Nitartha Digital Library
Tibetan
 
previousཤོག་གྲངས་ ༦༠༡ ནས་ ༦༣༥ བར།no next

ཤོག་གྲངས་ ༦༠༡ ནས་ ༦༣༥ བར།


CMR024_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྐྱེ། གཙང་མའི་གནས་ལྔ་དང་འོག་མིན་སོགས་དང་། ལྕང་ལོ་ཅན་སོགས་ན་བདག་འཛིན་རྩ་བ་ཆོད། ཆོས་ཀྱི་བདེན་པ་མཐོང་བའི་མཐོང་ལམ་ཐོབ་དགོས། དེ་མིན་ན་མི་སྐྱེ། འོན་ཏེ་མཐོང་ལམ་མ་ཐོབ་དམ་ཚིག་སྡོམ་པ་ལ་སྐྱོན་ཕྲ་མོ་ཡང་མེད་ཅིང་། དགེ་བ་ཁོ་ན་དང་སྨོན་ལམ་ལ་འབད་ན། དགའ་ལྡན་སོགས་ཞིང་ཆུང་ངུ་གཅིག་ཏུ་སྐྱེ་རུང་ཙམ་སྟེ་དཀའ་བར་གདའོ། །ཞེས་སོགས་དཀའ་ཚུལ་རྒྱས་པར་དཔེ་དང་བཅས་པ་གསུངས་ཤིང་། དེ་བས་ན་གང་ཟག་ཉོན་མོངས་པ་ཅན་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བའི་རེ་བ་ཡོད་པ་མི་སྲིད་པ་ཡིན་ཏེ། འོན་ཀྱང་མགོན་པོ་འོད་དཔག་ཏུ་མེད་པའི་སྨོན་ལམ་གྱི་དབང་གིས་ཞིང་དེ་རུ་སྐྱེ་བར་མགོན་པོ་ཉིད་ཀྱི་ཞལ་གྱིས་བཞེས་པ་ཡིན་པས་ན། བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བའི་སྨོན་ལམ་སྒོ་ཐམས་ཅད་ནས་འབད་དགོས་སོ། །ཞེས་དང་། བདེ་བ་ཅན་སངས་རྒྱས་གཞན་གྱི་ཞིང་ཁམས་བས་ཁྱད་པར་ལྷག་སྟེ། ཐ་མལ་པ་ཉོན་མོངས་པ་དང་བཅས་པའི་གང་ཟག་རྣམས་སྐྱེ་རུང་བས་ལྷག་པ་དང་། དེར་སྐྱེས་ན་བསམ་པའི་དོན་ཐམས་ཅད་ཀྱང་བསམ་མ་ཐག་ནས་འགྲུབ་ཅིང་། ཉོན་མོངས་པ་དག་གིས་ཕྲ་བ་བས་ཀྱང་མི་གོས་པ་དང་། །


CMR024_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་ཆོག་པས་ལྷག་པ་དང་། གཞན་ཞིང་ཁམས་ལས་སངས་རྒྱས་མྱུར་བ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་བདེ་བ་ཅན་ལས་ཟུན་ཐག་ཉེ་བའི་ཞིང་ཁམས་གཞན་མེད་པས་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་ལ་འབད་པ་ཤིན་ཏུ་གལ་ཆེ། ཞེས་གསུངས་སོ། །དེ་དང་མཐུན་པར་འོད་དཔག་ཏུ་མེད་པའི་ཞིང་བཀོད་ཀྱི་མདོ་དང་། པདྨ་དཀར་པོ་དང་། ད་ལྟའི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་དང་། བདེ་བ་ཅན་གྱི་ཞིང་བཀོད་ཀྱི་མདོ་རྣམས་དོན་མཐུན་ཏེ། དམ་པའི་ཆོས་སྤང་བ་དང་མཚམས་མེད་པ་བྱས་པ་མ་གཏོགས་སེམས་ཅན་སུ་ཡང་རུང་བས་བསོད་ནམས་རྒྱ་ཆེན་པོ་བསགས་ཤིང་། སྨོན་ལམ་བཏབ་ན་ཞིང་དེར་སྐྱེ་བར་གསུངས་ལ། ཁྱད་པར་དུ་ཐུགས་རྗེ་ཆེན་པོ་ཡི་དམ་དུ་བྱས་ན་ཞིང་དེར་སྐྱེ་བར་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་ཐམས་ཅད་ནས་རྒྱ་ཆེར་གསུངས་སོ། །དེས་ན་ཚེ་འདིར་བདེ་སྐྱིད་ཕུན་སུམ་ཚོགས་ཤིང་ཕྱི་མ་བདེ་བ་ཅན་དུ་སྐྱེ་སྟེ། མྱུར་དུ་སངས་རྒྱས་པར་འདོད་པའི་མི་ཡོད་ན་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཡི་དམ་དུ་ཟུངས་ཤིག །ཆོས་ལོག་དང་ཆོས་ཟབ་མོ་ནོར་དོགས་དང་བརྒྱུད་པ་བཟང་


