Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།

5 occurrences of གཡེམ་པ་
[Clear Hits]


  
  
  
  
  
 
  
འཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་།
  
  
  
  
 
  
  
  
 
  
  
  
  
  
  
  
  


5 occurrences of གཡེམ་པ་
[Clear Hits]

 
previousའཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་།next

འཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་།


MLP014_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །མཁན་ཆེན་མཁྱེན་བརྩེ་ནོར་བུ།


MLP014_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

འཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །བླ་མ་དང་ལྷག་པའི་ལྷ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་རང་བྱུང་ཡེ་ཤེས་འཇམ་པའི་དཔལ། །རྣམ་ཀུན་མཆོག་ལྡན་རྡོ་རྗེའི་བཙུན་མོ་དང་། །མི་ཕྱེད་བསྡོམ་པའི་ཕྱག་རྒྱ་བླ་མ་རྗེར། །དངོས་ཀུན་དབྱེར་མེད་མཉམ་པའི་ཕྱག་གིས་འདུད། །འདིར་སྲིད་པ་དང་ཞི་བའི་དཔལ་ལས་ཡིད་འབྱུང་ཞིང་། འབྲས་བུའི་ཐེག་པའི་ཟབ་ལམ་ལ་ཡིད་ཆེས་ཀྱི་ངེས་པ་རྐྱེན་གཞན་གྱིས་མི་ཚུགས་པ་དང་། མཆོག་ཐུན་གྱི་གྲུབ་གཉིས་དོན་དུ་གཉེར་བའི་གང་ཟག་རྒྱལ་བ་དམ་པའི་སྤྱོད་ཡུལ་ལ་འཇུག་འདོད་པ་དག་གིས། དང་པོ་ཉིད་ནས་བདག་རྐྱེན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པའི་མདུན་དུ་ལམ་གྱི་སྔོན་འགྲོ་ཐོས་བསམ་གྱི་སྣང་བ་རིས་སུ་མ་ཆད་པ་དང་། ཁྱད་པར་དུ་བླ་ན་མེད་པའི་སྨིན་གྲོལ་གྱི་གདམས་པ་ཟབ་མོ་ནོད་དེ། གཟོད་ལམ་གྱི་རིམ་པ་ངེས་རྫོགས་ལྟར་འཇུག་པར་བྱ་བ་ཡིན་མོད། འོན་ཀྱང་མོས་སྒོམ་ལྟར། ལམ་རིམ་དུས་གཅིག་ཏུ་ཉམས་སུ་བླངས་པས་ཀྱང་བསྒྲུབ་བྱའི་ཡོན་ཏན་མི་ཐོབ་པ་མིན་པའི་ཕྱིར། འདིར་ཕྱི་མ་ལྟར་བསྐྱེད་རྫོགས་ཀྱི་ཆོ་གའི་བསྡུས་དོན་ཙམ་བཀོད་པར་བྱའོ། །དེ་ལ་གསུམ་ཏེ་སྔོན་འགྲོ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ནི། ལུགས་གཉིས་ཀྱི་ལོ་རྒྱུས་མཆོག་ཏུ་ཤིས་པའི་གནས་སྤྱི་དང་ཁྱད་པར་གྱི་མཚན་ཉིད་དང་ལྡན་པའི་བདག་དབང་བར་ཆད་མེད་པའི་སར། དམ་ཚིག་རྟེན་ལྷ་སྐུ་བྲིས་འབུར་གང་རུང་བཀོད་པའི་མདུན་དུ། སྟེགས་བུའི་ཁར་རང་གཞུང་ནས་བཤད་པའི་དཀྱིལ་འཁོར་བྲིས་ལ་ཕྱི་ནང་


MLP014_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གི་མཆོད་རྫས་ཉེར་མཁོའི་ཡོ་བྱད་རྣམས་ཚོགས་པར་འདུ་བྱས་ཏེ། ཐོག་མར་ཐུན་མོང་གི་སྔོན་འགྲོའི་ལས་རིམ་ནི། རང་ཉིད་ལྷག་པའི་བསམ་པ་དང་བཅས་བདེ་བའི་སྟན་ལ་འདུག་པའི་མདུན་གྱི་ནམ་མཁར་ཚོགས་ཞིང་གི་འཁོར་ལོ་མཁའ་ཁྱབ་ཏུ་སད་པར་མོས་པས། སྐྱབས་གནས་གྱི་ཡོན་ཏན་ཡིད་ལ་བྱེད་བཞིན་རང་གཞན་ཀུན་འཇིགས་པ་གསུམ་གྱི་གཡེང་པ་ལས་སྒྲོལ་ཕྱིར་སྐྱབས་སུ་འགྲོ་བ་དང་། དེ་ནས་མཁའ་མཉམ་གྱི་ཡིད་ཅན་ཐུགས་རྗེས་ཡོངས་སུ་མི་འདོར་བའི་ཐུན་མོང་པའི་སེམས་བསྐྱེད་དེ། སྐབས་ཀྱི་སྒྲུབ་བྱའི་ལམ་དང་འབྲེལ་བའི་སྨོན་འཇུག་གི་སེམས་རང་རྒྱུད་ལ་བཟུང་བའི་འདུན་པས་སེམས་བསྐྱེད་ལ། སླར་ཡང་སྒོ་གསུམ་འཇུག་པ་གཅིག་པས། ཕྱག་འཚལ་བ་སོགས་གཞུང་གི་དངོས་བསྟན་ལྟར་ཡན་ལག་བདུན་པས་ཚོགས་བསགས་པའི་མཐར་ཕྱག་རྒྱ་བཞིས་ཚོགས་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པས་ཡུལ་གྱི་རྡོ་རྗེ་གསུམ་དང་རང་གི་སྒོ་གསུམ་དབྱེར་མེད་དུ་ཤེས་པས་རང་བཞིན་གནས་ལུགས་ཀྱི་ངང་བརྐྱངས་བ་དང་། ཁྱད་པར་གྱི་སྔོན་འགྲོ་ནི། སྐད་ཅིག་གིས་རང་ཉིད་འཇམ་དཔལ་ཁྲོ་བོར་རྫོགས་ཚུལ་གྱིས་བསྐྱེད་ནས་བགེགས་གཏོར་བརླབས་ཏེ་བགེགས་བཀུག་ལ་སྒྲུབ་པའི་བཀའ་ཉན་པར་བསྒོས་ཤིང་། གལ་ཏེ་ཕྱིར་བཞིན་ཐོ་འཚམས་པའི་རིགས་ལ་སྤྲུལ་པའི་འཕྲུལ་འཁོར་སྤྲོ་བ་དང་དྲག་སྔགས་སོགས་ཀྱིས་ཕྱིར་བསྐྲད་པར་བྱས་ནས། སླར་ཡང་དེ་དག་ཚུར་འདུས་པ་ལས་སྲུང་བའི་འཁོར་ལོ་མི་ཤིགས་པས་མཚམས་བཅད་པར་མོས་ཏེ། དོན་དུ་ན་རང་རིག་པའི་ཡེ་ཤེས་དེ་གཉིས་འཛིན་རྣམ་རྟོག་གི་བདུད་སྡེས་གླགས་འཚོལ་བའི་སྐབས་མི་རྙེད་ཅིང་། སྣང་སྲིད་ཀྱི་ཆོས་སུ་སྣང་བའི་རྟོག་པ་ཀུན་འཛིན་བྲལ་ཡེ་ཤེས་ཀྱི་ཀློང་ལས་འདའ་དཀའ་བར་ཤེས་པའོ། །དེ་དག་ནི་འགལ་རྐྱེན་སེལ་བའི་ཆོ་ག་ཡིན་ལ། དེའི་རྗེས་སུ་མཐུན་རྐྱེན་སྒྲུབ་པ་ནི། རང་བཞིན་ཡེ་ཤེས་པའི་རྡོ་རྗེ་གསུམ་གསང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྣམས་རྣལ་འབྱོར་པས་མོས་གདུང་རྩེ་གཅིག་པའི་རྐྱེན་གྱིས་བསྐུལ་བའི་མཐུས། ཐམས་ཅད་མཚན་མའི་རྟགས་ཀྱི་རྣམ་པས་བདག་གནས་ཡོ་བྱད་ཀུན་ལ་ཐིམ་པར་བསམས་ནས་ཧཱུྃ་གསུམ་གྱིས་བྱིན་བསྡུས་ལ་ཐུགས་དམ་བསྐུལ་


MLP014_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་། མི་རྟོག་པའི་དབྱིངས་ལས་མཆོད་རྫས་རྣམས་འཛད་མེད་ཀུན་བཟང་གི་རོལ་མོ་མཁའ་ཁྱབ་ཏུ་མཉམ་པར་སྤྲོས་པས་བྱིན་གྱིས་བརླབས་པ་སྟེ། དོན་དུ་ན་ལམ་ཉམས་སུ་ལེན་ཚུལ་གྱིས་བཞག་པའི་མཐར་ཕྱིན་འབྲས་བུའི་ཆོས་རྣམས་གཞི་ཤེས་བྱའི་སྙིང་པོ་དང་དབྱེར་མེད་དུ་རྟོགས་ཤིང་། སྣང་སྤྱོད་དུ་ཤར་བའི་དངོས་པོ་མཆིས་སོ་ཅོག་ཀུན་མཆོད་སྤྲིན་གྱི་སྣང་བ་མུ་མེད་པར་ཤེས་པའོ། །གཉིས་པ་དངོས་གཞི་ལ་གསུམ། སྐུ་ཕྱག་རྒྱའི་དང་། གསུང་བཟླས་པའི་དང་། ཐུགས་འོད་གསལ་གྱི་རྣལ་འབྱོར་བཤད་པའོ། །དང་པོ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གཟོད་ནས་མ་སྐྱེས་པ་སྤྲོས་བྲལ་ཡེ་དག་གཉུག་མའི་རང་ཞལ་བསལ་བཞག་མེད་པར་ལྟ་བ་ནི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཏེ་ལྷག་པ་དོན་དམ་བདེན་པ་དང་། དེ་ལྟར་མ་རྟོགས་པས་དབྱིངས་ཀྱི་རྩལ་སྣང་ལ་གཉིས་ཆོས་སུ་བཟུང་བའི་མཐུས་དུཿཁའི་རྒྱུ་འབྲས་ལ་ཁོར་མོར་སྤྱོད་པའི་ཡིད་ཅན་ཀུན་གཉིས་མེད་ཀྱི་ས་ལ་སྐྱེལ་བའི་ཕྱིར་འཛིན་མེད་སྒྱུ་མའི་སྙིང་བརྩེ་རིས་མེད་དུ་བསྒོམ་པ་ནི་ཀུན་སྣང་གི་ཏིང་ངེ་འཛིན་ཏེ་ལྷག་པ་ཀུན་རྫོབ་བདེན་པ་དང་། དེ་གཉིས་ཟུང་དུ་འཇུག་པ་ལས་རང་རིག་དྷིཿཡིག་དམར་སེར་གསལ་བརྟན་གྱི་ཚད་དང་ལྡན་པ་བྱང་ཆུབ་སེམས་ཀྱི་རྟེན་དུ་གྱུར་པ་བརྟན་གཡོའི་དྭངས་མའི་སྲོག་ཏུ་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཏེ་ལྷག་པའི་བདེན་པ་དབྱེར་མེད་དོ། །དེའི་འོད་ཟེར་ལས་སྣང་གྲགས་ཀྱི་ཆོས་ཀུན་ཡུམ་ལྔའི་མཁའ་ཀློང་རྣམ་པར་དག་པ་དབྱིངས་ཀྱི་རང་བཞིན་དུ་སྦྱངས། སླར་ཡང་དེ་ལས་བྷྲུཾ་ཁ་དོག་ལྔ་ལྡན་ཆད་པ་འོད་དུ་ཞུ་བ་ལས། གཞི་ཚད་མེད་པའི་རྡོ་རྗེའི་ས་གཞིར་པདྨ་ལ་གནས་པའི་ཉི་མའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་གཞལ་མེད་ཁང་གྲུ་བཞིའི་དབྱིབས་ཅན་སྒོ་བཞི་སྒོ་ཁང་དང་རྒྱུ་འབྲས་ཀྱི་རྟ་བབས་བརྒྱད་བརྒྱད་ཀྱིས་བརྒྱན་ཅིང་། རྩིག་པ་ལྔ་སྦྲགས་སུ་བྱས་པའི་ཕྱི་མའི་འགྲམ་རྨང་ནས་འདོད་སྣམ་དང་། རྩིག་སྟེང་དུ་ཕ་གུ་དང་བྲེ་སྤུངས་སོགས་ཕྱི་རོལ་དུ་དང་། ནང་དུ་ཀ་བ་བརྒྱད་ཀྱིས་བཏེགས་པའི་གདུང་བཞི་བསྣོལ་མའི་དབུས་ཕྱུར་བུར་གྱི་རྩེར་རྡོ་རྗེའི་རིན་པོ་ཆེའི་ཏོག་


MLP014_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

གིས་མཛེས་པ་སོགས་མདོར་ན་གཞལ་ཡས་ཁང་གི་མཚན་ཉིད་ཡོངས་སུ་རྫོགས་པའི་རྒྱན་དང་བཀོད་པའི་བྱེ་བྲག་མཐའ་ཡས་པ་དེ་དག་ཀྱང་གཅིག་གིས་གཅིག་མ་སྒྲིབ་པར་ཕྱི་ནང་ཟང་ཐལ་དུ་གསལ་བ་དེའི་ལྟེ་བར་ཆུ་སྐྱེས་སམ་པདྨ་དམར་པོ་འདབ་བརྒྱར་བཞད་པ་དང་། ཉི་ཟླའི་དཀྱིལ་འཁོར་གྱི་རིམ་པ་བརྩེགས་པའི་གདན་ལ་སྔར་གྱི་རྒྱུའི་ཡི་གེ་དབྱིངས་ནས་བབས་པ་ཉིད་ཐབས་ཤེས་མཚོན་བྱེད་ཧྲཱིཿདྷིའི་ཡི་གེ་གཉིས་སུ་སྣང་བ། སླར་ཡང་དེ་ལས་འོད་ཟེར་འཕྲོས་པས་དོན་གཉིས་བྱས་ཏེ་འདུས་པ་ཡོངས་སུ་གྱུར་པ་ལས། བདག་ཉིད་པཎ་ཆེན་བི་མ་ལ་མི་ཏྲ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་དང་། ཞབས་ཟུང་རྡོར་སྐྱིལ་ཅན་ལ་པཎྜི་ཏའི་ཆ་ལུགས་རྫོགས་པར་བསྒོམ་པའི་ཐུགས་ཀར་པད་སྡོང་རྒྱས་༼རྣམ་པར་ཤེས་པ་ཚོགས་བརྒྱད་༽པའི་སྟེང་དུ་༼འདིར་ཀུན་འདུས་ནོར་བུའི་ལུགས་བླ་མའི་རྣལ་འབྱོར་དང་འབྲེལ་བ་བསྒོམ་པའི་ཚུལ་ཏེ་ངོ་བོ་རང་གི་རྩ་བའི་བླ་མ་ལ་རྣམ་པ་རང་གི་སྒྱུ་ལུས་འདི་ཉིད་༽༼རང་གི་ཤེས་རིག་ངོ་བོ་༽འཇམ་དཔལ་དམར་སེར་པོད་རལ་འཛིན་པ་བཞེངས་སྟབས་ཀྱིས་༼འདི་མན་མ་ཧཱའི་རྫོགས་རིམ་ཀྱི་མན་ངག་དང་བསྡུས་པའི་གནད་༽བཞུགས་པའི་སྤྱི་མགྲིན་སྙིང་ཁ་ལྟེ་བ་སྟེ་གནས་ཀྱི་འཁོར་ལོ་བཞིར་སྨྲ་སེང་རིགས་བཞི་ཞེས་པས་སྤྱིར་འཇམ་དཔལ་དབྱངས་ལས་རིགས་སུ་བསྡུས་པ་ལྟར་རམ། འོན་ཀྱང་གཙོ་བོ་ཐུགས་རིགས་སུ་འཇོག་པ་གང་ལྟར་ཡང་། གཙོ་བོ་མ་གཏོགས་པའི་རིགས་གཞན་རིགས་བཞིའི་འཇམ་དཔལ་རྩ་འཁོར་བཞི་པོའི་དབུས་སུ་བཞི་དང་། དེ་དག་གི་གཡོན་ཕྱོགས་ནས་ཡུམ་རྡོ་རྗེ་དབྱངས་ལྡན་མའི་ཚོགས་ལྔ་པོ་ཡབ་ལ་འཁྲིལ་ཚུལ་གྱིས་བཞུགས་པའི་ཡབ་ཡུམ་དེ་དག་ཀྱང་རིམ་བཞིན་ལོངས་སྐུའི་ཆས་བཅུ་གསུམ་དང་། ཕྱག་རྒྱ་ལྔའི་རྒྱན་གྱིས་སྤྲས་པ་ཐམས་ཅད་ཞི་ཚུལ་དགུས་མཛེས་ཤིང་། མདོར་ན་ལྷ་རྟོག་མི་ཕྱེད་པའི་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་གི་རྩ་རིགས་དག་པ་ཡབ་འཇམ་དཔལ་དཔའ་བོ་དང་། རླུང་ཐིག་དག་པ་༼ལུང་ཨ་ནུ་ཡོ་གའི་མན་ངག་ཟབ་མོའི་ལམ་དང་འབྲེལ་བ་༽ཤེས་རབ་དབྱངས་ཅན་མའི་རང་བཞིན་དུ་ཤེས་པས་རྣམ་པ་གདན་གསུམ་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོ་ཏིལ་གོང་ཁ་ཕྱེ་བ་བཞིན་གསལ་གདབ་པ་སྟེ། མན་ངག་རྫོགས་པ་ཆེན་པོའི་གནད་དང་བསྟུན་ན། དོན་དུ་སྣོད་བཅུད་རྒྱུད་གསུམ་


