Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
རཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།
   
   
   
   
   
   
   


 
previousརཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི། next

རཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི།


MLP021_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ་བཞུགས་སོ། །ལོ་ཆེན་དྷརྨ་ཤྲཱི། རཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ་ཞེས་བྱ་བ། ༈ ༀ་སིདྡྷི་རསྟུ། མི་འགྱུར༵་ཟག་མེད༵་ཡེ་ཤེས་ཉིད། །མངོན་གྱུར་རྒྱལ་ཀུན་སྤྲོ་བསྡུའི་བདག །གྲུབ་མཆོག་མཚོ་སྐྱེས་རྡོ༵་རྗེ༵་དང་། །དབྱེར་མེད་དྲིན་ཅན་བླ་མར་འདུད། །འདིར་གཏེར་ཆེན་རཏྣ་གླིང་པས་མཁར་ཆུ་དཔལ་གྱི་ཕུག་རིང་ནས་སྤྱན་དྲངས་པའི་བླ་མ་དྲག་པོའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ལག་ལེན་གྱི་ཁོག་མདོ་ཙམ་ཞིག་འགོད་པ་ལ། སྤྱིར་གུ་རུ་ཞི་བའི་བསྙེན་པ་གང་རེམ་ཞིག་དུས་འདི་ཉིད་དུ་བྱེད་པའམ། སྔོན་བྱས་ཟིན་པ་གང་རུང་གིས་སྔར་སོང་ན་ལེགས་མོད། མ་འབྱོར་ནའང་གསང་སྒྲུབ་ཀྱི་བཟླས་པའི་སྐབས་ཉིད་དུ་ཞི་བར་བསྙེན་ཅིང་ཁྲོ་བོར་སྒྲུབ་པའི་སྔགས་བཟླ་ཐབས་དམིགས་ཕྱེད་པར་གསུངས་པས་ཞི་སྒྲུབ་ལ་སོགས་པ་སྔོན་དུ་མ་སོང་ཡང་སྐྱོན་ཆུང་བ་ཡིན་ལ། གང་ལྟར་ཡང་འདིར་གསང་སྒྲུབ་བླ་མེད་དོན་གྱི་སྙིང་པོའི་གཞུང་བཞིན་བསྙེན་པ་བྱ་བའི་རིམ་པ་ནི། གནས་ཡིད་དང་མཐུན་ཞིང་གློ་བུར་དུ་གྲོལ་དགོས་ཀྱི་རྐྱེན་མི་འབྱུང་བའི་སར་ཕྱི་མཚམས་ཙམ་བཅད་ནས། སྐྱབས་སེམས་ཡིག་བརྒྱའི་སྒོམ་བཟླས་ཅི་ནུས་དང་། འགྲུབ་ན་གྲོགས་གཞན་བསྐུལ་ཏེ༑ གསུང་སྒྲོག ཆུ་གཏོར། སྲོག་བླུ། ཉེའུ་འདོན་པ། སཱཙྪ་འདེབས་པ་སོགས་གནས་ཁང་གཞན་དུའང་རུང་སྟེ་བསགས་སྦྱངས་ཀྱི་རྒྱབ་རིམ་ཅི་འགྲུབ་བསྒྲུབས་པས་བར་ཆད་མི་འབྱུང་ཞིང་དངོས་གྲུབ་མྱུར་དུ་ཐོབ་པའི་དགོས་པ་ཡོད། དེ་ནས་སྒྲུབ་ཁང་གི་ཕྱོགས་ཅི་བདེ་བར་ཁྱད་པར་གྱི་ས་འདམ་ལ་སྟེགས་བུ་བརྩིགས་པའམ་མ་འབྱོར་ན་སྟེགས་ཇི་ལྟར་རིགས་པའི་