CMR024_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

ངན་མི་འགྱེད་པའི་དོགས་པ་བྱས་པས་དོན་མེད་ཀྱི་གོལ་སར་ལྟུང་དོགས་པའི་ཐེ་ཚོམ་ཅན་ཡོད་ན། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ལ་ཡི་དམ་གྱིས་དང་གོལ་ས་མེད་པར་ཐག་ཆོད་བྱུང་ངོ་། །བྱུང་ཁུངས་བརྒྱུད་པའི་ལོས་རྒྱུས་སུ་ཡི་གེར་ཡོད་པར་ལྟོས། མདོར་ན་བརྒྱུད་པ་འདི་དང་ཆོས་འདི་དང་ལྷ་འདི་བས་ལྷག་པ་འཁོར་འདས་ཀྱི་ཞིང་ན་མི་སྲིད་དེ། ཌོམ་བྷི་ཧེ་རུ་ཀའི་རྣམ་འཕྲུལ་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་རི་མགོ་པའི་གསུངས་ལས། འདི་ལ་སྐལ་ལྡན་གསན་པར་ཞུ། །དགོས་ཆེད་མན་ངག་འདི་ལྟ་སྟེ། །སྤྱན་རས་གཟིགས་དབང་སྤྲུལ་པ་སྟེ། །སྐུ་ཡི་སྤྲུལ་པ་པདྨ་དང་། །གསུང་གི་སྤྲུལ་པ་དམ་པ་དང་། །ཐུགས་ཀྱི་སྤྲུལ་པ་ས་ར་ཧ། །དབྱེར་མེད་དུས་གསུམ་མཁྱེན་པ་དང་། །ཀརྨ་པ་དང་ཆོས་ཀྱི་རྗེ། །རོལ་པའི་རྡོ་རྗེ་ཞྭ་ནག་ཅན། །སྤྱིར་ཕྱོགས་མེད་ཀྱི་བླ་མ་མང་ལགས་ཀྱང་། །ཚེ་རབས་ཀྱི་བླ་མ་ཡིན་པར་ངེས། །མོས་གུས་གསོལ་བ་དེ་རུ་ཐོབ། །ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །མཆོག་གི་དངོས་གྲུབ་ཐོབ་པ་ཡིན། །བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད། །རྣལ་འབྱོར་རྒྱུད་དང་བླ་མེད་རྒྱུད། །དེ་ཡང་ཕ་རྒྱུད་མ་རྒྱུད་དང་། །གཉིས་མེད་རྒྱུད་


CMR024_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་མང་ལགས་ཀྱང་། །ཞག་བདུན་ཙམ་གྱིས་དངོས་གྲུབ་ཐོབ། །རྒྱུད་སྡེ་བཞི་ཡི་རྩ་བ་སྟེ། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །དཔའ་བོ་རྒྱ་མཚོ་དཔའ་མོའི་ཚོགས། །དམ་ཅན་རྒྱ་མཚོ་ལ་སོགས་པ། །སྔོན་ཚེ་རབས་ཡི་དམ་འབྲེལ་པ་ཅན། །བསགས་པའི་དབང་གིས་དུས་འདིར་མཇལ། །དེ་ཉིད་བསྐྱེད་རྫོགས་ཟུང་འཇུག་ཏུ། །ལུས་དང་སྲོག་ལ་མ་ལྟ་བར། །ནོར་ཟང་ཟིང་བསམ་པ་སྨོས་ཅི་དགོས། །སྙིགས་དུས་བསྒྲུབ་པ་དང་དུ་ལོངས། །རང་འདོད་བསམ་པ་རྫོགས་པ་དང་། །གཞན་དོན་ཕྲིན་ལས་དེ་ལ་མཛོད། །ཅེས་གསུངས་པའི་དོན་སྙིང་ལ་འཆང་བར་བྱ་དགོས་སོ། །འོ་ན་དེ་ཙམ་གོང་འོག་བར་གསུམ་དུ་ཆོས་འདི་ལ་བསྟོད་ར་འབའ་ཞིག་བྱེད་པའི་དགོས་པ་ཅི་ཞེ་ན། གཤིན་རྗེའི་གཤེད་ཀྱི་རྒྱུད་ལས། སྔགས་ནི་ཡོན་ཏན་འབྱུང་འགྱུར་ཏེ། །སྔགས་པ་དག་ནི་མ་བྱས་ན། །ཇི་ལྟར་ཡིད་བཞིན་ནོར་བུ་ཡང་། །གང་གིས་བསྔགས་པ་མ་བྱས་ན། །དེ་ལ་འདོད་དོན་མི་སྟེར་རོ། །དད་པས་སངས་རྒྱས་དད་པས་ཆོས། །དད་པས་དགེ་འདུན་དད་པས་ལམ། །དེད་པའི་བླ་མ་དད་པའི་ཕ། །དད་པའི་ལམ་ཆེན་དད་པའི་གྲུ། །དད་པ་ཡིད་བཞིན་ནོར་