MLP014_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་བསྡུས་པའི་ཆོས་རྣམས་གདོད་ནས་རྟེན་དང་བརྟེན་པའི་ཀློང་རོལ་དུ་གྲུབ་པ་དག་མཉམ་གྱི་དོན་ལ་ཡུལ་མེད་རང་གསལ་དུ་སྒོམ་བྱེད་ཀྱི་བློས་མ་བཅོས་པར་འཇོག་པའོ། །དེ་ལྟར་བསྒོམ་པའི་གཙོ་འཁོར་ཀུན་གྱི་གནས་གསུམ་དུ་ཁྱབ་བྱེད་རྡོ་རྗེ་གསུམ་གྱི་ས་བོན་གསལ་བ་ལས་འོད་ཟེར་རང་བཞིན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་ཀུན་ལ་འཕྲོས་པས། དེར་བཞུགས་དུས་གསུམ་གྱི་རྒྱལ་བ་རྣམས་མཉམ་པའི་ཀློང་ནས་ད་ལྟ་བསྐྱེད་པའི་གཟུགས་ལྟ་བུའི་རྣམ་པར་སྤྱན་དྲངས་ལ་མདུན་མཁར་སད་པར་མོས་ཏེ་སྤོལ་རོལ་བྱ་ཞིང་དད་ཡིད་རྩེ་གཅིག་པས་སྤྱན་འདྲེན་གྱི་ཚིག་དབྱངས་རྟར་བཅུག་པ་བཅས་བརྗོད་མཐར་ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་དང་དབྱེར་མེད་དུ་བརྟན་པར་བསམ་ནས་བཞུགས་སུ་གསོལ་བ་སྟེ། དོན་དུ་ན་ཆོས་ཉིད་དོན་གྱི་ལྷ་རང་སྣང་གི་ཡེ་ཤེས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དེ་གཞན་ནས་སྤྱན་འདྲེན་བྱར་མ་དམིགས་ཤིང་། དེའང་རང་སེམས་དང་ལྷ་རྒྱུད་ཐ་དད་མེད་པར་རྟོགས་པའོ། །དེ་ནས་གཉིས་མེད་ཀྱི་དཀྱིལ་འཁོར་ལ་རང་གི་སྒོ་གསུམ་འདུད་པས་ཕྱག་འཚལ་ཞིང་བརྡ་དང་བརྡ་ལན་བྱ་བ་དང་། ཐུགས་ཀ་ནས་སྤྲོས་པའི་ལྷ་མོའི་སྤྲིན་གྱིས་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན་སོགས་ཕྱིའི་ཉེར་སྤྱོད་དང་། དབང་ལྔའི་ཡུལ་དུ་བདེ་བ་སྐྱེད་བྱེད་གཟུགས་སོགས་ཀྱིས་མཆོད་པ་ནང་གི་འདོད་ཡོན་དང་། ཁྱད་པར་བླ་མེད་གསང་བའི་དམ་རྫས་སྨན་རཀ་གཏོར་གསུམ་རྣམས་ཕུལ་བས་ལྷ་རྣམས་དགྱེས་པར་བསམ་ཞིང་། དེ་རྗེས་དཀྱིལ་འཁོར་པའི་རང་བཞིན་གྱི་ཆེ་བའི་ཡོན་ཏན་ལ་དྭངས་བའི་ཡིད་དང་བཅས་ཏེ་རྡོ་རྗེའི་གླུས་བསྟོད་པ་སྟེ། དོན་དུ་ན་དབྱིངས་ཡེ་གཉིས་མེད་མཉམ་པའི་ངང་དུ་ལྷ་བདག་དབྱེར་མེད་དུ་རྟོགས་པའི་སྒོ་ནས་འདྲེས་པ་ནན་ཏན་གྱི་ཕྱག་བྱ་ཞིང་། དོན་དེས་ཅིར་སྣང་ཀུན་བཟང་སྤྱོད་པའི་ཕྱག་རྒྱ་ཟུང་འཇུག་བདེ་བ་ཆེན་པོར་རོ་མཉམ་པས་མཆོད་པ་དང་། རང་སེམས་གཉུག་མའི་གཤིས་སུ་འབྲས་ཆོས་ཀྱི་ཡོན་ཏན་ལྷུན་གྲུབ་ཏུ་རྫོགས་པ་ལ་འཁོར་གསུམ་དམིགས་བྲལ་གྱིས་བསྟོད་པའོ། །གཉིས་པ་གསུང་བཟླས་པའི་རྣལ་འབྱོར་ནི། འདིར་སྤྲུལ་པ་དང་སྤྲུལ་གཞིའི་དབང་


MLP014_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རང་ཉིད་དམ་ཚིག་པ་བི་མ་ལར་བསྒོམ་པའི་ཐུགས་ཙིཏྟ་རིན་པོ་ཆེ་འོད་ཀྱི་རང་བཞིན་མཆོང་གུར་ཕུབ་པ་ལྟར་ཕྱི་ནང་གསལ་སྒྲིབ་དང་བྲལ་བའི་ནང་དུ་ཉི་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་འཇམ་དཔལ་དཔའ་བོ་གསལ་བའི་སྙིང་དབུས་ཟླ་གདན་སྲན་མ་བཀས་པ་ཙམ་གྱི་ལྟེ་བར་ཏིང་འཛིན་སེམས་དཔའ་དྷཱིཿཡིག་དམར་སེར་བཀྲག་ཅིང་འཚེར་བ་སྒྲིགས་སྟབས་སུ་ལྷའི་ཞལ་བསྟན་ཕྱོགས་ལྟར་གནས་པའི་མཐར་བཟླས་སྔགས་འབྲུ་བདུན་པོ་རྣམས་སྔགས་ངོ་ཕྱིར་བསྟན་ལ་བཀོད་ཚུལ་གཡོན་སྐོར་གྱི་ཕྱོགས་ཕྲེང་བར་བསྒྲིགས་པའི་མགོ་མཇུག་གི་ཡིག་འབྲུ་ཐུག་པར་བསྒོམ། དེ་ལ་གསལ་སྣང་ཐེབས་ཚེ་ལྷ་རྣམས་ཀྱི་ཞལ་ན་སྔགས་སྒྲ་སྒྲོགས་པ་དང་ཡིག་འབྲུ་རྣམས་ཀྱང་གདན་ལས་ཅུང་ཟད་འཕར་ཏེ་ཐོག་མར་འོད་ཟེར་འཁོར། དེ་ནས་སྔགས་ཕྲེང་ཉིད་རིམ་གྱིས་གཡས་སུ་འཁོར་བ་ལས་མུ་མེད་པའི་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་ཞིང་ཁམས་ཀུན་ལ་འཕྲོས་པས། ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་གཟི་བྱིན་འུབ་ཀྱིས་བསྡུས་ནས་སླར་རང་སྲོག་སྔགས་ཕྲེང་དང་བཅས་པ་ལ་བསྟིམས་པས། སྣང་གྲགས་རིག་པའི་འཁོར་ལོ་ཐམས་ཅད་དཀྱིལ་འཁོར་པའི་རྡོ་རྗེ་གསུམ་གྱི་རོལ་མོ་འབའ་ཞིག་ཏུ་སད་པར་མོས་ཏེ་བཟླས་སྐྱོན་བཅུ་སྤངས་ནས་བཟླ་བ་སྟེ། དོན་དུ་ན་ཟིན་མ་ཟིན་སོགས་ཕྱི་ནང་གི་སྒྲར་སྣང་བའི་རྟོག་པ་ཀུན་ཡེ་ནས་གྲགས་སྟོང་སྐྱེ་མེད་རྒྱལ་བའི་གསུང་ནཱ་དའི་དབྱངས་ཆེན་པོར་དག་པའོ། །འདིར་སྔགས་ཀྱི་ནུས་པས་འདོད་བྱའི་ལས་ཚོགས་བསླུ་མེད་དུ་འགྲུབ་པའི་འཐད་པ་ནི། སྤྱིར་ཆོས་ཐམས་ཅད་གདོད་ནས་རང་སྣང་རིས་མེད་ཀྱི་ལྷར་སངས་རྒྱས་ཤིང་། དེ་ཡང་མིང་ཚིག་ཡི་གེས་བཏགས་པའི་རྣམ་འཕྲུལ་ཉག་གཅིག་ཏུ་གནས་ལ་དག་པའི་ལྷ་དང་དེའི་མཛད་པ་སྒྲུབ་པའི་ཡི་གེ་དེ་ལ་སྔགས་ཀྱི་ཡི་གེ་ཞེས་བྱ་སྟེ། ཚུལ་འདིས་ཆོས་ཐམས་ཅད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་འདུ་ཞིང་དེའང་ཡི་གེ་འཁོར་ལོར་འདུ་བར་རྟོགས་ནས་སྒོམ་པ་དེའི་ཕྱིར། སྤྱིར་ཡི་གེ་རྣམས་ནི་སངས་རྒྱས་ཀུན་གྱི་གསང་བ་གསུམ་དབྱེར་མེད་པའི་རང་བཞིན་ཡིན་པ་དང་། བྱེ་བྲག་ཏུ་བཟླ་བྱའི་སྔགས་རྣམས་གྲུབ་པ་བཞིས་བྱིན་གྱིས་རླབས་པའི་ནུས་པ་མཐུ་


