Nitartha Digital Library
Tibetan
 
previousལེའུ་ལྔ་པ་སྡོམ་གསུམ་འགལ་མེད་ཀྱི་དོན་བསྡུ་བ།next

ལེའུ་ལྔ་པ་སྡོམ་གསུམ་འགལ་མེད་ཀྱི་དོན་བསྡུ་བ།

༈ ན་མོ་རཏྣ་ཏྲ་ཡཱ་ཡ། རྣམ་དག་ལེགས་པའི་ལམ་སྟོན་རྫོགས་སངས་རྒྱས། །དེ་བསྟན་བཤད་སྒྲུབ་ཀྱིས་འཛིན་བཤེས་གཉེན་ཚོགས། །ཁྱད་པར་བདག་རྒྱུད་སྡོམ་གསུམ་བཀའ་དྲིན་གྱིས། །སྨིན་མཛད་རྩ་བའི་བླ་མར་ཕྱག་བགྱིའོ། །སྦྱང་གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་ཤེས། །སྦྱང་འབྲས་རྫོགས་པའི་སངས་རྒྱས་གོ་འཕང་འདོད། །སྦྱང་བྱའི་དྲི་མ་འདོར་ལས་གཞན་མེད་ན། །སྦྱང་ཐབས་སྡོམ་གསུམ་ལམ་འདིར་ཅིས་མི་འཇུག །

གསུམ་པ་སྡོམ་པ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་གྱིས་མཐའ་དཔྱད་པས་དོན་བསྡུ་བ་ལ་གསུམ་སྟེ། བརྗོད་བྱའི་ལུས་ངོས་བཟུང་བའི་སྒོ་ནས་མདོར་བསྟན། ཡན་ལག་རྒྱས་པར་བཤད་པའི་སྒོ་ནས་མཐའ་དཔྱད། སྡོམ་གསུམ་ཉམས་སུ་ལེན་ཚུལ་བསྡུས་ཏེ་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་ནི། དེ་ལྟའི་སྡོམ་གསུམ་གང་ཟག་རྒྱུད་གཅིག་ལ། །རང་ལྡོག་མ་འདྲེས་དགག་དགོས་ཡོངས་སུ་རྫོགས། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནད་ཀྱིས་མི་འགལ་དུས་སྐབས་གང་གཙོར་སྤྱད། །ཅེས་པ་སྟེ། དེ་ལྟར་སོ་བྱང་སྔགས་ཀྱི་སྡོམ་པ་གསུམ་པོ་དེ་རིམ་པར་ནོད་པའི་གང་ཟག་གི་རྒྱུད་ལ་ཇི་ལྟར་ལྡན་ཞེ་ན། དེ་བཏན་ལ་འབེབས་པར་བྱེད་པ་ལ་འདིར་དོན་དྲུག་ཏུ་བསྡུས་ནས་གསུངས་པས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་དང་ཡང་དགོངས་པ་གཅིག་ཏུ་འབབ་སྟེ། བསམ་གཏན་ངལ་གསོ་ལས། ཉན་ཐོས་བྱང་ཆུབ་སེམས་དང་རིག་པ་འཛིན། །སྡོམ་པ་གསུམ་པོ་དག་དང་མ་འགལ་བར། །རང་རྒྱུད་སྡོམ་ཞིང་གཞན་ཕན་ཅི་འགྲུབ་དང་། །ཅི་སྣང་དག་པའི་ལམ་དུ་བསྒྱུར་བར་བྱ། །ཞེས་པའི་དོན་འགྲེལ་བ་ཤིང་རྟ་རྣམ་དག་ཏུ་འཆད་པ་ན། ཇི་སྐད་དུ། འོ་ན་གང་ཞེ་ན། གང་ཟག་གཅིག་གི་རྒྱུད་ལ་གསུམ་ལྡན་དུ་བསྲུང་བ་ལ། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། སྡོམ་པ་གསུམ་གནད་ཀྱིས་མི་འགལ་བ། དུས་སྐབས་ཀྱིས་གཙོ་བོར་གང་འགྱུར་བྱ་བ་དང་དྲུག་གོ །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ལ་དོན་དྲུག་ལས། དང་པོ་རང་ལྡོག་མ་འདྲེས་པ་ནི། དེ་ཡང་བླང་ཡུལ་བསམ་པ་ཆོ་ག་རྣམས། །སོ་སོར་ངེས་ཕྱིར་རང་ལྡོག་མ་འདྲེས་ཡིན། །ཞེས་པ་སྟེ། དེ་ཡང་སྡོམ་པ་གསུམ་པོ་དེ་རང་གང་ལས་བླང་བའི་ཡུལ། གང་གིས་ལེན་པའི་བསམ་པ། ཇི་ལྟར་ལེན་པའི་ཆོ་ག་ཐ་དད་པའི་སྒོ་ནས། ཇི་སྲིད་བླང་བའི་དུས་ཀྱང་སོ་སོར་ངེས་པའི་ཕྱིར། ངོ་བོ་གནས་གྱུར་ཀྱང་ལྡོག་པ་ལ་གཞི་མཐུན་མི་སྲིད་པས་རང་རང་གི་ལྡོག་ཆ་མ་འདྲེས་པར་ཡོད་དེ། ཐོབ་ལ་མ་ཉམས་པར་སོ་སོར་གནས་པའི་ཕྱིར། དེ་ཡང་ཡིན་ཏེ། སོ་ཐར་ནི་ཇི་སྲིད་འཚོའི་བར་དང་། བྱང་སྡོམ་ནི་སྙིང་པོ་བྱང་ཆུབ་ཀྱི་བར་དུ་ཁས་བླངས་ཀྱི། སྔགས་སྡོམ་ཐོབ་དུས་དེ་དང་དེ་ཉམས་རྐྱེན་དང་གཏོང་རྒྱུར་མ་བཤད་པའི་ཕྱིར། དཔེར་ན་བསམ་པ་སེམས་བསྐྱེད་ཀྱིས་ཟིན་པས་ཆོ་ག་ཉན་ཐོས་ཀྱི་ལུགས་ལྟར་བླངས་པའི་ཐེག་ཆེན་སོ་ཐར་རམ། ཉན་ཐོས་ཀྱི་དགེ་སློང་གི་སྡོམ་པ་ཉིད་སླར་སེམས་བསྐྱེད་བླངས་པས་དེར་གནས་གྱུར་པའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་གང་ཡིན་ཡང་རུང་སྟེ། དེ་ལ་ཀུན་སློང་བྱང་ཆུབ་ཀྱི་སེམས་ཀྱི་ལྡོག་པ་དང་། སྡོམ་པའི་ལྡོག་པ་གཉིས་ཡོད་པ་ལས། སྔ་མ་ཚེ་འཕོས་པའི་དུས་སུ་མི་གཏོང་སྟེ། དེ་བྱང་སེམས་ཀྱི་སྡོམ་པའི་གཏོང་རྒྱུ་མ་ཡིན་པའི་ཕྱིར། ཕྱི་མ་སྡོམ་པ་ཁས་བླངས་པའི་དུས་ཀྱི་ལྡོག་ཆ་ནི་ཚེ་འཕོས་པའི་དབང་གིས་གཏོང་སྟེ། དགེ་སློང་གི་སྡོམ་པ་དེ་ཇི་སྲིད་འཚོའི་མཐའ་ཅན་གྱི་སྡོམ་པ་ཡིན་པའི་ཕྱིར། དེ་ལྟར་ཡང་རབ་དབྱེ་ལས། ཐེག་ཆེན་སོ་སོ་མཐར་ཡིན་ཡང་། །དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། །དེ་ཡི་འབྲས་བུ་ཤི་ཡང་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དགག་དགོས་ཡོངས་རྫོགས་ནི། དགག་བྱ་ཉོན་མོངས་དགོས་པ་མི་འཆིང་བར། །རང་རང་ལམ་གྱི་ངོས་ནས་ཡོངས་སུ་རྫོགས། །སྤོང་བསྒྱུར་ལམ་དུ་བྱེད་པ་སོ་སོ་ཡང་། །ཉོན་མོངས་རང་མཚན་སྤོང་བར་མཁས་རྣམས་མཐུན། །ཞེས་པ་སྟེ། སྡོམ་པ་གསུམ་ཀས་རང་རྒྱུད་ཀྱི་མི་དགེ་བ་སྡོམ་པར་གཅིག་སྟེ། འདུལ་བ་ལུང་ལས། ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་ཆགས་པའི་རྒྱུར་འགྱུར་གྱི། ཀུན་ཏུ་འདོད་ཆགས་དང་བྲལ་བར་མི་འགྱུར་པ་འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ཤིག །ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་ཆགས་དང་བྲལ་བའི་རྒྱུར་འགྱུར་གྱི་ཀུན་ཏུ་འདོད་ཆགས་པའི་རྒྱུར་མི་འགྱུར་བ་འདི་ཆོས་ཡིན། འདུལ་བ་ཡིན་སྟོན་པའི་བསྟན་པ་ཡིན་པར་ཤེས་པར་བྱོས་ཤིག །ཅེས་ཞེ་སྡང་ལ་སོགས་པའི་བར་དུ་རྒྱས་པར་གསུངས་སོ། །དེ་ཡང་མི་ཚངས་སྤྱོད་ལྟ་བུ་ཉན་ཐོས་པས་སྤྱོད་པའི་ནུས་པ་ཡོད་བཞིན་དུ་མི་སྤྱོད་པ་དང་། སྡོམ་པ་གོང་མ་གཉིས་ཀྱི་ཐབས་ཀྱིས་ཟིན་པས་སྤྱད་པ་གཉིས་དགག་བྱ་ཉོན་མོངས་པ་སྤོང་པ་དང་། དགོས་པ་ཉོན་མོངས་པས་མི་འཆིང་བ་གནད་གཅིག་སྟེ། དེ་གཉིས་ཀ་ལ་འདོད་པའི་དྲི་མས་མ་གོས་པར་མཚུངས་པའི་ཕྱིར་རོ། །དེས་ན་རང་རང་གི་ལམ་རྣམ་པ་མི་འདྲ་བ་ལྟར་སྣང་ཡང་དོན་གནད་གཅིག་པའི་ངོས་ནས་དགག་དགོས་ཡོངས་སུ་རྫོགས་པ་ཡིན་ཏེ། འདི་ལྟར་ཉན་ཐོས་པ་བདེན་པ་གཉིས་ཀ་རྫས་ཡོད་དུ་ལྟ་བས་སོ་ཐར་གྱིས་ཉོན་མོངས་པ་སྤོང་པ་དང་། བྱང་ཆུབ་སེམས་དཔས་ཀུན་རྫོབ་རྫས་ཡོད་དུ་བལྟས་ཏེ་ཉོན་མོངས་པ་ཆོས་ཉིད་དུ་བསྒྱུར་བ་དང་། གསང་སྔགས་པས་ཉོན་མོངས་པ་ལྔའི་རང་བཞིན་ཡེ་ཤེས་ལྔར་བལྟས་ཏེ་ལམ་དུ་བྱེད་པས་ན། དེ་གསུམ་གཉེན་པོའི་རྣམ་པ་སོ་སོ་བ་ལྟར་སྣང་ཡང་། དོན་ཉོན་མོངས་པ་རང་མཚན་པ་སྤོང་བར་གཅིག་པ་ཡིན་ནོ། །དཔེར་ན། དུག་སྤོང་བ་དང་། སྨན་གྱིས་སྦྱོང་བ་དང་། སྔགས་ཀྱིས་བཏབ་སྟེ་ཟ་བ་གསུམ་ཀས་ཀྱང་དུག་གིས་མི་འཆི་བའི་དགོས་པ་སྒྲུབ་པར་གཅིག་པ་བཞིན་ནོ། །