CMR024_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ཏེ། །དེ་ཡི་ཕྱིར་ན་བསྔགས་པ་ཡིས། །རང་སེམས་དད་པ་བསྐྱེད་པའོ། །ཞེས་གསུངས་སོ། །འོ་ན་དེ་ཙམ་བསྔགས་པ་དང་། ཕན་ཡོན་བཤད་པ་ནི་ཆུ་བྲན་རྟག་ཏུ་ཀུ་ཅོ་སྒྲོགས་ཟེར་བའི་དཔེ་བཞིན་དུ་བསྟོད་ར་ཙམ་སྟེ། ཡང་དག་པ་མ་ཡིན་ནོ་སྙམ་དུ་ཡིད་ལ་བསམས་ན་དངོས་གྲུབ་མི་ཐོབ་པའི་རྐྱེན་བྱེད་པས་བཤགས་དགོས་ཏེ། ཐུགས་རྗེ་ཆེན་པོའི་གཟུངས་ཀྱི་ཕན་ཡོན་མདོར་བསྡུས་པ་ལས་ཕན་ཡོན་རྒྱ་ཆེར་གསུངས་ནས། ཐེ་ཚོམ་གྱི་བསམ་པ་ཅུང་ཟད་ཅིག་བསྐྱེད་པར་གྱུར་ན། གདོན་མི་ཟ་བར་གང་སྨོན་པའི་འབྲས་བུ་དེ་མངོན་པར་གྲུབ་པར་མི་འགྱུར་བ་ལགས་སོ། །ཞེས་དང་། གཤིན་རྗེའི་གཤེད་ཀྱིས་རྒྱུད་ལས། གལ་ཏེ་ཡིད་གཉིས་ཟ་གྱུར་ན། །བསམ་པར་འགྱུར་རམ་དད་པ་རྣམས། །དེ་ཚེ་དངོས་གྲུབ་ཉེ་བ་ཡང་། །ཕྱིར་ལྡོག་འགྱུར་བ་ཐེ་ཚོམ་མེད། །ཅེས་དང་། སྤྲུལ་པའི་རྒྱལ་པོའི་ཞལ་ནས། ཆོས་ལ་ཐེ་ཚོམ་ཟ་མི་རུང་བར་བསྟན་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞལ་ནས་གསུངས་པའི་བཀའ། སློབ་དཔོན་གྲུབ་པ་ཐོབ་པ་རྣམས་ཀྱིས་མཛད་པའི་བསྟན་ཆོས་རྣམས་མི་བདེན་པར་གཅིག་ཀྱང་མེད་དེ། ཆོས་ཀྱི་ནང་ན་བརྫུན་མི་


CMR024_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ཤོང་། སྒོས་ཐུགས་རྗེ་ཆེན་པོའི་ཆོས་འདི་རིགས་དྲུག་སྤྱི་ལ་ཕན་པའི་ཆོས་ཡིན་པས། ཡིན་ནམ་མིན་སྙམ་པའི་ཐེ་ཚོམ་དང་། བདེན་ནམ་མི་བདེན་སྙམ་པའི་ཡིད་གཉིས་དང་། བྱའམ་མི་བྱ་སྙམ་པའི་ནེམ་ནུར་སྤངས་ལ། ཡིད་ཆེས་པའི་སྒོ་ནས་བརྩོན་འགྲུས་ཀྱིས་བསྒྲུབ་པ་གལ་ཆེའོ། །ཞེས་གསུངས་སོ། །གལ་ཏེ་བསོད་ནམས་ཟད་པ་ཁ་ཅིག་གིས། གདུགས་དཀར་གྱི་སྔགས་ཨ་ན་ལེའི། གཅན་གཟན་སྲུང་བར་གསུངས་པ་མ་བདེན་པ་སོགས་ལོ་རྒྱུས་ངན་པ་རྒྱུ་མཚན་མ་ཤེས་པ་དག་འདྲེན་ཅིང་ཡི་གེ་དྲུག་པའི་ཕན་ཡོན་ཡང་དེ་དང་འདྲ་བར། སྨྲ་ང་གི་དགེ་རྩ་ཐམས་ཅད་བཅོམ་ནས་རྡོ་རྗེ་དམྱལ་བར་གཏན་ཡུལ་བྱེད་པ་ཡིན་ཏེ། ལོ་རྒྱུས་དེ་ཡང་དོན་མ་ནོར་བའི་ལོ་རྒྱུས་ཏེ། གདུགས་དཀར་གྱི་དུས་རྟགས་གྲངས་གསུམ་གྱི་བསྙེན་པ་ཚད་དུ་བསྐྱལ་བས་སྔགས་དེ་བྲིས་ཤིང་རབ་ཏུ་གནས་ནས་བཏགས་ན། ལས་ཀྱི་རྣམ་སྨིན་མིན་ན་གཅན་གཟན་ཐུབ་པར་གསུང་གི །སུ་ཡིན་གྱིས་བྲིས་པས་ཐུབ་པར་མ་བཤད་ལ། ལས་ཀྱི་རྣམ་སྨིན་ཡིན་མིན་ཀྱང་སངས་རྒྱས་མིན་པས་ཤེས་པར་དཀའོ། །དཔལ་སྒྲོལ་མ་རལ་པ་གྱེན་བརྫེས་ཀྱི་རྟོགས་པ་ཆེན་པོ་ལས། དེ་ཕྱིར་རྨོངས་པས་ལས་འདི་ཡི། །


