Nitartha Digital Library
Tibetan
གསུང་འབུམ་པོད་བརྒྱད་པ། གྲུབ་མཐའ་དང་ས་ལམ་སོགས།


  collapse section
   
   
   
   
   
   
བཞི་པ་ཟད་བྱེད་གཅེར་བུ་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
  expand section
  expand section
  expand section
   
   
   
   
  expand section
   
   
   
   
   
   
  expand section
   
   


 
previousབཞི་པ་ཟད་བྱེད་གཅེར་བུ་པ།next

བཞི་པ་ཟད་བྱེད་གཅེར་བུ་པ།

བཞི་པ་ཟད་བྱེད་གཅེར་བུ་པས།

བཅིང་གྲོལ་གྱི་རྟེན་བདག་གམ་སྲོག་གི་འདོད་ཚུལ་ནི། བསྡུས་རྒྱུད་ལས། སྲོག་ནི་དྲུག་གི་ལུས་ལ་ཆ་ཤས་སོ། །ཞེས་དང༌། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། གེལ་བའི་ཤིང་གི་ལུས་ཚད་ནི། །སྲོག་ཀྱང་རྟག་པ་དེ་ཙམ་འདོད། །ཅེས་དང༌། བླང་དོར་རབ་གསལ་ལས། ཟད་བྱེད་གཅེར་བུ་པ་དག་སྲོག་རྟག་པ། །ལུས་ཀྱི་ཚད་དང་མཉམ་པར་འདོད་མོད་ཀྱི། །ཞེས་ཟད་བྱེད་པ་ལ་གཅེར་བུ་པ་དང་རྒྱལ་བ་པ་དང་མཆོད་འོས་པ་དང་ནམ་མཁའི་གོས་ཅན་པ་ཞེས་ཀྱང་བྱ་ཞིང༌། དེ་དག་སྲོག་ཅན་གྱི་སྡེ་དྲུག་ལ་སྲོག་རྟག་པ་ལུས་ཀྱི་ཚད་དང་མཉམ་པར་འདོད་པའོ། །དེས་ན་བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། མུ་སྟེགས་གཅེར་བུ་པ་ཡང་གང་ཟག་གི་བདག་བེམ་པོར་འདོད་དེ། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་གསུངས་སོ། །དེས་ན་ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ལུས་དེ་ཉིད་སྲོག་དེའོ། །སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ནོ། །ཞེས་པ་སྟེ་དང་པོ་གཅེར་བུ་པ་སྟེ། ཞེས་པ་ནས། གཉིས་པ་གྲངས་ཅན་ཏེ་བདག་ཤེས་པ་དང་ལུས་སྲོག་ཐམས་ཅད་བེམ་པོར་འདོད་པས་སོ། །ཞེས་གསུངས་སོ། །གཅེར་བུ་པའི་འདོད་པ་དེ་དག་མི་འཐད་དེ། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། དུམ་བུར་བྱས་ན་སྲོག་ནི་ཡང༌། །དེ་ནི་མང་དུ་འགྲོའམ་ཅི། །ཞེས་དང༌། བླང་དོར་རབ་གསལ་ལས། དེ་ལྟར་ན་ནི་ལག་པ་ལ་སོགས་པའི། །ཡན་ལག་བཅད་ན་སྲོག་ཀྱང་ཉམས་པར་འགྱུར། ། ལུས་ནི་ཕྲ་སྦོམ་ལ་སོགས་གྱུར་པ་ན། །སྲོག་ཀྱང་དེ་ལྟར་འགྱུར་ན་རྟག་པར་འགལ། །ཞེས་ཁྱོད་ལྟར་ན་ལག་པ་དང་རྐང་པ་ལ་སོགས་པ་ལུས་ཀྱི་ཡན་ལག་བཅད་ན་སྲོག་གི་ཆ་ཤས་ཀྱང་ཉམས་ཤིང་མི་རྟག་པར་འགྱུར་བ་དང༌། ཡང་ལུས་ཕྲ་སྦོམ་དུ་འགྱུར་བ་ན་དེ་དང་མཉམ་པའི་སྲོག་ཀྱང་ཕྲ་སྦོམ་དུ་འགྱུར་དགོས་པ་ལ། དེ་ལྟར་ན་རྟག་པར་འདོད་པ་དང་འགལ་བའི་ཕྱིར་རོ། །ཅི་སྟེ་རང་བཞིན་རྟག་ལ་རྣམ་འགྱུར་མི་རྟག་པས་འགལ་བ་མེད་དོ་ཞེ་ན། རང་བཞིན་དང་རྣམ་འགྱུར་ངོ་བོ་གཅིག་ཡིན་ན་རྟག་མི་རྟག་གཉིས་ཀ་གཞི་གཅིག་ལ་འདུ་བ་འགལ་ཞིང༌། ཐ་དད་ཡིན་ན་རང་བཞིན་མེད་པའི་རྣམ་འགྱུར་ཡང་ཡོད་པར་ཐལ་བ་ལས། དེ་ལྟར་ཡང་མ་ཡིན་ནོ། །ཡང་བླང་དོར་རབ་གསལ་ལས། གཞན་ཡང་བུར་ཤིང་འབྲུ་ལ་སོགས་པ་རྣམས། །རྐང་པས་ཆུ་འཐུངས་ནས་ནི་མེ་ཏོག་དང༌། །འབྲས་བུ་ལ་སོགས་བསྐྱེད་པར་བྱེད་པའི་ཕྱིར། །སྲོག་དང་བཅས་པར་འདོད་པ། ཞེས་གསུངས་པ་ལྟར་འདོད་དོ། །དེ་དགག་པ་ནི། བླང་དོར་རབ་གསལ་ལས། མི་འཐད་དེ། །བུར་ཤིང་དུམ་བུ་དུ་མར་བྱས་པ་ན། །སྲོག་ཀྱང་དུ་མ་ཉིད་དུ་མི་འགྱུར་རམ། །ཞེསུ་བུར་ཤིང་གི་དབྱུག་པ་གཅིག་དུམ་བུ་དུ་མར་བྱས་པ་ན་སྲོག་ཀྱང་དུ་མ་ཉིད་དུ་ཐལ་བར་འགྱུར་རོ། །དེ་ལྟར་ན་སྲོག་རྟག་པ་གཅིག་པུར་འདོད་པ་དང་འགལ་བར་འགྱུར་རོ། །ཡང་བླང་དོར་རབ་གསལ་ལས། ཅི་སྟེ་དུམ་བུ་གཅིག་ལ་སྲོག་བསྐུམས་ནས། །གཞན་རྣམས་སྲོག་དང་ལྡན་པ་མ་ཡིན་ན། །ཞེས་བུར་ཤིང་གི་དབྱུག་པ་རིང་པོ་ལ་ཡོད་པའི་སྲོག་དེ་ཐུང་ངུར་བསྐུམས་ནས་དུམ་བུ་གཅིག་སྲོག་དང་ལྡན་པ་ཡིན་གྱི་གཞན་རྣམས་ལ་སྲོག་མེད་པས་དུ་མར་མི་འགྱུར་རོ་ཞེ་ན། དེ་ལན་དུ་བླང་དོར་རབ་གསལ་ལས། དེ་དག་ས་ལ་བཙུགས་ན་སོ་སོ་ལ། །མྱུ་གུ་ལ་སོགས་སྐྱེ་བར་མཐོང་བའི་ཕྱིར། །དུམ་བུ་གཞན་རྣམས་སྲོག་དང་མི་ལྡན་པར། །འདོད་པའི་དམ་བཅའ་དང་ཡང་འགལ་བར་འགྱུར། །ཞེས་སྲོག་དང་མི་ལྡན་པར་འདོད་པའི་དུམ་བུ་དེ་དག་ལ་ཡང་སྲོག་ཡོད་པར་འགྱུར་ཏེ། དེ་དག་ས་ལ་བཙུགས་པ་ན་ཡང་རྐང་པས་ཆུ་འཐུངས་ནས་མྱུ་གུ་ལ་སོགས་པ་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་བས་ན་ནགས་ཀྱི་ལྗོན་ཤིང་ལ་སོགས་པས་འབྲས་བུ་བསྐྱེད་པ་ནི་སྲོག་ཡོད་པའི་རྒྱུ་མཚན་གྱིས་མ་ཡིན་གྱི། རྒྱུ་རྐྱེན་རྟེན་འབྲེལ་འཚོགས་པ་དངོས་པོའི་རང་བཞིན་ཡིན་ནོ། །འཁོར་བ་ལས་གྲོལ་བའི་ཐར་བ་འདོད་ཚུལ་ནི། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། སྲིད་གསུམ་རྟག་པའི་སྟེང་ནས་ཀྱང༌། །ཐར་བ་གཟུགས་ཅན་ཡོད་པར་འདོད། །ཅེས་དང༌། བླང་དོར་རབ་གསལ་ལས། སྲིད་གསུམ་རྟག་པའི་སྟེང་ན་ཐར་པའི་ཚད། །དཔག་ཚད་འབུམ་ཕྲག་བཞི་བཅུ་རྩ་ལྔ་པ། །གདུགས་ཀྱི་རྣམ་པ་རྟག་པར་འདོད། ཅེས་འཇིག་རྟེན་གསུམ་པོ་འདི་ནི་ཐོག་མ་དང་ཐ་མ་མེད་ཅིང་སྐྱེ་བ་དང་འཇིག་པ་དང་བྲལ་བ་རྡོ་རྗེའི་རང་བཞིན་རྟག་པ་ཡིན་ལ། དེའི་སྟེང་ན། ཁ་བ་རྒྱ་སྤོས་མེ་ཏོག་དང༌། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་བཀན་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་པ་ལྟར་འཁོར་བ་ལས་གྲོལ་བ་བདེ་བའི་གནས་རྟག་པ་ཡོད་པར་འདོད་པའོ། །དེ་དགག་པ་ནི། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། གཟུགས་ཅན་ཡིན་ན་ཕྲ་རབ་རྡུལ། །ཉིད་ལས་གྲུབ་ཕྱིར་རྟག་པ་འགལ། །ཞེས་དང༌། བླང་དོར་རབ་གསལ་ལས། རིགས་པ་མིན་ཏེ་གཟུགས་ཅན་གང་ཡིན་པ། །ཕྲ་རབ་རྡུལ་བསགས་པ་ལས་འབྱུང་བའི་ཕྱིར། །དེ་ཉིད་མི་རྟག་པར་ཡང་ཐལ་པར་འགྱུར། །ཞེས་དེ་ལྟར་འདོད་པ་མི་རིགས་ཏེ། འཇིག་རྟེན་གསུམ་པོ་འདི་ནི་རྡུལ་ཕྲ་རབ་རྣམས་ཀྱིས་བསྐྱེད་པ་ཡིན་གྱི་རྡུལ་ཕྲ་རབ་མེད་པར་ནི་འབྱུང་བ་མ་ཡིན་ལ་དེ་བཞིན་དུ་ཐར་པའང་གཟུགས་ཅན་ཡིན་ན་རྡུལ་ཕྲ་རབ་ཀྱིས་སྐྱེད་དགོས་ལ། གང་རྡུལ་ཕྲ་རབ་ཀྱིས་བསྐྱེད་པ་དེ་ཐམས་ཅད་ནི་མི་རྟག་ཅིང་དུས་ཀྱི་དབང་གིས་འཇིག་པར་འགྱུར་བས་ཐར་པ་གཟུགས་ཅན་རྟག་པ་དང་སྲིད་གསུམ་རྟག་པར་འདོད་པ་ནི་ཤིན་ཏུ་འཁྲུལ་པའོ། །འཁོར་བ་ལས་གྲོལ་བའི་ཐབས་ཀྱི་འདོད་ཚུལ་ནི། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། གངྒཱའི་ཆུ་ནི་འཐུངས་བ་དང༌། །མེ་ལྔ་བསྟེན་ཚད་སྡིག་སྒྲིབ་རྣམས། །དག་པར་འདོད་པའི། ཞེས་གསུངས་པ་ལྟར་འཁོར་བའི་ལས་དཀར་ནག་གཉིས་ཀ་ཟད་བྱེད་ཀྱི་ཐབས་ནི་མེ་ལྔ་བསྟེན་པའི་དཀའ་ཐུབ་དང༌། གངྒཱའི་ཆུ་འཐུང་ཞིང་ཁྲུས་བྱེད་པ་སོགས་ཡིན་པར་རིགས་པས་ན། གངྒཱའི་ཆུ་ནི་འཐུངས་བ་དང་མེ་ལྔ་བསྟེན་ཚད་ཀྱི་འགྲོ་བ་རྣམས་ཀྱི་སྡིག་སྒྲིབ་རྩ་བ་ནས་དག་སྟེ་འཁོར་བའི་ལུས་ཟད་ནས་ཐར་བའི་ལུས་ཅན་གྱི་ངོ་བོར་རོ་གཅིག་པར་འདོད་པ་ཡིན་ནོ། །དེ་དགག་པ་ནི། གྲུབ་མཐའི་རྣམ་བཞག་དོན་གསལ་ལས། མེ་དང་ཆུ་ནི་མི་འཐུང་མེད། །ཅེས་གཅེར་བུ་པ་ཁྱོད་ཀྱི་གྲོལ་བའི་ཐབས་དེ་མི་རིགས་ཏེ། ལུས་ཅན་ཀུན་ཐོག་མེད་ནས་གྲོལ་ཟིན་པར་ཐལ་བའི་ཕྱིར་ཏེ། ཐོག་མེད་ནས་མེས་གདུང་མ་མྱོང་བ་དང་ཆུ་འཐུང་ཞིང་ཆུར་ཞུགས་མ་མྱོང་བ་མེད་པའི་ཕྱིར་རོ། །


previousབཞི་པ་ཟད་བྱེད་གཅེར་བུ་པ།next