Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
བློས་བསླང་གི་རྣམ་བཞག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད་ལས་ཕྱུང་བ། ལོ་ཆེན་ཆོས་དཔལ་རྒྱ་མཚོ།
   
   
   


 
previousབློས་བསླང་གི་རྣམ་བཞག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད་ལས་ཕྱུང་བ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། next

བློས་བསླང་གི་རྣམ་བཞག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད་ལས་ཕྱུང་བ། ལོ་ཆེན་ཆོས་དཔལ་རྒྱ་མཚོ།


MLP020_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བསླང་གི་རྣམ་བཞག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད་ལས་ཕྱུང་བ་བཞུགས། ལོ་ཆེན་ཆོས་དཔལ་རྒྱ་མཚོ།


MLP020_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

བློས་བསླང་གི་རྣམ་བཞག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད་ལས་ཕྱུང་བ་བཞུགས། དེ་ལ་འདིར་དཀྱིལ་འཁོར་སྒོམ་དོན་བློས་བསླང་གི་རྣམ་བཞག་ཅུང་ཟད་བྲི་ན་དོན་བཅུ་བཞི་ལས། ཐོག་མ་སྤྱིའི་འོག་གཞི་ནི། འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེ་སྔོན་པོ་ཆེ་བ་ཁྲོལ་ལུགས་ཀྱི་བར་རྣམས་རྡུལ་ཕྲན་ལྟ་བུའི་རྡོ་རྗེ་ཕྲ་མོས་གཏམས་པ༑ བཞུ་ལུགས་སུ་འབྲེལ་བའི་གཞི་སྲ་ཞིང་བརྟན་ལ་ཁོད་མཉམ་པའོ། །གཉིས་པ་ཁོར་ཡུག་ནི། སྔར་གྱི་སྲུང་འཁོར་མ་བསྡུས་པར་ཡོད་པས་རྡོ་རྗེའི་རྭ་གུར་སོགས་གསལ་འདེབས་མི་དགོས་ཀྱང་། ས་མཚམས་གཅོད་བྱེད་འོག་གཞི་དེའི་ཕྱིར་མཐར་རྡོ་རྗེས་རྭ་བ་ལྕགས་རི་ལྟ་བུས་བསྐོར་བ་ལས། མེ་དཔུང་ཁ་དོག་སྣ་ལྔ་མཐའ་མེད་དུ་འཕྲོ་བ༑ རྡོ་རྗེ་རྭ་བའི་ནང་ཁོངས་སུ་རྡོ་རྗེའི་ས་གཞི་ལས་རྡུལ་ལྟ་བུ་ཆགས་པས་རྡོ་རྗེའི་དབྱིབས་མི་མངོན་པར་བྱས་པའི་གཞི་ལ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། དེ་དག་ཏུ་དུར་ཁྲོད་ཀྱི་ཆོས་ཤིང་ཆེན་པོ་བརྒྱད། སོ་སོའི་རྩ་བ་ལ་ཕྱོགས་སྐྱོང་བརྒྱད་རང་རང་གི་བཞོན་པ་ལ་གནས་ཤིང་ཆུང་མས་གཡོན་ནས་བརྟེན་པ། དེ་དག་གི་གཞོན་པའི་གདོང་ཅན་ལག་ན་ཐོད་པ་ཤ་ཁྲག་གིས་བཀང་བ་ཐོགས་པའི་ཞིང་སྐྱོང་བརྒྱད་ཡལ་ག་ལ་ཤིང་ལོའི་ཁྲོད་ནས་ལུས་ཕྱེད་འཐོན་པ། དེ་བཞིན་དུ་ཆུ་ཆེན་པོ་བརྒྱད། དེ་དག་གི་དབུས་ན་ཀླུ་ཆེན་པོ་བརྒྱད་ལུས་ཕྱེད་སྟེང་དུ་འཐོན་ཅིང་། སྟེང་གི་ནམ་མཁའ་ལ་སྤྲིན་ཆེན་པོ་བརྒྱད་གནས་པ་ལས་ཆར་འབེབས་པ། རི་ཆེན་པོ་བརྒྱད་ལ་བརྟེན་པའི་མཆོད་རྟེན་བརྒྱད། མེ་བརྒྱད། གྲུབ་པ་དང་། རིག་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་། ཤ་ཟ་འབྱུང་པོ་དང་བྱ་གཅན་གཏུམ་པོ་མང་པོས་གང་བ། རོ་རངས་པོ་དང་དུམ་བུ་ཀེང་རུས་ལ་སོགས་པ་བཀྲམ་པས་འཇིགས་པར་


MLP020_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་པའོ། །གསུམ་པ་གཞལ་ཡས་ཁང་དངོས་ཀྱི་འོག་གཞི་ནི། དུར་ཁྲོད་ཀྱི་ཁོར་ཡུག་དེའི་ནང་དུ་རྒྱུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་སྟེ། འདབ་མ་རྣམས་རང་རང་གི་སྐྱེ་སའི་རྩ་བ་ནས་སུམ་ཆ་ཙམ་དང་འཕྲེད་དང་། དེ་ཕན་ཆད་གྱེན་དུ་ལངས་པའི་རྩེ་རྣམས་ནང་དུ་ཅུང་ཟད་ཙམ་གུག་པ་ཁ་དོག་སྣ་ཚོགས་པས་བསྐོར་བའི་དབུས་སུ་འདབ་མ་རྣམས་སྐྱེ་བའི་གཞི་པདྨའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ཅན་ཁ་དོག་ལྗང་གུ་གེ་སར་དམར་སེར་ཟི་ཕོལ་དང་བཅས་པས་བསྐོར་བ་སྟེ། མེའི་རྭ་བ་ནས་འདིའི་བར་སྒོམ་དོན་ལ་ཤིན་ཏུ་རྒྱ་ཆེ་བར་སྒོམ་པ་ལས་ཚད་མ་ངེས་ཀྱང་གཟུགས་བརྙན་བཞེང་བ་ལ་བཟོ་ཉེས་དགག་པའི་ཆེད་དུ་ཚད་བཞག་ན། འདིར་རྟ་བབས་བརྒྱད་མ་དང་བཞི་མ་འདམ་ཁར་མཛད་པའི་དབང་གིས་ཚད་ཀྱང་གཅིག་ཏུ་མ་ངེས་པས། བརྒྱད་མའི་ཚེ་ན་པདྨའི་ལྟེ་བ་ཟླུམ་པོའི་ཐད་ཀ་ལ་རྒྱར་ཆ་ཆེན་བཅོ་བརྒྱད་དང་། བཞི་མའི་ཚེ་ན་ཆ་ཆེན་བཅུ་དྲུག་ཡིན་ལ། གང་ལྟར་ཡང་པདྨའི་ལྟེ་བའི་ཁར་ཉི་མའི་དཀྱིལ་འཁོར་དྭངས་ཤིང་གསལ་བ་གེ་སར་གྱི་རྒྱ་དང་ཁད་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བ་མཐིང་ག་གྲུ་བཞི་པ་ཐད་ཀའི་རྒྱར་ཆ་ཆེན་བཅུ་གཉིས་དང་། དཔངས་སུ་ཆ་ཆེན་གཅིག་པ། དེ་ལ་འཐོན་པའི་རྭ་རྣམས་ཤར་གྱི་རྭ་གསུམ་དཀར་བ་སོགས་ཕྱོགས་ཀྱི་མདོག་ཅན་ཚངས་དབུས་རྭ་དཀྱིལ་སྦོམ་པར་ཆ་ཆེན་གཅིག་དང་རྩ་རྩེའི་ཕྱེད་ཆ་ལས་རྩེ་མོ་ཅུང་ཟད་ཇེ་ཕྲ་དང་། མཐའ་རྭ་གཉིས་དབུས་སྦོམ་པར་ཆ་བྲན་གསུམ་དང་རྩ་བ་ལ་ཆ་བྲན་གཉིས་རྩེ་མོ་རིམ་གྱིས་ཕྲ་བ། རིང་ཐུང་ནི་སྒོམ་དོན་དང་བཞེང་བ་གང་གི་ཚེ་ཡང་པདྨའི་གེ་སར་གྱི་མཐའ་དང་དབུས་རྭའི་རྩེ་ཁད་མཉམ་ཞིང་མཐའ་རྭ་གཉིས་དབུས་རྭ་དང་རིང་ཐུང་འདྲའང་བུག་པའི་ཆས་རྩེར་མ་སླེབས་པའོ། །བཞི་པ་གྲུ་བཞི་པ་ལ་ཞེས་པའི་དོན་རྩིག་པ་ནི། དཀྱིལ་འཁོར་གྱི་དབུས་ནས་ཆ་ཆེན་བཞི་བཞི་ཕྱིར་གཞལ་བའི་མཚམས་སུ་རྩིག་པ་སྲབ་འཐུག་ཆ་བྲན་གཅིག་དང་ལྡན་པ་འཁོར་མོ ར་གྲུ་བཞིར་བསླང་ཞིང་། རེ་ཁཱ་ལྔ་ཡང་སྒོམ་དོན་ལ་བརྩེགས་མ་དང་སྦྲག་མའི་ལུགས་