MLP014_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དུ་གྱུར་པ་སོགས་བླ་མའི་དྲིན་ལས་བཤད་སྒོ་མི་དམན་ཙམ་ཡོད་དོ་ཞེས་ཞར་བྱུང་དུ་སྨྲས་སོ། །ཅི་ཙམ་བཟླས་པའི་ཚད་ནི། གཞུང་རྩ་བར་བསྟན་པ་ལྟར་རབ་མཚན་མའི་དང་། འབྲིང་དུས་ཀྱི་དང་། ཐ་མ་གྲངས་ཀྱི་བསྙེན་པ་གསུམ་གང་རུང་ཚད་དུ་ཕྱིན་པར་བྱ་ཞིང་། དེ་ལྟར་དད་མོས་རྩེ་གཅིག་པས་འབད་ཀྱང་འགྲུབ་པར་མི་འགྱུར་ན་ལྷ་གནད་དབབ་པའི་མན་ངག་དང་། གཞན་ཡང་སྡེབ་ཀྱི་ལག་ལེན་ངོ་མཚར་བའི་གཟེར་བུ་འགའ་ཞིག་ཀྱང་སྣང་སྟེ་བླ་མའི་ཞལ་ལས་ཤེས་སོ། །ཐུན་མཐར་གསོལ་བ་གདབ་ཅིང་འཇམ་དཔལ་སྒྱུ་དྲྭ་སོགས་ཟབ་མོའི་རྒྱུད་བཀླག་པའམ་བསྟོད་པའི་ཚོགས་ཅི་རིགས་འདོན་རྗེས། དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་བརྗོད་དེ་སྐུ་གསུང་ཐུགས་ཀྱི་དམ་ཚིག་འགལ་བ་དང་། སྔགས་ཆད་ལྷག་སོགས་ཉེས་པ་བསྐང་ཞིང་ནུས་པ་བརྟན་པར་བྱ་ལ་མཆོད་བསྟོད་ཀྱང་བྱའོ། །འདིར་མཇུག་ཆོག་གི་ཡན་ལག་ཏུ་ཚོགས་མཆོད་བྱ་བར་སྤྲོ་ན། ཕྱི་ནང་གསང་བའི་དམ་ཚིག་གི་རྫས་ཇི་ལྟར་འོས་པ་བསགས་ཏེ། རང་ཉིད་གཙོ་བོའི་ང་རྒྱལ་ལ་གནས་པའི་ཐུགས་ལས་བྱུང་བའི་ཡི་གེའི་འཕྲོ་འདུས་ཚོགས་ཀྱི་ཉེས་སྐྱོན་སྦྱངས་ནས་ཟག་མེད་བདེ་ཆེན་གྱི་བདུད་རྩིར་བརླབས་ལ། སྙིང་གའི་འོད་ཀྱིས་རང་བཞིན་སྤྲུལ་པའི་ཞིང་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་ནམ་མཁའ་ཁྱབ་པ་ཙམ་སྤྱན་དྲངས། དེ་ནས་ཚོགས་ཕུད་གསུམ་དུ་སྤྲོས་པའི་དང་པོ་ཟག་མེད་འདོད་ཡོན་གྱི་བདུད་རྩི་མི་ཟད་པའི་སྤྲིན་དུ་སྤེལ་ལ་མཆོད། བར་པ་བདུད་རྩི་ལྔར་དམིགས་ཏེ་ཕུལ་བས་ཐུགས་དམ་བསྐང་ནས་ཉམས་ཆགས་དང་རྟོག་སྒྲིབ་བྱང་ཡེ་ཤེས་ཆེན་པོས་བྱིན་གྱིས་རླབས་པར་མོས་ལ་ཡིག་བརྒྱ་སོགས་བརྗོད། ཐ་མའི་འདོད་ཡོན་གྱི་ལྷ་མོ་ཧཱུྃ་གིས་རང་ལ་བསྡུས་པ་དེ་ཉིད་དམིགས་རྟེན་དུ་བྱས་ཏེ། རང་ཉིད་འཇམ་དཔལ་གཤིན་རྗེར་གསལ་བའི་ཐུགས་ལས་སྤྲུལ་པའི་ཕོ་ཉའི་ཚོགས་ཀྱིས་དམིགས་བྱ་དབང་མེད་དུ་བཀུག་པར་བསམ་ནས། དོན་སྟོངས་ཀྱི་སེམས་གཉིས་དང་བཅས་ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་རྣམ་ཤེས་དབྱིངས་སུ་བསྒྲལ་ལ། རྟེན་གཞི་བག་ཆགས་ཀྱི་ཕུང་པོས་ལྷ་རྣམས་མཆོད་པས་ལྷག་མེད་དུ་རོལ་པར་དམིགས་ཏེ། ཚུལ་དེས་ནི་འཚེང་བ་གསུམ་ལྡན་དུའང་


MLP014_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །དེ་ནས་ལས་ཀྱི་རྡོ་རྗེས་འདུས་པའི་གཙོ་བོར་ཐབས་ཤེས་ཀྱིས་རྫས་བརྡ་དང་བརྡའི་འབུལ་ལན་བྱ་བ་སོགས་སྔོན་དུ་འགྲོ་བས། སྤྱི་ཙམ་དུ་ཐ་མལ་གྱི་བདེན་ཞེན་སྤངས་ནས་དམ་རྫས་དངོས་གྲུབ་ཏུ་ཤེས་པས་དང་། ཁྱད་པར་རྒྱུད་ལུང་མན་ངག་གི་རོལ་ཚུལ་གསུམ་མམ། ཡང་ན་ནང་གི་སྦྱིན་སྲེག་གིས་ཚོགས་ལ་རོལ་བ་སྟེ། དོན་དུ་ན་ཚོགས་དྲུག་གིས་བསྡུས་པའི་ཡུལ་ཤེས་ཀུན་འཛིན་མེད་སྒྱུ་མ་ལྟ་བུར་རྟོགས་པའི་བརྟུལ་ཞུགས་ཀྱིས་གཙང་དམེའི་གཉིས་ཆོས་ཐམས་ཅད་རང་བཞིན་དག་མཉམ་ཆེན་པོའི་ཚོགས་འཁོར་དུ་རང་སྣང་བའོ། །དེ་ནས་ལྷག་གཏོར་བསགས་པ་སྔགས་རྒྱས་བརླབས་ཤིང་མགྲོན་རྣམས་བཀུག་ནས་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཇི་ལྟར་ཁས་བླངས་པ་བཞིན་རྣལ་འབྱོར་པ་བདག་གི་ལས་རབ་འབྱམས་སྒྲུབ་པའི་ཕྲིན་བཅོལ་ལ་སྲིན་མོའི་ཟ་ལམ་སར་བསྐྱལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དབྱིངས་ནས་ཐུགས་དམ་གྱི་རྒྱུད་བསྐུལ་ཞིང་སྲུང་མའི་གཏོར་མ་འབྲུ་གསུམ་གྱིས་བདུད་རྩིར་སྤེལ་ཏེ། མངགས་པ་ལས་ཀྱི་ཕོ་ཉའི་ཚོགས་རྣམས་ལས་ལ་རྣོ་མྱུར་དུ་གཟུད་པའི་ཕྱིར། རིག་འཛིན་བརྒྱུད་པའི་བཀའ་རྟགས་ཀྱི་ཐ་ཚིག་གཉན་པོ་བསྒྲགས་ནས་ཕྱིར་འབུལ། དེ་ནས་བཤལ་ཆུས་བྲན་ཞིང་གོང་ལྟར་བརླབས་པའི་བརྟན་གཏོར་བོད་ཁམས་སྐྱོང་བའི་གཙོ་མོ་བཅུ་གཉིས་འཁོར་སྨན་ཕྲན་འབུམ་དང་བཅས་པ་ལ་ཕུལ་ནས་གངས་ལྗོངས་མཐའ་དབུས་བདེ་བའི་ཕྲིན་ལས་བཅོལ། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་དམིགས་བྱ་མནན་པ་རྡོ་རྗེས་རྒྱས་གདབ་ལ། སྣོད་བཅུད་ཁྲག་འཐུང་འབར་བའི་དཀྱིལ་འཁོར་དུ་བཞེངས་ནས་བྲོས་གཟིར་བས་ལས་གང་ཡིན་འགྲུབ་པར་མོས་ཏེ། དོན་དུ་ན་རང་སེམས་མ་བཅོས་པའི་གཤིས་ལས་སྣང་བའི་ཆོ་རོལ་ཀུན་གདན་གསུམ་སྒྱུ་འཕྲུལ་གྱི་འཁོར་ལོར་ཡོངས་སུ་གྲུབ་པས་ཞེན་རྟོག་མཚན་མའི་ཕྱོགས་ཀྱི་རང་ཚུགས་མི་ཐུབ་ཅིང་། ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་ཕྱག་རྒྱ་ལས་མི་འགྱུར་བའི་དམ་འབོགས་པ་དང་། དེས་རྟེན་འབྲེལ་བཅུ་གཉིས་མ་སྤངས་ལ་འཁོར་བ་ཀར་དག་པས་ཕྱི་རོལ་འཇིག་རྟེན་བརྟན་མའི་ཚོགས་རང་བཞིན་གྱིས་དབང་དུ་བསྒྱུར་ཞིང་། གཉིས་འཛིན་གྱི་བྲོ་རར་