གསུམ་པ་ངོ་བོ་གནས་འགྱུར་ནི། སོ་ཐར་ཀུན་སློང་སེམས་བསྐྱེད་ཀྱིས་ཟིན་ན། །ཉེས་སྤྱོད་སྡོམ་པ་ཞེས་བྱའི་ཚུལ་ཁྲིམས་ཡིན། །དབང་ཐོབ་རྡོ་རྗེ་འཛིན་པའི་སྡོམ་པར་འགྱུར། །དེ་ཕྱིར་ངོ་བོ་གནས་འགྱུར་ཡིན་ནོ་ཞེས། །འབུམ་ཕྲག་ལྔ་བའི་ལུང་གིས་གསལ་བར་གྲུབ། །ཅེས་པ་སྟེ། དེ་ལ་སྤྱིར་སྔ་ཕྱིར་བྱོན་པའི་ཆེན་པོ་དག །སྡོམ་པ་གསུམ་ངོ་བོ་ཐ་དད་དུ་འདོད་པ་དང་། གནས་གྱུར་ངོ་བོ་གཅིག་ཏུ་འདོད་པའི་ལུགས་གཉིས། ཐ་དད་དུ་འདོད་པ་ལའང་། གོང་མས་འོག་མ་ཟིལ་གནོན་དུ་འདོད་པ་དང་། འོག་མ་གོང་མའི་རྟེན་དུ་བྱས་ཏེ་རྟེན་བརྟེན་པར་འདོད་པའི་ལུགས་གཉིས། དང་པོ་ནི་སྐར་ཟླ་ཉི་གསུམ་གྱི་དཔེས་གོང་མས་འོག་མ་ཟིལ་གྱིས་མནན་ནས་ཀུན་གཞིི་ལ་བག་ལ་ཉལ་གྱི་ཚུལ་དུ་གནས་ཀྱི། འོག་མ་མངོན་གྱུར་དུ་མི་གནས་པའི་བཞེད་པ་ཡིན་ནོ། །དེ་མི་འཐད་དེ། བྱང་སེམས་སྡོམ་ལྡན་གྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་མངོན་གྱུར་མེད་ཀྱང་ཀུན་གཞི་ལ་དེའི་བག་ལ་ཉལ་ཡོད་པ་ཙམ་གྱིས་དགེ་སློང་གི་གོ་ཆོད་དམ་མི་ཆོད། ཆོད་ན་སེམས་ཅན་ཐམས་ཅད་ཆོས་ཅན། དགེ་སློང་དུ་ཐལ། ཀུན་གཞི་ལ་དགེ་སློང་གི་བག་ཆགས་ཡོད་དགོས་པའི་ཕྱིར། དེར་མ་ཟད་དགེ་སློང་གི་སྡོམ་པ་ཕུལ་བའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དགེ་སློང་གི་སྡོམ་པ་ཡོད་པར་ཐལ། དེའི་ཤེས་རྒྱུད་ལ་སྡོམ་པའི་བག་ཆགས་འབྲང་བ་ཡོད་པའི་ཕྱིར། དཔེ་ཡང་མི་འཐད་དེ། ཉི་མའི་འོད་ཟེར་གྱི་འོག་ཏུ་ཟླ་བ་དང་སྐར་མའི་འོད་སྒྲིབ་བྱེད་ཀྱི་ཐུན་མོང་མ་ཡིན་པའི་མུན་པ་སྲིད་པར་ཐལ། སྡོམ་པ་གསུམ་ནང་མ་འདོམ་པའི་ཚེ་གོང་མའི་བཅས་པ་ལས་གཞན་པའི་འོག་མའི་བཅས་འགལ་གྱི་ལྟུང་བ་ཐུན་མོང་མ་ཡིན་པ་དུ་མ་ཞིག་སྲིད་པའི་ཕྱིར་རོ། །གཉིས་པ་ནི། སྣོད་དྭངས་པར་ཆུ་རྙོག་མེད་བླུགས་པའི་ནང་དུ་མརྒད་ལྟ་བུ་བཅུག་པ་ན་སྣོད་དང་ཆུ་གཉིས་ཀ་རིན་པོ་ཆེའི་ཁ་དོག་ཏུ་འགྱུར་བས་རིན་པོ་ཆེའི་ཡན་ལག་ཏུ་གྱུར་ཀྱང་། དེ་གསུམ་རྟེན་བརྟེན་པའི་ཚུལ་དུ་རྫས་ཐ་དད་པ་བཞིན་དུ་གོང་མས་ཟིན་པ་ན་འོག་མ་ཡན་ལག་ཏུ་འགྱུར་བ་ལས་རྫས་ཐ་དད་པའོ་ཞེས་བཞེད། དེ་ཡང་མི་འཐད་དེ། སྣོད་དེ་ཆུ་དང་ནོར་བུ་གཉིས་ཀའི་རྟེན་དུ་མེད་མི་རུང་བ་བཞིན་དུ་སྡོམ་པ་གོང་མ་གཉིས་ཀྱི་རྟེན་དུ་སོ་ཐར་ངེས་པར་དགོས་པར་འགྱུར་ལ། དེ་ལྟར་ན་གོང་མ་གཉིས་ཀྱང་རྟེན་གླིང་གསུམ་གྱི་སྐྱེས་པ་བུད་མེད་ཁོ་ན་ལས་གཞན་ལ་སྐྱེ་བ་མེད་པར་ཐལ་ཞིང་། དེར་མ་ཟད་དགེ་སློང་རྡོ་རྗེ་འཛིན་པས་གཞན་དོན་དུ་འགྱུར་ངེས་པར་མཐོང་ནས་དགེ་སློང་གི་བསླབ་པ་ཕུལ་བའི་ཚེ། དེའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། ཁྱོད་ཕུལ་བས་སྡོམ་པ་གོང་མ་གཉིས་ཀྱང་གཏོང་བར་ཐལ། ཁྱོད་སྡོམ་པ་གོང་མ་གཉིས་ཀྱི་སྐྱེ་བ་དང་གནས་པའི་རྟེན་ཡིན་པ་གང་ཞིག །རྟེན་བཏང་ན་བརྟེན་པ་གཏོང་བའི་ཕྱིར་ཏེ། རྟེན་སྣོད་མེད་ན་དེ་ལ་བརྟེན་པའི་ཆུ་དང་ནོར་བུའང་མེད་དགོས་པའི་ཕྱིར་རོ། །ཟིལ་གནོན་དང་རྟེན་བརྟེན་པར་འདོད་པ་གཉིས་ཀའི་སྐྱོན་ཐུན་མོང་བ་ནི། སྡོམ་པ་གསུམ་ངོ་བོ་རྫས་ཐ་དད་དུ་འདོད་པ་དེ་ལྟར་ན། གཙོ་སེམས་གཅིག་གི་འཁོར་དུ་སེམས་བྱུང་སེམས་པ་རིགས་མཐུན་ངོ་བོ་ཐ་དད་པ་གསུམ་ཅིག་ཅར་ཡོད་པར་ཐལ་བའི་ཕྱིར་མི་འཐད་དོ། །དེས་ན་རང་ལུགས་གཞུང་འདིའི་དགོངས་པ་ནི། སྡོམ་པ་གསུམ་གནས་གྱུར་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དུ་བཞེད་པ་ཡིན་ཞིང་། ལུགས་འདི་ནི་སྔ་འགྱུར་གྱི་སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་ནས་གསལ་བར་བསྟན་པ་ལྟར། ལོ་ཙཱ་བ་རོང་ཟོམ་ཆོས་ཀྱི་བཟང་པོ། ཟུར་ལུགས་ཀྱི་བླ་མ་ཕལ་ཆེ་བ་དང་། དེའི་བཤད་སྒྲོས་རྩལ་འདོན་གྱིས་འཆད་པ་པོ་སྣར་སྟོན་སེང་གེ་འོད། ཁྱད་པར་ཀུན་མཁྱེན་ཆེན་པོ་དྲི་མེད་འོདཟེར། བདག་ཅག་གི་རྩ་བའི་བླ་མ་རྗེ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སོགས་སྔ་འགྱུར་གྱི་མཁས་གྲུབ་རྣམས་དང་། གསར་མའི་ལོ་ཆེན་རིན་ཆེན་བཟང་པོ། འཇམ་པའི་དབྱངས་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་རྗེས་འབྲངས་དང་བཅས་པ་རྣམས་ཏེ། གསར་རྙིང་གི་མཁས་གྲུབ་འགྲན་ཟླ་བྲལ་བ་རྣམས་ཀྱི་དགོངས་པ་རྨ་མེད་པ་ཡིན་པས་མཁས་པའི་སྐྱེས་བུས་བསྔགས་པར་འོས་པའོ། །དེ་ལ་གནས་འགྱུར་ཚུལ་ནི། སྔ་མ་སྔ་མ་ཕྱི་མ་ཕྱི་མར་གནས་གྱུར་པའི་ཚུལ་གྱིས་སོ། །ཇི་ལྟར་ཞེ་ན། ཉོན་མོངས་པ་རང་ག་མས་སྤྱད་པའི་སྒོ་གསུམ་གྱི་ལས་ཀྱིས་འཁོར་བར་འཆིང་མོད། དེ་ཉིད་ཤེས་རབ་དང་སྙིང་རྗེ་ཕྱོགས་གཅིག་གིས་བཟུང་ནས་ཉེས་སྤྱོད་སྤོང་བའི་སྡོམ་པ་ལ་ཞུགས་པ་ན་ངན་འགྲོ་ལས་ཐར་ནས་མཐོ་རིས་དང་ཐར་པའི་རྒྱུར་འགྱུར་བ་ནི་ཉན་ཐོས་ཀྱི་སོ་ཐར། དེ་ཉིད་ཐབས་དང་ཤེས་རབ་ཆེན་པོའི་བསམ་པས་ཟིན་ནས་གཞན་དོན་གྱི་བྱ་བ་ལ་ཞུགས་པ་ན་བྱང་ཆུབ་ཆེན་པོར་གྲོལ་བའི་རྒྱུར་འགྱུར་བ་ནི་བྱང་སྡོམ། དེ་ཉིད་ཀྱང་ཐབས་ཤེས་ཆེན་པོའི་ཡང་ཆེན་པོས་ཡོངས་སུ་ཟིན་པར་སྤྱད་པ་ན་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་རྒྱུར་འགྱུར་བ་ནི་སྔགས་སྡོམ་མོ། །དེ་བས་ན། རྒྱུད་འབུམ་པ་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཅིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །ཞེས་སོགས་སྔར་དྲངས་པ་ལྟར་རིགས་ཅན་གསུམ་གྱི་སྡོམ་པ་སྔགས་སྡོམ་དུ་འགྱུར་ཚུལ་གསུངས་པ་ལྟར་རམ། ཡང་ན་གསང་བ་སྤྱོད་པའི་རྒྱུད་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ལ། །གསེར་དུ་གྱུར་པས་ཟངས་མི་སྣང་། །རིག་འཛིན་ནང་གི་དགེ་སློང་ལ། །སོ་སོ་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཉིད་ཀྱིས་མ་གསུངས་སོ། །ཞེས་ལོ་ཆེན་རིན་བཟང་གི་སྤྱི་རྣམ་དང་། ཀུན་མཁྱེན་ཆེན་པོས་ཤིང་རྟ་རྣམ་དག་ཏུ་དྲངས་པ་ལྟར་འཆད་དེ་དཔེར་ན་ཟངས་རྡོ་བཞུ་བས་ཟངས་སུ་འགྱུར་ལ། དེ་ལ་གསེར་འགྱུར་གྱི་རྩིས་བཏབ་པས་གསེར་དུ་འགྱུར་བ་བཞིན་དུ། ཉན་ཐོས་ལྟར་དམན་སེམས་ཀྱིས་བླངས་པའི་སོ་ཐར་གྱི་སྡོམ་པ་དེའང་། བྱང་ཆུབ་སེམས་དཔའི་སྡོམ་པས་ཟིན་པ་ན་དམན་སེམས་བཏང་ཡང་རང་གི་ངོ་བོ་གཞན་གནོད་གཞི་བཅས་སྤོང་བའི་ལྡོག་ཆ་དེ་བྱང་ཆུབ་སེམས་དཔའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་སུ་གནས་གྱུར་ལ། དེ་གཉིས་ཀས་དབང་ཐོབ་པ་ན་མཉམ་པ་ཆེན་པོའི་ཐབས་ཀྱིས་མ་ཟིན་པའི་ཐ་མལ་སྣང་ཞེན་གྱི་ལྡོག་ཆ་རེ་ཡོད་པ་དེ་བཏང་ནས། སོར་ཐར་གྱི་གཞན་གནོད་གཞི་བཅས་སྤོང་བ་དང་བྱང་སྡོམ་གྱི་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ་རྫས་གོང་འཕེལ་གྱི་ཚུལ་གྱིས་མཉམ་པ་ཆེན་པོའི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་སྔགས་ཀྱི་ཉེས་སྤྱོད་སྡོམ་པ་དང་རིགས་ལྔ་སྤྱིའམ་རྣམ་སྣང་གི་དམ་ཚིག་ཏུ་གནས་གྱུར་པ་ཡིན་ནོ་དེས་ན་སྒོ་གསུམ་གྱི་བྱ་བ་གཞི་གཅིག་ལའང་ཐབས་ཆེ་ཆུང་གི་གོང་མ་གོང་མར་གནས་གྱུར་ཏེ། རིག་འཛིན་སྔགས་ཀྱི་རང་དུས་ན་སོ་བྱང་ཞེས་རྫས་གཞན་ཐ་དད་པ་མེད་དེ། སྔགས་ཀྱི་སྡོམ་རྫས་སུ་ངོ་བོ་གནས་གྱུར་དུ་ཡོད་པའི་ཕྱིར། དེ་ཡང་གཞི་གཅིག་ལ་དཔེར་མཚོན་ན། སོ་བྱང་སྔགས་ཀྱི་དུས་སུ་ཐོབ་པའི་སྲོག་གཅོད་སྤོང་བའི་སེམས་པ་གསུམ་པོ་དེ་སྔ་མ་ཕྱི་མར་གནས་གྱུར་ཏེ་ངོ་བོ་གཅིག་པ་བཞིན་དང་། གཞན་དོན་དུ་བསྐལ་པ་གྲངས་མེད་གསུམ་ན་རྫོགས་བྱང་ཙམ་ཐོབ་འདོད་ཀྱི་སེམས་པ་དང་། སྔགས་ཀྱི་རྫོགས་བྱང་ཚེ་གཅིག་གིས་ཐོབ་པར་འདོད་པའི་སེམས་པ་གཉིས་སྔ་མ་ཕྱི་མར་གནས་གྱུར་ཏེ་ངོ་བོ་གཅིག་པ་བཞིན་ནོ། །དེ་ལྟ་ནའང་སྡོམ་པ་གསུམ་གྱི་སེམས་པའི་ལྡོག་པ་ཐ་དད་པ་གསུམ་པོ་དེ་རྣམས་སྐྱེ་འཇིག་གནས་གསུམ་དུས་གཅིག་པ་མ་ཡིན་ཏེ། དང་པོ་ཇི་ལྟར་བླངས་པ་ལྟར་གནས་འཇིག་བྱེད་པའི་རང་ལྡོག་མ་འདྲེས་པའི་ཕྱིར་དང་། གསུམ་ལྡན་གྱི་རྒྱུད་ཀྱི་སྡོམ་པ་སྔ་མ་རྣམས་ཕྱི་མ་དང་ངོ་བོ་གཅིག་ཀྱང་། ཕྱི་མ་སྔ་མ་དང་གནས་གྱུར་ངོ་བོ་གཅིག་པ་མ་ཡིན་ཏེ། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རྒྱ་ཆེ་བའི་ཕྱིར་དང་། ཕྱི་མ་བླངས་ཚེ་སྔར་གྱི་སྡོམ་པའི་རྫས་རྒྱུན་མ་ཡིན་པའི་སྡོམ་རྫས་གསར་པ་དུ་མ་ཞིག་སྐྱེ་བ་ཡོད་དགོས་པའི་ཕྱིར་རོ། །དེ་ལ་ཁ་ཅིག་ན་རེ། གསུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་དགེ་སློང་གི་སྡོམ་པ་ཆོས་ཅན། དེའི་རྒྱུད་ཀྱི་བྱང་སྡོམ་དང་སྔགས་སྡོམ་དུ་ཐལ། དེ་དང་དེར་གནས་གྱུར་པའི་ཕྱིར་ཟེར་ན། དེའི་ལན་ལ་ཁྱབ་པ་མ་ངེས་པ་དང་། འགལ་བའི་ལན་གཉིས། དང་པོ་ནི། ཁྱོད་ཀྱི་དེ་ལ་ཁྱབ་པ་མ་ངེས་པ་ཡིན་ཏེ། སྔ་མ་ཕྱི་མར་གནས་གྱུར་ཀྱང་དེ་དེ་ཡིན་མི་དགོས་པའི་ཕྱིར། ཀུན་གཞི་དང་ཉོན་ཡིད་སངས་རྒྱས་ཀྱི་ཡེ་ཤེས་སུ་གནས་གྱུར་ཀྱང་དེ་དེ་མ་ཡིན་པ་བཞིན་ནོ། །གཉིས་པ་ནི་དངོས་པོ་གཞིར་བྱས་ཀྱི་སྟེང་དུ་ཁྱོད་ཀྱི་ཁྱབ་པ་དེ་འགལ་བ་ཡིན་ཏེ། གཞོན་ནུ་རྒན་པོར་གནས་གྱུར་ཀྱང་དེ་དང་དེ་འགལ་བ་བཞིན་ནོ། །གཞན་ཡང་གནས་གྱུར་པའི་ཚེ་དེ་དེར་སྟོན་པ་ཡིན་ན། རིགས་ཅན་གསུམ་གྱི་སྡོམ་པ་སྔགས་སྡོམ་དུ་གནས་གྱུར་པའི་ཚེ། ཉན་རང་གཉིས་ཀྱི་སྡོམ་པ་ཆོས་ཅན། ཐེག་ཆེན་ཀྱི་སྡོམ་པར་ཐལ། རིག་པ་འཛིན་པའི་སྡོམ་པ་ཡིན་པའི་ཕྱིར། ཞེས་པ་ལ་ལན་མེད་དོ། །དཔེས་ཀྱང་དེ་གསུམ་གཞི་མཐུན་པ་མི་སྲིད་པར་སྟོན་ཏེ། ལྕགས་ཟངས་དངུལ་གསུམ་འགྱུར་རྩིས་གསེར་དུ་གྱུར་པའི་ཚེ་དེ་གསུམ་དེར་གནས་གྱུར་ཀྱང་། དེ་གསུམ་དེ་ཡིན་པ་མི་སྲིད་པས་ཕྱིར་རོ། །གཞན་ཡང་གསུམ་ལྡན་གྱི་རྒྱུད་ཀྱི་སོ་བྱང་གཉིས་དེའི་རྒྱུད་ལ་ཡོད་ཅིང་དེར་གནས་གྱུར་བས་སྔགས་སྡོམ་ཡིན་ནོ་སྙམ་ན། དགེ་སློང་གི་རྒྱུད་ཀྱི་དགེ་བསྙེན་དང་དགེ་ཚུལ། སྔགས་པའི་རྒྱུད་ཀྱི་བསྐྱེད་རྫོགས་ཀྱི་སྡོམ་པ་རྣམས་ཀྱང་དེ་དེར་འདོད་དགོས་པར་ཐལ་བ་བཟློག་ཏུ་མེད་དོ། །དེ་ལྟར་བཤད་པའི་གྲུབ་དོན་ལ་གཉིས་ཏེ། གནས་གྱུར་ཚུལ་དང་། ངོ་བོ་གཅིག་པའོ། །དང་པོ་ནི། སྔ་མ་སྔ་མ་ཕྱི་མ་ཕྱི་མར་གནས་གྱུར་པ་སྟེ། ཉེས་སྤྱོད་སྡོམ་པའི་སྤོང་སེམས་སྔ་མ་རྣམས་ཕྱི་མར་དང་། དགེ་བ་ཆོས་སྡུད་དང་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སྔར་བྱང་སེམས་ཀྱི་ཐེག་པར་ཐོབ་པ་དེ་དག །ཕྱིས་སྔགས་ཀྱི་ཐེག་པར་ཐོབ་པ་དེ་དང་དེར་གནས་གྱུར་པ་ཡིན་ནོ། །གཉིས་པ་ནི། གསུམ་ལྡན་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་དང་། གཞན་དོན་སེམས་ཅན་ལ་ཕན་བདེ་སྒྲུབ་པའི་སེམས་པ་དང་། རིག་པ་འཛིན་པའི་དམ་ཚིག་མཐའ་དག་ལ་སློབ་པའི་སེམས་པ་གསུམ་པོ་དེ་ངོ་བོ་གཅིག་པ་ཡིན་ཏེ། དེའི་རྒྱུད་ཀྱི་གཞན་ལ་ཕན་པ་སྒྲུབ་པའི་སེམས་པ་དེ་ཀ་གནོད་པ་སྤོང་བའི་སེམས་པ་དང་སྔགས་ཀྱི་དམ་ཚིག་ལ་སློབ་པའི་སེམས་པ་ཡང་ཡིན་པའི་ཕྱིར་དང་། དེ་བཞིན་དུ་ཅིག་ཤོས་གཉིས་ཀྱང་ཕན་ཚུན་དུ་གཅིག་ལ་གཅིག་ཡིན་པས། དེ་གསུམ་གྱི་ལྡོག་པ་ལ་གཞི་མཐུན་མི་སྲིད་ཀྱང་། ངོ་བོ་ལ་གཞི་མཐུན་སྲིད་པ་ཡིན་ནོ། །