MLP020_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་འབྱུང་བ། སྤྱི་ཙམ་དུ་གཉིས་ཀར་འགལ་ཡང་། འདིར་སངས་རྒྱས་གསང་བས། ཕྱི་ནི་རིན་ཆེན་ལྔ་རུ་སྦྲག །ཅེས་པ་ལྟར་སྦྲག་མར་མཛད་ཅིང་། རིམ་པའང་གཙོ་བོའི་དབང་གིས་ནང་ནས་དམར་དཀར་སེར་སྔོ་ལྗང་བའམ། དམར་ལྗང་སྔོ་སེར་དཀར་བ་གཉིས་གང་ལྟར་བྱས་ཀྱང་མི་འགལ་ཏེ། ཕན་ཚུན་རེག་ལ་མ་འབྱར་བའི་ཚུལ་དང་། དཔངས་ནི་རྟ་བབས་ཀྱི་དབང་ལས་མཐའ་གཅིག་ཏུ་མ་ངེས་པས་འདིར་བརྒྱད་མའི་ཚེ་ཆ་བྲན་གཅིག་གིས་ལྷག་པའི་ཆ་ཆེན་གསུམ་དང་། བཞི་མ་ཆ་ཆེན་གཉིས་དང་ཆ་བྲན་གསུམ་མོ། །ལྔ་པ་འདོད་སྣམ་དང་ཞེས་པའི་དོན་ནི། རྩིག་པའི་ཕྱི་ངོས་སུ་འགྲམ་སྟེགས་ཀྱི་ཚུལ་རཏྣ་དམར་པོའི་སྣམ་བུ་དཔངས་དང་ཞེང་གཉིས་ཀ་ལ་ཆ་བྲན་གཉིས་རེར་མཉམ་པས་སྒོ་ཁྱུད་ཀྱི་རྩིག་པ་ལ་ཐུག་པར་བསྐོར་བ་ལ་མཆོད་པའི་ལྷ་མོ་རྣམས་གནས་ཏེ། དེ་ལ་ཆོས་དོན་ལས། ལོངས་སྤྱོད་འདོད་ཡོན་སྣམ་བུ་ལ། །གཟུགས་མཛེས་སྒྲ་སྙན་དྲི་མཆོག་དང་། །རོ་ཞིམ་ཡིད་འོང་ཆོས་རྣམས་ཀྱི། །ལྷ་མོ་རྣམས་ཀྱིས་དགྱེས་པར་རོལ། །ཞེས་པ་ལྟར་འདོད་ཡོན་གྱི་ལྷ་མོ་དྲུག་གམ། ཡང་ན་སྤྱི་དང་འདྲ་བ་རིག་མ་བཅུ་དྲུག་སྟེ། ཤར་སྟོད་ཀྱི་སྣམ་བུར་པི་ཝཾ་མ་སྔོན་མོ་དང་གླིང་བུ་མ་སེར་མོ། ཤར་སྨད་དུ་རྔ་ཟླུམ་མ་དམར་མོ་དང་རྫ་རྔ་མ་ལྗང་གུ༑ དེ་བཞིན་དུ་ལྷོར་སྒེག་མོ་སྔོན་མོ་དང་བཞད་མ་དམར་མོ་གཉིས་རང་རྒྱ་དང་། གླུ་མ་སེར་མོ་ཏིང་ཏིང་ཤག གར་མ་ལྗང་གུ་གར་རྒྱ། ནུབ་ཀྱི་སྣམ་བུར་མེ་ཏོག་མ་སེར་མོ། སྤོས་མ་ནག་མོ། མར་མེ་མ་དམར་མོ། དྲི་མ་ལྗང་གུ། བྱང་གི་སྣམ་བུར་གཟུགས་མ་དཀར་མོ་མེ་ལོང་། རོ་མ་དམར་མོ་ཟས་གཞོང་། རེག་མ་ལྗང་གུ་ན་བཟའ། ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང་འཛིན་པའི་སྟེ། དེ་ཐམས་ཅད་ཞི་ཚུལ་ཅན་དར་དང་རིན་པོ་ཆེས་བརྒྱན་པ། སྒོ་ཁྱུད་ཀྱི་མཚམས་དང་ཤར་ལྷོ་ལ་སོགས་པའི་མཚམས་རྣམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེའོ། །དྲུག་པ་ཕ་གུ་ཞེས་པའི་དོན་ནི། རྩིག་པའི་སྟེང་དང་འདོད་སྣམ་གྱི་ཕྱིར་བསྐོར་བའི་ལུགས་གཉིས་ལས་འདིར་སངས་རྒྱས་གསང་བས། ཕྱི་ཡི་རྩེ་ལ་ཕ་གུ་གཏོད། །ཅེས་པ་ལྟར་རྩིག་པའི་སྟེང་དུ་རིན་པོ་ཆེའི་ཕ་གུ་གཞི་སེར་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་མཛེས་པ་


MLP020_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

དང་དཔངས་ཆ་བྲན་གཅིག་དང་། ཞེང་ཆ་བྲན་ཕྱེད་གཉིས་ཀྱི་ཕྱེད་པོ་རྩིག་པ་ལས་བད་ཀྱི་ཚུལ་དུ་ཕྱིར་འཕྱར་བ་སྟེ། འདེགས་བྱེད་ཀྱི་སེང་མགོ་དང་དེ་ལ་མུ་ཏིག་གི་དྲ་བ་འཕྱོང་བར་འདོད་པ་ནི། སྒྱུ་དྲྭའི་དགོས་ཆོས་ཡིན་པས་འདིར་མི་དགོས་སོ། །བདུན་པ་དྲ་ཕྱེད་ཅེས་པའི་དོན་ནི། ཕ་གུའི་སྟེང་དུ་བྲེ་སྤུངས་སམ་ཀ་ཐུང་གཞུ་དང་བཅས་པ་ལ། དཔངས་ཆ་བྲན་ཕྱེད་གཉིས་ཙམ་རེ་ཡོད་པས་བཏེག་པའི་གསེར་གདུང་དཔངས་ཆ་བྲན་ཕྱེད་དང་ཞེང་ཆ་བྲན་གཅིག་པ་ཞིག་རྩིག་པའི་ཕྱི་མཐའ་དང་ཁད་མཉམ་དུ་གཏོང་བ་སྟེ། འདི་འདེགས་བྱེད་ཀྱི་ཀ་བ་ལ་སྒྱུ་འཕྲུལ་མཁན་པོ་རྣམས་བཅུ་དྲུག་གི་གྲངས་ངེས་མཛད་ཀྱང་འདིར་དེ་འདྲའི་ངེས་པ་མི་དགོས་ཤིང་གདུང་དང་འདེགས་ཀྱི་ཕྱི་ངོས་སུ་ཆ་བྲན་ཕྱེད་ཙམ་ཕྱིར་འབུར་བའི་གཟེར་ཡས་མས་རིམ་པ་བཞི་བཞི་བཏབ་པ་ལ་གསེར་སྐུད་དཀྲིས་ཏེ་ཕྲེད་ལ་འཐེན་ནས་བཅིངས་པ་ནི་གསེར་གྱི་སྐ་རགས་བཞི་ཞེས་གྲགས་ཏེ། གཞན་དུ་སྐ་རགས་དང་པོ་གཉིས་ལ་སྦྲགས་པའི་མ་ཀ་རའི་ཁ་ནས་དྲྭ་བ་འཕྱངས་པར་འདོད་ཀྱང་འདིར་སྐ་རགས་བཞི་ནི་དྲ་བ་ནང་དུ་མི་འགྲོ་བའི་ཐབས་ཙམ་སྟེ། འདོགས་པའི་གནས་ནི་སངས་རྒྱས་གསང་བས། ལོགས་རྒྱན་ཕྱམ་མགོ་ཙི་པ་ཏྲའི། །ཁ་ནས་རིན་ཆེན་ཕྲེང་བ་ནི། །དྲྭ་བ་དྲ་བ་ཕྱེད་གྱུར་པ། །ཞེས་པས་གསེར་གདུང་གི་རྟེན་དུ་ནང་གི་ཐོགས་འབུབས་ཀྱི་ཕྱམ་རྣམས་དཔངས་དང་ཕྱིར་འདོན་གྱི་ཆ་གཉིས་ཀ་ཆ་བྲན་ཕྱེད་ཙམ་པ་བྱས་ནས་བཀལ་བའི་ཕྱམ་སྣེ་ལ་ཙི་པ་ཏྲའི་གདོང་གི་རྣམ་པ་བསྐོས་པའི་ཁ་ནས་ནོར་བུ་དང་མུ་ཏིག་གི་དྲྭ་བ་དང་དྲ་བ་ཕྱེད་པ་རྣམས་གསེར་སྐེད་ཀྱི་ཕྱི་ངོས་སུ་རིང་བ་རྣམས་ཕ་གུ་ལ་རེག་ལ་ཁད་པ་ཙམ་དུ་དཔྱངས་པ་སྟེ། དེའང་ཙི་པ་ཏྲའི་ཁའི་འགུགས་གཅིག་ནས་གཅིག་གི་བར་སྦྲེལ་ཏེ་དཔྱངས་པ་ནི་དྲྭ་བ་དང་། ཁའི་དབུས་ནས་ཐུར་དུ་དཔྱངས་པའི་སྣེ་ལ་ནོར་བུ་སྦོམ་པོ་བཏགས་པ་ནི་དྲ་ཕྱེད་དོ༑ ༑གཞན་ཡང་མེ་ཏོག་གི་ཕྲེང་བ་དང་དར་དཔྱང་མེ་ལོང་དང་ཟླ་ཕྱེད་རྔ་ཡབ་ཀྱི་རླུང་བསྐྱོད་དང་བཅས་པ་ཇི་ལྟར་རིགས་པས་བརྒྱན་པའོ། །བརྒྱད་པ་ཤར་བུར་བཅས་ཞེས་པའི་དོན་ནི། ཕྱམ་གྱི་སྟེང་དུ་ཆ་བྲན་གཅིག་ཙམ་གྱི་


