་ཕྲག་དོག་ཁྲོ་བ་དང་། །རྣམ་འཚེ་འཁོན་དུ་འཛིན་པ་དང་། །འཚིག་པ་ཡིད་མི་བདེ་བ་དང་། །སེར་སྣ་དག་ནི་བཟློག་པ་ཡིན། །གཡོ་དང་སྒྱུ་དང་འཆབ་དང་གཉིད། །གཉིས་ག་དང་ལྡན་བདེ་དག་དང་། །རྒྱགས་པ་བཏང་སྙོམས་ཀུན་ཏུ་འགྲོ། །བཞི་པོ་གཞན་ནི་ལྔ་དག་དང་། །ཞེས་པ་སྟེ། འགྱོད་པ་དང་། ཕྲག་དོག་དང་། ཁྲོ་བ་དང་། རྣམ་པར་འཚེ་བ་དང་། འཁོན་དུ་འཛིན་པ་དང་། འཚིག་པ་རྣམས་ཡིད་མི་བདེ་དང་མཚུངས་པར་ལྡན་ཏེ། སྐྱོ་བའི་རྣམ་པས་འཇུག་པའི་བློ་ཡིན་པའི་ཕྱིར། སེར་སྣ་དག་ནི་དེ་ལས་བཟློག་སྟེ། ཆགས་པའི་རྒྱུ་ལས་བྱུང་བའི་དགའ་བས་འཇུག་པའི་བློ་ཡིན་པའི་ཕྱིར། གཡོ་དང་། སྒྱུ་དང་། འཆབ་པ་དང་། གཉིད་རྣམས། ཡིད་བདེ་བ་དང་མི་བདེ་བ་གཉིས་ཀ་དང་མཚུངས་པར་ལྡན་ཏེ། རེས་འགའ་དགའ་ཞིང་རེས་སྐྱོ་བའི་རྣམ་པས་འཇུག་པའི་བློ་ཡིན་པའི་ཕྱིར། རྒྱགས་པ་བདེ་བ་དང་མཚུངས་པར་ལྡན་ཏེ། འདོད་ཁམས་ན་བདེ་བ་དང་། བསམ་གཏན་གསུམ་པར་སེམས་བདེ་བ་དང་། བསམ་གཏན་བཞི་པར་བཏང་སྙོམས་དང་མཚུངས་པར་ལྡན་པའི་ཕྱིར། བཏང་སྙོམས་ཉེ་ཉོན་ཀུན་ཏུ་འགྲོ་བ་དང་མཚུངས་པར་ལྡན་ཏེ། མི་རིགས་བཞིན་དུ་དེ་དང་མཚུངས་པར་ལྡན་པས་དགག་ཏུ་མེད་པའི་ཕྱིར། ངོ་ཚ་ཁྲེལ་མེད་རྨུགས་རྒོད་བཞི་ནི། ཚོར་བའི་དབང་པོ་ལྔ་དག་དང་མཚུངས་པར་ལྡན་ཏེ། མི་དགེ་བ་དང་ཉོན་མོངས་པའི་ས་མང་པོ་པ་ཡིན་པའི་ཕྱིར།

བཞི་པ་སྒྲིབ་པ་ལྔ་བཤད་པ་ནི། འདོད་ན་སྒྲིབ་རྣམས་མི་མཐུན་དང་། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཕུང་པོ་གནོད་བྱེད་དང་། །ཐེ་ཚོམ་ཕྱིར་ན་ལྔ་ཉིད་དོ། །ཞེས་པ་སྟེ། འདོད་པ་ན་སྒྲིབ་པ་ལྔ་ཡོད་དེ། འདོད་ལ་འདུན་པ། གནོད་སེམས། རྨུགས་གཉིད། རྒོད་འགྱོད། ཐེ་ཚོམ་དང་ལྔ་ཡོད་པའི་ཕྱིར། རྨུགས་གཉིད་གཉིས་སྒྲིབ་པ་རིགས་གཅིག་ཏུ་འཇོག་པའི་རྒྱུ་མཚན་ཡོད་དེ། མི་མཐུན་པའི་ཕྱོགས་དང་། ཟས་དང་བྱ་བ་གཅིག་པའི་ཕྱིར། རྒོད་འགྱོད་གཉིས་གཅིག་ཏུ་བགྲངས་པ་ལ་རྒྱུ་མཚན་ཡོད་དེ། གོང་བཞིན་ནོ། །སྒྲིབ་པ་དེ་ལ་ལྔར་བཞག་པ་ལ་རྒྱུ་མཚན་ཡོད་དེ། ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གནོད་བྱེད། འདོད་པ་ལ་འདུན་པ་དང་། གནོད་སེམས་གཉིས་བཞག །ཤེས་རབ་ལ་རྨུགས་གཉིད་གཉིས་བཞག །ཏིང་ངེ་འཛིན་ལ་རྒོད་འགྱོད་གཉིས་བཞག །གསུམ་ཀ་ལ་གནོད་པའི་དབང་དུ་བྱས་ནས་ཐེ་ཚོམ་བཞག་པའི་ཕྱིར་རོ། །