MLP021_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་དྲིའི་ཆག་ཆག་བཏབ་ལ། དཀྱིལ་འཁོར་ལྟེ་བ་ཆོས་འབྱུང་ཟུར་མདུན་བསྟན་གྱི་ཕྱིར་ཟླ་གམ་སྒོ་གཅིག་ཐོད་རས་བསྐོར་བ། དེའི་ཕྱིར་ནང་ནས་རིམ་པར་འཁོར་ལོ་རྩིབས་བཞི་དང་བརྒྱད་དང་བཅུ་རྣམས་ཀྱི་མཐར་ཐོད་རས་བསྐོར་ཞིང་། ཁྱམས་སོགས་སྤྱི་དང་མཐུན་པ་བྲི་བའམ་རས་བྲིས་བཀྲམ་ལ། དེའི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཆས་སུ་བཅུག་པ་དང་། མདུན་དུ་སྒྲུབ་གཏོར་རིན་ཆེན་འབར་བའི་དབྱིབས་ཅན། གཡས་སུ་བདུད་རྩིའི་ཐོད་པ་དར་དམར་དང་མེ་ལོང་གི་ཁེབས་ཅན། གཡོན་དུ་སྙིང་པོ་ལྔ་དང་སྦྱར་བའི་མར་གྱི་ཚེ་རིལ་དང་ཚེ་འབྲས་བླུགས་པའི་ཚེ་ཆང་། རྒྱབ་ཏུ་བུ་རམ་དང་སྤོས་སྦྱར་བའི་ཕྱེ་མར་ལ་དངོས་གྲུབ་ཀྱི་རྫས་རིན་ཆེན་འབར་བའི་དབྱིབས་ཅན་ལས་བཞིའི་འབྲང་རྒྱས་དང་བཟའ་བཅའ་སྣ་ཚོགས་ཀྱིས་བསྐོར་བ་ལ་དར་དམར་གྱི་གདུགས་ཕུབ་པ། དཀྱིལ་འཁོར་གྱི་རྒྱབ་བམ་མདུན་གང་རིགས་སུ་འདས་གཏོར་དང་ཆོས་སྐྱོང་སྤྱི་སྒོས་གཏེར་སྲུང་དང་བཅས་པའི་གཏོར་མ། གཡས་གཡོན་དུ་སྨན་རཀ མཐའ་སྐོར་དུ་ཕྱི་ནང་གི་མཆོད་པ། གཞན་ཡང་གསང་བའི་དམ་རྫས་ཁ་ཊྭཱཾ་ཀ ཐོད་རྔ་རྐང་གླིང་རྣམས་ཀྱང་བཤམས། རྟེན་ལ་ཕྱོགས་པར་རང་གི་སྟན་བཏིང་བ་སོགས་བཤམས་བཀོད་རྣམས་གྲུབ་རྗེས། དགོང་ཐུན་ནས་འགོ་འཛུགས་པས་སྟན་ལ་འདུག་སྟེ། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་སྐད་ཅིག་གིས་ཁྲག་འཐུང་པདྨ་དྲག་པོའི་སྐུ་ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གྱུར་པར་བསམས། ཨརྩིག་གི་བཟླས་པ་བརྒྱ་རྩ་ཙམ་བྱས་ལ། གཞི་བདག་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་གཏོར་བསྔོས་ལ། ཧཱུྃ༔ ང་ནི་ཁྲོ་རྒྱལ་འཇིགས་པའི་སྐུ་སོགས་ཀྱིས་བཀའ་བསྒོས་ཏེ་དྲག་སྔགས་ཐུན་བྲབ། གུ་གུལ་གྱིས་བདུགས་པ་སོགས་ཚམ་རྔམ་དང་བཅས་པས་གཏོར་མ་ཕྱིར་དོར་ཞིང་བགེགས་སྐྲོད་ནན་ཏན་དུ་བྱས་ལ། སྒོ་དྲུང་དུ་ཐོ་རྩིག རྒྱལ་པོ་ཆེན་པོ་བཞིར་བསྐྱེད་བསྟིམ་མཆོད་བསྟོད་ཕྲིན་བཅོལ་བརྟན་བཞུགས་རྣམས་བྱ། ནང་དུ་ཞུགས་ནས་སྟན་ལ་འཁོད་དེ། ཧཱུྃ་བདག་ཉིད་འབར་བ་སོགས་ཀྱིས་སྲུང་བའི་འཁོར་ལོ་བསྒོམ། དེང་ཕྱིན་ཆད་མཚམས་དམ་དུ་བཅད། དམིགས་འོག་ཏུ་ཆུག་པ་རྣམས་མ་གཏོགས་ཇི་ལྟར་གལ་ཆེ་