MLP020_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

དཔངས་ལ་བབས་སམ་བྱི་རྩེའི་རྣམ་པ་ཇི་ལྟར་རིགས་པ་བཏང་བའི་སྟེང་དུ་འདོད་སྣམ་གྱི་ཕྱི་མཐའ་ནོན་པའི་བྱ་འདབ་ཕུབ་པའི་ནང་ཙམ་གྱི་འོག་ནས་སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུའི་ཤར་བུའི་ཕྲེང་བ་དཀར་པོ་བསྒྲིགས་པའི་རྩེ་རྣམས་ཕྱམ་གྱི་མ་མཐའི་ཐད་ཀར་སླེབ་པ་ཙམ་བྱའོ། །དགུ་པ་མདའ་ཡབ་ཅེས་པའི་དོན་ནི་བྱ་འདབ་ཀྱི་གནོན་བྱེད་རྩིག་པའི་ཐད་དྲང་གི་ཐོག་མཐིལ་དུ་རིན་པོ་ཆེའི་སྤང་ལེབ་དཀར་པོ་གཡས་གཡོན་དུ་བཏག་སོ་རིས་ཀྱི་རིམ་པ་གསུམ་མམ་བཞི་ཡོད་པ་བསླངས་ནས་བསྒྲིགས་པ་ནི་པུ་ཤུ་མཆོད་རྟེན་བརྩེགས་སུ་གྲགས་པ་སྟེ། པད་འདབ་ཕྱེད་པར་བཤད་པ་དང་ཡང་གནད་གཅིག་གོ །བཅུ་པ་ཐོགས་འབུབས་ནི། སངས་རྒྱས་གསང་བས། ཕུགས་ན་ཀ་བ་བརྒྱད་པོ་ཡིས། །གདུང་ཆེན་བཞི་ཡི་རྩེ་ནས་བཏེག །གདུང་ཆེན་བཞི་ཡི་རེའུ་མིག་ཀྱང་། །ཕྱམ་རྩ་ཉི་ཤུ་བརྒྱད་ཀྱིས་བཀན། །དེ་བཞིན་དྲལ་ཐོག་ཅི་རིགས་པའོ། །ཞེས་གསུངས། དེ་ལ་ཐོག་མར་ཀ་བ་འཛུག་ས་ངེས་པའི་ཆེད་དུ་ནང་གི་གཞི་བཤད་པར་བྱ་སྟེ། སྒོ་གཡབས་ཀྱི་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བ་དང་། ཁོད་མཉམ་པ་ལས་སྒོ་ཕུགས་ཆ་བྲན་གཅིག་དང་། དེ་ལས་ཀྱང་གཞལ་ཡས་ཁང་གི་ནང་ཆ་བྲན་གཅིག་གིས་འཕགས་པས་ནང་གི་གཞི་འདོད་སྣམ་དང་མཐོ་དམའ་མཉམ་པར་སོང་ཞིང་། དེའི་ཕྱིར་ཀ་བའི་ཚད་ཀྱང་རྟ་བབས་སྣམ་བུ་བརྒྱད་མའི་ཚེ་ན། ཀ་བ་རྣམས་ཀ་གདན་གཞུར་བཅས་ཀྱི་དཔངས་ལ་ཆ་ཆེན་གསུམ་དང་ཆ་བྲན་གཅིག ཡང་རྟ་བབས་བཞི་མའི་ཚེ་ན་ཆ་ཆེན་གཉིས་དང་ཆ་བྲན་གསུམ་སྟེ། གང་ལྟར་ཡང་ཞེང་ལ་ཆ་བྲན་རེ་ཡོད་པའི་རྡོ་རྗེས་མཚན་པའི་ནོར་བུ་རིན་པོ་ཆེའི་ཀ་བ་ཕྱོགས་ཀྱི་མདོག་ཅན་བརྒྱད་པོ་རྩ་ཐིག་དང་ཚངས་ཐིག་འཛོམ་ནས་གཡས་གཡོན་དུ་ཆ་མཉམ་གསུམ་རེ་གཞལ་བའི་སུམ་ཆ་ནང་མའི་ཕྱི་མཚམས་ཀྱི་རྩིག་པའི་ནང་ཙམ་དུ་ཀ་བ་རེ་རེ་སྟེ། ཕྱོགས་རེར་ཀ་བ་གཉིས་གཉིས་འཛུགས་ཏེ། དེ་ཉིད་སྣང་ཆེན་ལས་ཀྱང་། ཕྱོགས་ཀྱི་ཆ་རེ་རེ་ཞིང་རྩིག་པ་ལ་བརྟེན་པའི་རྡོ་རྗེའི་ཀ་བ་གཉིས་གཉིས་ཡོད་པས། ཞེས་པ་ལྟར་རོ། །དེ་དག་གི་སྟེང་དུ་དཔངས་ཆ་བྲན་