བཞི་པ་ཡོན་ཏན་ཡར་ལྡན་ནི། འཇིག་རྟེན་རྣལ་འབྱོར་རྣལ་འབྱོར་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་ཕྱིར་འོག་མ་ཡི། །ཡོན་ཏན་ཡར་ལྡན་འོག་མ་ཟིལ་གྱིས་གནོན། །ཞེས་པ་སྟེ། ཇི་སྐད་དུ་རྣལ་འབྱོར་པ་དང་འཇིག་རྟེན་རྩོད། །ཅེས་དང་། རྣལ་འབྱོར་པ་ཡང་བློ་ཁྱད་ཀྱིས། །གོང་མ་གོང་མ་རྣམས་ཀྱིས་གནོད། །ཅེས་གསུངས་པ་ལྟར་རྟེན་གྱི་གང་ཟག་བློ་ན་འཕར་བའི་སྟོབས་ཀྱིས་འོག་མའི་ཡོན་ཏན་རྣམས་གོང་མར་འདུས་ཤིང་རྣམ་པར་དག་པས་ན། སྔགས་ཀྱི་དམ་ཚིག་མ་ཉམས་པར་ཐུབ་ན་སོ་བྱང་གི་བསྲུང་བྱ་རྣམས་ཞར་ལ་ཐུབ་པས་ལོགས་སུ་བསྲུང་མི་དགོས་ཏེ། ཅིའི་ཕྱིར་ན། སོ་བྱང་གི་བསླབ་བྱ་མཐའ་དག་སྔགས་ཀྱི་སྤྱིའི་དམ་ཚིག་དང་། ཁྱད་པར་རིགས་ལྔའི་དམ་ཚིག་ལས་རྣམ་སྣང་དང་དོན་གྲུབ་ཀྱི་དམ་ཚིག་ཏུ་འདུས་པ་གང་ཞིག །རྩ་ལྟུང་གཉིས་པའི་ནང་དུའང་འདུ་བའི་ཕྱིར་ཏེ། བྲེ་གསུམ་གྱི་ནང་དུ་བྲེ་དོ་འདུ་བ་བཞིན་ནོ། །དེ་ལྟར་ཡང་གསལ་བཀྲ་ལས། ཐེག་ཆེན་དམ་ཚིག་ལ་གནས་ན། །འོག་མའི་འདུལ་སྡོམ་དམ་ཚིག་ཀུན། །བསྲུང་བ་མེད་པར་ཐུབ་པས་ན། །དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་སོ། །དེ་ཡང་སོ་ཐར་གྱིས་གཞན་གནོད་བཞི་བཅས་སྤོང་བ་དེ་ཉིད་བྱང་སྡོམ་གྱིས་གཞན་ལ་ཕན་འདོགས་པའི་ནང་དུ་ཚང་ཞིང་། དེ་གཉིས་ཀའང་སྔགས་ཀྱིས་སངས་རྒྱས་ཀྱི་མཛད་པ་བསྒྲུབས་ཏེ་མཉམ་པ་ཆེན་པོའི་ངང་ནས་གཞན་དོན་རྩོལ་མེད་ཏུ་མཛད་པའི་ཐབས་མཁས་ཀྱི་ནང་དུ་ཡོན་ཏན་ཡར་ལྡན་གྱི་སྒོ་ནས་ཚང་ཞིང་འདུས་ལ་རྣམ་པར་དག་པ་ཡིན་ཏེ། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཅེས་སོ། །མདོར་ན་སྔགས་ཀྱི་སྡོམ་པ་གཙོ་བོར་ཉམས་སུ་བླངས་པས་འོག་མ་གཉིས་ཀྱི་དགག་བྱ་དང་དགོས་པའང་ཡར་ལྡན་གྱི་ཚུལ་དུ་རྫོགས་པ་ཡིན་ཏེ། དཔེར་ན་སྔགས་ཀྱི་དབང་གསུམ་པའི་ཉམས་ལེན་སྦྱོར་བའི་དམ་ཚིག་ལྟ་བུ་ལའང་རང་རྒྱུད་ཀྱི་ཆགས་པ་དང་མ་བྲལ་ན་སྔགས་ཀྱི་ལམ་དུ་མི་འགྲོ་མོད། རྟོགས་གོམས་ཀྱི་གདེངས་ཀྱིས་ཐ་མལ་གྱི་འཛིན་པ་དང་བྲལ་ཞིང་ཐིག་ལེ་འཛག་མེད་དུ་བརྟན་ན་མི་ཚངས་སྤྱོད་ཀྱི་ཕམ་པས་གོས་པར་མི་འགྱུར་ཏེ། དགག་བྱ་ཉོན་མོངས་པ་ཟིལ་གྱིས་ནོན་པས་འདོད་ཆགས་རང་མཚན་པ་ལས་ལོག་པ་གང་ཞིགདགོས་པ་ཉོན་མོངས་པའི་བག་ཆགས་མི་གསོག་གི་སྟེང་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྫོགས་པར་འགྱུར་བའི་ཕྱིར་དང་། སོ་བྱང་གི་ཚུལ་ཁྲིམས་དང་སྡོམ་པ་ཐམས་ཅད་ཕུན་སུམ་ཚོགས་པས་ཡོན་ཏན་ཡར་ལྡན་དུ་འགྱུར་བའི་ཕྱིར་ཏེ། དེ་ཉིད་ལས། བླ་མེད་ཐེག་པར་རབ་ངེས་ན། །ཉོན་མོངས་ལས་རྣམས་ཀུན་སྤྱད་ཀྱང་། །བྱས་ལ་མི་གསོག་ཚོགས་འགྱུར་ཏེ། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །ཞེས་གསུངས་པའི་ཕྱིར་རོ། །