MLP014_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་མེད་ཀྱི་རྒྱས་བཏབ་པས་སྣང་སྲིད་འོད་གསལ་གྱི་རོལ་མོར་འཆར་བའོ། །འདིར་དངོས་གྲུབ་བླང་བ་ནི། སྤྱིར་བཏང་བསྙེན་སྒྲུབ་མཐར་ཕྱིན་པ་སོགས་ཀྱི་སྐབས་སུ་བྱ་བ་ཡིན་མོད། འོན་ཀྱང་དཀྱུས་ཙམ་དུ་ལས་གཞུང་གི་མཇུག་ཐོག་དེར། སྒྲུབ་གཏོར་ལྷར་གསལ་བའམ་ཐོད་པའི་ཛ་གད་ལྟ་བུ་བཀྲ་ཤིས་པའི་རྫས་ལ་བརྟེན་ཏེ་གྲུབ་པ་བརྒྱད་སོགས་ཐུན་མོང་དང་། ཁ་སྦྱོར་བདུན་སོགས་མཆོག་གི་གྲུབ་གཉིས་ཚེ་འདིར་ནོད་པའི་མོས་གདུང་རྩེ་གཅིག་པས་དང་། དོན་དམ་པར་རོ་མཉམ་གཉུག་མའི་རྗེན་ཞལ་མངོན་དུ་གྱུར་པ་ན། འདོད་བྱའི་ཡོན་ཏན་གཞན་འཚོལ་གྱི་བློ་ཞིག་པའི་སྒོ་ནས་ལེན་ཞིང་། དེ་ནས་གཏང་རག་གི་མཆོད་བསྟོད་བྱ་བ་དང་། འགྱོད་གདུང་དྲག་པོའི་སེམས་ཀྱིས་ལྟ་སྒོམ་སྤྱོད་པའི་གོལ་སྒྲིབ་ཏུ་གཏོགས་པའི་ནོང་པ་ཀུན་ཆོས་ཉིད་ཀྱི་ཀློང་དུ་འཆགས་པའོ། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། གོང་དུ་བཤད་པའི་ལྷ་སྔགས་ཀྱི་རྣལ་འབྱོར་ཉིད་ལ་ཅི་ནུས་སུ་བསླབ་ཅིང་མི་ནུས་པས་ན་བསྡུ་རིམ་བྱ་བ་སྟེ། དེ་ཡང་གཞུང་གི་དངོས་བསྟན་ལྟར་ཧཱུྃ་གསུམ་བརྗོད་པས་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐམས་ཅད་རིམ་གྱིས་འོད་དུ་ཞུ་ནས་མཐར་དམིགས་བསམ་སྤྲོས་བྲལ་ཀ་དག་གི་ཀློང་དུ་མཉམ་པར་བཞག་པ་རྗེས་གཞིག་གི་ཚུལ་ལམ། ཡང་ན་བསྐྱེད་རིམ་གྱི་སྣང་ཆ་ཀུན་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྐད་ཅིག་གིས་སྦྱངས་ནས་བདེན་གཉིས་དབྱེར་མེད་ལྷག་པ་ཆོས་སྐུ་ཆེན་པོའི་ངང་དུ་འཇོག་པ་རིལ་འཛིན་ཞེས་པ་སྟེ་གཉིས་པོ་རིམ་བཞིན་སྔར་གྱི་བསྐྱེད་རིམ་སྐབས་གྱ་ནོམ་ལྷ་ཞེན་གྱི་རྟོག་པ་ཡོད་མེད་ལ་བྱ་བ་གསུངས་སོ། །སླར་ཡང་ཕཊ་གསུམ་བརྗོད་པའི་རྐྱེན་གྱིས་སྟོང་གསལ་གྱི་ངང་ལས་རང་ཉིད་འཇམ་དཔལ་གྱི་སྐུར་ལམ་གྱིས་གསལ་བཏབ་ནས། འདི་ལྟར་ཕུང་སོགས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་མེད་ཆོས་སྐུའི་རང་བཞིན་ལ། ཀུན་རྫོབ་ཏུ་གཞལ་ཡས་ཁང་དང་ལྷ་དང་ལྷ་མོའི་རང་བཞིན་བདེན་པ་དབྱེར་མེད་ཆོས་ཉིད་ལ་ཆོས་ཉིད་ལྷ་ལ་ལྷ་རོལ་པའི་ཚུལ་གྱིས་ཟ་ཉལ་འགྲོ་འདུག་སོགས་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པར་བྱ་སྟེ། དོན་དུ་ན་


MLP014_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ལུགས་རང་བྱུང་གི་ཡེ་ཤེས་གཉུག་མ་དེ་ཁོ་ན་ཉིད་ཀྱི་དབྱིངས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་རང་བཞིན་རྫོགས་པ་ཆེན་པོའི་དོན་བསལ་བཞག་དང་བྲལ་བའི་རང་ཞལ་རྗེན་པར་བསྐྱངས་པས། བསྐྱེད་བསྡུར་སྣང་བའི་འཛིན་རྩོལ་ཀུན་རོ་སྙོམས་ཀ་དག་གི་ཀློང་དུ་ལ་བཟླ་བའོ། །སྐབས་འདིར་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བའི་དོན་གྱི་མདོ་འགག་ཅུང་ཟད་བཤད་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་དུ་བྱ་ཞིང་། ཕྱོགས་ཙམ་ནི་གོང་དུ་བསྐྱེད་ཆོག་གི་རིམ་པ་དང་སྦྱར་ཏེ་མན་ངག་གི་སྲོག་སོ་སོར་བསྟན་པ་ལས་ཤེས་སོ། །གཞན་དུ་ལམ་ངེས་རྫོགས་ལྟར་ན་བསྐྱེད་རྫོགས་ཆ་གཉིས་དང་། དེ་ལ་སློབ་ཚུལ་ཡང་གང་ཟག་གི་ཁྱད་པར་གྱིས་དང་པོ་ནས་བསྐྱེད་རྫོགས་ཟུང་འབྲེལ་དུ་དང་། སྔ་མ་མཐར་ཕྱིན་ནས་གཟོད་ཕྱི་མར་འཇུག་པའི་ཚུལ་སོགས་ཀྱང་རིམ་གྱིས་སྤྲོས་པས་ཆོག་གོ ། གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་ཚུལ་བཞིན་སློབ་པའི་དགེ་བས་མཚོན་ཏེ། རང་གཞན་གྱི་རྒྱུད་ལ་གནས་པའི་དུས་གསུམ་བསགས་ཡོད་ཀྱི་རྣམ་དཀར་སྲིད་དོ་ཅོག་མཐའ་དག་གཅིག་ཏུ་བསྡོམས་པའི་མཐུས་སྐྱེ་བཞིའི་བསྡུས་པའི་ཡིད་ཅན་ཀུན། མཐའ་གཉིས་ལ་མི་གནས་པའི་རྣམ་མཁྱེན་སངས་རྒྱས་ཀྱི་འབྲས་བུ་ཚེ་འདིར་ཐོབ་པའི་རྒྱུར་བསྔོ་ཞིང་། ལྷག་པའི་སེམས་ཀྱིས་རྒྱལ་སྲས་ཀྱི་དགོངས་སྤྱོད་རླབས་པོ་ཆེ་བདག་གིར་སྤྱད་ནས། དོན་གཉིས་རྒྱ་ཆེན་པོར་འགྱུར་བའི་དོན་དུ་སྨོན་པ་དང་། མདུན་མཁར་རྩ་གསུམ་གྱི་ལྷ་ཚོགས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་བཞུགས་པ་དེ་དག་གིས་ཤིས་པའི་བདེན་ཚིག་རྡོ་རྗེའི་གླུས་བརྗོད་ཅིང་མེ་ཏོག་འཐོར་བ་དང་མཉམ་དུ་སྒྲུབ་པ་པོ་རང་གིས་ཀྱང་དེ་དང་མཐུན་པར་བྱས་པས་འཕྲལ་ཡུན་གྱི་དགེ་མཚན་ཡིད་བཞིན་དུ་འགྲུབ་པར་མོས་ནས་བཀྲ་ཤིས་པར་བྱ་བ་སྟེ། དོན་དུ་ན་ཆོས་ཐམས་ཅད་ཀྱི་རང་བཞིན་གཉིས་སུ་མེད་པར་རྟོགས་པས་བསྔོ་བྱ་སྔོ་བྱེད་སོགས་འཁོར་གསུམ་བདེན་ཞེན་གྱིས་སྤྲོས་མཚན་མི་དམིགས་ཤིང་། ཚུལ་དེས་གཞི་འབྲས་དབྱེར་


