Nitartha Digital Library
Tibetan
གསུང་འབུམ་པོད་བཅུ་པ། དྲིས་ལན།


  collapse section
   
   
   
   
   
   
དྲི་བ་དྲུག་པ་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའི་ལན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  collapse section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲི་བ་དྲུག་པ་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའི་ལན།next

དྲི་བ་དྲུག་པ་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའི་ལན།

དྲི་བ་དྲུག་པ་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའི་ལན།

གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའོ། །དེའི་ལན་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་ནི།ཐུན་མོང་བ་ལྟར་ན་ཉོན་སྒྲིབ་སྤངས་པའི་ཐར་བའོ། །ཡང་ན་བྱེ་བྲག་སྨྲ་བས་མྱང་འདས་ཀྱི་དོན་ནི། གཉེན་པོ་བློ་ཤེས་རབ་ཀྱི་སྟོབས་ཀྱིས་རང་གི་སྤང་བྱ་སྤངས་པའི་རྟག་རྫས་སུ་གྲུབ་པའི་ཐར་བར་འདོད་དེ། ཉ་ཊཱིཀ་༤༨ལས། ཁ་ཅིག་མ་ཤི་བའི་དགྲ་བཅོམ་པའི་གང་ཟག་དེ་ལྷག་བཅས་ཀྱི་མྱང་འདས། ཤི་ནས་ལྷག་མེད་ཅེས་ཟེར་བ་ནི་གྲུབ་མཐའ་གང་དང་ཡང་མི་མཐུན་ཏེ་ཉན་ཐོས་བྱེ་བྲག་ཏུ་སྨྲ་པ་ནི་མྱང་འདས་མཚན་ཉིད་པ་རྟག་པའི་རྫས་སུ་འདོད་དེ། ཐར་བ་ནི་རྟག་པ་དང་དགེ་བ་ཡིན་པ་དེའི་ཕྱིར་བླ་ན་མེད་པ་ཡིན་ཞེས་དང༌།ལྡན་པའི་རྫས་ཇི་སྙེད་པ།བྲལ་བའི་རྫས་ཀྱང་དེ་སྙེད་དོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༤༦༦ལས། བྱེ་བྲག་ཏུ་སྨྲ་བ་དགག་བྱ་དང་གྲངས་མཉམ་པའི་དགག་པ་རྫས་གྲུབ་ཏུ་འདོད་ཅིང༌། ཞེས་སོ། །བསྟན་པ་སྤྱི་འགྲེལ་གྱི་རྣམ་བཤད་ལས། གསུམ་པ་འགོག་བདེན་ལ། མངོན་པ་མཛོད་དུ། ཆོས་སྐྱེ་བའི་གེགས་བྱེད་པ་མིན་གྱི་ད་ལྟར་གནས་པའི་གེགས་བྱེད་པ་མི་རྟག་པའི་འགོག་པ་དང༌། དགག་བྱ་སེམས་སེམས་བྱུང་སྐྱེ་བ་ལ་གེགས་བྱེད་ཀྱང་རེ་ཤིག་ཡིན་གྱི་གཏན་དུ་མིན་པ་སྐྱེ་བའི་འགོག་པ་འདུ་ཤེས་མེད་པ་དང༌།སྙོམས་འཇུག་གི་འགོག་པ་སྙོམས་འཇུག་གཉིས་དང༌། དགག་བྱ་ད་ལྟར་དུ་སྐྱེ་བ་ལ་གཏན་དུ་གེགས་བྱེད་པ་སོ་སོར་བརྟགས་མིན་གྱི་འགོག་པ་དང༌། སོ་སོར་བརྟགས་འགོག་སྟེ་ལྔ་ཆར་འགོག་བདེན་མཚན་ཉིད་པར་བྱེ་བྲག་སྨྲ་བ་འདོད་ལ། མདོ་སྡེ་བ་ནི་སོ་སོར་བརྟགས་འགོག་འགོག་བདེན་མཚན་ཉིད་པ་དང༌། གཞན་བཞི་ནི་བཏགས་པ་པར་འདོད་དོ། །ཞེས་བྱེ་བྲག་སྨྲ་པས་དེ་ལྔ་ཆར་འགོག་བདེན་མཚན་ཉིད་པར་འདོད་པར་ཚིག་ཟིན་ལ་གསུངས་ཀྱང་མཛོད་འགྲེལ་བ་འགྲེལ་བཤད་རྣམས་སུ་འགོག་པ་ཡིན་པར་གསུངས་ཀྱང་འགོག་བདེན་ཡིན་པར་གསུངས་པ་མེད་པས་དེ་ལྟར་ཡིན་ནམ་སྙམ་མོ། །མདོ་སྡེ་བས་ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་རྟོག་བཏགས་ཀྱི་ཆོས་སུ་འདོད་དེ། ཉ་ཊཱིཀ་ལས། མདོ་སྡེ་བ་ནི། མྱང་འདས་ནི་སོ་སོར་བརྟགས་འགོག་སྟེ་དེ་ནི་ཉོན་མོངས་ཅི་རིགས་དང་བྲལ་བ་ཙམ་ཡིན་གྱི་རྫས་སུ་མི་འདོད་དོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༤༦༦ལས། མདོ་སྡེ་བ་ནི་གཉེན་པོ་བསྒོམས་པས་སྤང་བྱ་ནམ་མཁའ་འཇའ་ཡལ་བ་ལྟར་གྱུར་བའི་མེད་དགག་ཏུ་འདོད་མོད། ཅེས་སོ། །སེམས་ཙམ་པ་ཡང་དེ་དང་འདྲ་སྟེ། ཉ་ཊཱིཀ་ལས། སེམས་ཙམ་པ་ཡང་དེ་དང་མཐུན་ལ་ས་སྡེར་མྱང་འདས་འདུས་མ་བྱས་སུ་བཤད་དོ། །ཞེས་གསུངས་སོ། །ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་གཉེན་པོ་ལམ་བསྒོམ་སྟོབས་ཀྱིས་ཉོན་སྒྲིབ་སྤངས་པའི་སོ་སོར་བརྟགས་འགོག་དེ་ཐུན་མོང་མ་ཡིན་པའི་མྱང་འདས་མཚན་ཉིད་པའམ་རང་བཞིན་མྱང་འདས་མ་ཡིན་ཏེ། ཟབ་དོན་ཉེར་གཅིག་ལས། གཞན་བདེན་པ་གསུམ་དང་སོ་སོར་བརྟག་འགོག་ལ་ཀུན་རྫོབ་ཀྱིས་ཁྱབ་པར་དོན་ལ་གནས་པས་ལམ་བདེན་མཚན་ཉིད་པ་ལ་ཀུན་རྫོབ་ཀྱིས་ཁྱབ་འགོག་བདེན་མཚན་ཉིད་པ་ལ་དོན་དམ་གྱིས་ཁྱབ། ཅེས་གསུངས་སོ། །ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་མྱང་འདས་ཡང་བྲལ་བ་བློ་ཡིས་ཟད་པའོ། །ཞེས་པ་ལྟར་གཉེན་པོས་ཟད་པ་ཙམ་མ་ཡིན་པར་གདོད་ནས་ཟད་པའི་ཆོས་དབྱིངས་ཞིག་དགོས་ཏེ། གཟུངས་རྒྱལ་ཞུས་པའི་མདོ་ལས། ཟད་པ་གཉེན་པོའི་ཟད་པ་མ་ཡིན་ཏེ། །སྔོན་ནས་ཟད་པའི་དེའི་ཕྱིར་ཟད་ཅེས་བྱ། །ཞེས་དང༌། རྒྱུད་བླ་མ་ལས།རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་དང༌། ཐེག་ཊཱིཀ་༩༩ལས། འདི་ནི་མྱང་འདས་ཀྱི་གཙོ་བོར་གཉིས་མེད་ཡེ་ཤེས་ཀྱི་རང་བཞིན་མྱང་འདས་ཡིན་པར་སྟོན་ཏེ། རང་བཞིན་གྱི་སྤངས་རྟོགས་མཐར་ཐུག་པ་ཆོས་སྐུ་ཉིད་རང་བཞིན་མྱང་འདས་ཡིན་ཞིང་དེ་ཉིད་མྱང་འདས་གོ་ཆོད་པོ་ཡིན་གྱི་གློ་བུར་དྲི་སྤངས་ཀྱི་མྱང་འདས་ནི་མྱང་འདས་བཏགས་པ་བ་ཡིན་ཏེ། ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༤༦༦ལས།འདིར་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་དག་པ་གློ་བུར་གྱི་དྲི་མས་དག་ནས་དག་པ་གཉིས་ལྡན་དུ་གྱུར་པ་སྟེ། ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །སྒྲིབ་གཉིས་དག་པའི་མཚན་ཉིད་དེ། །ཞེས་དང༌། མཚལ་མིན་པའི་ཆོས་དབྱིངས་བསྟོད་པའི་རྣམ་བཤད་༢༢༤ལས། མྱང་འདས་མཚན་ཉིད་པ་མ་ཡིན་ཏེ།རྒྱུད་བླར། ཇི་སྲིད་སངས་རྒྱས་མ་ཐོབ་པ། །དེ་སྲིད་མྱང་འདས་མི་ཐོབ་སྟེ། ཞེས་སོགས་གསུངས་སོ། །ལྷག་བཅས་ལྷག་མེད་མྱང་འདས་ཀྱི་དོན་ནི། རིམ་བཞིན་རྒྱུད་དབང་བཙན་པའི་དབང་དུ་བྱས་ནས་རང་རྒྱུད་ལ་ལྡན་པའི་གང་ཟག་སྡུག་བདེན་གྱི་རྣམ་སྨིན་ཕུང་པོའི་ལྷག་མ་དང་བཅས་པའི་དམན་པའི་མྱང་འདས་དང་དེ་དང་མ་བཅས་པའི་དམན་པའི་མྱང་འདས་དེ་ཡིན་ཏེ། ཕར་ཕྱིན་མདོ་ལུགས་མ་ལས། ཉན་རང་དེ་དག་གི་ལུགས་ནི་ཚེ་ཕྱི་མའི་ཕུང་པོ་སྐྱེད་པའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་སྤངས་ཀྱང་སྔ་མའི་ལས་ཉོན་གྱི་འབྲས་བུ་ཚེ་འདིའི་ཕུང་པོ་མ་སྤངས་པ་ནི། ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ། ཟད་དུ་ཉེ་བའི་དངོས་པོ་ལ་ལྷག་མ་ཞེས་པ་བཞིན་ནོ། །དེ་ཉིད་ཚེའི་དུས་བྱས་པ་ན་སྔ་མའི་ལས་ཉོན་གྱི་འབྲས་བུ་སྡུག་བསྔལ་སྤངས་པའི་ཕྱིར་ཕུང་པོ་ལྔ་ཟད་པ་ནི། ལྷག་མ་མེད་པའི་མྱ་ངན་ལས་འདས་པའོ། །ཞེས་དང༌། ཉ་ཊཱིཀ་༤༡ལས། དེ་ཡང་ཕྱི་མའི་ཕུང་པོའི་རྒྱུ་ཉོན་མོངས་པའི་ཀུན་འབྱུང་སྤངས་ཀྱང་སྔ་མའི་ལས་ཉོན་གྱི་འབྲས་བུ་ཚེ་འདིའི་སྡུག་བསྔལ་གྱི་ཕུང་པོ་མ་སྤངས་པའི་མྱང་འདས་དེ། ཐེག་དམན་གྱི་ལྷག་བཅས་ཀྱི་མྱང་འདས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། མ་འགགས་པ་ཡི་ལུས་ཀྱིས་སུ། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ན་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་བཞིན། །ཞེས་སོ། །འཇིག་རྟེན་ན་ཡང་ཟད་དུ་ཉེ་བའི་དངོས་པོ་ཐ་མ་ལ་ལྷག་མ་ཞེས་བརྗོད་ཅེས་ཆོས་བཤེས་སོ། །དཔེར་ན་དམག་གིས་ཆོམ་རྐུན་ཐམས་ཅད་བསད་ནས་གྲོང་མ་བཤིག་པ་ལྟ་བུའོ། །ཐེག་དམན་དགྲ་བཅོམ་པ་དེ་ཉིད་ཚེའི་དུས་བྱས་པ་ན་སྔ་མའི་ལས་ཉོན་གྱི་འབྲས་བུ་སྡུག་བསྔལ་ཡང་སྤངས་པའི་མྱང་འདས་ནི། ཐེག་དམན་གྱི་ལྷག་མེད་མྱང་འདས་ཏེ། སྔ་མ་དེ་ལས། གང་ན་ལུས་ཞིག་ཚོར་བ་འགགས། །འདུ་བྱེད་ཉེ་བར་ཞི་བ་དང༌། །འདུ་ཤེས་ཐམས་ཅད་བྲལ་གྱུར་ཅིང༌། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