ལྔ་པ་སྡོམ་པ་གསུམ་གནད་ཀྱིས་མི་འགལ་བ་ནི། འདུ་ཤེས་གསུམ་གྱིས་འཁྲིག་ན་རྣལ་འབྱོར་དེ། །ཡུལ་བསམ་སྦྱོར་བ་མཐར་ཐུག་མ་ཚང་བས། །རྨི་ལམ་ཇི་བཞིན་གནད་ཀྱིས་འགལ་མི་སྲིད། །ཅེས་པ་སྟེ། དེ་ཡང་འདི་སྙམ་དུ། སྡོམ་པ་འོག་མ་གཉིས་གོང་མར་འདུས་པ་མི་འཐད་དེ། ཅིའི་ཕྱིར་ཞེ་ན། སོ་ཐར་གྱི་ཕམ་པ་བཞི་ཆ་བཅས་སྤོང་བ་དང་། བྱང་སྡོམ་གྱི་སེམས་ཅན་ལ་འཚེ་བ་ཆ་བཅས་ལས་ལྡོག་ནས་གཞན་ལ་ཕན་འདོགས་པའི་ལྡོག་ཆ་གཉིས་པོ་དེ། འདིར་སྔགས་སྡོམ་གྱི་སྤྱད་པར་བྱ་བའི་དམ་ཚིག་ལྔ་དང་དངོས་སུ་འགལ་བར་སྣང་བའི་ཕྱིར་སྙམ་ན། དེ་ལྟར་འོག་མ་དང་རྣམ་པ་འགལ་བ་ལྟར་སྣང་ཡང་ལྟ་བ་རྟོགས་ཤིང་ཏིང་ངེ་འཛིན་གོམས་པ་དང་ཐབས་མཁས་ཀྱི་སྤྱོད་པས་ཟིན་པའི་གནད་ཀྱིས་མི་འགལ་བར་འོག་མའི་སྡོམ་པ་ཡར་ལྡན་དུ་རྫོགས་པ་ཡིན་ཏེ། རྒྱུ་མཚན་ཉན་ཐོས་ཀྱི་དགེ་སློང་ལ་ཕམ་པ་བཞི་འཆབ་བཅས་བྱུང་ན་སོ་ཐར་གྱི་སྡོམ་པ་ཞིག་པར་གསུངས་པ་ལས། འདིར་མི་ཚངས་སྤྱོད་ལ། བདག་དང་ཡུལ་ལྷ་ཡབ་ཡུམ་དུ་གསལ་བ་ལྷའི་འདུ་ཤེས་དང་། མཁའ་གསང་རྡོ་རྗེ་དང་པདྨར་ཤེས་པ་སྔགས་ཀྱི་འདུ་ཤེས་ཀྱིས་གཞིའི་ཡན་ལག་མ་ཚང་། ཐབས་འདིས་བདེ་བ་ཆེན་པོའི་ཡེ་ཤེས་བསྒྲུབ་པར་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཀྱི་བསམ་པའི་ཡན་ལག་མ་ཚང་། བྱེད་པ་སྡོམ་པའི་ཐབས་མཁས་ཀྱི་སྤྱོད་པས་ཟིན་ཅིང་ཆགས་པའི་རོ་ཡེ་ཤེས་སུ་གསལ་བས་སྦྱོར་བ་དང་མཐར་ཐུག་གི་ཡན་ལག་མ་ཚང་བའི་ཕྱིར་དང་། ཆོས་ཐམས་ཅད་སེམས་ཉིད་ཀྱི་རང་སྣང་དུ་ཤེས་པས་རྨི་ལམ་དུ་སྤྱད་པ་ལྟར་ཉེས་པས་མི་གོས་ཤིང་འཛག་མེད་ཀྱི་ཡེ་ཤེས་འགྲུབ་པ་སོགས་ཀྱི་དོན་དུ་འགྱུར་བས་དགག་དགོས་གནད་གཅིག་པའི་ཕྱིར་མི་འགལ་ཏེ། དེ་ལས། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལ་ཁ་ཅིག་ན་རེ། སྤྱིར་དེ་ལྟར་ཡིན་ཡང་། མི་ཚངས་སྤྱོད་ལ་ནི་དངོས་པོ་གཙོ་བས་པགས་རིམ་ལས་འདས་པའི་ཕྱིར་ཕམ་པ་བྱུང་ངོ་ཞེ་ན། དེ་ནི་ཐབས་ལ་མི་མཁས་ཤིང་ཤེས་རབ་མེད་པའི་དབང་དུ་བྱས་པ་སྟེ། ཡང་དག་པར་ན་སྔགས་མེད་པའི་དུག་གིས་འཆི་ཡང་སྔགས་དང་ལྡན་པ་ལ་ཉེས་པ་མེད་པ་བཞིན་དུ་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པ་ལ་ཉེས་པ་མེད་དེ། འདིར་མཁའ་གསང་སྔགས་ཀྱི་འདུ་ཤེས་ཀྱིས་བྱིན་གྱིས་བརླབས་པས་འདའ་བྱའི་དངོས་པོ་མ་གྲུབ་པའི་ཕྱིར་དང་། སྒྱུ་མའི་སྐྱེས་བུས་མིག་ཡོར་དུ་སྣང་བའི་བུད་མེད་ལ་སྦྱོར་བ་བརྩམས་པ་བཞིན་བདག་གཞན་ཡང་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་དེ་ཉིད་ལས། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་དང་། ཡེ་ཤེས་རྒྱས་པའི་མདོ་ལས་ཀྱང་། ཇི་ལྟར་སྒྱུ་མའི་མཁན་པོ་དག །རང་གིས་སྤྲུལ་པའི་སྒྱུ་མ་ལ། །དགེ་དང་མི་དགེ་འདུ་བྱེད་པ། །ཉེས་པ་གང་གིས་མི་གོས་ལྟར། །ཐབས་ལ་མཁས་པའི་རྣམ་པར་སྤྱོད། །ཅེས་སོ། །དེར་མ་ཟད་དགེ་སློང་མ་སེར་སྐྱ་བཟང་མོ་ལ་རྒྱལ་པོ་མ་སྐྱེས་དགྲས་འདོད་པ་ལན་མང་དུ་སྤྱད་ཀྱང་དགེ་སློང་མ་ལ་འདོད་ཆགས་ཀྱི་སེམས་མེད་པའི་ཕྱིར། ལས་དེས་ཕམ་པ་བསྐྱེད་མི་ནུས་པར་ཉན་ཐོས་ཀྱི་ཐེག་པར་ཡང་གསུང་ན་ཐེག་ཆེན་དུ་ལྟ་སྨོས་ཀྱང་ཅི་དགོས་སོ། །དེ་བཞིན་དུ་སྲོག་བཅོད་ལའང་། བསྒྲལ་བྱ་མིག་ཡོར་ལྟ་བུར་ཤེས་པས་གཞི་མ་ཚང་། དེའི་སྡུག་བསྔལ་བྲལ་འདོད་ཀྱི་སྙིང་རྗེས་བསླངས་པས་བསམ་པ་མ་ཚང་། གསོད་པར་བྱེད་པ་པོ་བདག་སྒྱུ་མའི་སྐྱེས་བུ་ལྟ་བུས་གསད་བྱ་མིག་ཡོར་ལྟར་སྲོག་དང་སྐྱེས་བུར་འཛིན་པ་མེད་པས་དེ་བཅད་པའང་མེད་པའི་ཕྱིར་སྦྱོར་བ་མ་ཚང་། རྗེས་མནར་སེམས་ཀྱི་ཡི་རང་མེད་པས་མཐར་ཐུག་མ་ཚང་བའི་ཕྱིར། ཉེས་པས་མི་གོས་ཤིང་བསྒྲལ་བྱའི་ལས་ངན་རྒྱུན་གཅོད་པའི་ཐབས་མཁས་ཀྱིས་ཚོགས་རྫོགས་པར་འགྱུར་བས་དགག་དགོས་གནད་གཅིག་པ་སྟེ། གསང་སྙིང་ལས། ཡོད་མེད་དབུ་མ་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་ཀྱང་བཅད་དུ་མེད། །སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས་སོ། །མ་བྱིན་པར་ལེན་པ་ལའང་། བདག་གཞན་གཉིས་མེད་དུ་རྟོགས་ཏེ་རང་སྣང་གི་རྫས་འཕྲུལ་དགའི་ལོངས་སྤྱོད་ལྟར་ལེན་པས་དོན་ལ་བླངས་པ་མེད་པའི་ཕྱིར་གཞི་བསམ་སྦྱོར་བ་མ་ཚང་ལ། འཐོབ་བྱ་འཐོབ་བྱེད་ཀྱི་ཞེན་པ་ལས་གྲོལ་བས་མཐར་ཐུག་ཐོབ་བློ་ཡང་མ་གྲུབ་པའི་ཕྱིར་དགག་དགོས་གནད་གཅིག་པ་སྟེ། དེ་ལས། བདེན་པ་གཉིས་ཀ་དབྱེར་མེད་པས། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །གཞན་དང་མ་བྱིན་མེད་པའི་ཕྱིར། །བླངས་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས་སོ། །རྫུན་སྨྲ་བའི་ཚེ་ཡང་ཆོས་ཐམས་ཅད་བདེན་པར་མ་གྲུབ་པས། དེ་ལ་ལྟོས་པའི་རྫུན་པའང་མ་གྲུབ་པའི་ཕྱིར་ན་གཞི་ཕ་རོལ་པོ་ལ་རྫུན་པའི་འདུ་ཤེས་ཀྱིས་སྨྲས་ཤིང་དེས་གོ་བའང་མ་དམིགས་པའི་ཕྱིར། སྨྲས་ཀྱང་ཉེས་པས་མི་གོས་ཤིང་ཇི་ལྟར་ཕན་པ་ལྟར་སྨྲས་པས་དགག་དགོས་གནད་གཅིག་པ་སྟེ། དེ་ལས། ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །མིང་དང་ཚིག་ཏུ་བཏགས་པ་རྫུན། །རྫུན་ཉིད་ལ་ནི་རྫུན་སྤྱོད་པས། །རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཞེས་སོ། །མདོར་ན། དེ་ཐམས་ཅད་ཀྱི་སྐབས་སུ། བདག་ཉིད་སྡོམ་ལྡན་ཡིན་པ། ཡུལ་དེ་ཡིན་ལ་ཡིན་པར་མ་འཁྲུལ་བ། སྦྱོར་བ་བརྩམས་ཤིང་མཐར་ཐུག་གྲུབ་པ་ཞིག་དགོས་པ་ལས། འདིར་རྟོགས་གོམས་ཀྱི་ཐབས་ཀྱིས་ཐམས་ཅད་ལྷར་ཤེས་པའི་ཕྱིར་ཉན་ཐོས་ཀྱི་སྡོམ་པ་དང་འགལ་བ་མེད་དོ། །དེ་བཞིན་དུ་གཞན་ལ་ཕན་འདོད་ཀྱི་སྙིང་རྗེ་དང་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་བྱང་སྡོམ་དང་ཡང་འགལ་བ་མེད་དེ། དེ་གཉིས་དང་ལྡན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ལའང་གནང་བའི་ཕྱིར། ཉེས་པས་མི་གོས་ཀྱི་སྟེང་དུ་ཕན་ཡོན་ཚད་མེད་པ་ཐོབ་པས་དགག་དགོས་གནད་གཅིག་པ་ཡིན་ཏེ། ཕལ་པོ་ཆེ་ལས། གང་དག་སེམས་ཅན་དོན་འགྱུར་བའི། །ཐབས་དེ་རྒྱལ་སྲས་བསླབ་པའི་མཆོག །སྤྲིན་ལས་ཆར་ཆེན་བབས་པ་ཡིས། །ལོ་ཏོག་ཕུན་སུམ་ཚོགས་པར་བྱེད། །ཅེས་གསུངས་པའི་ཕྱིར། མདོར་ན་སྡོམ་པ་གསུམ་ཀ་ལ་སྐྱོན་དང་ཉེས་པ་བསྐྱེད་ན་འགོག་ཅིང་། ཡོན་ཏན་དང་དགེ་བ་བསྐྱེད་ན་བྱ་བར་གནང་བའི་ཕྱིར། དོན་གཅིག་པས་གནད་ཀྱིས་མི་འགལ་བ་ཡིན་ནོ། །