MLP014_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཀྱི་ངོ་བོར་རང་བཞིན་གྱིས་ཕྱིན་པར་སྨོན་པ་དང་། དེའི་ཚེ་གང་ཤར་ཡེ་ཤེས་ཀྱི་གྲོགས་སུ་འཆར་བས་སྤྱོད་ཡུལ་ཐམས་ཅད་ཟག་མེད་ཀྱི་བདེ་བས་ཀུན་ཏུ་ཤིས་པའོ། །དེ་ལྟར་ན་སྤྱིར་སྟན་ཐོག་གཅིག་ཏུ་སྦྱོར་དངོས་རྗེས་གསུམ་ཚང་བའི་ཆོ་ག་མོས་༼སྒོམ་༽ཙམ་ཉམས་སུ་བླངས་པས་ཀྱང་། བསྐལ་པ་གཅིག་གི་ཚོགས་འདུམ་པ་སོགས་ངེས་གསང་ཐབས་ཀྱི་ཆེ་བའི་ཕན་ཡོན་མཐའ་ཡས་སོ། །སྤྱིར་སྔགས་བླ་མེད་ཀྱི་ཕྱོགས་སུ་གྲགས་པའི་རྒྱུད་གསུམ་གྱི་རྣམ་བཞག་ལྟར་ན། དེ་ཡང་འཆིང་གྲོལ་མེད་པའི་གནས་ལུགས་རང་རིག་པ་བྱང་ཆུབ་ཀྱི་སེམས་བདེན་པ་དབྱེར་མེད་སྤྱོད་ཡུལ་དང་བྲལ་བ་ཡེ་དོན་འཇམ་དཔལ་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་དངོས་པོ་ཀུན་གྱི་ཁྱབ་བྱེད་དུ་གནས་པ་ཉིད། དབུལ་པོའི་ཁྱིམ་འོག་གི་གཏེར་ལྟར་རང་གནས་རང་གིས་མ་རྟོགས་པས། སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོའི་གཟེབ་ཏུ་ཆུད་ཅིང་ཉམས་ཐག་པར་གྱུར་པའི་ཚུལ་ཚིག་གི་གོ་ཡུལ་ཙམ་དུ་མ་སོང་བར་ཚུལ་བཞིན་དུ་གཏན་ལ་ཕབ་ནས་ཤིན་ཏུ་རྣམ་དག་འབྲས་བུའི་གནས་སྐབས་དང་རྣམ་པ་མཐུན་པའི་རིམ་གཉིས་ལམ་གྱི་འཇམ་དཔལ་རང་རྒྱུད་ལ་བརྟེན་ཅིང་ཉམས་སུ་བླངས་པའི་མཐུས། སྦྱང་བྱ་གློ་བུར་གྱི་དྲི་མ་རྣམས་རིམ་གྱིས་བསལ་ཏེ། གཞི་ཇི་ལྟ་བ་བཞིན་མངོན་དུ་གྱུར་པའི་གོ་འཕང་ཁ་སྦྱོར་ཡན་ལག་བདུན་གྱི་བདག་ཉིད་འབྲས་བུ་ལྷུན་གྲུབ་ཀྱི་འཇམ་དཔལ་ཁྱབ་བདག་གདོད་མའི་མགོན་པོའི་རྒྱལ་སར་མངའ་དབང་འབྱོར་བ་སྟེ། དེའི་ཕྱིར་གཞི་ལམ་འབྲས་གསུམ་དང་འབྲེལ་ཞིང་རྒྱུན་ཆགས་པ་སོགས་རྒྱུད་ལུང་མན་ངག་དུ་མར་གྲགས་ཤིང་གྲུབ་པའི་འཐད་པ་དང་བཅས་པའོ། །དེས་ན་འདི་ལྟ་བུའི་རྣལ་འབྱོར་ལ་བརྩོན་པ་ཤུགས་དྲག་ཏུ་བྱེད་པའི་བློ་ལྡན་རྣམས་ནི། ཀུན་གཟིགས་འཇམ་དཔལ་དཔའ་བོའི་བྱིན་རླབས་ཐུགས་རྗེའི་ཉི་མ་སྙིང་ལ་ཟུག་པའི་མཐུས། ཐོས་བསམ་སྒོམ་གསུམ་གྱི་སྣང་བ་མུ་མེད་དུ་འབར་བས་ཀུན་རྨོངས་མུན་པའི་དཔུང་ལས་རིང་དུ་བྱས་ཏེ། འཆད་རྩོད་རྩོམ་པའི་འདབ་སྟོང་ཀུན་ནས་འཛུམ་ཞིང་། རྒྱལ་བསྟན་བདུད་རྩིའི་དགའ་སྟོན་འཛིན་པར་འགྱུར་བས་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཀུན་གྱི་


MLP014_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་གཞིར་ངེས་པ་ཡིན་ནོ། །འདིར་སྨྲས་པ། འདིར་འབད་རྣམ་དཀར་དྲི་མེད་འོད་ཀྱི་ཏོག །ལེགས་སྨོན་པདྨའི་ལྡུམ་རར་ཞུགས་པའི་མཐུས། །ཟབ་མོའི་སྒྱུ་རྩལ་དམན་པའི་ཡིད་ཅན་རྣམས། །ཡེ་ཤེས་མཆོག་གི་བདུད་རྩིར་སྤྱོད་གྱུར་ཅིག །ཅེས་འགྲོ་འདུལ་སྤྲུལ་པའི་གཏེར་སྟོན་ཆེན་པོ་རིག་འཛིན་སྐུ་གསུམ་གླིང་པའི་ཟབ་གཏེར་ལས་བྱུང་བའི་འཇམ་དབྱངས་སྨྲ་བའི་དབང་པོའི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་ཞེས་བྱ་བ་འདིའང་ཉེ་བར་རྣམ་དཔྱོད་ཀྱི་འཇུག་པ་མ་སྨད་པ་བློ་གསལ་གཞོན་ནུ་བཤད་སྒྲུབ་ཉི་མས་ནན་གྱིས་བསྐུལ་བ་དོན་ཡོད་པར་བྱ་བ་དང་། ཁྱད་པར་རང་རེ་ཐོས་བསམ་པ་རྣམས་ཀྱི་ཉམས་ལེན་དུའང་སྨན་པའི་བློས་ཀུན་ནས་བསླངས་ཏེ་སྨྱོས་ཀྱི་བཙུན་གཟུགས་མཁྱེན་བརྩེ་ནོར་བུས་དྲིན་ལྡན་བླ་མའི་མན་ངག་གི་ནོར་བུ་སྙིང་ལ་བཅང་བཞིན་རང་གནས་བསམ་གཏན་གྱི་སྤྱིལ་ཆུང་དུ་སྦྱར་བའི་ཡི་གེ་པ་ནི་བློ་བཟང་ཡེ་ཤེས་རྒྱ་མཚོས་མཛད་པ་འདིས་ཀྱང་དགེ་བར་གྱུར་ཅིག །འདིར་བསྐྱེད་རིམ་གྱི་ཆིངས་སྤྱིར་བཏང་རྣམས་ལོགས་སུ་མ་བཤད་པས་གཞན་ལས་ཤེས་པར་བྱོས་ཤིགལྷ་དང་བླ་མ་དབྱེར་མེད་རྟོགས་པའི་བློས། །ཟབ་ཆོས་འདི་འདྲ་ཉམས་སུ་ལེན་པ་ལས། །མི་ཚེའི་ལྷག་མ་ཅུང་ཟད་ཡོད་རིང་ལ། །དོན་མེད་ངང་དུ་མ་སྡོད་སྙིང་གི་བུ། །ཞེས་པའང་འཇམ་དབྱངས་ལ་གདམས་པའོ། །༈ ཁོ་བོའི་བླ་མས་ངོ་སྤྲོད་དུས་ཀྱི་ཚིག་ལ་དཔག་ཏེ་གནས་ལུགས་ཀྱི་འཇོག་མཚམས་འདི་འདྲ་ཞིག་ཡིན་ནམ་སྙམ་སྟེེ། སྤྱིར་ཨ་ཏིའི་བསྒོམ་པ་སེམས་རིག་ཤན་ཕྱེས་ནས་རིག་པའི་རང་ངོ་སྐྱོང་བ་ལ་གསུངས་པས་རིག་པའི་དོན་གནས་ལུགས་ལྟར་གོ་ཡུལ་ཏུ་ངོས་ཟིན་པ་ཞིག་ངེས་པར་དགོས། དེ་ཡང་ལས་དང་པོ་བས་སེམས་ཀྱི་ཡིན་ལུགས་ལ་བརྟགས་དཔྱད་མང་པོ་བཏང་དུས་ནམ་ཞིག་ཡོད་མེད་གང་དུའང་བརྗོད་མི་ཤེས་པ་ཐ་སྙད་ལ་མི་མཁས་པས་ངོ་བོ་ཟེར་བ་ལྟ་བུའི་མིང་འདོག་མི་ཤེས་པས་ཅི་ཟེར་ཆ་མེད་པའི་བབ་སོ་བཅོས་བསྒྱུར་