CMR024_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་དངོས་གྲུབ་མ་མཐོང་ནས། །སྔགས་ཀྱི་དངོས་གྲུབ་མེད་དོ་ཞེས། །འདི་སྐད་དུ་ནི་ཚིག་སྨྲ་བ། །གང་གིས་སངས་རྒྱས་བསྟན་པ་ནི། །ས་སྟེང་འདིར་ན་རབ་སྤངས་པ། །བསྐལ་པ་བྱེ་བ་མང་པོ་ཡིས། །དེ་ཚེ་འགྲུབ་པར་ག་ལ་འགྱུར། །དེ་ཕྱིར་འདིར་ནི་མི་བཟད་པའི། །འཇིགས་ཆེན་མནར་མེད་འཚོད་པར་འགྱུར། །ཡང་སོས་དང་ནི་ཐིག་ནག་དང་། །རབ་ཏུ་ཚ་བའི་དམྱལ་བར་ནི། །དེ་ནི་བསྐལ་པ་ཆེན་པོར་གནས། །དམ་ཆོས་སྣང་བ་བྲལ་བའི་ཕྱིར། །དམྱལ་བ་མི་བཟད་མུན་པ་རུ། །བྱིས་པ་སྐྱེ་བོ་འཚོད་པར་བྱེད། །དམ་པའི་ཆོས་ལ་བརྙས་པ་དང་། །མི་ཤེས་མུན་པས་བསྒྲིབས་པ་སྟེ། །ཡེ་ཤེས་བྱིས་པའི་ངོ་བོ་འམ། །རྨོངས་པ་ལོག་པའི་ང་རྒྱལ་ཅན། །རིགས་པའི་རྒྱལ་པོ་བརྙས་བྱེད་པ། །མི་བྱེད་དམྱལ་བར་ལྟུང་བར་འགྱུར། །ཞེས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་བཀའ་སྩལ་ཏོ། །འོ་ན་དེང་སང་ཡི་གེ་དྲུག་པ་དུང་ཕྱུར་དང་དུང་ཕྱུར་མང་པོ་ཐོན་མཁན་མང་པོ་སྣང་ལ། དེ་དག་ལ་ཚེ་འདིར་ཕན་ཡོན་འབྱུང་བར་གསུངས་པས་དངོས་གྲུབ་ཕྲ་མོ་རེ་ཡང་ཐོབ་མཁན་དཀོན་པར་སྣང་བས་ཕྱི་མའི་ཕན་ཡོན་ཡང་དེ་དང་འདྲ་བར་མེད་པ་དོགས་སོ་ཞེ་ན།


CMR024_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་ཕན་ཡོན་མེད་པ་མ་ཡིན་ཏེ། སྡིག་པ་མ་བྱུང་བ་དང་། དབང་ལུང་མ་ཐོབ་པ་དང་། ཐོབ་ཀྱང་དམ་ཚིག་མེད་པ་དང་། ཆོ་ག་སྒྲུབ་ཐབས་མེད་པ་དང་། མཆོད་པ་ཚོགས་སྦྱིན་སྲེག་མེད་པ་དང་། ཏིང་ངེ་འཛིན་མ་གསལ་བར་སེམས་གཞན་དུ་ཡེངས་བ་སོགས་མི་ནག་སྔགས་འདོན་དུ་སོང་བའི་སྐྱོན་ཡིན་གྱི། ཕན་ཡོན་མེད་པ་མ་ཡིན་ཏེ། །དཔུང་གིས་ཞུས་པའི་རྒྱུད་ལས། མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས། །གུག་སྐྱེད་ཡི་གེ་ལྷག་ཆད་གྱུར་པ་ཡིས། །གསང་སྔགས་དངོས་གྲུབ་རྒྱ་ཆེར་མི་སྟེར་རོ། །ཞེས་དང་། དེ་བཞིན་མི་ཡི་སྐལ་པ་གཟིགས་ནས་ནི། །འདོད་པ་བཞིན་དུ་གསང་སྔགས་དངོས་གྲུབ་སྩོལ། །ཡུལ་དང་དུས་དང་ཆོ་ག་ལས་རྣམས་དང་། །སྡིག་པ་བྱང་ཞིང་བསོད་ནམས་བསགས་པ་དང་། །གུས་དང་བཟླས་བརྗོད་ཀུན་ལ་གཟིགས་ནས་ནི། །དེ་དག་གསང་སྔགས་འབྲས་བུ་རྣམ་པར་སྩོལ། །ཅི་ཙམ་སྡིག་པ་མང་པོས་རབ་གང་ཞིང་། །ཅི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་། །ཇི་སྙེད་ཆོ་ག་མེད་པར་བཟླས་པ་དང་། །དེ་སྲིད་གསང་སྔགས་དངོས་གྲུབ་མི་འཐོབ་བོ། །ཆོ་ག་ཉམས་སམ་བར་ཆད་སྔགས་གཞན་བཟླ། །