དྲུག་པ་དུས་སྐབས་ཀྱིས་གཙོ་བོར་གང་འགྱུར་སྤྱད་པ་ནི། སྡིག་ཏོ་མི་དགེའི་ཕྱོགས་དང་ཚོགས་པའི་གསེབ། །འོག་མ་གཙོར་བྱེད་འདོད་པས་དབེན་པ་དང་། །སྤྱོད་པའི་དུས་དང་དབེན་པར་གསང་སྔགས་སྤྱད། །ནང་མ་འདོམ་ན་མ་འདྲེས་ཡོངས་རྫོགས་བསྲུང་། །འདོམ་ན་དགག་དགོས་བརྩི་ཞེས་མཁས་རྣམས་བཞེད། །ལས་དང་པོ་དང་རྣལ་འབྱོར་གྲུབ་ཐོབ་དང་། །ཐབས་ཅད་མཁྱེན་པའི་སྤྱོད་པ་གང་ཡིན་པ། །དུས་ཚོད་འབྲེལ་བར་དགོས་ཞེས་དུས་འཁོར་བཤད། །ཅེས་པ་སྟེ། སྡིག་ཏོ་མི་དགེ་བའི་ཕྱོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་དང་། ཚོགས་པའི་གསེབ་ཏུ་སྡོམ་པ་འོག་མ་ཉན་ཐོས་ཀྱི་ལུགས་བཞིན་དུ་གཙོ་བོར་བསྲུང་དགོས་ཏེ། གསང་འདུས་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོང་། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་དང་། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ་པདྨའི་ཞལ་ནས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འདྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ཅེས་དང་། བྱང་སའི་ཚུལ་ཁྲིམས་ལེའུར་ཡང་། འདུལ་བའི་ནང་ཁྲིམས་བསྲུང་ན་ཉེས་པ་མེད་དོ། །ཞེས་ཡང་ཡང་གསུངས་པའི་ཕྱིར་རོ། །ཡང་ཐེག་པ་ཆེན་པོར་གཞན་དོན་དུ་འབྱུང་ངེས་ན་གནང་བ་རང་འདོད་ཀྱིས་དབེན་པའི་ལྟུང་བ་ལུས་ངག་གི་བཅས་པ་རྣམས་དང་། གསང་སྤྱོད་ཀྱི་དུས་དང་དབེན་པའི་གནས་སུ་གསང་སྔགས་གཙོ་བོར་བསྲུང་སྟེ། དེའི་ཚེ་འོག་མ་ཉམས་པ་སྙམ་བྱེད་ཀྱང་དེ་ནི་ལྟུང་བའི་གཟུགས་བརྙན་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཐུགས་རྗེ་མངའ་བས་རིང་གཟིགས་པས། །བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་དང་། སེམས་ཀྱི་སྒྲིབ་སྦྱོང་ལས། རྣམ་ཤེས་ངན་པས་བརྟེན་བྱས་ན། །འདོད་པས་འཆིང་བ་ཉིད་དུ་འགྱུར། །དེ་ཉིད་མཁས་པས་བསྟེན་བྱས་ན། །འདོད་པས་ཐར་པ་རབ་ཏུ་སྒྲུབ། །ཅེས་དང་། རང་ལྷར་སྦྱོར་བའི་བདག་ཉིད་ཀྱིས། །འགྲོ་བའི་དོན་བྱེད་བརྩོན་ལྡན་པས། །རྣལ་འབྱོར་འདོད་ཡོན་ལོངས་སྤྱོད་ཀྱང་། །གྲོལ་འགྱུར་གོས་པར་མི་འགྱུར་རོ། །ཞེས་དང་། སློབ་དཔོན་ཆེན་པོས། ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བར་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་གསུངས་པའི་ཕྱིར། གཞན་ཡང་སྤྱོད་འཇུག་ལས། འཇིག་རྟེན་མ་དད་གྱུར་པའི་ཆ། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་པས་གཞན་མ་དད་པར་འགྱུར་བའི་ཆ་སྡོམ་པ་གསུམ་ཀ་མཐུན་པ་རྣམས་འབད་པས་བསྲུང་ཞིང་། གལ་ཏེ་གཞན་འཇུག་པའི་རྒྱུར་འགྱུར་ན་ཐེག་པ་ཆེན་པོ་ལས་གནང་བས་དགག་དགོས་ཤེས་པར་བྱའོ། །དེ་དག་ཀྱང་རབ་དབྱེའི་ཐེག་ཆེན་སོ་ཐར་གྱི་སྐབས་སུ། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང་། །འདོད་པས་དབེན་པའི་ལྟུང་བ་འགའ། །བྱང་ཆུབ་སེམས་དཔའི་ལུགས་བཞིན་བསྲུང་། །འཇིག་རྟེན་མ་དད་གྱུར་པའི་ཆ། །གཉིས་ཀ་མཐུན་རྣམས་འབད་པས་བསྲུང་། །འཇིག་རྟེན་འཇུག་པའི་རྒྱུར་གྱུར་ན། །ཐེག་ཆེན་སོ་སོར་ཐར་ལ་གནང་། །ཞེས་གསུངས་པ་ལྟར་རོ། །ཚོགས་དབེན་གང་ཡིན་ཡང་རུང་སྟེ། སྡོམ་པ་གསུམ་གྱི་ལྟུང་བ་ནང་མ་འདོམ་པའི་དུས་སུ་ནི་རང་རང་སོ་སོའི་ལུགས་ལྟར་མ་འདྲེས་ཡོངས་རྫོགས་སུ་བསྲུང་བར་བྱ་ཞིང་། གལ་ཏེ་འདོམ་ན་དགག་དགོས་བརྩི་སྟེ། གང་གི་ལུགས་ལའང་ཉེས་པ་བསྐྱེད་པའི་ཆ་ཐམས་ཅད་དགག་བྱ་ཡིན་པས་དགོག་ཅིང་། ཡོན་ཏན་ནམ་དགེ་བའི་ཆ་བསྐྱེད་ན་བསླབས་པའི་དགོས་པ་ཡིན་པས་སྤྱད་པར་བྱ་སྟེ། གནང་བཀག་དང་སྤྱིར་བཏང་དམིགས་བསལ་གྱི་གནད་རྣམས་མ་འདྲེས་པར་ཤེས་པ་གལ་ཆེའོ། །དེ་ཡང་གསུམ་ལྡན་རྡོ་རྗེ་འཛིན་པས་སྤྱོད་པ་ཁ་ན་མ་ཐོ་བ་མེད་ཅིང་དུས་ཚོད་དང་འབྲེལ་བར་སྤྱོད་དགོས་པས་གནས་སྐབས་སོ་སོའི་བླང་དོར་ཡང་ཤེས་པར་བྱ་སྟེ། ལས་དང་པོ་པས་སོ་ཐར་གྱི་དགག་བྱ་གཙོ་བོར་བསྲུང་ཞིང་། བརྟན་པ་ཐོབ་ནས་བཟུང་བློ་ན་འཕར་བའི་རིམ་པ་ལྟར་གོང་མ་གོང་མའི་དགོས་པ་གཙོ་བོར་བསྒྲུབ་སྟེ། འདི་ལྟར་རྣལ་འབྱོར་པ་དང་། གྲུབ་པ་ཐོབ་པ་དང་། ཐམས་ཅད་མཁྱེན་པའི་གནས་སྐབས་ཀྱི་སྤྱོད་པ་རྣམས་མ་འདྲེས་པར་བླང་དོར་བྱའོ། །དེ་ལྟར་ཡང་དུས་འཁོར་འགྲེལ་ཆེན་ལས། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། །གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་སོ། །