གཉིས་པ་སྤོང་བྱེད་གཉེན་པོ་བཤད་པ་ལ། གཉེན་པོ་གང་གིས་སྤང་བྱ་གང་སྤོང་བའི་ཚུལ། གཉེན་པོའི་དབྱེ་བ། ཐག་སྲིང་བའི་གཉེན་པོ་བྱེ་བྲག་ཏུ་བཤད་པ། རྟེན་གྱི་གཉེན་པོ་བྱེ་བྲག་ཏུ་བཤད་པ་དང་བཞི། དང་པོ་ནི། དམིགས་པ་ཡོངས་སུ་ཤེས་པ་དང་། །དེ་ལ་དམིགས་པ་ཡང་དག་པར། །ཟད་དང་དམིགས་པ་སྤངས་པས་སོ། །གཉེན་པོ་སྐྱེས་པས་ཟད་པར་འགྱུར། །ཞེས་པ་སྟེ། ཕྲ་རྒྱས་སྤོང་ཚུལ་ཡོད་དེ། དམིགས་པ་ཡོངས་སུ་ཤེས་པས་སྤོང་བ་དང་། ཀུན་འགྲོ་དེ་ལ་དམིགས་པའི་ཡུལ་ཡང་དག་པ་ཟད་པས་སྤོང་བ་དང་། གཉེན་པོ་སྐྱེས་པས་ཟད་པར་འགྱུར་བ་རྣམས་ཡོད་པའོ། །གཉིས་པ་ནི། གཉེན་པོ་རྣམ་བཞི་སྤོང་བ་དང་། །གཞི་དང་སྲིང་ཉིད་རྣམ་པར་ནི། །སུན་འབྱིན་ཞེས་བྱ་དམིགས་པ་ལས། །ཉོན་མོངས་པ་ནི་སྤང་བྱར་འདོད། །ཅེས་པ་སྟེ། ཕྲ་རྒྱས་སྤོང་བའི་གཉེན་པོ་རྣམ་པ་བཞི་ཡོད་དེ། སྤོང་བའི་གཉེན་པོ་དང་། གཞིའི་གཉེན་པོ་དང་། ཐག་སྲིང་བའི་གཉེན་པོ་དང་། རྣམ་པར་སུན་འབྱིན་པའི་གཉེན་པོ་ཞེས་བྱ་བ་རྣམས་སུ་ཡོད་པའི་ཕྱིར། ཕྲ་རྒྱས་སྤོང་ཚུལ་དེ་ཡང་དམིགས་ཡུལ་གཟུང་འཛིན་གྱི་ཉོན་མོངས་པ་རྣམས་སྤང་བར་བྱ་བ་འདོད་པའོ། །གསུམ་པ་ནི། མཚན་ཉིད་མི་མཐུན་མི་མཐུན་ཕྱོགས། །ཡུལ་རྣམས་ཆད་དང་དུས་ཀྱི་སྟེ། །འབྱུང་དང་ཚུལ་ཁྲིམས་ཕྱོགས་དང་ནི། །དུས་ཉིད་རིང་བ་ཉིད་ལྟ་བུ། །ཞེས་པ་སྟེ། ཐག་སྲིང་བའི་གཉེན་པོ་བཞི་ཡོད་དེ། མཚན་ཉིད་མི་མཐུན་པས་ཕྱོགས་རིང་བ། མི་མཐུན་ཕྱོགས་ཀྱིས་རིང་བ། ཡུལ་རྣམ་པར་ཆད་པས་རིང་བ། དུས་རིང་བ་རྣམས་སུ་ཡོད་པའི་ཕྱིར། དང་པོ་ཡོད་དེ། འབྱུང་བ་བཞི་ལྟ་བུ་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཚུལ་འཆལ་དང་ཚུལ་ཁྲིམས་ལྟ་བུ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ཤར་ཕྱོགས་ཀྱི་རྒྱ་མཚོ་དང་། ནུབ་ཕྱོགས་ཀྱི་རྒྱ་མཚོ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ཡོད་དེ། འདས་མ་འོངས་ཀྱི་དུས་གཉིས་རིང་བ་ལྟ་བུ་ཡིན་པའི་ཕྱིར། བཞི་པ་ནི། ལན་གཅིག་ཏུ་ཟད་དེ་དག་གི །བྲལ་བའི་ཐོབ་པ་ཡང་དང་ཡང་། །གཉེན་པོ་སྐྱེས་དང་བྲལ་ཐོབ་དང་། །དབང་པོ་རྣམ་པར་འཕེལ་རྣམས་སུ། །ཞེས་པ་སྟེ། ཉོན་མོངས་ལན་གཅིག་ཏུ་ཟད་པ་དེ་དག་གི་བྲལ་བའི་ཐོབ་པ་ཡང་དང་ཡང་དུ་ཐོབ་པ་ཡོད་དེ། ངོ་སྐལ་གྱི་གཉེན་པོ་སྐྱེས་པ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པ་དང་། དབང་པོ་རྟུལ་པོ་དང་རྣོན་པོ་རྣམ་པར་འཕེལ་བའི་སྐབས་རྣམས་ཐོབ་པའི་ཕྱིར།

གསུམ་པ་སྤངས་བའི་འབྲས་བུ་ཡོངས་ཤེས་ལ། ཡོངས་ཤེས་ཀྱི་དབྱེ་བ། ས་ལམ་གང་ལས་སྐྱེ་ཚུལ། ཡོངས་ཤེས་འཇོག་པའི་རྒྱུ་མཚན། གང་ཟག་གང་ལ་ལྡན་པ། བྲལ་ཐོབ་ཀྱི་ཁྱད་པར་དང་ལྔ། དང་པོ་ནི། ཡོངས་སུ་ཤེས་དགུ་འདོད་པ་ན། །དང་པོའི་རྣམ་གཉིས་ཟད་པ་གཅིག །གཉིས་ཟད་པ་ནི་དེ་གཉིས་སོ། །དེ་བཞིན་གོང་མའི་དེ་གསུམ་ཉིད། །ཡོངས་སུ་ཤེས་པ་གཞན་གསུམ་སྟེ། །ཐ་མའི་ཆ་དང་མཐུན་གཟུགས་དང་། །ཟག་པ་ཀུན་ཟད། ཅེས་པ་སྟེ། ཡོངས་ཤེས་དགུ་ཡོད་དེ། འདོད་པའི་ཁམས་ན་དང་པོ་སྡུག་ཀུན་མཐོང་སྤང་རྣམ་གཉིས་ཟད་པ་ལ་ཡོངས་ཤེས་གཅིག །འགོག་ལམ་མཐོང་སྤང་གཉིས་ཟད་པ་ལ་ནི་ཡོངས་ཤེས་གཉིས། དེ་བཞིན་དུ་ཁམས་གོང་མའི་མཐོང་སྤང་སྤངས་པའི་ཡོངས་ཤེས་དེ་གསུམ་ཉིད་དང་། མཐོང་སྤང་ལས་གཞན་སྒོམ་སྤང་སྤངས་པའི་ཡོངས་སུ་ཤེས་པ་གསུམ་རྣམས་སུ་ཡོད་པའི་ཕྱིར། སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡོད་དེ། མཐའ་མའི་ཆ་དང་མཐུན་པ་ལྔ་སྤངས་པའི་ཡོངས་ཤེས། གཟུགས་ཁམས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས། ཁམས་གསུམ་གྱི་ཟག་པ་ཀུན་ཟད་པའི་ཡོངས་ཤེས་རྣམས་སུ་ཡོད་པའི་ཕྱིར། གཉིས་པ་ནི། དྲུག་བཟོད་འབྲས། །ལྷག་མ་རྣམས་ནི་ཤེས་པ་ཡི། །མི་ལྕོགས་མེད་འབྲས་ཐམས་ཅད་དོ། །བསམ་གཏན་རྣམས་ཀྱི་ལྔའམ་བརྒྱད། །ཉེ་བར་བསྡོགས་པའི་གཅིག་ཡིན་ཏེ། །གཟུགས་མེད་དངོས་གཞི་གསུམ་གྱི་ཡང་། །ཐམས་ཅད་འཕགས་པའི་ལམ་གྱིས་ཡིན། །འཇིག་རྟེན་པའི་གཉིས་རྗེས་ཀྱི་ཡང་། །ཆོས་ཤེས་པ་ཡི་གསུམ་ཡིན་ནོ། །དེའི་ཕྱོགས་མཐུན་གྱི་དྲུག་དང་ལྔ། །ཞེས་པ་སྟེ། ཁམས་གསུམ་གྱི་མཐོང་སྤང་སྤངས་པའི་ཡོངས་ཤེས་དྲུག །ཆོས་བཟོད་ཀྱི་འབྲས་བུ་ཞེས་བྱ་སྟེ། དེའི་བྲལ་འབྲས་ཡིན་པས་སོ། །ལྷག་མ་སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་རྣམས་ནི། ཆོས་ཤེས་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་ཞེས་བཏགས་པ་ཡིན་ཏེ། དེའི་བྲལ་འབྲས་ཡིན་པས་སོ། །བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ཀྱི་འབྲས་བུ་དུ་མ་ཡོད་དེ། ཡོངས་ཤེས་དགུ་པོ་ཐམས་ཅད་དེ་ལ་བརྟེན་ནས་ཐོབ་པ་ཡིན་པས་སོ། །བསམ་གཏན་གྱི་དངོས་གཞིའི་འབྲས་བུ་ཡོངས་ཤེས་ལ་ལྔ་ཡོད་དེ། ཁམས་གོང་གི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས། ཟག་པ་ཀུན་ཟད་པའི་ཡོངས་ཤེས་རྣམས་སུ་ཡོད་པའི་ཕྱིར། བཙུན་པ་དབྱངས་སྒྲོག་གི་ལུགས་ལ་བརྒྱད་ཡོད་དེ། གོང་མ་ལྔའི་སྟེང་དུ་འདོད་པའི་མཐོང་སྤང་སྤངས་པའི་ཡོངས་ཤེས་གསུམ་རྣམས་སུ་ཡོད་པའི་ཕྱིར། གཟུགས་མེད་ནམ་མཁའི་ཉེར་བསྡོགས་འབྲས་བུ་ཡོངས་ཤེས་གཅིག་ཡོད་པ་ཡིན་ཏེ། གཟུགས་ཀྱི་ཟག་པ་ཟད་པའི་དེ་ཡིན་པའི་ཕྱིར། གཟུགས་མེད་ཀྱི་དངོས་གཞི་དང་པོ་གསུམ་ལ་ཡང་ཡོངས་ཤེས་གཅིག་ཡོད་དེ། ཟག་པ་ཀུན་ཟད་པའི་ཡོངས་ཤེས་དེ་ཡོད་པའི་ཕྱིར། འཕགས་པའི་ལམ་ལ་ཡོངས་ཤེས་དུ་མ་ཡོད་དེ། ཡོངས་ཤེས་དགུ་པོ་ཐམས་ཅད་དེ་ལ་བརྟེན་ནས་ཐོབ་པའི་ཕྱིར། འཇིག་རྟེན་པའི་ལམ་ན་འབྲས་བུ་གཉིས་ཡོད་དེ། མཐའ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་དང་། གཟུགས་ཀྱི་ཟག་པ་ཟད་པའི་ཡོངས་ཤེས་གཉིས་སུ་ཡོད་པའི་ཕྱིར། རྗེས་ཤེས་ལ་འབྲས་བུ་ཡོངས་ཤེས་གཉིས་ཡོད་དེ། སྒོམ་སྤང་སྤངས་པའི་ཡོངས་ཤེས་ཐ་མ་གཉིས་ཡོད་པའོ། །ཆོས་ཤེས་ལ་གསུམ་ཡོད་དེ། སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡོད་པའོ། །ཆོས་ཤེས་དེའི་ཕྱོགས་མཐུན་དྲུག་ཡོད་དེ། འདོད་པའི་མཐོང་སྤང་སྤངས་པའི་དེ་གསུམ་དང་། སྒོམ་སྤང་སྤངས་པའི་ཡོངས་ཤེས་གསུམ་ཡོད་པའོ། །རྗེས་ཤེས་དེའི་ཕྱོགས་མཐུན་ལྔ་ཡོད་དེ། ཁམས་གོང་མའི་མཐོང་སྤང་སྤངས་པའི་དེ་གསུམ་དང་། སྒོམ་སྤང་སྤངས་པའི་ཡོངས་ཤེས་ཐ་མ་གཉིས་ཡོད་པའོ། །གསུམ་པ་ནི། བྲལ་བའི་ཐོབ་པ་ཟག་མེད་དང་། །སྲིད་རྩེ་ཉམས་པར་བྱས་པ་དང་། །རྒྱུ་གཉིས་ཀུན་ཏུ་བཅོམ་པའི་ཕྱིར། །ཡོངས་ཤེས་ཁམས་ལས་འདས་པ་ལས། །ཞེས་པ་སྟེ། ཡོངས་ཤེས་ལ་དགུར་བཞག་ཏུ་ཡོད་དེ། བྲལ་བའི་ཐོབ་པ་དང་། ཟག་མེད་ཀྱི་ཐོབ་པ་དང་། སྲིད་རྩེའི་མཐོང་སྤང་ཉམས་པར་བྱས་པ་དང་། རྒྱུ་ཀུན་འབྱུང་དང་སྡུག་བསྔལ་མཐོང་སྤང་གཉིས་ཀུན་ཏུ་བཅོམ་པ་དང་། ཁམས་ལས་ཡང་དག་པར་འདས་པ་ལས་ཡོངས་ཤེས་ཀྱི་མིང་ཐོབ་པའི་ཕྱིར། བཞི་པ་ནི། གཅིག་མིན་མཐོང་ལ་གནས་པ་ནི། །ལྔ་ཡི་བར་དང་ཡང་དག་ལྡན། །སྒོམ་ལ་གནས་པ་དྲུག་གམ་ནི། །གཅིག་གམ་ཡང་ན་གཉིས་དང་ངོ་། །ཁམས་ལས་འདོད་ཆགས་བྲལ་བ་དང་། །འབྲས་བུ་ཐོབ་ཕྱིར་དེ་དག་བསྡོམས། །ཞེས་པ་སྟེ། སོ་སོའི་སྐྱེ་བོ་གཅིག་ནི་ཡོངས་ཤེས་དང་མི་ལྡན་ཏེ། དེས་ཟག་མེད་ཀྱི་ལམ་མ་ཐོབ་པའི་ཕྱིར། མཐོང་ལམ་ལ་གནས་པ་ནི་ཡོངས་ཤེས་གཅིག་ནས་ལྔའི་བར་དང་ལྡན་ཏེ། ཀུན་འབྱུང་ཆོས་ཤེས་གཅིག །རྗེས་ཤེས་ཀྱི་ཚེ་གཉིས། འགོག་པ་ཆོས་ཤེས་ཀྱི་ཚེ་གསུམ། རྗེས་ཤེས་ཀྱི་ཚེ་བཞི། ལམ་ཆོས་ཤེས་ཀྱི་ཚེ་ལྔ་ཡོད་པའི་ཕྱིར། སྒོམ་ལམ་ལ་གནས་པ་ནི་ཡོངས་ཤེས་དྲུག་གམ་ནི་ཡང་ན་གཅིག་གམ་ཡང་ན་གཉིས་དང་ལྡན་ཏེ། ལམ་རྗེས་ཤེས་ལ་གནས་པ་འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཚེ་དྲུག །དགྲ་བཅོམ་ཐོབ་པའི་ཟག་པ་ཀུན་ཟད་ཀྱི་ཡོངས་ཤེས་གཅིག །གཟུགས་ཀྱི་འདོད་ཆགས་དང་བྲལ་བའི་ཚེ། མཐའ་མའི་ཆ་མཐུན་དང་གོང་མའི་ཆ་མཐུན་སྤངས་པའི་ཡོངས་ཤེས་གཉིས་དང་ལྡན་པའི་ཕྱིར། ཕྱིར་མི་འོང་ཐོབ་པའི་ཚེ་མཐའ་མའི་ཆ་མཐུན་ལྔ་སྤངས་པའི་ཡོངས་ཤེས་དང་། དགྲ་བཅོམ་པའི་ཚེ་ཟག་པ་ཀུན་ཟད་པའི་ཡོངས་ཤེས་བསྡོམས་པ་ལ་རྒྱུ་མཚན་ཡོད་དེ། ཁམས་གོང་མ་ལས་འདོད་ཆགས་དང་བྲལ་བ་དང་། དགེ་སྦྱོང་ཚུལ་གྱི་འབྲས་བུ་གསར་དུ་ཐོབ་པ་ན་སྤངས་བ་དེ་དག་བསྡོམས་ནས་བཞག་པའི་ཕྱིར། ལྔ་པ་ནི། ལ་ལ་གཅིག་གཉིས་ལྔ་དང་དྲུག །བཏང་སྟེ་ཐོབ་པ་ལྔ་མིན་ནོ། །ཞེས་པ་སྟེ། འབྲས་བུ་ཡོངས་ཤེས་དེ་དག་ལ། ལ་ལ་ནི་འབྲས་བུ་ཡོངས་ཤེས་གཅིག་བཏང་ནས་གཉིས་དང་ལྡན་པ་ཡོད་དེ། དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ནས་ཕྱིར་མི་འོང་དུ་གྱུར་པའི་ཟག་པ་ཀུན་ཟད་ཀྱི་འབྲས་བུ་བཏང་ནས་འདོད་གཟུགས་ཀྱི་སྒོམ་སྤང་སྤངས་པའི་འབྲས་བུ་གཉིས་དང་ལྡན་པའི་ཕྱིར། གཉིས་བཏང་ནས་གཅིག་དང་ལྡན་པ་ཡོད་དེ། དགྲ་བཅོམ་ཞུགས་པས་འབྲས་གནས་ཀྱི་རྟོགས་པ་ཐོབ་ཚེ་འདོད་གཟུགས་ཀྱི་སྒོམ་སྤང་སྤངས་པའི་འབྲས་བུ་གཉིས་བཏང་ནས། ཟག་པ་ཀུན་ཟད་ཀྱི་འབྲས་བུ་གཅིག་དང་ལྡན་པའི་ཕྱིར། ལྔ་བཏང་ནས་གཅིག་དང་ལྡན་པ་ཡོད་དེ། ལམ་རྗེས་བཟོད་ལ་གནས་པའི་ཕྱིར་མི་འོང་ཞུགས་པས་དེ་རྗེས་ཤེས་ཀྱི་རྟོགས་པ་ཐོབ་ཚེ། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་སྤངས་པའི་འབྲས་བུ་གསུམ། ཁམས་གོང་མའི་སས་བསྡུས་ཀྱི་མཐོང་སྤང་སྤངས་པའི་འབྲས་བུ་གཉིས་ཏེ་ལྔ་བཏང་ནས། ཁམས་གོང་གི་སས་བསྡུས་ཀྱི་ལམ་མཐོང་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་གཅིག་དང་ལྡན་པའི་ཕྱིར། གཅིག་བཏང་ནས་དྲུག་དང་ལྡན་པ་ཡོད་དེ། གཟུགས་ལ་ཆགས་བྲལ་མ་བྱས་པའི་ཕྱིར་མི་འོང་གི་འབྲས་བུ་ལས་ཉམས་པ་ལས་ཕྱིར་འོང་དུ་གྱུར་པའི་ཚེ་འདོད་པའི་སྒོམ་སྤང་སྤངས་པའི་འབྲས་བུ་བཏང་ནས་མཐོང་སྤང་སྤངས་པའི་འབྲས་བུ་དྲུག་དང་ལྡན་པའི་ཕྱིར། དྲུག་བཏང་ནས་གཅིག་དང་ལྡན་པ་ཡོད་དེ། ཕྱིར་འོང་ཞུགས་པས་རང་གི་འབྲས་གནས་ཀྱི་རྟོགས་པ་ཐོབ་པའི་ཚེ་མཐོང་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་དྲུག་བཏང་ནས་འདོད་པའི་སྒོམ་སྤང་སྤངས་པའི་འབྲས་བུ་ཡོངས་ཤེས་གཅིག་དང་ལྡན་ལ། ལྔ་ཐོབ་པ་ནི་མེད་པའི་ཕྱིར་རོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་བ་རིན་པོ་ཆེའི་སྙེ་མ་ལས། ཕྲ་རྒྱས་བསྟན་པ་ཞེས་བྱ་བ་སྟེ་གནས་ལྔ་པའོ།། །།


previousགནས་ལྔ་པ་ཕྲ་རྒྱས་བསྟན་པའི་འགྲེལ་པ།next