CMR024_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བཟློས་པ་བཏང་ངམ་གཞན་ལ་འབྱིན་གྱུར་ན། །དུས་གསུམ་མཆོད་པ་ལ་ནི་བརྩོན་བྱས་ནས། །སླར་ཡང་འབུམ་བཟླས་བསྒྲུབ་ལ་འཇུག་པར་བྱ། །སྟོང་ཕྲག་བཅུའམ་བརྒྱད་དམ་བདུན་ནམ་བཞི། །བཟླས་མཐར་དེ་ལ་མར་གྱིས་སྦྱིན་བསྲེག་བྱ། །ཡང་ན་མ་གྲུབ་ནས་སམ་ཏིལ་ནག་གམ། །ཡུངས་ཀར་མར་ལ་བསྲེས་ལ་སྦྱིན་བསྲེག་བྱ། །ཞེས་གསུངས་སོ། །དེས་ན་ཕན་ཡོན་བཤད་པ་དེ་དག་ཐེ་ཚོམ་མེད། གཤིན་རྗེ་འཇིགས་བྱེད་རྒྱུད་ལས། ལྷ་དང་དྲང་སྲོང་གིས་བཤད་པའི། །རིག་སྔགས་བསླུ་བས་མི་སྲིད་ན། །འདོད་ཆགས་བྲལ་བས་བཤད་པ་ཡི། །གསང་སྔགས་སྦྱོར་བས་བསླུ་བ་ནི། །མ་བྱུང་འབྱུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །འཇིག་རྟེན་གྱི་ལྷ་དང་འདྲེས་བྱས་པའི་སྔགས་རྣམས་ལ་ཡང་ནུས་པ་ཆེན་པོ་ཡོད་ན། སངས་རྒྱས་སྣང་བ་མཐའ་ཡས་དང་། ཐུགས་རྗེ་ཆེན་པོས་གསུངས་པའི་སྔགས་ཡི་གེ་དྲུག་པ་ལ་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་ཐེ་ཚོམ་ག་ལ་ཡོད་དེ། རྣམ་སྣང་མངོན་བྱང་ལས། དགའ་རབ་དབང་ཕྱུག་ལ་མྱོས་བྱེད་ཀྱི་རིག་སྔགས་ཡོད་པས། འདོད་ཁམས་ཀྱི་ལྷ་ཐམས་ཅད་མྱོས་པ་དང་། མེ་ཏོག་གི་ཚལ་དང་འདོད་ཡོན་སྣ་


CMR024_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྤྲུལ་ནས་རང་ཉིད་སྤྱོད་ཅིང་གཞན་ལ་སྦྱིན་ནོ། །དབང་ཕྱུག་ཆེན་པོ་ལ་ཡིད་མགྱོགས་བྱ་བའི་སྔགས་ཡོད་པས་སྟོང་གསུམ་ཁམས་ཀྱི་སེམས་ཅན་རྣམས་ཀྱི་དགོས་པ་བསྒྲུབ། ལོངས་སྤྱོད་སྣ་ཚོགས་སྤྲུལ་ནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་རྣམས་ལ་སྦྱིན་ཞིང་རང་ཉིད་ཀྱང་སྤྱོད་དོ། །མིག་འཕྲུལ་གྱི་སྔགས་ཀྱིས་གཟུགས་རྣམ་པ་སྣ་ཚོགས་སྟོན་པ་དང་། ལྷ་དང་མི་རྣམས་ཀྱི་སྔགས་ཀྱིས་སྒྱུ་མ་རྣམས་སྟོན་ཏེ། གསང་སྔགས་དག་གིས་དུག་དང་རིམས་མེད་པར་བྱེད་པ་དང་། མ་མོ་ཞེས་བྱ་བ་ལྷ་མོ་རྣམས་ཀྱི་སྔགས་ཀྱིས་སེམས་ཅན་རྣམས་ལ་ནད་འགོ་བ་བཏང་བ་དང་། ཡང་སྔགས་ཀྱི་ནུས་པས་མེའི་ཚ་བ་མེད་པར་བྱས་ནས་གྲང་བར་བྱེད་ནུས་པ་འདི་རྣམས་ལ་རྗེས་སུ་དཔག་ནས་གསང་སྔགས་ཀྱི་ནུས་པ་ལ་ཡིད་ཆེས་ཤིང་དད་པར་བྱའོ། །ཞེས་གསུངས་པ་ཡང་ཤིན་ཏུ་བླུན་པ་དེའི་རང་བཞིན་ཡིན་ནའང་། སྔགས་ཀྱི་ཡི་གེ་འགའ་ཞིག་ཟོས་པ་དང་། བཏགས་པས་མཚོན་ཆ་དང་གཟའ་གདོན་བཟློག་པ་དང་། ནམ་མཁའ་ལྡིང་གི་སྔགས་སོགས་འགའ་ཞིག་གིས་ལྷོག་པ་དང་གཉེན་དང་ཐབས་ཤུ་སོགས་ནད་ཟུག་གཟེར་ཅན་འཕྲལ་དུ་སེལ་ནུས་པ་སོགས་ལ་རྗེས་སུ་དཔག་ནས་ཀྱང་གསང་སྔགས་ལ་ཡིད་ཆེས་པར་