MLP020_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པའི་ཏལ་གདུང་བཞི་བསྣོལ་མཚམས་སུ་འཕེལ་ཀ་བསྒྲིགས་ནས་བཏང་བའི་སྣེ་བརྒྱད་པོ་ཀ་བ་བརྒྱད་ཀྱི་སྟེང་དུ་ཁེལ་བར་བྱས་པས་གསེར་གདུང་དང་གདུང་ཆེན་བཞིའི་སྣེ་ཐུག་པའི་སྟེང་ཁད་མཉམ་པར་འགྱུར་ཞིང་། དཔངས་ཆ་བྲན་ཕྱེད་ཙམ་པའི་ཕྱམ་ཉི་ཤུ་རྩ་བརྒྱད་ཀྱི་དབུས་ཀྱི་རེའུ་མིག་མ་གཏོགས་གཞན་བརྒྱད་པོ་ཕུབ། དེའི་སྟེང་དུ་ཆ་བྲན་གཅིག་ཙམ་གྱི་དཔངས་ལ་རིན་པོ་ཆེའི་སྤང་ལེབ་བསྒྲིགས་པའི་དྲལ་མ་དང་། ཐོག་སའི་ཚུལ་དུ་རིན་པོ་ཆེ་བཅལ་དུ་བཀྲམ་པ་བྱ་འདབ་དང་ཐོག་རྒྱུན་གཅིག་ཏུ་ཁོད་མཉམ་པར་འགྱུར་ལ། དེ་ནས་ཕྱུར་བུར་ཏོག་གིས་མཛེས་ཞེས་པས་རེའུ་མིག་དབུས་མ་མཐོངས་ཀར་བཞག་པ་དེའི་ཟུར་བཞིར་བཙུགས་པའི་ཀ་བ་སོགས་ཤིང་བརྩེགས་ཀྱི་བཀོད་པ་ཇི་ལྟར་མཛེས་པས་བཏེག་པའི་སྟེང་དུ་རྒྱ་ཕུགས་བཀལ་བའི་རྩེ་མོར་ནོར་བུ་རིན་པོ་ཆེའི་ཏོག་ལ་པདྨ་དམར་པོས་མཚན་པར་བྱ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལས། རྩེ་མོ་ནོར་བུ་འབར་བ་ལ། །རིགས་ཀྱི་མཚན་མས་རྒྱན་དུ་བྱས། །ཞེས་དང་། གསར་འགྱུར་ཐུགས་རྗེ་ཆེན་པོ་པདྨ་རྒྱས་པའི་སྒྲུབ་ཐབས་ལས་ཀྱང་། སྟེང་ཕྱུར་བུ་པདྨའི་ཏོག་དང་བཅས་པ་ཞེས་སོ། །བཅུ་གཅིག་པ་སྒོ་བཞི་པ་ཞེས་པའི་དོན་ནི། ཕྱོགས་བཞིའི་རྩིག་པའི་དབུས་སུ་ཚངས་ཐིག་ནས་གཡས་གཡོན་དུ་ཆ་བྲན་གཉིས་གཉིས་ཏེ་བསྡོམས་པས་ཞེང་ཆ་ཆེན་གཅིག་གི་ཧར་བཏོན་པ་ནི་སྒོ་དངོས་ཏེ། ཧར་གྱི་དཔངས་ནི་ཆ་བྲན་གཉིས་མར་དོར་བའི་མཚམས་ནས་རྟ་བབས་བརྒྱད་མར་ཆ་ཆེན་གཉིས་དང་ཆ་བྲན་གཅིག་གི་སུམ་གཉིས། རྟ་བབས་བཞི་མར་ཆ་ཆེན་གཉིས་ཡིན་ལ་དེ་ཉིད་ཀྱི་མདུན་དུ་སྒོ་ཁང་ནི་བྲིས་ཆ་ལ་ཇི་ལྟར་ཡོད་པ་བཞིན་དུ་སྒོའི་ཧར་གྱི་རྩིག་མཚམས་གཡས་གཡོན་ནས་མདུན་དུ་ཆ་ཆེན་གཅིག་རེ་འཐེན་པ་སྒོ་ཁྱུད། དེའི་རྩིག་སྣེ་གཉིས་ནས་ཆ་བྲན་གཉིས་རེ་ངོས་སུ་བཅད་པ་སྒོ་འགྲམ། དེའི་ངོས་ནས་མདུན་དུའང་ཆ་བྲན་གཉིས་རེ་འཐེན་པ་སྒོ་ལོགས་སོ། །ཁྱུད་འགྲམ་ལོགས་གསུམ་ཀའི་རྩིག་དཔངས་ནི་འདྲ་སྟེ། སྒོའི་ཧར་ཚད་ཡས་མས་སུ་ཆ་བྲན་གཉིས་པོ་བསྣན་པས་ཧར་གྱིས་ཡ་མཐའ་དང་ཁད་མཉམ་ཞིང་སྒོ་ལོགས་ཀྱི་རྩིག་མཚམས་ནས་དྲང་ཐད་ནང་དུ་ཆ་བྲན་ཕྱེད་གཉིས་


MLP020_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རེ་གཞལ་མཚམས་སུ་ཞེང་ཆ་བྲན་ཕྱེད་དང་དཔངས་ཆ་བྲན་ཕྱེད་བརྒྱད་ཡོད་པའི་ཀ་བ་རེ་བཙུགས་པའི་སྟེང་དུ་ཆ་བྲན་ཕྱེད་དཔངས་ཀྱི་གདུང་དང་། དེའི་སྟེང་ཀ་ཐོག་ཀ་བཞག་གི་ཀ་ཐུང་ཆ་བྲན་གཅིག་གིས་བཏེག་པའི་གདུང་སྟར་དང་འདྲ་བ་ཞིག བཀལ་བའི་སྟེང་དུ་སྒོ་ལོགས་ནས་ཡ་ཕུབས་ཀྱི་རྩིག་པ་འཁོར་ཞིང་ཀ་ཐུང་གི་བར་དེ་ལ་དབུས་སུ་ལྔ་དང་གཡས་གཡོན་དུ་གསུམ་གསུམ་སྟེ་རྡོ་རྗེ་བཅུ་གཅིག་འགྲེང་བུར་བསྒྲིགས་པའི་དྲ་མིག་བྱ་སྟེ། སངས་རྒྱས་གསང་བས། སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་ནི་མ་རིག་མུན་པ་ལ། །ཡེ་ཤེས་མཐོངས་ཁུང་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་དྲ་མིག་བྱ། །ཞེས་དང་། གསང་རྫོགས་ལས། བཅུ་གཅིག་རྡོ་རྗེ་ཆ་བྲན་གཅིག །ཅེས་པའི་དོན་ཏེ། ཡ་ཕུབས་འདེགས་བྱེད་ཀྱི་སྐོར་འདིར་རྟ་བབས་བརྒྱད་མ་དང་གཞི་མ་ལ་ཁྱད་པར་མེད་ཅིང་། སྒོ་གླེགས་འཛུགས་ས་ལ་བཞེད་པ་མི་མཐུན་པ་མང་དུ་སྣང་ནའང་འདིར་སྒོ་ཁྱུད་ཀྱི་ནང་རྩ་ཐིག་གི་གནས་སུ་ཉིས་རལ་བུས་འགྱེད་ཀྱི་རྣམ་པ་ཅན་འཛུགས་ཏེ། རུ་བཞི་དང་ཡ་ཐེམ་མ་ཐེམ་སོགས་ནི་ཇི་ལྟར་རིགས་པས་མཛེས་པར་བྱའོ། །བཅུ་གཉིས་པ་རྟ་བབས་ནི། རྟ་བབས་བཞིས་བརྒྱན་ཞེས་གསུངས་པ་ཕྱོགས་ཀྱི་དབྱེ་བས་བསྟན་པ་སྟེ། འདིར་སྣམ་བུ་ལ་དམིགས་བསལ་མ་གསུངས་པས་ཇི་ལྟར་རིགས་པ་སྦྱར་བས་ཆོག་ཅིང་། འོན་ཀྱང་སྣམ་བུ་བཅུ་གཅིག་པ་སྔ་འགྱུར་གྱི་ཕྱོགས་འདིར་མཛད་པ་ཉུང་བས་བརྒྱད་མ་དང་བཞི་མ་གང་རིགས་ཏེ། སྙིང་པོ་མཛེས་རྒྱན་ལས། འདིར་རྟ་བབས་སྣམ་བུ་བཞི་མའི་དབང་དུ་བྱས་ལ་གཞན་དུ་བརྒྱད་མ་ལའང་བཀག་པ་མེད་དོ། །ཞེས་སོ། །དེ་ལ་སྒྱུ་འཕྲུལ་བཤད་རྒྱུད་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུའི་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེས་པས་རྒྱུ་འབྲས་ཀྱི་རྟ་བབས་གཉིས་གསུངས་པ་ལས། རྒྱུའི་རྟ་བབས་ནི། རྒྱས་པ་ལས། དེ་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། །ཞེས་པས་སྒོར་འཛུགས་པའི་ཐེམ་སྐས་ཏེ། སྒོ་གཡབས་དང་སྒོ་ཕུགས་ཀྱི་མཚམས་དང་། དེ་དང་སྒོ་དངོས་ཀྱི་ཕྱི་མཚམས་སུ་