MLP021_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་མི་འཕྲད། ཆས་ཀ་གཏོང་ལེན་སྤང་། དགོང་ཐུན་དེ་ལ་སྔར་གྱི་ཆོ་གའི་འཕྲོས་དམ་བཅའ་ནས་བཤགས་པའི་བར་ལས་བྱང་མེ་རླུང་འཁྱིལ་པ་བཞིན་བྱ། དེ་ནས་དངོས་གཞི་བདག་མདུན་གཉིས་ལས། བདག་བསྐྱེད་ནི། ཧཱུྃ༔ ཆོས་རྣམས་ཆོས་ཉིད་སྤྲོས་དང་བྲལ༔ ཞེས་པ་ནས། ཞི་ཁྲོ་འབར་བའི་ཕོ་བྲང་གསལ༔ བྷྲུཾ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲུཾ༔ ཞེས་པའི་བར་ལས་བྱང་ལྟར་གྱིས། ཏིང་འཛིན་གསུམ་སྔོན་འགྲོའི་གཞལ་ཡས་ཁང་བསྐྱེད་ནས། ལྷ་བསྐྱེད་པ་ནི་སྒྲུབ་ཐབས་ལྟར། བདག་ཉིད་པདྨ་ཉི་ཟླ་བདུད་བཞིའི་སྟེང་དུ་རིག་པ་ཧཱུྃ་གི་ངོ་བོ་ལས་སྐད་ཅིག་གིས་བདག་ཉིད་གུ་རུ་དྲག་པོ། ཞེས་པ་ནས། རུས་པའི་རྒྱན་དྲུག་གིས་སྤྲས་པར་གྱུར། ཅེས་པའི་བར་གྱིས་གཙོ་བོ་ཡབ་ཡུམ་བསྐྱེད། དེ་ལྟར་བདག་ཉིད་མངོན་རྫོགས་རྒྱལ་པོར་གྱུར་པའི་སྐུ་ལ་གོ་ཆའི་ལྷ་རྣམས་གྲུབ་པ་ནི། དབུ་གཙུག་ཏུ་རིགས་བདག་སྣང་བ་མཐའ་ཡས། ཞེས་པ་ནས། གཡས་དབྱུག་ཐོ་གཡོན་སྡིགས་མཛུབ་ཞགས་པ་འཛིན་པར་གྱུར། ཅེས་པའི་བར་གྱིས་གོ་ཆའི་ལྷ་རྣམས་བསྐྱེད་རྗེས། དེ་ལྟར་གསལ་བའི་ཐུགས་ཀའི་ཧཱུྃ་དམར་པོ་བྱེ་རུའི་མདོག་ཅན་ལས་འོད་ཟེར་འཕྲོས། བདེ་ཆེན་དབང་དྲག་འབར་བའི་དཀྱིལ་འཁོར་ནས་དབང་དྲག་པདྨ་དྲག་པོ་ཡབ་ཡུམ་གོ་ཆའི་ལྷ་དང་བཅས་པ་ཐམས་ཅད་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་གཉིས་སུ་མེད་པར་གྱུར་པར་བསམ་མོ༑ ༑དེ་ནས་མདུན་བསྐྱེད་ནི། དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་སྭ་བྷཱ་ཝའི་སྔགས་ལན་གསུམ་བརྗོད་པས་སྦྱངས་ཏེ། ཐམས་ཅད་དག་པ་ཆོས་ཀྱི་དབྱིངས་དམིགས་པ་མེད་པའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་དཀྱིལ་འཁོར་གཞལ་ཡས་ཁང་ཞེས་པ་ནས། གཙོ་བོ་ཡབ་ཡུམ་གོ་ཆའི་ལྷ་དང་བཅས་པ་སྐབས་འདིའི་ཚིག་འཕྲོས། གཡས་དཀར་གཡོན་སྔོ་མན་ཆད་སྔར་གྱི་བདག་བསྐྱེད་བཞིན་བཏོན་པས་བསྐྱེད་པའི་རྗེས་སུ། དེའི་ཕྱིའི་རྩིབས་བཞིའི་ཤར་དུ་རྡོ་རྗེ་དྲག་པོ་རྩལ༔ ཞེས་པ་ནས། ཕྲིན་ལས་བཞི་ལ་མངའ་བརྙེས་པའི་ཚུལ་དུ་གསལ་བར་གྱུར། ཅེས་པའི་བར་གྱིས་བསྐྱེད་ནས། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱས་གནས་གསུམ་དུ་རེག་ཅིང་། དེ་ལྟར་གསལ་བའི་ལྷ་ཐམས་ཅད་ཀྱི་སྤྱི་བོར་ༀ་དཀར་པོ། མགྲིན་