CMR024_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ། །འོ་ན་སྔགས་ཕལ་པ་དེ་དག་གི་ནུས་པ་ནི་འཇིག་རྟེན་པས་མཐོང་ཞིང་ཐོས་མེད་ཀྱི། དེའི་ནུས་པས་དེ་དག་ཅི་ལས་བྱུང་སྙམ་ན། རྣམ་སྣང་མངོན་བྱང་ལས། །གསང་སྔགས་ཀྱི་མཐུ་ནི་གསང་སྔགས་རྣམས་ལས་བྱུང་བ་ཡང་མ་ཡིན། རྫས་ལ་འཇུག་པ་ཡང་མ་ཡིན། སྦྱོར་བ་པོ་ལས་ཀྱང་འཇུག་པ་མ་ཡིན་མོད་ཀྱིས། སྔགས་ཀྱི་བྱིན་རླབས་ནི། ཆོས་ཉིད་ལས་འབྱུང་སྟེ། རྟེན་འབྲེལ་ཟབ་མོ་ལས་གྲུབ། ཅེས་གསུངས་ཏེ། དཔེར་ན་རྔའི་སྐད་བཞིན་དུ་རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས་བྱུང་བའོ། །དེ་ལྟར་སྔགས་གཞན་ནི་རྟེན་འབྲེལ་མ་འཚོགས་པ་ལས་བྱིན་རླབས་འབྱུང་དཀའ་བར་བཤད་པ་གོང་དུ་བཤད་པ་ལྟར་ཡིན་ཀྱང་། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ནི་ཐམས་ཅད་མ་འཚོགས་ཀྱང་བྱིན་རླབས་འཇུག་པ་ཁྱད་པར་དུ་འཕགས་ཏེ། སྐྱེས་མཆོག་ཀརྨ་པཀྴིས་སྤུང་རིའི་རྩེར་གཏོར་མ་མཛད་པ་ན་འདམ་ཆེན་སྤང་རིའི་རྩེ་ནས་ཚུར་སྤྲིན་དཀར་པོ་ཤེལ་ལྟ་བུ་གངས་རི་དང་ཐ་མི་དད་པའི་ནང་དུ༔ ཐུགས་རྗེ་ཆེན་པོ་སྐུ་མདོག་སེར་ལ་དམར་བའི་མདངས་ཅན་གར་སྟབས་སུ་བཞུགས་པའི་སྟེང་འོག་ཕྱོགས་མཚམས་མཁའ་འགྲོ་རྒྱ་མཚོས་བསྐོར་བ་ཞིག་གིས། འགྲོ་བ་ཀུན་ལ་ངེད་


CMR024_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་འོད་ཟེར་བཀྱེ་བ་ཡིན་གྱིས། ད་ཕྱིས་ཡི་གེ་དྲུག་པའི་ཕྲིན་ལས་དཔག་ཏུ་མེད་པ་འབྱུང་། ཕྱོགས་རིས་མེད་པར་སྟོན་ཞིག་གསུངས་པ་ཡིན། དེ་ཕྱིས་སྒྲུབ་ཐབས་ཀྱི་མཇུག་ཏུ་དབང་མ་ཐོབ་པ་དང་། སློབ་དཔོན་གྱི་ཆོས་མ་རྫོགས་པར་ཉམས་སུ་ལེན་པ་རྣམས་ཀྱང་ཕྲིན་ལས་ཐུགས་རྗེ་ཆེན་པོ་དང་མཉམ་པར་གྱུར་ཅིག །ཅེས་བྲི་བར་མཛད་དེ། གྲུབ་ཐོབ་ཆེན་པོའི་ལུགས་ཀྱིས་ཐུགས་རྗེ་ཆེན་པོའི་སྒྲུབ་སྐོར་རྣམས་ལ་མོས་པའི་གང་ཟག་གིས་ཉམས་སུ་བླངས་ན་ཤེས་མི་ཤེས་ཐོབ་མ་ཐོབ་ཚང་མ་ཚང་དག་མ་དག་ཇི་ལྟར་བྱུང་ཡང་བྱིན་རླབས་རྩོལ་མེད་དུ་འཇུག་པ་ཡིན་ཏེ། །འདི་ནི་ཐུགས་རྗེ་ཆེན་པོའི་རྒྱུད་རྣམས་ནས་ཀྱང་ཉོན་མོངས་པའི་སེམས་ཀྱིས་སམ་ཀུ་རེ་དང་རྐྱལ་ཀའི་ཆད་ཙམ་དུའང་བདག་གིས་རིག་པ་འདི་བརྗོད་ན་ཕན་ཡོན་འདི་དག་མ་འགྲུབ་ན་བདག་གིས་དེ་བཞིན་གཤེགས་པ་བསླུས་པ་ལགས་སོ། །ཞེས་གསུངས་པ་ཉིད་དོ། །ཞེས་ཀརྨ་པའི་ཆོས་འབྱུང་ནས་གསུངས་སོ། །དེས་ན་དད་པ་བརྟན་པོས་བསྒྲུབས་ན་འདིའི་ཕན་ཡོན་དེ་དག་མེད་མི་སྲིད་དེ། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས། དད་པ་བརྟན་པོས་བསྒྲུབས་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། །གསང་སྔགས་


CMR024_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་མེད་མི་སྲིད། །ཅེས་གསུངས་སོ། །དེའི་དོན་རྒྱུད་ཀྱི་རྒྱལ་པོ་པདྨ་ཟབ་པ་ལས། གསང་སྔགས་ཐེ་ཚོམ་མེད་པ་དང་། །ཡིད་ཆེས་ཚད་མ་སྐྱེས་པ་དང་། །ཞེས་གསུངས་པའི་དོན་ནོ། །འོ་ན་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོས་འདི་ཁོ་ནས་ཆོག་པར་བྱེད་དེ། ཆོས་གཞན་ཉམས་སུ་མི་ལེན་ནམ་ཞེ་ན། འདི་ཉམས་སུ་བླངས་བས་ཆོས་ཐམས་ཅད་ཉམས་སུ་བླངས་བར་འགྱུར་ཏེ། འདི་ལ་མ་ཚང་བའམ་མ་འཐུས་པ་གཅིག་ཀྱང་མེད་དོ། །སྐྱབས་འགྲོ་དང་ཚོགས་བསགས་ཀྱི་ཉན་རང་གི་ཉམས་ལེན་ཐམས་ཅད་ཚང་། སེམས་བསྐྱེད་ཀྱིས་རྒྱུ་མཚན་ཉིད་ཀྱི་ལམ་རིམ་ཐམས་ཅད་ཚང་། བསྐྱེད་རྫོགས་ཀྱིས་གསང་སྔགས་ཀྱི་ཉམས་ལེན་ཐམས་ཅད་ཚང་། རྫོགས་རིམ་འོད་གསལ་ལ་འཇུག་པས། ཕྱག་རྫོགས་དབུ་གསུམ་སོགས་ཟབ་ཆོས་ཐམས་ཅད་ཚང་། འཁོར་ལོ་ལྔའི་གདམས་པས་གཏུམ་མོ་དང་། ལྷ་སྐུ་སྒྱུ་མ་ལྟ་བུའི་སྒྱུ་ལུས། ཉལ་དུས་རྫོགས་རིམ་བསྒོམས་པས་འོད་གསལ་ཟིན་པས་འོད་གསལ། དེའི་བག་ཆགས་དང་བསྐྱེད་རིམ་རྨི་ལམ་ཟིན་པས་རྨི་ལམ་དང་། འཆི་དུས་སྤྱི་བོར་རིགས་བདག་ལ་སེམས་གཏད་པས་འཕོ་བ། བསྐྱེད་རྫོགས་ད་ལྟའི་བག་


CMR024_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

ཆགས་ཀྱིས་བར་དོ་ཟིན་པས་བར་དོ་སྟེ། ནཱ་རོ་དང་ནི་གུའི་ཆོས་དྲུག་དང་སྙན་བརྒྱུད་དང་བསྲེ་འཕོའི་དོན་ཐམས་ཅད་ཚང་། ཐུགས་ཀའི་ཧྲིལ་སེམས་གཏད་པས་རྣམ་རྟོག་ཞི་བས་ཞི་གནས། རྫོགས་རིམ་བསྒོམས་ནས་རང་སེམས་སྟོང་པ་ཉིད་དུ་ལྷག་གི་མཐོང་བས་ལྷག་མཐོང་། བསྐྱེད་རྫོགས་ཟུང་འཇུག་སྟེ་ཞི་ལྷག་ཟུང་འཇུག་དང་དོན་གཅིག་ལ། དང་པོ་སྐྱབས་སེམས། དངོས་གཞི་བསྐྱེད་རྫོགས་ཟུང་འཇུག་བསྔོ་བ་སྟེ་དམ་པ་ཞི་བྱེད་ཀྱི་དོན་ཐམས་ཅད་ཚང་། བསྐྱེད་རིམ་ལུས་དབེན། ཡིད་བཟླས་ངག་དབེན། སེམས་ཏིང་ངེ་འཛིན་དབེན། རྫོགས་རིམ་འོད་གསལ་ཟུང་འཇུག་སྟེ། རིམ་ལྔ་ཡང་ཚང་། དབེན་གསུམ་གོང་ལྟར་འཁོར་ལོ་ལྔའི་ཡན་ལག་བྷོ་པས། སྲོག་རྩོལ་གཏུམ་མོ་སྟེ་སྦྱོར་དྲུག་ཀྱང་ཚང་། སེམས་བསྐྱེད་བླ་མ་རིགས་བདག་གམ་དབྱེར་མེད་བླ་མའི་རྣལ་འབྱོར། ཡི་དམ་བསྒོམ་པ་དང་རྫོགས་རིམ་ནི་ཕྱག་ཆེན་མཇུག་བསྔོ་བ་སྟེ། བཀའ་བརྒྱུད་ཀྱི་རྟོགས་ཆོས་ལྔ་ལྡན་ཡང་ཚང་། ཚོགས་ཞིང་གི་སྐབས་སུ་བླ་མ་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཅེས་སྤྱན་དྲངས་ནས་མཆོད་པས་བླ་མ་མཆོད་པ་ཡང་ཚང་། གཏོར་བསྔོས་སྐབས་སུ་ཆོས་སྐྱོང་མཆོད་