MLP014_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཕན་གནོད་བཟང་ངན་སོགས་གང་ཡང་བྱ་ཐབས་མེད་པ་ཞིག་སེམས་ཀྱི་ཁོང་ནས་བརྙེས་རྒྱུ་ཡོད་དུས་མེ་ཡི་རང་བཞིན་བཙལ་བས་ཚ་བ་ཤེས་པ་ལྟར་ཆོས་ཀུན་གྱི་གནས་ལུགས་སམ་རིག་པ་ཞེས་པ་དེ་ཡང་ཆེད་དུ་ལྟ་མི་དགོས་པར་དོན་གྱིས་མཐོང་ནས་ཡོད་པའམ་ཡེ་ནས་ཡོད་པས་རིག་པ་ཞེས་བརྗོད་ཀྱི་རྟོགས་པས་གསར་དུ་གསལ་བ་ཞིག་འདོན་དགོས་པ་མིན། གསལ་རིག་ཅན་གྱི་ཤེས་པ་འདི་ལ་སེམས་ཞེས་བྱ། སེམས་དེ་གནས་ལུགས་མིན་ཡང་གནས་ལུགས་ལས་གཞན་དུ་གྱུར་པ་མེད། དེས་ན་ལས་དང་པོ་བས་རང་ངོ་སྐྱོང་དུས་རྟོག་མེད་ཀྱི་ཤེས་པའི་སྣང་ཆ་ལ་བདག་བཟུང་མི་བྱ་རྟོག་པའི་འཕྲོ་འདུའི་རྗེས་མི་གཅོད་པར་བཟོ་མེད་དུ་འཇོག་དགོས། དེ་ལྟར་བཞག་པས་ཡུལ་སེམས་ཀྱི་ཤར་ཆ་མ་སྤངས་ཀྱང་རིག་པའི་རང་ཚུགས་མི་ཤོར་བར་བར་མེད་གཉུག་མའི་དྲན་པས་གང་བྱས་ཉམས་ལེན་གྱི་སྒྲོམ་ལས་འདའ་བ་མེད་པ་ཞིག་ཏུ་འགྲོ། འདི་ཐུན་མོང་གི་གཞུང་རྣམས་སུ་སོ་སྐྱེའི་སར་དངོས་སུ་བསྟན་པའི་ཐབས་གསུངས་པ་མེད་ལ། བླ་མེད་ཀྱི་གཞུང་ཐབས་ལམ་ལྟ་བུ་ལས་བསྟན་མོད་ཀྱང་ཐད་ཀའི་རིག་པ་འདི་དགོངས་པ་ཅན་གྱི་སློབ་དཔོན་གྱིས་ཚིག་གིས་ངོ་སྤྲད་ནས་མངོན་སུམ་མཐོང་བ་འདི་ནི་ཨ་ཏིའི་ཁྱད་ཆོས་བླ་ན་མེད་པའོ། །ཉམས་མྱོང་བྲལ་བའི་བསྒོམ་བཤད་འདི། །རྡོ་རྗེའི་མཆེད་གྲོགས་རྣམས་ལ་འབུལ། །ལེགས་ན་གསུང་གིས་གཟེངས་བསྟོད་དང་། །ཉེས་ན་ཐལ་ཁྲོད་འགོད་པར་འཚལ། །རང་གིས་དཔྱད་པའི་རྙེད་དོན་འདི། །རྩ་བའི་བླ་མའི་དྲུང་དུ་འབུལ། །ལེགས་ན་མཆོད་པའི་སྤྲིན་དུ་འབུལ། །ཉེས་ན་དབྱུག་གུའི་ཕྱག་འབེབ་ཞུ། །མཁྱེན་ནོར་པས་བྲིས། ༈ སེམས་ཁྲིད་ཟེར་བ་དེ་གྲགས་ནི་ཆེན་པོ་ཞིག་རེད་ཀྱང་དོན་དུ་ད་ལྟའི་ཤེས་པ་སྤུ་མ་རྗེས་མདོག་མ་བསྒྱུར་བ་འདི་གའི་ངོ་བོ་དེ་ཅི་འདྲ་ཞིག་རེད་ལྟོས་དང་འདི་དང་འདི་ཡིན་ཞེས་བརྗོད་རྒྱུ་ནི་མ་རྙེད་པ་ཡོད་ནི་འཁོར་འདས་གང་གི་ཚེ་ཡང་བཟང་ངན་དུ་མ་སོང་བར་ཡོད་མཁན་དེ་ངོ་བོ་ཡིན། དེའི་ངང་ལས་རྟོག་པ་བཟང་ངན་གང་ཤར་ཡང་རུང་མ་ཤར་ཡང་


MLP014_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཡོད་ལ་མི་འགོག་མེད་པ་ཨེ་སྐྱེ་མི་ལྟ་བར་སེམས་ལ་བཟོ་བཅོས་མེད་པར་བསྐྱུར་ནས་ཞོག་དང་ཚོགས་དྲུག་གི་སྣང་བ་འདིས་རིག་པ་ཚུར་མི་བསླུ་རིག་པས་སྣང་བ་ལ་རྩིས་གདབ་མ་བྱས་པས། རིག་པ་ཡུལ་ལ་ཞེན་ནས་ཡུལ་རྗེས་སུ་མི་འཁྲུལ་བར་ཡུལ་རིག་གཉིས་གཅིག་གིས་གཅིག་ལ་མི་གནོད་པ་ཞིག་བསྒོམ་མི་བསྒོམ་ཀུན་གྱི་ཚེ་ཡོད་པ་དེའི་ངང་བཟོ་མེད་ཀྱི་དྲན་པས་སྐྱོངས་ནས་སྡོད་དང་། ལྷ་དེ་ཡིན་བླ་མ་དེ་ཡིན། ལྟ་བསྒོམ་སྤྱོད་འབྲས་ཚང་མ་དེ་ཡིན། ང་འགྲོ་ཡང་འདི་ལས་ཟེར་རྒྱུ་མེད་ཤི་ཡང་འདི་ལས་ཟེར་རྒྱུ་མེད་ཉམས་སུ་ལེན་མིན་ཁྱོད་ལ་རག་ལས། ༈ བྱ་རྒྱུ་གང་ཡང་མེད་པའི་ཅོག་བཞག་གི་ཀློང་ནས། །མཐོང་རྒྱུ་ཅི་ཡང་མེད་པའི་རང་ངོ་ལ་བལྟས་ཚེ། །རྗེན་སངས་བརྗོད་དུ་མེད་པའི་ལྟ་སྒོམ་གྱི་རོ་བཅུད། །ཆེད་དུ་ལེན་པ་མེད་ཀྱང་མྱོང་རྒྱུ་ཞིག་ཡོད་སྐད། །དམིགས་གཏད་བཅོས་མའི་སེམས་འཛིན་རང་དེངས་ལ་སོང་ཚེ། །གང་ཤར་ཆོས་དབྱིངས་བདེ་བའི་ཡོ་ལང་དུ་གྱུར་ནས། །མི་བདེ་མི་མགུ་མེད་པའི་གུ་ཡངས་ཀྱི་སྐྱེས་བུ། །མཁའ་ལ་ཁྱུང་ཆེན་ལྡིང་ལྟར་ཐེག་རྩེ་ལ་ཆས་འགྲོ། །རྟོག་པའི་ཀུན་གཞི་ཤུན་པ་རྗེས་མེད་དུ་ཡལ་དུས། །ལྷ་དང་བླ་མའི་འཛུམ་ཞལ་རྗེན་པ་རུ་མཐོང་ནས། །ཡ་མཚན་སྒྲུབ་པའི་འབྲས་བུ་རང་མལ་ནས་བརྡོལ་ཚེ། །ཀུན་བཟང་དགོངས་པའི་རྒྱལ་སྲིད་ཟིན་པ་རང་ལགས་སོ། །མཁན་ཆེན་མཁྱེན་བརྩེ་ནོར་བུས་གསུངས་པའོ། །༈ ༼མགོ་མ་ཚང་༽མཐར་ཐུག་གི་གྲོལ་ཚུལ་རྣམས་མ་བཤད། ཡང་གསང་བླ་མེད་དུ་གཞི་གདོད་མའི་གནས་ལུགས། ལམ་ལྟ་སྒོམ་སྤྱོད་གསུམ། འབྲས་བུ་མཐར་ཐུག་གི་གྲོལ་ཚུལ་དང་བཅས་པ་རྒྱས་པར་བསྟན་པའོ། །ཡང་གསང་བླ་ན་མེད་པའི་རྒྱུད་ཀྱི་རྣམ་གྲངས་མདོར་བསྟན་ནི། ཐེག་མཆོག་མཛོད་ལས། བརྗོད་བྱ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བར་སྟོན་པ་རིག་པ་རང་ཤར་གྱི་རྒྱུད། ཉི་མ་ལྟར་གསལ་བར་སྟོན་པ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་གི་