་སོ། །དཔེར་ན་དམག་གིས་གྲོང་ཡང་བཤིག་པ་ལྟ་བུའོ། །ཞེས་གསུངས་སོ། །དེ་དག་གི་གསུངས་ཟིན་ལྟར་ན་ལྷག་མེད་མྱང་འདས་ཐོབ་པ་ལ་ལྷག་བཅས་པ་དེ་ཚེ་འཕོས་དགོས་སམ་ཅི། དགོས་ན་ཉ་ཊཱིཀ་ལས། བར་འདའ་བ་ཚེ་མ་རྫོགས་པར་མྱུར་ཏུ་ལྷག་མེད་དུ་འདའ་སྟེ། ཞེས་དང༌། སྐྱེ་འདའ་བའི་སྐབས་དེ་ལས། ཚེ་རྫོགས་ནས་འབད་མེད་དུ་ལྷག་བཅས་ལྷག་མེད་དུ་འདའ་བ་སྟེ། ཞེས་གསུངས་པ་དང་སྒྲས་ཟིན་དང་འགལ་ལ། ཚེ་འཕོས་མི་དགོས་ན་མདོ་ལུགས་མ་དང་ཉ་ཊཱིཀ་རང་ལས་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་གསུངས་པ་དང་ཚིག་ཟིན་འགལ་བར་སྣང་བས་འགལ་བ་ཡོད་མེད་དཔྱད་དགོས་སོ། །ལྷག་བཅས་ལྷག་མེད་ཀྱི་སྐབས་སུ་བསྡུ་བ་ལས། ཕུང་པོ་ལྷག་མ་དག་བཅས་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་གནས་པ་ལ་ནི་སྒྲིབ་པ་དང་སྒྲིབ་པ་མེད་པའི་རྣམ་པར་བཞག་པ་དག་ཡོད་ཀྱི། ཞེས་དང༌། ཕུག་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིགས་ལ་གནས་པ་ལ་སྒྲིབ་པའི་རྣམ་པར་བཞག་པ་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། མཚན་མ་དང་གནས་ངན་ལེན་ཐམས་ཅད་རྒྱུན་ཆད་ཅིང་འགག་པའི་ཕྱིར། ཞེས་དང༌། དེ་བཞིན་གཤེགས་པ་བཞིན་དགྲ་བཅོམ་པ་ལ་སྒྲིབ་པ་མི་མངའ་ན། ཅིའི་ཕྱིར་དེ་བཞིན་གཤེགས་པའི་མཛད་པ་མི་མཛད་ཅེ་ན། སྔོན་གྱི་སྨོན་ལམ་གོམས་པར་མ་བྱས་པ་དང༌། དམན་པའི་རིགས་ཅན་ཉིད་ཡིན་པ་དང༌།སླར་ལངས་པའི་བསམ་པ་མེད་པ་ཁོ་ནས་ཡོངས་སུ་མྱ་ངན་ལས་འདའ་བས་དེའི་ཕྱིར་མི་མཛད་དོ། །ཞེས་གསུངས་པའི་དགོངས་པ་ནི། མདོ་སྡེ་བ་སོགས་ཀྱི་འདོད་པ་དང་བསྟུན་ནས་བཤད་པར་སྣང་སྟེ། ཉ་ཊཱིཀ་སྐབས་གཉིས་པ་ལས། བསྡུ་བར། ལྷག་བཅས་ཀྱི་རྟེན་དེ་ཉིད་ཀྱིས་ཚེ་བསྲིང་ནས་ཐེག་ཆེན་དུ་འཇུག་གི་ལྷག་མེད་དུ་ཞུགས་ནས་མིན་པར་བཤད་པ་ནི་དགྲ་བཅོམ་ཤི་ནས་སྐྱེ་བ་མི་ལེན་པར་མདོ་སྡེ་བ་སོགས་འདོད་པ་དང་བསྟུན་པ་ཁོ་ན་ཡིན་པས་དབུ་མ་པའི་རང་ལུགས་སུ་འཆད་པ་ནི་སྙིང་རྗེའི་གནས་ཡིན་ནོ། །ཞེས་གསུངས་སོ། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་གཉིས་མྱང་འདས་མཚན་ཉིད་པ་ཡིན་ནམ་ཞེ་ན།ཐུན་མོང་བའི་དབང་དུ་བྱས་ན་མྱང་འདས་མཚན་ཉིད་པ་དང༌། ཐུན་མོང་མ་ཡིན་པའི་དབང་དུ་བྱས་ན་དེ་མཚན་ཉིད་པ་དང་མཐར་ཐུག་གི་མྱང་འདས་མ་ཡིན་པར་སྣང་སྟེ། གོང་དུ་དྲང་བའི་ལུང་དུ་མ་དང༌། ཉ་ཊཱིཀ་