གསུམ་པ་སྡོམ་གསུམ་ཉམས་སུ་ལེན་ཚུལ་བསྡུས་ཏེ་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། ཡོན་ཏན་གཞི་རྟེན་སོ་ཐར་གང་ནུས་སྟེང་། །བྱང་ཆུབ་སེམས་བསྐྱེད་སྔགས་ཀྱི་ཡན་ལག་ཡིན། །སྨིན་བྱེད་དབང་ཐོབ་སྡོམ་གསུམ་མིག་ལྟར་བསྲུང་། །གདན་གསུམ་ལྷ་རུ་ཤེས་པའི་བསྐྱེད་རིམ་དང་། །མཚན་བཅས་མཚན་མ་མེད་པའི་རྫོགས་རིམ་བསྒོམ། །ཉེ་རྒྱུའི་སྤྱོད་པས་རིམ་བཞིན་མཚམས་སྦྱར་ན། །འདིའམ་འཆི་ཁ་དང་ནི་བར་དོ་རུ། །རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫོགས་འཚང་རྒྱ། །ཞེས་པ་སྟེ། རྒྱལ་བའི་གསུང་རབ་ཀྱི་དོན་ཐམས་ཅད་སྡོམ་པ་གསུམ་གྱི་ཉམས་ལེན་དུ་འདུ་སྟེ། འདི་ལྟར་ཉན་ཐོས་དང་ཐུན་མོང་བའི་ལམ་འཁོར་བ་ལ་སྐྱོ་ཤས་དང་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ། སྤང་བ་བཞིའམ་མདུན་ལྡན་གྱི་སོ་སོ་ཐར་པ་རིགས་བརྒྱད་གང་ནས་བླངས་ལ་ལུས་ངག་གི་ཉེས་སྤྱོད་ལས་ལྡོག་པར་བྱ། དེའི་སྟེང་དུ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་གདོད་ནས་རྣམ་པར་དག་ཀྱང་། དེ་ལྟར་མ་རྟོགས་པས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུར་སྤྱད་པ་རྣམས་ལ་བཅོས་མིན་གྱི་བྱམས་པ་དང་སྙིང་རྗེས་ཀུན་ནས་བསླངས་ཏེ། གཞན་དོན་དུ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚུལ་ཁྲིམས་གསུམ་ལ་བསླབ་པར་བྱ། དེ་ལྟར་སོ་བྱང་གཉིས་ཀྱིས་རྒྱུད་སྦྱངས་རྗེས་རྒྱུ་རྟེན་གྱི་དཀྱིལ་འཁོར་བཞིར་ཞུགས་ནས་སྐུ་བཞིའི་རྟེན་འབྲེལ་བསྒྲིག་ཕྱིར་དབང་བཞི་བསྐུར་བས་སྡོམ་པ་གསུམ་ལྡན་དུ་བྱས་ཏེ། སྡོམ་པ་རང་རང་གི་བསླབ་བྱ་རྣམས་དགག་དགོས་ཀྱི་གནད་ཤེས་པའི་སྒོ་ནས་མིག་གི་འབྲས་བུ་ལྟར་གཅེས་སྤྲས་ཀྱིས་བསྲུང་བར་བྱ་ཞིང་། སྨིན་ཟིན་གྲོལ་བར་བྱ་བའི་ཕྱིར་ལམ་རིམ་པ་གཉིས་ལ་འཇུག་སྟེ། དེ་ཡང་རྟེན་གྱི་དཀྱིལ་འཁོར་བཞི་ཀ་ལ་དེ་བཞིན་གཤེགས་པ་དང་གཤེགས་མ། སེམས་དཔའ་དང་སེམས་མ། ཁྲོ་བོ་དང་ཁྲོ་མོ་སྟེ་གདན་གསུམ་ཚང་བར་ཤེས་པས་སྦྱང་གཞི་སྦྱོང་བྱེད་ངོ་འཕྲོད་པའི་སྒོ་ནས་མ་དག་པའི་སྣང་བ་དབྱིངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་བསྐྱེད་རིམ་དང་། རྫོགས་རིམ་མཚན་བཅས་རང་བྱིན་གྱིས་བརླབ་པའི་རིམ་པ་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་ཐབས་དང་། དེ་དག་གི་རྒྱས་གདབ་ཏུ་གྱུར་པ་མཚན་མེད་རང་བྱུང་གི་ཡེ་ཤེས་སེམས་ཉིད་འོད་གསལ་དུ་ངོ་སྤྲོད་པ་དེ་ཁོ་ན་ཉིད་ཀྱི་རྫོགས་རིམ་རྣམས་ལེགས་པར་བསྒོམ་ཞིང་། ཉེ་རྒྱུའི་སྤྱོད་པ་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་སྤྱད་པས་དབང་པོ་རབ་ཚེ་འདིར་ཟུང་འཇུག་གི་སྐུ་འགྲུབ། འབྲིང་འཆི་ཁའི་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་། ཐ་མ་བར་དོ་ནས་བདེན་པའི་བྱིན་རླབས་ཀྱིས་མངོན་པར་དགའ་བ་ལ་སོགས་པ་རང་བཞིན་སྤྲུལ་སྐུའི་ཞིང་བགྲོད་དེ་རྡོ་རྗེ་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས་པ་རང་རིགས་ཀྱི་འཁོར་དང་བཅས་པ་རྣམས་རིམ་པ་ཇི་ལྟ་བ་བཞིན་དུ་ཞལ་མཐོང་བ་དང་། དབང་བསྐུར་བ་དང་། བྱང་ཆུབ་ཏུ་ལུང་བསྟན་པ་དང་། དབུགས་དབྱུང་བ་ཐོབ་ནས་གདོད་མའི་དབྱིངས་སུ་རྫོགས་སངས་རྒྱས་ཏེ། དོན་གཉིས་མཐར་ཕྱིན་པར་འགྱུར་རོ། །དེ་ལྟར་ཡང་སྒྱུ་འཕྲུལ་མངོན་བྱང་ལས། དག་པ་ས་ཡི་དབང་ཉིད་ཕྱིར། །སྟོན་པ་ལྔ་དང་ཆོས་རབ་ལྔ། །ཡེ་ཤེས་ལྔ་ཡོངས་རྫོགས་པ་ལས། །རྫོགས་པའི་བྱང་ཆུབ་སྙིང་པོར་འགྲོ། །ཞེས་གསུངས་སོ། །