MLP020_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམ་སྐས་བཞི་བཞི་སྟེ་བརྒྱད་དོ། །འབྲས་བུའི་རྟ་བབས་ནི། སངས་རྒྱས་གསང་བས། སྒོ་ཁང་ཕྱི་ཟུར་བཞི་པོ་ན། །ཀ་བ་བཞི་བཞིས་གདུང་རྩ་ན། །བརྒྱད་བརྒྱད་བཏེག་པ་རྟ་བབས་རྨང་། །ཞེས་པས་བྲིས་ཆའི་ཀ་བའི་སྣེ་མོ་བཞིས་སླེབ་པ་འདེགས་བྱེད་ཀྱི་ཀ་བ་བཞི་འཛུགས་ཏེ༑ ཆ་བྲན་གཅིག་པའི་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་བུམ་པ་ཆ་བྲན་གཅིག་དང་། དེའི་སྟེང་ཀ་བ་གཞུ་དང་བཅས་པའི་དཔངས་ཆ་བྲན་ལྔ་སྟེ་བསྡོམས་པས་ཀ་དཔངས་ཆ་བྲན་བདུན་དང་ཞེང་ཆ་བྲན་གཅིག་ཡིན་ལ། དེའི་སྟེང་དུ་བི་མ་ལས། གདུང་དང་རྟ་བབས་བརྒྱད་ཆ་མཉམ། །ཞེས་པ་ལྟར་དཔངས་ཞེང་ཆ་བྲན་གཅིག་རེ་ཡོད་པའི་གདུང་བཞི་བསྣོལ་མར་བཀལ་ཅིང་། འདི་ཡི་རྒྱབ་གདུང་གི་སྣ་ནང་མ་གཉིས་འགྲམ་རྩིག་གི་ཕྱི་མཐར་གདུང་ཁུང་བྲུས་ནས་བཏང་བས་དོན་ལ་གདུང་དུམ་བུ་གཉིས་ཡིན་ཡང་རིགས་བསྡུས་ནས་རྒྱབ་གདུང་ཞེས་གཅིག་ཏུ་བགྲངས་ལ། ཀ་རྒྱན་ནི་གླང་པོ་ཆེའི་སྟེང་དུ་སེང་གེའི་ལག་གཅིག་གིས་གླང་པོའི་སྤྱི་བོ་མནན་ཅིང་ལག་གཅིག་གྱེན་དུ་བརྐྱང་བས་རྒྱབ་མདུན་གྱི་གདུང་སྣ་ཀ་བ་ལས་ཆ་བྲན་རེ་འཕྱར་བ་དེ་བཏེག་ཅིང་ཁ་ནས་རིན་པོ་ཆེའི་རྒྱན་འཕྱངས་པའོ། །གདུང་གི་སྟེང་དུ་རྟ་བབས་འགེལ་ཏེ། སྣམ་བུ་བརྒྱད་མ་བྱ་དཀའ་ཞིང་དེས་བཞི་མ་ཡང་མཚོན་པར་ནུས་པའི་ཕྱིར་ཐོག་མར་བརྒྱད་མ་བཤད་པར་བྱ་སྟེ། སྒོ་ཚད་གཉིས་ལ་སྣམ་བུ་ཆ་མཉམ་པ་བརྒྱད་དུ་ཕྱེ་བའི་རྒྱ་ཕུབས་ཉིད་མདུན་ངོས་སུའང་ཆ་བྲན་ཕྱེད་ཙམ་འཕྱར་དགོས་ལ། དེ་ལྷག་སྣམ་བུ་བདུན་པོ་མདུན་ངོས་སུ་མཚམས་གཅོད་བྱེད་ཀྱི་རེ་ཁཱ་འཐེན་པ་མ་གཏོགས་ཁད་མཉམ་ཞིང་། གཡས་གཡོན་གྱི་ཆ་བརྐྱང་བསྐུམ་གྱི་སྡོམ་ནི། རྟ་རྐང་གདུང་དང་ཁད་མཉམ་པ། །ཆུ་སྐྱེས་སྒྲོམ་གཉིས་གཅིག་འཕྱར་ཞིང་། །ཟར་ཚགས་གཉིས་བསྐུམ་སྣ་འཕྱང་ནི། །གཅིག་འཕྱར་ཆུན་འཕྱང་གཉིས་བསྐུམ་ཞིང་། །ཤར་བུ་རྒྱ་ཕུབས་གཉིས་རེ་རེ། །རིམ་འཕྱར་ཐམས་ཅད་ཆ་བྲན་ཚད། །ཅེས་པ་ལྟར་ཏེ། གཡས་གཡོན་གྱིས་འདོན་གྱི་ཆའི་ཡས་མས་རྣམས་རིན་པོ་ཆེའི་སྤང་ལེབ་ཀྱིས་དགག་དགོས་ཤིང་། དེ་ལ་རྟ་རྐང་ནི་གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུ་བསྒྲིགས་པ། ཆུ་སྐྱེས་ནི་རིན་པོ་ཆེ་དམར་པོའི་པད་འདབ་བསྒྲིགས་པ། སྒྲོམ་ཡས་


MLP020_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཀྱི་གཞི་ཀ་ཐུང་གིས་སྦྲེལ་བ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་ལེབ་བཅུག་པ་སྟེ། དེ་གསུམ་མདུན་དུ་ཕྱི་ནང་གཉིས་ཀ་དང་། གཡས་གཡོན་གྱི་ནང་རྣམས་གདུང་དང་ཁད་མཉམ་པས་སྒོ་ཁང་གི་རྩིག་པ་ལ་འཁོར་མོར་ཆ་བྲན་གཅིག་གིས་མ་རེག་པའི་བར་སྟོང་ནི་བྲིས་ཆའི་དུས་ཀྱི་མུན་སྣམ་དེ་ཡིན་ཞིང་། སྣམ་བུ་དེ་གསུམ་ནང་ཁང་སྟོང་འབྲེལ་བའི་ཁོག་ཏུ་འོག་གི་ཀ་ཐོག་ཀ་བཞག་གི་ཀ་བ་བཞི་དང་། སྒོ་ལོགས་ཀྱི་རྩིག་པའི་ཐད་དྲང་གི་མདུན་གདུང་སྟེང་དུའང་ཀ་བ་གཉིས་ཏེ་དྲུག་གིས་བཏེག་པའི་གདུང་བཀལ་ལ་སྒོ་ཁང་དང་ཆ་མཉམ་དུ་ཐོག་ཕུབ་པས་སྒྲོམ་དང་སྒོ་ཁང་ཐོག་རྒྱུན་གཅིག་ཏུ་གྱུར་བའི་སྟེང་དུ་དཔངས་ཆ་བྲན་ཕྱེད་བཞི་རེ་ཡོད་པའི་ཀ་བ་བརྒྱད་ལས། སྒོ་ལོགས་ཀྱི་རྩིག་མཐའ་དང་ཐད་དྲང་གི་ཟུར་བཞི་དང་། སྒོ་ཁྱུད་ཀྱི་རྩིག་པའི་ནང་མཐའ་དང་ཐད་དྲང་གི་རྒྱབ་མདུན་བཞིར་ཀ་བ་རེ་བཙུགས་པས་ཆ་བྲན་ཕྱེད་པའི་གདུང་གྲུ་བཞི་པ་འདེགས་ཤིང་། རྒྱབ་ཕྱོགས་སྤངས་པའི་ཀ་གདུང་གི་ཕྱི་ངོས་ལ་སྒྲིལ་འཕྱང་མ་གཏོགས་པའི་སྣམ་བུ་གསུམ་པོ་སྤང་ལེབ་ཟུར་བསླང་ལྟར་སྦྲགས་པའི་རྟེན་དུ་ཁྱུང་མགོའི་སྣམ་བུ་ཕུབས་པས་ཟར་ཚགས་ཡན་ཆད་སྒོའི་སྟེང་གི་བསིལ་ཁང་དུ་འགྱུར་རོ། །དེ་ལ་ཟར་ཚགས་ནི་སྣ་འཕྱང་ལས་དཔྱངས་པའི་རིན་པོ་ཆེ་དཀར་པོའི་དྲ་མིག་སྣ་འཕྱང་ནི་གཞི་སེར་པོ་ལ་ཕ་གུ་ལྟ་བུའི་རིན་པོ་ཆེའི་ཕྲས་མཛེས་པ། ཆུན་འཕྱང་ནི་གཞི་བར་སྟོང་ལ་སེང་མགོའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དྲ་ཕྱེད་འཕྱང་བ། ཤར་བུ་ཁ་དོག་དཀར་པོ་གཞི་སྔོན་པོའི་སྟེང་དུ་བསྒྲིགས་པ། རྒྱ་ཕུབས་ཁྱུང་མགོ་ནི་བྱ་འདབ་དང་རྣམ་པ་འདྲ་བ་ལ་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་དང་བཅས་པ་དཔྱངས་པ་ཡིན་ལ༑ མདུན་དུ་སྣམ་བུ་རྣམས་གླང་རྒྱབ་ཀྱི་ཐད་དུ་ཆད་ཅིང་། དེ་ཉིད་ཀྱི་མིག་དབུས་མ་སྣམ་བུ་གསུམ་པའི་ཕྱི་ཐིག་དང་ཚངས་ཐིག་འཛོམ་ནས་སྟེང་དང་གཡས་གཡོན་དུ་ཆ་བྲན་གཉིས་ཟླུམ་པོར་ཕྱིན་ཅིང་སྒྲོམ་གྱི་མ་ཐ་ན་མིག་གཡས་གཡོན་གཉིས་ཆ་བྲན་གཉིས་རེ་བཀྱེད་པ་སྟེ༑ མུ་རན་གྱིས་མཛེས་པར་བསྐོར་བ་སོགས་བྲིས་ཆ་ལ་ཇི་ལྟར་ཡོད་པ་ལྟར་བྱ་ཞིང་། མིག་དབུས་མར་ཆུ་སྲིན་གྱི་ཁ་ལས་དཔྱངས་པའི་དྲ་བ་དྲ་ཕྱེད་དང་། སྒོའི་ཡ་ཕུབས་ཀྱི་རྩིག་པའི་