༢༤༢ལས། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་ཉམས་སྨད་པས་འགོག་པའི་འགོག་པ་བརྡའི་འགོག་པ་སྟེ། རྗེས་མཐུན་པ། འཕགས་པའི་ཤེས་རབ་ཀྱིས་ས་བོན་ཅི་རིགས་པར་བཅོམ་པའི་འགོག་པ་དོན་དམ་པའི་འགོག་པ་སྟེ་མཚན་ཉིད་པ་གཉིས་དང༌། ཞེས་དང༌། དེ་དག་ནི་ཐུན་མོང་བ་དང་བསྟུན་པའོ། །ཐུན་མོང་མ་ཡིན་པའི་ལུགས་ཀྱི་འགོག་བདེན་མཚན་ཉིད་པ་རང་བཞིན་རྣམ་དག་གི་ཆོས་ཉིད་གཙོ་ཆེའོ། །ཞེས་དང༌། ས་བཟང་གི་ཀུན་བཏུས་འགྲེལ་བ་༤༦༧ལས། ལས་དང་ཉོན་མོངས་པ་སྤངས་པ་ལས་ཐོབ་པར་བྱ་བ་འགོག་པའི་བདེན་པ་གང་ཞེ་ན། ཐུན་མོང་གི་རྣམ་བཞག་མདོར་བསྟན་པ། ཞེས་པ་ནས། སྤང་བྱའི་ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་དང༌།ཐུན་མོང་མ་ཡིན་པ་ཁྱད་པར་འཕགས་པ་དང༌། མིང་གི་རྣམ་གྲངས་ཀྱི་འགོག་པའི་བདེན་པ་བསྟན་པར་རིག་པར་བྱའོ། །ཞེས་དང༌། དེ་༤༧༤ལས། ཅིའི་ཕྱིར་འགོག་པའི་མཚན་ཉིད་ཅེས་བྱ་ཞེ་ན། སྡུག་བསྔལ་འབྱུང་བའི་ཉོན་མོངས་པ་རྣམས་དང་བྲལ་བའི་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་༨༥ལས། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ཟབ་མོ་རྣམས་སུ་འདུས་མ་བྱས་ཐོབ་པར་གྱིས་ཤིག་ཅེས་གསུངས་པ་དེ་རྣམས་ནི་དོན་དམ་ཆོས་ཀྱི་དབྱིངས་ཁོ་ན་ཡིན་གྱི་གཞན་དངོས་པོ་མེད་པ་ནི་ནམ་མཁའ་དང་འགོག་པ་གཉིས་ལ་སོགས་པ་རྣམས་ནི་མེད་པའི་ཕྱིར་ཐོབ་མ་ཐོབ་ཀྱི་རྣམ་བཞག་གང་ཡང་མི་འབྱུང་བས་མེད་པ་ལ་ཅི་ཞིག་ཐོབ་པར་འགྱུར་ཏེ་མེད་ཅེས་པའོ། །འཁྲུལ་ངོས་བཏགས་ཆ་ཞིག་ཐོབ་ཀྱང་དགོས་པ་མེད་དོ། །ཞེས་དང༌། ཡང་དེ༩༢ལས། དོན་དམ་པའི་འགོག་པ་ནི་འགོག་བདེན་ཡིན་གྱི་དེ་ལས་གཞན་སོ་སོར་བརྟག་འགོག་སོགས་ནི་འགོག་བདེན་དངོས་མ་ཡིན་ནོ། །ཞེས་གསུངས་སོ། །མདོ་ལུགས་མ་༡༤ལས། མྱ་ངན་འདས་ཀྱང་ཕུང་པོའི་ལྷག་མ་དང་བཅས་པ་དང༌། ཕུང་པོའི་ལྷག་མ་མེད་པ་གཉིས་ལས། ཞེས་དང༌། ལམ་རིམ་བདུད་རྩིའི་ཉིང་ཁུ་༤༧ལས། སྐྱེས་བུ་འབྲིང་དང་ཐུན་མོང་གི་བསམ་པ་སྦྱང་བ་ལ་འཁོར་བའི་རྒྱུ་འབྲས་བསམ་པ་དང༌། ཐར་བའི་རྒྱུ་འབྲས་བསམ་པའོ། །ཞེས་དང༌། ཁམས་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ཟད་པའི་མཐའ་དྲི་མ་མེད་པར་གནས་པ་ལ་ཐར་བ་ཞེས་བྱ་སྟེ། ཞེས་དང༌། སྐབས་འདིར་འབྲས་བུ་ཞི་བ་མྱང་འདས་ཐུན་མོང་བའི་རྣམ་བཞག་དང༌། ཞེས་སོགས་གསུངས་པ་ལ་དཔྱད་པར་བྱའོ། །ཡང་མྱང་འདས་མཚན་ཉིད་པ་ལ་ཆོས་དབྱིངས་དགོས་ན་ཉན་ཐོས་སྡེ་གཉིས་སོགས་ཀྱི་མྱང་འདས་ཁས་ལེན་ནམ་ཅི། མི་ལེན་ན་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་མི་ལེན་ནམ་དཔྱད་དགོས་སོ། །དེ་ཁས་མི་ལེན་པ་མི་འཐད་དེ། འཇམ་དཔལ་གྲགས་པས། གྲུབ་མཐའ་གང་ཞིག་ཆོས་སོགས་ཀྱི་ཚིགས་བཅད་སངས་རྒྱས་ཕྱག་རྒྱས་བཏབ། །ཅེས་སོ། །བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ནི། བྱང་ཆུབ་སེམས་པའི་སྡེ་སྣོད་ལས། དེ་བཞིན་གཤེགས་པའི་ཆོས་ཐམས་ཅད་མདོ་བཞིར་འདུས་པར་བྱ་སྟེ།འདུས་བྱས་ཐམས་ཅད་མི་རྟག་པ་དང༌། འདུ་བྱེད་ཐམས་ཅད་སྡུག་བསྔལ་བ་དང༌། ཐམས་ཅད་བདག་མེད་པ་དང༌། མྱ་ངན་ལས་འདས་པ་ཞི་བའོ། །ཞེས་སོ། །དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་པར་གསུངས་བའི་ཚིག་ཟིན་དུ་མ་ཡོད་དེ། ཉ་ཊཱིཀ་༤༧ལས། ལྷག་བཅས་ཀྱི་དགྲ་བཅོམ་ཆོས་ཅན། ཁྱོད་ཀྱི་སྡུག་བདེན་རྒྱུ་མེད་དུ་ཐལ་ཏེ། ཁྱོད་ཀྱིས་ཀུན་འབྱུང་སྤངས་པས་སོ་ཞེ་ན། རྟགས་མ་གྲུབ་སྟེ། ལས་ཀྱི་ཀུན་འབྱུང་མ་སྤངས་ཤིང་དེས་དེའི་རྒྱུད་ཀྱི་སྡུག་བསྔལ་ཅི་རིགས་བསྐྱེད་དོ། །སྤྱོད་འཇུག་ཏུ། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །ཞེས་ཏེ་དགྲ་བཅོམ་པ་སྒུར་ཆུང་དང་ཆར་ཀ་སོགས་དཔེར་བྱའོ། །ཡང་ན་དེའི་སྔར་གྱི་ལས་ཉོན་གྱིས་སྡུག་བསྔལ་གྱི་ཕུང་བོའི་རྒྱུན་ཚེ་འདིར་འཕངས་ཤིང་བསྐྱེད་ནས་དེ་སྤོང་བར་མི་འདོད་པས་རྒྱུན་གྱིས་འཇུག་སྟེ་ཕྱིས་རིགས་འདྲ་སྔ་མ་སྔ་མས་ཕྱི་མ་ཕྱི་མ་སྐྱེད་པས་རྒྱུ་མེད་དུ་མི་འགྱུར་རོ། །རྣམ་འགྲེལ་ལས། འཕངས་ལ་ལྡོག་འདོད་མེད་ཕྱིར་རོ། །ཞེས་དང༌། འགྲེལ་བཤད་དོན་གསལ་ལས། དགྲ་བཅོམ་པ་དག་ལ་སོ་སོ་སྐྱེ་བོའི་གནས་སྐབས་ན་བྱས་པ་ཡང་སྲིད་པའི་ལས་དགེ་བའམ་མི་དགེ་བ་མ་ངེས་པ་དག་ནི་མེད་པ་མིན་མོད་ཀྱི་ཕྲ་རྒྱས་མེད་པའི་ཕྱིར་དེ་དག་གིས་སྲིད་པ་མངོན་པར་འགྲུབ་པར་མི་ནུས་སོ། །ཞེས་དང༌།རྣམ་འགྲེལ་འགྲེལ་བཤད་རིན་ཆེན་ཕྲེང་བ་༡༢༤ལས། ལས་ཆོས་ཅན། འཁོར་བའི་སྡུག་བསྔལ་དྲག་པོའི་དངོས་རྒྱུ་མིན་ཏེ། ཁྱོད་རྒྱུད་ལ་ཡོད་ན་སྐྱེས་བུ་འཁོར་བ་པར་སྐྱེ་བའི་ངེས་པ་མེད་པའི་ཕྱིར། དགྲ་བཅོམ་པའི་ལས་བཞིན། ཞེས་དང༌། ༡༢༥ རང་གི་སྔོན་གྱི་ལས་ཀྱི་ནུས་པ་ཕུང་པོའི་རྒྱུན་རེ་ཞིག་གནས་པ་ཡིན་པའི་ཕྱིར། སྔོན་གྱི་ལས་ཀྱིས་འཕ༷ངས་བའི་ཕུང་པོའི་རྒྱུན་འཁོར་བར་གནས་པ་དེ་ལ༷་ལྡོ༷ག་པ་སྟེ། འདོར་འདོ༷ད་མེ༷ད་པར་བཏང་སྙོམས་སུ་མཛད་པའི་ཕྱི༷ར། གལ་ཏེ་ཆགས་བྲལ་ལས་ཀྱིས་གནས་ན་ཡང་སྲིད་པར་འཚམས་སྦྱོར་བར་འགྱུར་རོ་ཞེ་ན། སྲི༷ད་པ༷འི་སྲེ༷ད་ལ༷ས་རྣ༷མ་པར་རྒ༷ལ་བ༷འི་དགྲ་བཅོམ་ཆོས་ཅན། ཡང་སྲིད་པ་གཞ༷ན་དུ་འཁོར་བ་པར་འཕེ༷ན་ནུ༷ས་པའི་ལས་ཡོད་པ་མིན༷་ཏེ། དེར་འཕེན་པའི་ལྷ༷༷༷ན་ཅིག་བྱེ༷ད་པ༷༷་ལོག་སྲེད་ཟ༷ད་པའི་ཕྱི༷ར། ཞེས་གསུངས་སོ། །ཡང་རྣལ་འབྱོར་སྤྱོད་པའི་ས་ལས། རྒྱུན་དུ་ཞུགས་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ་གང་ཡང་རུང་བ་དང༌། རིལ་གྱིས་སྤོང་བ་ནི་མ་ཡིན་ནོ། །ཕྱིར་མི་འོང་བས་ཡན་ལག་དུ་ཞིག་སྤོང་ཞེ་ན། འདོད་པ་ན་སྤྱོད་པ་ཐམས་ཅད་དོ། །དགྲ་བཅོམ་པས་ཡན་ལག་དུ་ཞིག་སྤོང་ཞེ་ན། ཁམས་གསུམ་ན་སྤྱོད་པ་ཐམས་ཅད་དོ། །ཞེས་དགྲ་བཅོམ་པས་ཁམས་གསུམ་ན་སྤྱོད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྤངས་པ་ལྟ་བུར་གསུངས་པ་ལ་དཔྱད་རྒྱུ་ཅུང་ཟད་སྣང་ངོ། །ཡང་སྤྱོད་འཇུག་ཏུ། ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །རེ་ཞིག་ཉེར་ལེན་སྲིད་པ་ནི། །མེད་ཅེས་ངེས་པ་ཡིན་ཞེ་ན། །སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། །སྟོང་ཉིད་དང་ནི་བྲལ་བའི་སེམས། །འགགས་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །ཞེས་པའི་དོན་སྤྱོད་འཇུག་ས་འགྲེལ་ལས་གསུངས་ཚུལ་ནི། དེ་༢༩༥ལས། ལས་ཀྱིས་གནོད་པའི་ཉེས་པ་ནི། སྟོང་ཉིད་མ་མཐོང་ཡང་བདེན་པ་མཐོང་བ་ན་ཉོན་མོངས་པ་སྤངས་པས་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་མྱ་ངན་ལས་འདས་པ་ཐོབ་པོ་སྙམ་ན། དེ་ལྟ་ན་ཉོན་མོངས་པ་སྤངས་ནས་དགྲ་བཅོམ་པ་ཐོབ་པ་དེའི་དེ་མ་ཐག་ཏུ་སྡུག་བསྔལ་མཐའ་དག་ལས་རྣམ་པར་གྲོལ་བ་དེར་ཐལ་བར་འགྱུར་རོ། །འདོད་པར་ནི་མི་ནུས་ཏེ་སྟོང་ཉིད་མཐར་ཐུག་མ་མཐོང་ན་ཉོན་མོངས་པ་སྤངས་ནས་མེད་ཀྱང་ཐེག་དམན་གྱི་དགྲ་བཅོམ་པ་དེ་དག་ལ་སྔོན་གྱི་མི་དགེ་བའི་ལས་ཀྱི་ནུས་པ་སྨིན་པས་སྡུག་བསྔལ་མྱོང་བར་མཐོང་བ་ཡིན་ཏེ། ཨུ་དྲ་ཡ་ནས་དགྲ་བཅོམ་པ་ཐོབ་ཀྱང་གྲོང་ཁྱེར་སྒྲ་སྒྲོགས་པ་རྣམས་ཀྱིས་བཀྲོངས་པའི་འོ་བརྒྱལ་མྱོང་བ་ལྟ་བུའོ། །སྲིད་པ་གནས་པའི་ཉེས་པ་ནི། རེ་ཞིག་དང་པོ་ཉོན་མོངས་པ་སྤང་མ་ཐག་ཉིད་དུ་སྡུག་བསྔལ་ལས་མ་གྲོལ་ཡང་སྐུ་ཚེའི་འདུ་བྱེད་བཏང་བ་ན་གྲོལ་འགྱུར་ཏེ་དེ་དག་ལ་ཡང་སྲིད་ཉེ་བར་ལེན་པའི་རྒྱུ་ཕུང