དེ་ལྟར་བཤད་ནས་ལེའུའི་སྐབས་བསྡུ་བ་ནི། སྡོམ་གསུམ་སྤྱིར་བཤད་པའི་རིམ་པར་ཕྱེ་བ་སྟེ་ལྔ་པའོ། །ཞེས་པ་སྟེ། བསྟན་བཅོས་འདི་ལ་ལེའུ་ལྔ་ལས། འདིས་སྡོམ་པ་གསུམ་པོ་སྤྱིར་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་གྱི་མཐའ་དཔྱད་ནས་བཤད་པའི་རིམ་པར་ཕྱེ་བ་སྟེ་ལེའུ་ལྔ་པའི་འགྲེལ་པའོ། །འདིར་སྨྲས་པ། གཞན་གནོད་སྤོང་དང་གཞན་ཕན་སྒྲུབ་པའི་ཐབས། །སོ་བྱང་རྣམ་གཉིས་སྔགས་ཀྱི་སྡོམ་རྫས་སུ། །གནས་གྱུར་རང་ལྡོག་མ་འདྲེས་ངོ་བོ་གཅིག །གནང་བཀག་འགལ་མེད་ཉམས་སུ་ལེན་པའི་ཚུལ། །ལེགས་པར་བཀྲལ་བའི་ངག་ཚིག་ལེགས་བཤད་ལས། །ཐོབ་པའི་དགེ་ཚོགས་དབང་ཐོབ་བྱང་སེམས་དང་། །ལྷན་ཅིག་ཆོས་ལ་སྤྱོད་པའི་ལྷན་སྐྱེས་ཀྱི། །བདེ་ཆེན་དཔལ་མངའ་བདེ་ལྡན་མགོན་གྱུར་ཅིག། །།