MLP020_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་བླ་རེས་འབུགས། སྒོ་ཁང་གི་ས་གཞི་དང་བསིལ་ཁང་གི་ནང་རྟ་བབས་འདེགས་བྱེད་ཀྱི་ཀ་གདུང་དང་བཅས་པ་རྣམས་ཕྱོགས་མདོག་ཡིན་ལ། བསིལ་ཁང་སྟེང་གི་དབུས་སུ་པདྨ་དཔངས་ཆ་བྲན་གཅིག་དང་ཞེང་ཆ་བྲན་གཉིས་པའི་སྟེང་དུ་གདུགས་ཀྱི་ཡུ་བ་ཆ་བྲན་གཉིས་པ་བཙུགས་ཤིང་གདུགས་དངོས་ཏོག་བཅས་ལ་ཆ་བྲན་གཅིག་དང་། ཡུ་བའི་དབུས་ནས་མདུན་དུ་ཕྲེང་ལ་གཟེར་བུ་ཏོག་ཅན་བཏབས་པ་ལ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་བཀོན་པ། གཡས་གཡོན་གསེར་ལ་བྱས་པའི་རི་དྭགས་ཕོ་མོའི་གཟུགས་ཏེ། ཕོ་ནི་རྭ་དང་བཅས་པ་དང་མོ་རྭ་མེད་པ། འཁོར་ལོའི་ཐད་ཀའི་བསིལ་ཁང་གི་ནང་དུ་ཅོང་འདོགས་ཤིང་། གཎྜི་དང་རྡོར་དྲིལ་ཡང་གཞག་པར་བྱ་སྟེ། ཆོས་དོན་ལས། ཆོས་ཀྱི་འཁོར་ལོ་གཙོ་བོའི་བརྡའ། །རི་དྭགས་འཁོར་གྱི་བརྡའ་ཡིན་ལ། །ཅོང་ནི་ངེས་དོན་བརྡའ་སྒྲ་ཡིན། །གཎྜི་དྲང་དོན་བརྡ་ཡིན་ཏེ། །རྡོར་དྲིལ་ཐབས་དང་ཤེས་རབ་བརྡའ། །ཞེས་སོ། །དེས་མཚོན་ཏེ་རྟ་བབས་བཞི་མ་ནི་སྒོ་ཚད་གཅིག་ལ་སྣམ་བུ་བཞིར་ཕྱེ་སྟེ། སྣམ་བུ་འོག་མ་གཉིས་སྒོ་ཁང་དང་ཐོག་ཆ་མཉམ་དུ་འབུབས་ཤིང་། གོང་མ་གཉིས་བསིལ་ཁང་དུ་འགྱུར་ལ། གཡས་གཡོན་དུ་སྣམ་བུ་རྣམས་ཆ་བྲན་རེ་རེ་རིམ་པས་བསྐུམ་པ་མ་གཏོགས་འཁོར་མོར་འདོན་གྱི་ཆ་མེད་པས་བྱ་སླ་བར་ཟད་དོ། །བཅུ་གསུམ་པ་སྔར་མ་སྨོས་པའི་རྒྱན་གྱི་ཁྱད་པར་ནི། མདའ་ཡབ་ཀྱི་ཟུར་བཞི་དང་སྒོའི་བསིལ་ཁང་གི་མདུན་ཀ་ནང་མའི་ཕྱི་མཚམས་ཀྱི་ཐད་ཀའི་སྟེང་གཉིས་སུ་དར་ལྕེའི་ཤམ་བུ་དང་བཅས་པའི་གདུགས་དཀར་པོ་རྡོ་རྗེ་རིན་པོ་ཆེའི་ཏོག་ཅན་དང་། མདའ་ཡབ་ཀྱི་ཁོ་ར་ཁོར་ཡུག་དང་། རྟ་བབས་ཀྱི་སྟེང་གི་ཟུར་བཞི་རྟ་བབས་བཞི་མའི་སྣམ་བུ་གཉིས་པ་བརྒྱད་མའི་སྒྲོམ་གྱི་སྣམ་བུའི་མཐའ་གཉིས་སུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་སྒྲེང་བ་སྟེ། རྒྱལ་མཚན་ནི་དབྱུག་པའི་རྩེར་ཏོག་གི་གདན་ཟླུམ་པོ་སྟེང་འོག་ཏུ་རེ་ཁཱའི་བང་རིམ་ཅི་རིགས་པ་དང་བཅས་པའི་སྟེང་དབུས་སུ་རྡོ་རྗེ་རིན་པོ་ཆེའི་ཏོག་བཀྱོན་པའི་ཏོག་གི་གདན་དང་དབྱུག་པའི་མཚམས་ནས་དྲིལ་བུ་དང་བཅས་པའི་དར་དཔྱངས་བཏགས་པ་བྲིས་ཆ་ལ་


MLP020_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཉིད་རླུང་གིས་བསྐྱོད་པས་སུམ་འཁྱོག་ཏུ་ལྡེང་བ་ཡིན་ལ། བ་དན་ནི་དེ་དང་འདྲ་བ་ལས་ཏོག་གི་གདན་མི་དགོས་པ་ཁྱད་པར་རོ། །གཞན་ཡང་རྔམ་གློག་ལས། རྟ་བབས་རྣམས་ཀྱི་རྩེ་མོ་ལས། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་གྱི་སྒྲ་ཡང་སྒྲོག །ཅེས་པས་དབུས་འཕྱུར་བུའི་རྩེ་མོའི་ཏོག་ནས་གསེར་གྱི་ཐི་གུ་མདའ་ཡབ་སྟེང་གི་བ་དན་ལ་དཀྲིས་པ་རྟ་བབས་ཀྱི་རྩེ་མོའི་གདུགས་ཀྱི་བར་དུ་ཐེན་པ་ལས། གསེར་གྱི་དྲིལ་བུ་རླུང་བསྐྱོད་ཅན་གྱི་ཕྲེང་བས་བརྒྱན་པ་དང་། ཕྱི་རོལ་གྱི་རྒྱན་དཔག་བསམ་གྱི་ཤིང་ལ་གནས་པའི་རིན་པོ་ཆེ་བདུན་དང་རྟགས་བརྒྱད་སོགས་ཀྱང་སྤྱི་དང་མཐུན་པར་འགོད་པ་སོགས་དཀྱིལ་འཁོར་གྱི་ཆོས་རྣམས་མ་ཚང་བ་མེད་པས་མཚན་ཉིད་ཀུན་དང་ཡང་དག་པར་ལྡན་པའོ། །བཅུ་བཞི་པ་སྙིང་པོའི་ཕོ་བྲང་ནི། གཞལ་ཡས་ཁང་གི་ནང་གི་གཞི་ཐམས་ཅད་པདྨ་རཱ་གའི་རང་བཞིན་ཅན་དམར་པོ་རྐང་པ་བཏེག་ན་འཕར་ཞིང་མནན་ན་ནེམ་པ་སྙམ་བྱེད་པ་ལ་ཨུཏྤལ་དམར་པོ་གཅལ་དུ་བཀྲམ་པའི་གྲྭ་བཞི་བུམ་པ་བཟང་པོ་ཐོད་པ་བདུད་རྩིས་གང་བས་མཚན་པ། ལྟེ་བ་པདྨ་དམར་པོ་འདབ་མ་གྱེན་དུ་འཕགས་པའི་ཕྲེང་བ་ཡིས་ཟླུམ་པའི་རྣམ་པར་བསྐོར་བའི་དབུས་ཀྱི་གེ་སར་གྱི་རྒྱ་དང་མཉམ་པའི་པདྨ་རཱ་ག་ལས་གྲུབ་པའི་གཞི་ཁོད་སྙོམས་པར་གནས་པའི་དབུས་སུ་རྒྱུའི་ཧྲཱིཿལས་ཨེ་ཡིག་ཟུང་ཆད་པ་ཡོངས་སུ་གྱུར་པ་ལས། འོག་མ་ཤེས་རབ་དང་གོང་མ་ཐབས་མཚོན་པའི་ཆོས་འབྱུང་སྟེ། གཉིས་ཀ་ཟག་པ་མེད་པའི་དབྱིངས་ཀྱི་རང་བཞིན་ཅན། ཕྱི་དཀར་ལ་ནང་དམར་བ་རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་རྒྱས་པ་གྱེན་དུ་བསྟན་པ་ཉིས་བརྩེགས་ཟུར་བསྣོལ་ཞིང་འབྲེལ་བས་ཟུར་དྲུག་ཏུ་སོང་བའི་ནང་གི་བར་སྣང་ལ་དགའ་བ་འཁྱིལ་པ་རེ་རེ་འཁོར་བ་སྟེ། འདི་སྒོམ་པའི་ཚེ་གསལ་ལ་སྒྲིབ་པ་མེད་པས་ཇི་ལྟར་བྱས་ཀྱང་བདེ་མོད་ཀྱི། དེ་ལྟ་ནའང་བློས་བསླང་གི་བཀོད་པ་བཟོ་བ་སོགས་ཀྱི་དུས་བཟོ་ཉེས་འགོག་ཕྱིར་ཆོས་འབྱུང་གི་སུམ་ཆ་གཉིས་ཙམ་གཞལ་ཡས་ཁང་གི་འོག་གཞིར་བྲུས་ཐབས་དང་སུམ་གཅིག་ནང་དུ་འཕགས་པའམ། ཡང་ན་གདན་ཐབས་ལྟ་བུ་བྱས་ཀྱང་རྣམ་པ་གསལ་བ་འགྱུར་ཞིང་ཆོས་འབྱུང་གོང་མའི་དབུས་སུ་ཆགས་པའི་སྐྱོན་དང་