་པོ་ལ་སྲེད་པ་ནི་མེད་ཅེས་བྱ་བར་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེ་ན། ཐེག་དམན་འཕགས་པ་ལ་ཡོད་པའི་སྲེད་པ་འདི་དག་ཀུན་བརྟགས་ཉོན་མོངས་ཅན་མིན་ན་ཡང་ཉོན་མོངས་པ་ཅན་མ་ཡིན་པའི་ཀུན་ཏུ་རྨོངས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཡོད་པ་བཞིན་དུ་ཅི་སྟེ་མེད་དེ་དེ་དག་གི་རྒྱུད་ལ་ཡོད་པ་ཉིད་དོ། །དེའི་རྒྱུ་མཚན་ཡང་སྟོང་ཉིད་མ་མཐོང་ན་དངོས་པོར་འཛིན་པ་དང་བཅས་པས་བདེ་སྡུག་གི་ཚོར་བ་ཉམས་སུ་མྱོང་བའི་རྐྱེན་གྱིས་བླང་དོར་གྱི་སྲེད་པ་འབྱུང་བ་ཡིན་ལ། དངོས་འཛིན་དང་བཅས་པའི་ཚོར་བ་ནི་འཕགས་པ་དེ་དག་ལ་ཡང་ཡོད་པས་རྒྱུ་ཚང་ན་འབྲས་བུ་བཟློག་པར་མི་ནུས་པའི་ཕྱིར་རོ། །སླར་ཡང་ལྡོག་པའི་ཉེས་པ་ནི།སྟོང་ཉིད་ཟབ་མོ་མ་རྟོགས་ན་དམིགས་པ་རྣམས་ལ་བདེན་པའི་དངོས་པོར་ཞེན་པ་དང་ནི་བཅས་པའི་སེམས་ཐེག་དམན་འཕགས་པ་འགའ་ཞིག་ལ་ནི་ཡུན་རིང་དུ་གནས་པར་འགྱུར་ལ། སྟོང་པ་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བའི་སེམས་རྣམ་པར་ཤེས་པའི་ཚོགས་ནི་ཞི་གནས་ཅུང་ཟད་ལ་བརྟེན་ནས་རེ་ཞིག་མངོན་གྱུར་འགགས་ཀྱང་ས་བོན་མ་སྤངས་པས་སླར་ཡང་སྐྱེ་ཞིང་ལྡོག་པར་འགྱུར་ཏེ། དཔེར་ན་འདུ་ཤེས་མེད་པའི་སྙོམས་འཇུག་ལ་བརྟེན་ནས་རྣམ་ཤེས་ཚོགས་དྲུག་ལན་ཅིག་འགགས་ཀྱང་སྟོང་ཉིད་རྟོགས་པའི་ལྷག་མཐོང་དང་བྲལ་བའི་རྒྱུ་མཚན་གྱིས་སླར་ཡང་སྐྱེ་བར་འགྱུར་བ་བཞིན་ནོ། །སྟོང་ཉིད་མ་རྟོགས་ན་ཉོན་མོངས་པ་མ་ལུས་པ་སྤངས་པའི་དགྲ་བཅོམ་པ་དང་སྡུག་བསྔལ་མ་ལུས་པ་ཞི་བའི་མྱ་ངན་ལས་འདས་པ་ཐོབ་པར་དཀའ་བ་དེས་ན་ཐར་པ་མཐར་ཐུག་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འདོད་པ་དེ་དག་གིས་ནི་ལམ་གྱི་མཐར་ཐུག་ཐེག་པ་ཆེན་པོའི་བརྗོད་བྱ་ཟབ་མོ་སྟོང་པ་ཉིད་བསྒོམ་པ་ལ་འབད་པར་བྱ་སྟེ། རྒྱུད་བླ་མར། དེས་ན་སངས་རྒྱས་མ་ཐོབ་པར། །མྱ་ངན་འདས་པ་མི་ཐོབ་སྟེ། །འོད་དང་འོད་ཟེར་སྤངས་ནས་ནི། །ཉི་མ་བལྟ་བར་མི་ནུས་བཞིན། །ཞེས་གསུངས་པའི་ཕྱིར་རོ། །ཞེས་སོ། །འདི་ལྟར་བཤད་པ་དཔལ་ལྡན་ཐལ་འགྱུར་བའི་ལུགས་ཡིན་མིན་དཔྱད་པར་བྱའོ། །


previousདྲི་བ་དྲུག་པ་ནི། གྲུབ་མཐའ་སྨྲ་བ་བཞིའི་མྱང་འདས་ཀྱི་དོན་དང༌། ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཀྱི་དོན་དང་དགྲ་བཅོམ་པའི་རྒྱུད་ན་ལས་ཀྱི་ཀུན་འབྱུང་ཡོད་དམ་ཞེས་པའི་ལན།next