MLP014_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད། ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པར་སྟོན་པ་སེང་གེ་རྩལ་རྫོགས་ཆེན་པོའི་རྒྱུད། མི་འགྱུར་བའི་ཆོས་ཉིད་སྟོན་པ་རི་རྒྱལ་ལྟ་བུའི་རྒྱུད་དཔལ་ཡི་གེ་མེད་པ། འཁྲུལ་བའི་འཁོར་ལོ་གཅོད་པ་སྟོན་པ་འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན། སྡེ་སྣོད་ཀུན་གྱི་སྒོ་འབྱེད་པར་སྟོན་པའི་ལྡེའུ་མིག་ལྟ་བུའི་རྒྱུད་སྒྲ་ཐལ་འགྱུར། གོལ་ས་གཅོད་པར་སྟོན་པ་རལ་གྲི་ལྟ་བུའི་རྒྱུད་ཀུན་རྫོབ་ཐུགས་ཀྱི་མེ་ལོང་། སྒྲོན་མའི་སྣང་བ་སྟོན་པར་བྱེད་པའི་གསལ་ཤིང་ལྟ་བུའི་རྒྱུད་སྒྲོན་མ་འབར་བ། ཚིག་དོན་གསེར་ལ་གཡུས་སྤྲས་པ་ལྟར་སྟོན་པས་གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད། ཡིད་ཆེས་ངེས་པའི་ཚིག་གིས་བར་མ་དོ་ལ་གསལ་འདེབས་པས་མ་བུ་འབྲེལ་བ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར། མེ་ལོང་གི་ནང་དུ་གཟུགས་བརྙན་བསྟན་པ་ལྟ་བུར་དཔེ་དོན་སྦྱར་ཏེ་སྟོན་པས་མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲོས་པ། མུ་ཏིག་གི་ཕྲེང་བ་བརྒྱུད་ལེགས་པ་ལྟར་མན་ངག་ཁྲིགས་ཆགས་སུ་སྟོན་པ་མུ་ཏིག་ཕྲེང་བའི་རྒྱུད། སྦྲུལ་གྱི་མདུད་པ་ལྟར་གཞུང་ཚིག་རང་གྲོལ་དུ་སྟོན་པ་སྦྲུལ་མདུད་ལྟ་བུའི་རྒྱུད་རིག་པ་རང་གྲོལ། ཁྱུང་ཆེན་པོ་ནམ་མཁའ་ལ་རྩོལ་སྒྲུབ་མེད་པར་འགྲོ་བ་ལྟ་བུ་ལྟ་བུའི་རྒྱུད་ཀུན་རྫོབ་ཐུགས་ཀྱི་མེ་ལོང་གི་རྒྱུད། དབང་དང་བྱིན་རླབས་ཆུ་བོའི་རྒྱུན་བཞིན་སྟོན་པས་ཆུ་བོ་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་། རྒྱལ་པོའི་གསུང་མི་འགྱུར་བས་རྒྱལ་ས་ཟིན་པ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ། ཕྱུག་པོའི་བང་མཛོད་གང་འདོད་འབྱུང་བ་ལྟ་བུའི་རྒྱུད་རིན་པོ་ཆེ་སྤུང་བ། སྤུ་གྲི་ངར་མས་གང་ལ་རེག་པ་གསོད་པ་ལྟར་འགལ་བྱེད་ཆམ་ལ་འབེབས་པས་སྤུ་གྲི་ལྟ་བུའི་རྒྱུད་ནག་མོ་ཁྲོས་མ་དང་བཅོ་བརྒྱད་དོ། །དེའང་ནག་མོ་ཁྲོས་མ་ནི་བསྟན་པ་བསྲུང་བའི་ཕྱིར་རྒྱུད་ལས་འཕྲོས་པ་ཡིན་ལ། གཞན་བཅུ་དྲུག་སྒྲ་ཐལ་འགྱུར་གྱི་རྩ་བ་ལས་འཕྲོས་པ་ཡིན་ཏེ། སྒྲ་ཐལ་འགྱུར་ཆེན་པོའི་རྒྱུད་ལས། འོད་ཀྱི་ཡང་ཞུན་བཅུ་བདུན་བཤད། །རང་ཤར་བ་དང་རང་གྲོལ་དང་། །རང་བྱུང་ཉིད་དང་རྩལ་རྫོགས་དང་། །མཛེས་ལྡན་དག་དང་ཕྲ་བཀོད་དང་། །མུ་ཏིག་ཕྲེང་དང་ཡི་གེ་མེད། །དབྱིངས་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ངམ་དང་ཐུགས་ཀྱི་མེ་ལོང་དང་། །ཉི་ཟླ་ཁ་སྦྱོར་ངོ་སྤྲོད་སྤྲས། །སྐུ་གདུང་འབར་དང་


MLP014_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

རིན་ཆེན་སྤུངས། །སྒྲོན་མ་འབར་དང་ཀློང་ཆེན་དྲུག །དེ་ལྟར་བཅུ་དྲུག་རིམ་པ་རྣམས། ཐལ་འགྱུར་ལས་ནི་ངེས་འཕྲོས་ནས། །གདུལ་ཡུལ་སེམས་ཅན་རྣམས་ལ་སྣང་། །ཞེས་སོ། །དགོས་ཆེད་རྒྱས་པར་བཤད་པ་དང་། གོ་རིམ་ངེས་པས་མཇུག་བསྡུ་བ། ཐེག་མཆོག་མཛོད་ལས་ཤེས་པར་བྱའོ། ། ༈ ལགས། གུ་རུའི་སྒྲ་ལྕི་བ་ལ་འཇུག་པས། རྟག་པར་ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་དང་འདུ་འབྲལ་མེད་པར་རོ་གཅིག་ཏུ་བཞུགས་པའི་སངས་རྒྱས་ཡོན་ཏན་ཀུན་གྱི་གཏེར་དུ་གྱུར་པ་དེ་ལ་གུ༵་རུ༵་ཞེས་བརྗོད། དེ་ཉིད་ཀྱི་ཐུགས་རྗེ་ཡོངས་སུ་རྫོགས་པ་འགྲོ་བ་ཕལ་མོ་ཆེར་ནི་འཇུག་པའི་སྐབས་མི་སྲིད་ཀྱང་སེམས་ཅན་རང་རང་གི་སྐལ་པའི་ཁྱད་པར་ཙམ་ལས་ཕྲིན་ལས་ཇི་ལྟར་འཇུག་པ་བཞིན་སྣང་བའི་གོ་སྐབས་ཤིན་ཏུ་སྟོན་དཀོན་པའི་རྒྱུ་མཚན་གྱིས། རི༵ན་པོ༵་ཆེ༵་ཞེས་བརྗོད། རང་ཅག་རྣམས་ཇི་སྲིད་བླ་མ་སངས་རྒྱས་དེ་འདྲའི་ཕྲིན་ལས་དང་། དེ་ཉིད་གང་ལས་བྱུང་བའི་གཞིའི་གནས་ཚུལ་མ་ཤེས་པས་དེ་སྲིད་དུ་བླ་མ་ཉིད་རྒྱང༵་རིང་ན་ཡོད་པ་ཡིན། ནམ་ཞིག་ཆོས་ཀུན་གྱི་རང་རང་གི་རང་བཞིན་ཇི་བཞིན་སྟོན་པའི་སྒོ་ནས་སྣང་སྲིད་བླ་མའི་རོལ་པར་འཆར་བའི་རྟེན་འབྲེལ་ཀྱི་རྒྱུ་ཐབས་མངོན་དུ་གྱུར། ཡོན་ཏན་ཤེས་པ་དང་། བཀའ་དྲིན་དྲན་པ་ལ་ཁབ་མིག་གི་ནང་ནས་ནམ་མཁའ་ངོ་སྤྲོད་བྱེད་དགོས་པ་ལྟ་བུའི་གུ་དོག་གི་འཛིན་སྟངས་རྗེས་མེད་དུ་སངས་ནས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་དཔལ་ལྡན་བླ་མ་ཉག་གཅིག་གི་ཡོན་ཏན་དང་བཀའ་དྲིན་དྲན་པའི་ཡུལ་དུ་ཤར་ཚེ་གྲུབ་པ་མཆོག་གི་འབྲས་བུ་ལ་ཐག་ཤིན་ཏུ་ཉེ་བ་ནི་འབོ༵ད་པའི་དོན་ཡིན་པར་བསམ། པདྨ་བསམ་གཏན་ནས་གུ་རུའི་བླ་མ་རྒྱང་འབོད་འབྲི་དགོས་ཟེར་བ་ལྟར་མཁྱེན་ནོར་པས་བྲིས། སྤྱིར་བླ་མ་རྒྱང་འབོད་ཅེས་པ་དེ་འདོན་རྒྱུ་ཞིག་ལ་འཛིན་དགོས་པའི་ངེས་པ་མེད་ལགས། །


previousའཇམ་དཔལ་སྨྲ་སེང་གི་བསྙེན་པའི་དམིགས་རིམ་དོན་གསལ་ཤེལ་གྱི་མེ་ལོང་།next