MLP020_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་བའི་པདྨའི་སྡོང་པོ་སྐྱེས་པ་ལས་འདབ་མ་ཕྱོགས་ཀྱི་མདོག་ཅན་བཞི་རྩེ་མོའི་ཆ་ཅུང་ཟད་ནང་དུ་ལངས་པ་གེ་སར་གྱི་ཟིལ་ཕོལ་དང་མཉམ་པར་གྱུར་པའི་དབུས་ཀྱི་གཞིའང་དམར་བའོ། །བློས་བསླང་གི་རྣམ་བཞག་འདི་ནི་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད་ལ་ཟུར་དུ་ཕྱུང་སྟེ་འཇམ་དབྱངས་མཁྱེན་བརྩེའི་དཔེ་མཛོད་ཁང་གི་ལོ་ཆེན་ཉིད་ཀྱི་སྒྱུ་འཕྲུལ་དཀྱིལ་འཁོར་གྱི་རྣམ་བཞག་དག་གི་རྗེས་སུ་ཡོད་པ་ལྟར་འདིར་ཡང་བཀོད་པ་ལགས། །༈ ན་མོ་བཛྲ་ཛྙ་ན་ཌཱ་ཀི་ནྱཻ། དུར་ཁྲོད་བརྒྱད་ཀྱི་བྲི་ཚུལ་མདོར་བསྡུ་ན། ཤར་དུ་དུར་ཁྲོད་བསིལ་བའི་ཚལ་དུ། ཚངས་ཐིག་གི་སྟེང་རི་ལ་གནས་པའི་མཆོད་རྟེན་བདེ་བྱེད་བརྩེགས་པ་དཀར་པོ་བང་རིམ་སོགས་སྤྱི་མཐུན། རུ་དྲའི་སྙིང་། མ་མོ་གཽ་རཱི་མ་སྔོན་མོ་ཁྲོ་མོའི་ཆས་ཅན་གཡས་ཞིང་དབྱུག་དང་གཡོན་བྷན་དམར། དེའི་དྲུང་ཉའི་ཤིང་སྡོང་སེར་པོའི་ལོ་མའི་ཁྲོད་ན་ཞིང་སྐྱོང་རྣམ་ཕྲོ་དཀར་པོ་གླང་པོ་ཆེའི་མགོ་ཅན་གྲི་ཁུག་ཐོད་ཁྲག་ཅན་ཤིང་གསེབ་ནས་ལུས་ཕྱེད་འཐོན་པ། ཕྱོགས་སྐྱོང་བརྒྱ་བྱིན་སེར་པོ་མིག་སྟོང་ཅན་གླང་ཆེན་སྟེ ང་ན་རྡོ་རྗེ་དཀར་པོ་རྩེ་གཅིག་འཛིན་པ་དབང་མོར་བཅས་པ། མཚོ་ནང་དུ་ཀླུ་མཐའ་ཡས་དཀར་པོ་སྦྲུལ་མགོའི་གདེངས་ཀ་ཅན། ཐལ་སྦྱར་སྨད་སྦྲུལ་མཇུག་སྤྲིན་དཀར་པོ་སློབ་དཔོན་ཧཱུྃ་ཀ་ར་ཆོས་གོས་སྣམ་སྦྱར་ཟབ་བེར་ཅན་པད་ཞུ་གསོལ་བ་སོགས་ཨྱོན་ཟ་ཧོར་མ་འདྲ་བ་ལས་ཕྱག་གཉིས་ཐུགས་ཀར་རྡོར་དྲིལ་བསྣོལ་ཐབས་སྟོབས་བཟང་གི་རོ་རྣམས། ༈ ལྷོ་ཕྱོགས་དུར་ཁྲོད་སྐུ་ལ་རྫོགས་སུ། མཆོད་རྟེན་རིན་ཆེན་བརྩེགས་པ་དཀར་པོ། རུ་ཌཱའི་མགོ། གདོང་གཅིག་མཐིང་ནག་རལ་པ་དམར་སེར་ཅན་ཁྲོ་གདོང་མིག་གཉིས་ཡོད་པ༑ མ་མོ་ཙཽ་རི་མ་སེར་མོ་མདའ་གཞུ་འགེང་བ། དེའི་དྲུང་ཤིང་ཙུ་ཏ་སྔོན་པོའི་ཁྲོད་ན་ཞིང་སྐྱོང་མཚོ་བྱད་མ་ཧེའི་གདོང་ཅན་གྲི་ཐོད། ཕྱོགས་སྐྱོང་གཤིན་རྗེ་མཐིང་ནག་ཐོད་དབྱུག་ཅན་མ་ཧེ་ལ་ཞོན་པ་ཆུང་མ་དང་བཅས་པ། མཚོ་ནང་དུ་འཇོག་པོ་སེར་པོ་སྤྲིན་རྣམ་བསྡུད་