གསུམ་པ་བཤད་པ་རྫོགས་པའི་བྱ་བ་ལ་བཞི་སྟེ། རྩོམ་པའི་རྒྱུ་བརྩེ་བའི་སྙིང་རྗེ། རྩོམ་དགོས་པའི་རྒྱུ་མཚན། ཇི་ལྟར་བརྩམས་པའི་ཚུལ། དེས་ཐོབ་དགེ་བ་བསྔོ་བའོ། །དང་པོ་ནི། དེང་སང་མ་སྦྱངས་མུ་ཅོར་སྨྲ་བ་བརྒྱས། །རང་གི་ཡེ་ཤེས་རྡུལ་ཙམ་མ་རྟོགས་པར། །རང་བཟོའི་ཆོ་གས་རྨོངས་རྣམས་ཚིམ་པའི་དུས། །སྐྱབས་དེ་བསམ་གྱིན་སྙིང་ནས་མཆི་མ་བཀུ། །ཞེས་པ་སྟེ། སྔོན་གྱི་མཁས་གྲུབ་རྣམས་ནི་གཤེགས། དེ་དག་གི་གཞུང་ལུགས་རྣམས་ཀྱང་རིམ་གྱིས་ནུབ་པས་སྙིགས་མ་ལས་ཀྱང་སྙིགས་མར་གྱུར་པ་དེང་སང་གི་དུས་བསྟན་པ་ཉམས་སྨད་པར་གྱུར་པ་ལ་ཐུགས་སྐྱོ་བའི་ཤུགས་ཀྱིས་གདུལ་བྱ་ལ་སྙིང་རྗེའི་ཀུན་སློང་གཡོས་པ་སྟེ། ཇི་ལྟར་ན། ད་ལྟའི་དུས་འདིར་རང་གིས་གཞུང་ལུགས་རྣམས་ལ་ཐོས་བསམ་གྱི་སྒོ་ནས་ལེགས་པར་མ་སྦྱངས་ཤིང་། སྒོམ་པ་ཉམས་ལེན་གྱི་སྒོ་ནས་རང་གི་ཡེ་ཤེས་འདིར་བསྟན་གྱི་ཆ་ཙམ་ཡང་མ་རྟོགས་པར་བླུན་པོ་མཁས་རློམ་གྱི་མངོན་པའི་ང་རྒྱལ་ཅན་དག་གཞན་ལ་མུ་ཅོར་གྱི་ཁ་ཟེར་བ་དང་། ཟོག་པོ་གྲུབ་རློམ་ཅན་མང་པོས་རང་བཟོའི་ངན་རྟོག་གིས་བསླད་པའི་ཆོ་གས་རྨོངས་པ་རྣམས་མགོ་བསྐོར་བ་ལ་སྐྱབས་སུ་བརྟེན་པའི་དུས་འདི་འདྲ་བའང་སྣང་སྟེ། བསམ་གྱིན་སྙིང་ནས་མྱ་ངན་གྱི་མཆི་མ་བཀུ་བའི་གནས་སུ་གྱུར་པ་ཡིན་ནོ། །

གཉིས་པ་ནི། མདོ་སྔགས་ལམ་རྣམས་མུ་མེད་འགྲོ་བའི་ཕྱིར། །ཚང་ལ་མ་ནོར་ལམ་འདི་རྒྱལ་བས་གསུངས། །གངས་ཅན་འདི་ན་དེ་དག་ཕྱོགས་རེར་འཛིན། །གཅིག་ཏུ་སེམས་ཀྱང་སྡོམ་གསུམ་མིང་ཙམ་ལུས། །ཞེས་པ་སྟེ། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། མཐའ་ཡས་མུ་མེད་པའི་གདུལ་བྱའི་འགྲོ་བ་རྣམས་འདུལ་བའི་ཕྱིར། སོ་སོའི་བློའི་རིམ་པ་ལྟར་མདོ་སྔགས་ཀྱི་གཞུང་ལམ་དཔག་ཏུ་མེད་པ་ཞིག་གསུངས་པ་ཐམས་ཅད་ཀྱང་། གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཚང་ལ་མ་ནོར་བའི་རྣམ་དག་ལེགས་པའི་ལམ་འདིར་འདུ་མོད། འོན་ཀྱང་མདོ་སྔགས་ཀྱི་གཞུང་ལུགས་སོ་སོའི་དགོངས་དོན་ཟབ་ཅིང་བརླིང་བས་གཅིག་ཏུ་སྡུད་མ་ཤེས་ཏེ། དེའི་ཕྱིར་གངས་ཅན་འདི་ན་འདུལ་བ་དང་གསང་སྔགས་དག་འགལ་ལོ་ཞེས་གཡག་ཞར་གྱི་རྩྭ་ལྟར་ཕྱོགས་རེར་འཛིན་ལ། གལ་ཏེ་གཅིག་ཏུ་བསྡུ་བར་སེམས་པ་རྣམས་ཀྱིས་ཀྱང་སྡོམ་པ་གསུམ་སོ་སོའི་འབོགས་ཆོག་གི་ལག་ལེན་ལྟར་སྣང་ཙམ་ལས་གནང་བཀག་གི་བསླབ་བྱ་སྤྱིར་བཏང་དམིགས་བསལ་གྱི་གནས་རྣམས་ལུང་རིགས་མན་ངག་དང་མི་འགལ་བར་འཆད་མི་ཤེས་པས་མིང་ཙམ་དུ་ལུས་པར་ཟད་དོ། །

གསུམ་པ་ནི། འདི་ནི་མཁས་གྲུབ་དུ་མའི་ལེགས་བཤད་ལས། །སྒྲིན་པོའི་བློ་ཡིས་ཕྱོགས་གཅིག་དག་དུ་བཀོད། །དེ་ཕྱིར་ནོངས་པའི་དྲི་མ་མེད་སྙམ་རློམ། །ཞེས་པ་སྟེ། ཚུལ་དེ་དག་མཐོང་ནས་བསྟན་བཅོས་འདི་ནི་ཕྱོགས་འཛིན་གྱི་བློ་དང་རང་བཟོ་སྤངས་ཏེ་མདོ་རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་འབེབས་པར་བྱེད་པ་མཁས་གྲུབ་དུ་མའི་ལེགས་བཤད་ལས་ཇི་སྐད་བསྟན་པ་རྣམས་ལ་སྒྲིན་པོའི་བློས་བརྟགས་ཤིང་དཔྱད་ནས། མདོ་རྒྱུད་ཀྱི་དགོངས་དོན་རྣམས་ལུང་རིགས་མན་ངག་དང་མི་འགལ་བར་ཕྱོགས་གཅིག་ཏུ་བསྡུས་ཏེ་བཀོད་པ་ཡིན་ལ། དེ་ཡང་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་ལེགས་པར་བཤད་པའི་ཕྱིར་མ་རྟོགས་པ་དང་ལོག་རྟོག་གིས་ནོངས་པའི་དྲི་མ་མེད་སྙམ་དུ་རློམ་མོ་ཞེས་གསུང་གསང་མཐོན་པོས་འདོམས་ཤིང་བཟོད་པར་གསོལ་བ་མ་མཛད་དོ། །

བཞི་པ་ནི། དགེ་དེས་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་སྟེ། བསྟན་བཅོས་འདི་བརྩམས་པ་ལས་བྱུང་བའི་དགེ་བ་མཆོག་ཏུ་གྱུར་པ་དེས། མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་འབད་རྩོལ་མེད་པར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བདག་ཉིད་དཔལ་ཀུན་ཏུ་བཟང་པོའི་གོ་འཕང་མྱུར་དུ་ཐོབ་པར་ཤོག་ཅིག་པའོ། །


previousལེའུ་ལྔ་པ་སྡོམ་གསུམ་འགལ་མེད་ཀྱི་དོན་བསྡུ་བ།next