MLP021_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག་རྣམས་ཀྱིས་མཚན་པར་གྱུར། བདག་གི་གནས་གསུམ་དང་མདུན་བསྐྱེད་ཀྱི་གནས་གསུམ་གྱི་ས་བོན་རྣམས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་བདེ་ཆེན་དབང་དྲག་འབར་བའི་དཀྱིལ་འཁོར་ནས་ཡེ་ཤེས་པ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཛཿཧཱུྃ་བྃ་ཧོཿའི་ཕྱག་རྒྱས་སྐད་ཅིག་ལ་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ༔ ཇི་སྙེད་རྒྱལ་བ་འཁོར་དང་བཅས༔ ཞེས་པ་ནས། གུ་རུ་བཛྲ་ཀྲོ་དྷ་བྷ་ག་ཝཱ ན་སརྦ་མ་ཧཱ་གུ་རུ་ས་མ་ཡ་ཛཿ ཞེས་པའི་བར་གྱིས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཐིམ་པས་ཆུ་ལ་ཆུ་འདྲེས་པ་ལྟར་དབྱེར་མེད་དུ་གྱུར་པར་བསམས་ལ། བཞུགས་གསོལ་ནས་བསྟོད་པའི་བར་ལས་བྱང་བཞིན་བྱའོ། །དེ་ནས་བདག་མདུན་གྱི་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པ་རང་རིག་ཀ་དག་གདོད་མའི་མི་ཤིགས་པ་རྡོ་རྗེ་གསུམ་གྱི་རང་བཞིན་དབང་དྲག་རོལ་པའི་དཀྱིལ་འཁོར་གྱི་རྣམ་པར་ཤར་བ་ཐམས་ཅད་ཀྱི་བདག་ཉིད་ངའོ་སྙམ་པའི་ང་རྒྱལ་དང་གསལ་སྣང་བརྟན་པོ་ལ་མཉམ་པར་བཞག་ནས་ཇི་སྲིད་མི་སྐྱོའི་བར་དུ་བསྐྱང་། དེས་སྐྱོ་ན་བཟླས་པ་ལ་འཇུག་སྟེ། བདག་བསྐྱེད་ཀྱི་གནས་གསུམ་གྱི་ༀ་ཨཱཿཧཱུྃ་དཀར་དམར་མཐིང་གསུམ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་གཙོ་བོའི་གནས་གསུམ་དུ་ཐིམ་པས་ཐུགས་མཉེས་པའི་མཆོད་པ་ཕུལ། ཐུགས་དམ་གྱི་རྒྱུད་བསྐུལ། སླར་གཙོ་བོའི་གནས་གསུམ་ནས་མཐུ་དབང་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པས་བདག་གི་གནས་གསུམ་དུ་ཐིམ་པར་བསམ་ཞིང་། གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་ཀྱང་སྔགས་སྒྲ་དིར་དིར་སྒྲོག་པར་མོས་ཏེ། ཐོད་ཕྲེང་ལྟ་བུ་ཤིས་པའི་ཕྲེང་བ་བྱིན་གྱིས་བརླབས་པ་བཟུང་ལ། སྐད་ཆེ་ཆུང་མྱུར་བུལ་སོགས་ཀྱི་སྐྱོན་སྤངས་ཏེ། ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ་ཧྲཱིཿ ཞེས་པ་ཁོ་ན་ཆིག་སྒྲིལ་གྱིས་ཐུན་ཐམས་ཅད་ལ་བཟླ་ཞིང་། ཐུན་འཇོག་ཁར་དབྱངས་གསལ་སྤེལ་ཚིག་ཅན་ལན་གསུམ་ཙམ་བཟླས་ནས། ཐུན་བསྡུ་བ་ནི། བདག་མདུན་གྱི་གོ་ཆའི་ལྷ་རྣམས་རང་རང་གི་གནས་སུ་འོད་དུ་ཞུ་སྟེ་ཐིམ། མདུན་བསྐྱེད་ཀྱི་འཁོར་ལོ་རང་གི་ཐུགས་ཀར་བསྡུས། རང་ཉིད་ཐུགས་ཀའི་ས་བོན་གྱི་བར་རིམ་གྱིས་བསྡུས་ནས་མི་དམིགས་


MLP021_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལས་འོད་གསལ་སྟོང་པ་ཉིད་དུ་གྱུར། དེའི་ངང་ལས་སྐད་ཅིག་གིས་ཆུ་ལས་ཉ་ལྡང་བའི་ཚུལ་གྱིས་རང་ཉིད་བླ་མ་དྲག་པོ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ལངས་པའི་སྐུའི་ཆ་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་བཞུ་བླུགས་སུ་གཡོགས་པས་ཅིས་ཀྱང་མི་ཤིགས་པར་བསམས་ཏེ། ཐུན་མཚམས་ལ་འཇུག ཚུལ་དེས་ཐུན་བཞིར་བཅད་པའི་ཉིན་དང་པོའི་དགོང་ཐུན་དང་། ཉིན་གཉིས་པ་མན་ཆད་ཀྱི་ཐོར་ཐུན་ལ་སྐྱབས་སེམས་སྔོོན་འགྲོས་མཚམས་གཅོད་ནས་དམ་བཅའི་བར་ལས་བྱང་བཞིན་དང་། ཐུན་གཞན་རྣམས་ལ་སྔོན་འགྲོ་སྐྱབས་སེམས་སྲུང་འཁོར་ཙམ་གྱིས་ཆོག དགེ་སྦྱོར་གྱི་ཁྲིགས་ཆག་མེད་ཡོད་ན་ཐུན་མཚམས་གང་འོས་དང་། སྒོས་ཀྱི་གཏོར་འབུལ་སོགས་སྲོད་ཐུན་གྱི་མཇུག་ཏུ་བྱེད། ཉལ་བའི་ཚེ་དཀྱིལ་འཁོར་གྱི་འཁོར་ལོ་མི་དམིགས་པའི་ངང་དུ་བསྡུས་ཏེ་སྙིང་གའི་ཧཱུྃ་ལས་སེམས་རྩེ་གཅིག་པའི་ངང་དུ་ཉལ་བས་གཉིད་ཀྱི་འོད་གསལ་ཟིན་ཞིང་སྲུང་འཁོར་གྱི་དོན་དུའང་འགྱུར། ལར་ནས་ཐུན་བསྡུ་བ་ཐམས་ཅད་ལ་སྲུང་འཁོར་མི་བསྡུ་བའི་འཕེན་པ་གཏོད་པ་ཙམ་རེ་བྱེད་པའང་གནད་ཆེ། ནངས་པར་ལྡང་བའི་ཚེ་ནམ་མཁར་བཞུགས་པའི་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཌཱ་མ་རུ་དང་སྔགས་སྒྲས་བསྐུལ་བས། འོད་གསལ་ལས་སྐད་ཅིག་གིས་ལྷ་སྐུར་ལངས་ཏེ་ཐུན་ལ་འཇུག ཐུན་གྱི་སྐབས་ངག་མ་ཤོར་བ་གལ་ཆེ། ཐུན་མཚམས་སུ་ངག་གྲོལ་ཞིང་བཟའ་བཏུང་དང་སྤྱོད་ལམ་ཐམས་ཅད་ལ་རྣལ་འབྱོར་གྱིས་རྒྱས་ཐེབས་པར་བྱའོ། །དེ་ལྟར་ཐུན་བཞིའི་རྣལ་འབྱོར་གྱིས་ཞི་སྔགས་འབུམ་ཚོ་གཅིག་གསུང་ཡང་ཉིས་འབུམ་ཁ་ལོངས་དང་བཅས་སོང་བའི་དགོང་ཐུན་ནས་ཁྲོ་སྒྲུབ་ཀྱི་བཟླས་པ་ལ་འཇུག་སྟེ། གཞན་སྔར་དང་འདྲ་བ་ལས་བཟླས་པའི་ཚེ་བདག་མདུན་གཉིས་ཀའི་གཙོ་བོའི་ཐུགས་ཀའི་ཕྱག་རྡོར་གྱི་ཐུགས་ཀར་ཧཱུྃ་ཡིག་དམར་པོ་འབར་བ་ལས་སྔགས་ཟློས་པའི་རྐྱེན་གྱིས་བདག་བསྐྱེད་ཀྱི་གཙོ་བོའི་ཐུགས་ཀ་ནས་བཟླ་བྱའི་སྔགས་ཕྲེང་ལུ་གུ་རྒྱུད་ཀྱི་ཚུལ་དུ་བྱུང་བ་ཞལ་ནས་འཐོན། མདུན་བསྐྱེད་ཀྱི་གཙོ་བོའི་ཞལ་དུ་ཞུགས་པས་དགྱེས་པ་བསྐྱེད། ཐུགས་དམ་གྱི་རྒྱུད་བསྐུལ། སླར་སྔགས་ཕྲེང་དེ་ཉིད་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་བྱུང་། བདག་བསྐྱེད་ཀྱི་ཐུགས་ཀར་ཞུགས་


MLP021_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་བདག་གིས་ཐོབ་པར་བསམ་ཞིང་མགལ་མེའི་འཁོར་ལོ་ལྟར་རང་སྒྲ་སྒྲོག་བཞིན་དུ་འཁོར་བ་ལ་དམིགས་པ་གཏད་ནས།ༀ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་ཧཱུྃ་ཧཱུྃ་ཕཊ྄༔ ཨ་ཧཱུྃ་ཧཱུྃ་ཕཊ྄༔ ཅེས་པ་འདི་ཁོ་ན་ཐུན་ཐམས་ཅད་ལ་བཟླས་ཏེ་རབ་བདུན་འབུམ། འབྲིང་སུམ་འབུམ། ཐ་མ་འབུམ་ཚོ་གཅིག་གསུང་ཡང་བདུན་འབུམ་མམ་སུམ་འབུམ་གང་རིགས་ཀྱི་མཐའ་བརྟེན་པ་ཁ་ལོངས་དང་བཅས་སོང་བ་དང་། དེ་ནས་ཐུན་དང་དམིགས་པ་གཞན་འདྲ་བ་ལས། ཁྱད་པར་བཟླས་པའི་ཚེ་བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། མདུན་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ཚ་ཞིང་རྩུབ་པ་གློག་ལྟར་འཁྱུག་པ་ཕྱོགས་བཅུར་འཕྲོས་པས། འཇིག་རྟེན་གྱི་དྲེགས་པ་སྡེ་བརྒྱད་དུག་ལྔའི་རྟོག་ཚོགས་དང་བཅས་པ་རྩྭ་སྦུར་མེས་བསྲེགས་པ་བཞིན་སྦྱངས་པའི་དྭངས་མ། ཨ་ཡ་མ་དུ་རུ་ཙ་ཤ་ནའི་རྣམ་པར་བསྡུས་པ་བདག་བསྐྱེད་ཀྱི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་མཐུ་ཐོབ་པར་བསམས་ནས། རྩ་སྔགས་ཀྱི་ཤམ་བུར། བཛྲ་ཧཱུྃ༔ རཀྴ་ཧཱུྃ༔ ཡཀྴ་ཧཱུྃ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་གནོད་བྱེད་འབྱུང་པོ་མ་ར་ཡ་ཧཱུྃ་ཕཊཿ ཅེས་ཡཀྴ་མེ་དབལ་གྱི་ཤམ་བུར་སྡེ་བརྒྱད་ཀྱི་སྲོག་སྔགས་སྦྲེལ་བའི་ལས་སྔགས་འདི་ཁྲིའམ་ལྔ་སྟོང་ངམ། སུམ་སྟོང་ཙམ་བཟླ་གསུངས་ཏེ་རྩ་སྔགས་བདུན་འབུམ་ཙམ་བཟླས་ན་འདི་ཆིག་ཁྲི་ཆིག་སྟོང་བཟླའོ། །དེ་ལྟར་གཞུང་བཞིན་དུ་ཁྱད་པར་གྱི་རྟགས་རྣམས་བྱུང་བ་མཚན་མའི་བསྙེན་པའམ། ཟླ་དྲུག་མ་ལྟ་བུ་དུས་བསྙེན་དང་། ཐ་ནའང་སྔར་སྨོས་ཀྱི་གྲངས་རྣམས་ཐེམ་ནས་དངོས་གྲུབ་བླང་བའི་བཟླས་པ་ནི། མཆོད་གཏོར་གསར་པ་བཤམས་ཤིང་རྙིང་པ་རྣམས་ཀྱང་གསོ། སྔར་དཀྱིལ་འཁོར་གྱི་རྒྱབ་ཏུ་བཤམས་པའི་དངོས་གྲུབ་ཀྱི་རྫས་ཉིད་མདུན་དུ་རིན་པོ་ཆེའི་གཞོང་པའི་ནང་དུ་བཀོད་ལ་དར་སྣས་གཡོགས་ཏེ་བཞག ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས་བརྩམས་ཏེ། ཆོ་ག་མ་གཞི་སྔར་ལྟར་ལས། བཟླས་པའི་ཚེ། བདག་མདུན་གྱི་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། མདུན་གྱི་


MLP021_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཀྱི་རྫས་རྣམས་ལ་ཕོག དེ་ལས་ཀྱང་མུ་མེད་པའི་འོད་ཟེར་འཕྲོས། མཁའ་ཁྱབ་ཀྱི་རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་བསྐུལ་བས། དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ༀ་དཀར་པོ། ཨཱཿདམར་པོ༑ ཧཱུྃ་མཐིང་གའི་རྣམ་པར་ཆར་བཞིན་དུ་བབས་པ་བདག་དང་སྒྲུབ་རྫས་རྣམས་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་ལ། ༀ་བཛྲ་གུ་རུ་པདྨ་ཀྲོ་དྷ་ཀཱ་ཡ་སིདྡྷི་ༀ། ཝཱཀ྄་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ། སརྦ་སིདྡྷི་ཧྲཱིཿ ཞེས་པ་རབ་ཁྲི་ཚོ་གཅིག་གམ་ཐ་ནའང་སྟོང་ཕྲག་གསུམ་ཙམ་ཞིག་བཟླ། ཐུན་མཚམས་སུ་ཚོགས་གཏོར་དང་བསྐང་བཤགས་ཀྱང་ཅི་འགྲུབ་བྱ། ཁྱད་པར་གྲོལ་རྒྱུའི་སྔ་ཐུན་དེ་ལ་དངོས་གྲུབ་བསྐུལ་བའི་བཟླས་པ་སྔར་བཞིན་རྫོགས་པ་དང་། དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་མདུན་བསྐྱེད་ཀྱི་ལྷར་གསལ་བ་ལ། སྨན་གཏོར་རཀྟ་བཅས་པས་མཆོད་ཅིང་བསྟོད། ཡིག་བརྒྱས་འཁོན་བཅུགས་སྦྱངས་ལ། ཧཱུྃ༔ ཕྱོགས་དུས་རྒྱལ་བ་ཀུན་གྱི་ངོ་བོ་ཉིད༔ ཅེས་སོགས་ཀྱིས་དངོས་གྲུབ་བསྐུལ་བའི་རྗེས་སུ་རྩ་སྔགས་དང་། དངོས་གྲུབ་ལས་སྦྱོར་གྱི་སྔགས་བཟླ་བཞིན་པར། བུམ་པ་དང་སྒྲུབ་གཏོར་སོགས་སྒྲུབ་རྫས་རྣམས་གནས་བཞིར་བཞག་པས། སྒྲུབ་རྫས་ལྷར་གསལ་བའི་གནས་བཞི་ལས་འོད་ཟེར་འཕྲོས་པ་བདག་གི་གནས་བཞིར་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐམས་ཅད་ཐོབ། མཐར་ལྷ་རྣམས་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམས་ཤིང་། བུམ་ཆུ་བཏུང་ཞིང་ཁྲུས་བྱ། གཏོར་ཟན་དང་དངོས་གྲུབ་ཀྱི་འབྲང་རྒྱས། ཚེ་ཆང་སོགས་རྫས་རྣམས་ལ་རོལ། ལྷ་དང་བདག་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངང་ལ་མཉམ་པར་བཞག དེ་ནས་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་འབུལ་ཚོགས་མཆོད་སོགས་ལས་བྱང་ལྟར་རྗེས་ཆོག་རྣམས་དང་། ཁྱད་པར་བདག་མདུན་དཀྱིལ་འཁོར་བསྡུ་ཞིང་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན། ནངས་པར་ཡང་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གཏང་རག་གི་མཆོད་གཏོར་རྒྱས་པར་འབུལ། དེ་ནུབ་ནས་ཁ་སྐོང་གི་ཞི་བའི་སྦྱིན་སྲེག་རིགས་མཐུན་གྱི་ཆོ་ག་གང་རུང་ལ་བརྟེན་ནས་བསྙེན་པའི་བཅུ་ཆའི་གྲངས་ལོངས་བསག་ཅིང་།


MLP021_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་ཐོ་འགྲོལ་བ་དང་བག་བསེང་བ་སོགས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །དེ་ཡང་འདིར་ནི་གསང་སྒྲུབ་ཀྱི་གཞུང་ལ་སྦྱར་བ་སྟེ། གཞན་དུ་ཕྱི་སྒྲུབ་ཁྲོ་འདུས་དང་ནང་སྒྲུབ་རྡོར་ཕྲེང་སོགས་སྒྲུབ་ཐབས་གཞན་ལ་བརྟེན་པར་འདོད་ནའང་བདག་མདུན་སོ་སོར་མི་བྱེད་པ་དང་། མདུན་བསྐྱེད་བུམ་ནང་དུ་བསྒོམ་ཞིང་། བཟླ་བྱའི་སྔགས་དང་བཟླས་དམིགས་ཀྱི་ཁྱད་པར་སོགས་སྒོས་ཆོས་རྣམས་བསྒྱུར་བ་མ་གཏོགས་སྤྱི་ཁོག་འདིས་དབུབ་པས་ཤེས་སླ་བ་ཡིན་ནོ། །ཞེས་རཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ་ཞེས་བྱ་བ་འདི་ཡང་དད་བརྩོན་ཐོས་པའི་ནོར་གྱིས་ཕྱུག་པ་ཏྲེ་བོ་འགྱུར་མེད་སྐལ་བཟང་འཕེལ་རྒྱས་བཟང་པོའི་གསུང་ངོར་དགེ་སློང་རྒན་པོ་དྷརྨ་ཤྲཱིས་ཟིན་བྲིས་སུ་སྤེལ་བའི་ཡི་གེ་པ་ནི་འགྱུར་མེད་ཚུལ་ཁྲིམས་སོ།། །།


previousརཏྣའི་དྲག་དམར་གྱི་བསྙེན་ཡིག་ཉུང་གསལ་སྒྲོན་མེ། ལོ་ཆེན་དྷརྨ་ཤྲཱི། next