MLP020_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྔོ་སྐྱ། སློབ་དཔོན་འཇམ་དཔལ་བཤེས་གཉེན་བེ་ཅོན་དང་སྡིག་འཛུབ་ཅན། འཆི་བདག་གི་རོ་རྣམས་སོ། །༈ ནུབ་ཕྱོགས་དུར་ཁྲོད་པདྨ་བརྩེགས་པར། མཆོད་རྟེན་བདེ་རྒྱས་དཀར་པོ། རུ་ཊཱའི་གློ་བའམ་རྒྱུ་མ་གང་རུང་། མ་མོ་པྲ་མོ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་འཕྱར་བ། ཤིང་ཆེན་ཨ་བ་ཡ་ལི་ཀ ཞིང་སྐྱོང་རོལ་ཆེན་ཆུ་སྲིན་གདོང་། ཕྱོགས་སྐྱོང་ཆུ་ལྷ་དམར་སྐྱ་སྦྲུལ་ཞགས་ཅན་ཆུ་སྲིན་ཞོན་པ་ཆུང་མ་དང་བཅས་པ། མཚོ་ནང་དུ་ཀླུ་དུང་སྐྱོང་དམར་སྐྱ། སྤྲིན་སྒྲོག་མ་འཇིག་དམར་ནག སློབ་དཔོན་ཀླུ་སྒྲུབ་བསེག་པར་སྟོབས་ལྡན་གྱི་རོ་རྣམས་སོ། །༈ བྱང་ཕྱོགས་དུར་ཁྲོད་ལང་ཀ་བརྩེགས་པར། མཆོད་རྟེན་དོན་ཡོད་ཕྲིན་ལས་སྟེར། རུ་དྲའི་མཚན་མ། མ་མོ་བཻ་ཏ་ལཱི་ནག་མོ་གཡས་རྡོ་རྗེ་འཕྱར་ཞིང་གཡོན་བྱི་བམ་ཟ་བ། ཤིང་ཨ་སུ་ཏ་ན། ཞིང་སྐྱོང་དུད་ཁ་ཞེས་བྱ་བ་རྟ་གདོང་ཅན་ལྗང་ཀུ་གྲི་ཐོད། ཕྱོགས་སྐྱོང་གནོད་སྦྱིན་རིན་པོ་ཆེའི་དབྱུག་ཅན་སེར་པོ་རྟ་དམར་ལ་ཞོན་པ་ཆུང་མ་དང་བཅས་པའོ། །མཚོ་ནང་དུ་ཀླུ་སྟོབས་རྒྱས་ལྗང་ཀུ། མྱོས་སྤྲིན་ལྗང་ཀུ། སློབ་དཔོན་པྲ་ཆེན་ཧ་ཏི་རྒྱ་གྲམ་དང་གླེགས་བམ། ལྷ་ཁྱབ་འཇུག་གི་རོ་རྣམས་སོ། །༈ ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་གཏེར་དུ་མཆོད་རྟེན་གཽ་དཱི་ཤན་ཏི། མ་མོ་པུཀྐ་སི་དམར་སེར་བྱིས་རྒྱུ་འདྲེན་པ། ཤིང་ནས་གྲོ་ཏ། ཞིང་སྐྱོང་འབྱུང་པོ་ར་གདོང་ཅན་སེར་པོ། ཕྱོགས་སྐྱོང་མེ་ལྷ་དྲང་སྲོང་རྒན་པ་དམར་པོ་བགྲང་ཕྲེང་དང་སྤྱི་བླུགས་ར་ལ་ཞོན་ཅིང་ཆུང་མར་བཅས་པ་མཚོ་ནང་དུ་པད་ཆེན་སྔོན་པོ། སྤྲིན་སྡུད་བྱེད་དམར་སེར། སློབ་དཔོན་དྷ་ན་སཾ་ཀྲྀ་ཏ་ཐོད་རྔ་དང་པད་ཕོར། དགའ་རབ་དབང་ཕྱུག་རོ་རྣམས་སོ། །༈ ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ་པར། མཆོད་རྟེན་སྐད་གྲགས་ཀ་ནི་ཀ །རུ་དྲའི་ལག་གཡོན། མ་མོ་གྷས་མ་རི་ལྗང་ཀུ་གཡོན་དུང་ཁྲག་གཡས་པའི་རྡོ་རྗེས་དཀྲུག་པ། ཤིང་བཞི་ཁྲི་གསང་ཆེན་འོད། ཞིང་སྐྱོང་སྤྲུལ་བ་མི་གདོང་སྔོན་པོ། ཕྱོགས་སྐྱོང་སྲིན་པོ་སྨུག་ནག་རལ་གྲི་ཅན་མི་ལ་ཞོན་པ་ཆུང་མར་བཅས་པ། མཚོ་ནང་དུ་ཀླུ་ཧུ་ལུ་མུ་སྨུག་པོ། སྤྲིན་གྷ་ན་


MLP020_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ཁྲ། སློབ་དཔོན་བི་མ་ལ་མི་ཏྲ་མཉམ་བཞག་ཚེ་བུམ། ཚོགས་བདག་གི་རོ་རྣམས། ༈ ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ་བར་མཆོད་རྟེན་དགེ་ལྡན་མ་ཧཱ་བྷ། རུ་དྲའི་རྐང་གཡོན་མ་མོ་སྨ་ཤ་མཐིང་ནག་བྱིས་རོ་བཟུང་ནས་དེའི་སྙིང་ཟ་བ། ཤིང་ཏརྫ་མཐིང་ནག ། ཞིང་སྐྱོང་ལྟོ་འཕྱང་ཤ་བའི་མགོ་ཅན་གྲི་ཐོད། ཕྱོགས་སྐྱོང་རླུང་ལྷ་དུད་ཁ་དཀར་མདངས་ཅན་བ་དཎ་འཛིན་ཤིང་ཤ་བ་ལ་ཞོན་པ་ཆུང་མར་བཅས་པ། མཚོ་ནང་དུ་ཀླུ་རིགས་ལྡན་ལྗང་ཀུ༑ སྤྲིན་ཆར་འབེབ་སེར། སློབ་དཔོན་རོམ་བུ་གུ་ཧྱ་ལྕགས་ཀྱུ་ཞགས་པ། བྷྲིང་གིའི་རོ་རྣམས་སོ། །༈ བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས་པར། མཆོད་རྟེན་ཤིང་ཀུན། རུ་དྲའི་རྐང་གཡས། མ་མོ་ཙཎྜ་ལཱི་སེར་སྐྱ་མི་རོ་བཟུང་ནས་སྟོད་སྨད་འབྲེལ་བ་ཤིང་ཏ་ལ་འོད་དམར་མདངས་ཅན། ཞིང་སྐྱོང་དྲེགས་པ་ཅེ་སྤྱང་གདོང་། ཕྱོགས་སྐྱོང་དབང་ལྡན་སེར་པོ་རྩེ་གསུམ་འཛིན་ཞིང་ཆུ་གླང་ལ་ཞོན་པ་ཆུང་མར་བཅས་པ། མཚོ་ནང་དུ་ཀླུ་བ་སུ་དཀར་པོ། སྤྲིན་ཉ་ཆེན་ནག་པོ། སློབ་དཔོན་ཤིནྟིང་གྷརྦྷ་ཐོག་དང་གྲི་གུག །སྨིན་དྲུག་རོ་རྣམས། དེ་ཡང་དུར་ཁྲོད་བརྒྱད་ཀྱི་མཆོད་རྟེན་རྣམས་དཀར་པོ། ཤིང་དང་སྤྲིན་དམིགས་བསལ་མེད་པ་རྣམས་ཇི་ལྟར་རིགས་པ། ཞིང་སྐྱོང་བརྒྱད་པོ་གྲི་ཐོད་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཁ་དོག་གསལ་ཁ་མེད་པ་རྣམས་ཤིང་དང་འདྲ་བ། མ་མོ་བརྒྱད་པོ་ཐོད་སྐམ་ལྔའི་ཅོད་པཎ་ཁྲོ་མོའི་ཆས་སྤྱི་འདྲ་སྤྱན་གསུམ་པ། མཚོ་བརྒྱད་པོ་སོ་སོའི་ཀླུའི་ཁ་དོག་དང་འདྲ། སློབ་དཔོན་བརྒྱད་པོ་ཨོ་རྒྱན་ཟ་ཧོར་མ་དང་ཆ་ལུགས་འདྲ། ཀླུ་བརྒྱད་པོ་སྦྲུལ་མགོའི་གདེངས་ཀ་ཅན་ཐལ་སྦྱར་སྦྲུལ་མཇུག་ཅན། གཞན་ཡང་མེ་བརྒྱད་དང་། ཀེང་རུས། ཐོད་སྐམ། ཐོད་ཚལ། རོ་རངས་པོ་དང་། འཐོར་བ་ལ་སོགས་པ་དང་། སྟག་གཟིགས་དོམ་དྲེད་སོགས་གཅན་གཟན་སྣ་ཚོགས། བྱ་རྒོད་དང་འུག་པ་སོགས་བྱ་རྣམ་པ་སྣ་ཚོགས། རོ་ལང་དང་། ཤ་ཟ་དུ་མས་ཡོངས་སུ་གང་བའོ། །དགེའོ། །རི་བརྒྱད་གསེབ་ནས་དུག་སྦྲུལ་ཆེ་ཆུང་མ་ངེས་པ་ཐོན་ནས་འདུག་གོ །དུག་ཤིང་སྐམ་རྙིང་ཅན་བརྒྱད་འདུག །དུར་ཁྲོད་
བརྒྱད་མཚམས་སུ་མཚོ་རིས་སོ། །དུར་ཁྲོད་བརྒྱད་ཀྱི་ངོས་འཛིན་འདིའི་མ་ཡིག་ལ་དོགས་པ་ཅན་འགའ་འདུག་ཀྱང་མ་ཡིག་གཞན་པ་མ་རྙེད་པས་གནས་སྐབས་རང་སོར་འཇོག་པ་ལས་ཐབས་གཞན་མ་བྱུང་། རྗེས་སུ་དཔེ་གཞན་རྙེད་ན་བསྡུར་བར་བྱའོ། །འདི་ལ་མཛད་བྱང་མི་གསལ་ཡང་འཇམ་དབྱངས་མཁྱེན་བརྩེའི་དཔེ་མཛོད་ནང་ལོ་ཆེན་གྱི་གསུང་གྲས་སུ་བཞུགས་པ་ལྟར་བཀོད་པ་ལགས་སོ། །


previousབློས་བསླང་གི་རྣམ་བཞག་ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་རྣམ་བཤད་ལས་ཕྱུང་བ། ལོ་ཆེན་ཆོས་དཔལ་རྒྱ་མཚོ། next