CMR024_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཡང་ཚང་། སྔོན་འགྲོ་ལ་དཀར་གཏོར་སོགས་འཇིག་རྟེན་པའི་མཆོད་པ་དང་། བགེགས་གཏོར་སོགས་མདོས་གླུད་ཀྱིས་གཏོར་མ་ཐམས་ཅད་ཚང་། སྡིག་པ་བཤགས་པས་རྡོར་སེམས་སྒོམ་བཟླས་ཚང་། ལུས་ལོངས་སྤྱོད་ཕུལ་བས་མཎྜལ་ཚང་། ཕྲེང་སྔགས་བསྟོད་པའི་གཤམ་དེར་གསོལ་འདེབས་ཏིང་ངེ་འཛིན་གྱིས་དབང་བླངས་པ་ཚང་།། མདོར་ན་རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་འདི་ཁོ་ན་ཉམས་སུ་བླངས་ན་འདི་ལ་མ་ཚང་བའི་ཆོས་གཅིག་ཀྱང་མེད་དོ། །དེས་ན་འདི་ལྟ་བུ་ཁ་ཙམ་མིན་པས་རྩེ་གཅིག་ཏུ་ཉམས་སུ་བླངས་བ་དེ་ཐུགས་རྗེ་ཆེན་པོའི་ཡང་སྤྲུལ་ལམ་དུས་ཀྱི་ཐུགས་རྗེ་ཆེན་པོ་ཡང་ཡིན་ཏེ། ཐུགས་རྗེ་གསང་འདུས་ཀྱི་རྒྱུད་ལས། མ་འོངས་བསྟན་པའི་སྒྲོན་མེ་འདི། །ཤཱཀ་ཐུབ་མྱ་ངན་འདས་ནས་ཀྱང་། །ལོ་ནི་སུམ་སྟོང་ཉེ་བ་ན། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ངོས། །རི་བོ་ནག་པོ་བཅུ་གསུམ་འདས། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །འགྲོ་མགོན་ཐུགས་རྗེ་ཆེན་པོའི་འདུལ་ཞིང་དེར། །ཐུགས་རྗེའི་སྤྲུལ་སྲས་བརྒྱུད་འཛིན་གྱིས། །ཡིག་བདུན་བསྟན་པ་འཛིན་སྐྱོང་སྲུང་། །རིམ་པ་བཞིན་དུ་དོན་གཉིས་སྤྱོད། །རྒྱུད་མཆོག་འདི་ཡང་དེར་སྣང་


CMR024_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། །ཞེས་སྣང་བ་མཐའ་ཡས་ཀྱིས་བཀའ་སྩལ་ཏོ། །འོ་ན་གསང་འདུས་ཀྱི་ལུང་འདི་རྒྱལ་བ་རྒྱ་མཚོ་ལ་མི་འབྱོར་སྙམ་ན། གསང་བ་འདུས་པའི་ཕྱི་སྒྲུབ་རྒྱལ་བ་རྒྱ་མཚོ་ཡིན་ཞིང་། སྔགས་ཡི་གེ་བཅུ་པ་རྒྱུད་ལས་གསུངས་ཤིང་། གསང་འདུས་ཀྱི་ཆོས་བདག་རྗེ་ཆོས་གྲགས་རྒྱ་མཚོ་ཡིན་པར་ལུང་བསྟན་ཅིང་རཏྟས་ཆོས་གྲགས་རྒྱ་མཚོ་ལ་དབང་ལུང་ཕུལ་ཞིང་། རྒྱལ་བ་རྒྱ་མཚོ་དང་ངོ་བོ་བརྒྱུད་པ་གཅིག་ཕྱིར་མཁས་གྲུབ་ལུང་རིགས་ཉི་མས་རིལ་བུ་བུམ་སྒྲུབ་བྱེད་ན་རྒྱལ་བ་རྒྱ་མཚོའི་ཆོ་གས་ཁོག་ཕུབ་ནས་བྱེད་རུང་གསུངས་སོ། །ཡང་འདི་ལྟར་བྱེད་བཤད་པ་ལྟར་ཚུལ་བཞིན་དུ་ཉམས་སུ་བླངས་བ་དེ་ཨོ་རྒྱན་གྱི་ཡང་སྤྲུལ། ལམ་དུས་ཀྱི་པདྨ་འབྱུང་གནས་ཀྱང་ཡིན་པར་གསུངས་ཏེ། སྤྲུལ་སྐུ་སངས་རྒྱས་གླིང་པའི་གཏེར་ཁ་ལུང་བསྟན་བཀའ་རྒྱ་མ་ལས། མདོར་ན་ཨུ་རྒྱན་ངས་བསྟན་ཆོས་རྣམས་ལ། །གཞུང་བཞིན་སུ་དང་སུ་ཡིས་སྤྱོད་པ་ཀུན། །ཐམས་ཅད་ང་ཡི་སྤྲུལ་པ་ཡིན་པར་ངེས། །ཕྱི་རབས་ཀུན་གྱིས་ཐེ་ཚོམ་སོམ་ཉི་སྤོངས། །གུས་པས་བཀུར་སྟི་ཕུ་དུད་འབྲེལ་པ་ཐོགས། །ཞེས་གསུངས་སོ། །འོ་ན་རྒྱལ་བ་རྒྱ་མཚོ་འདི་ནི་ཨོ་རྒྱན་རིན་པོ་ཆེས་བསྟན་པའི་ཆོས་ཡིན་ནམ་ཞེ་ན། འདི་


CMR024_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

ནི་གསང་སྔགས་གསར་རྙིང་གཏེར་ཁ་གསུམ་ཞལ་འཆམ་པའི་ཨོ་རྒྱན་རིན་པོ་ཆེ་ཉིད་ཀྱིས་ཞལ་གཟིགས་དང་བསྟུན་ནས་མཛད་པའི་ལྷ་ལྔ། རྒྱུད་དང་བསྟུན་ནས་མཛད་པའི་ལྷ་དགུ་ཡིན་ནོ། །འོ་ན་ལྷ་ལྔ་རྒྱུད་ལ་མ་བཤད་དམ་ཞེ་ན་བཤད་དེ། རྒྱུད་ལས་དཀྱིལ་འཁོར་མཎྜལ་ལྟར་བསྒོམ་པ་དང་། དཀྱིལ་འཁོར་དུ་བསྒོམ་པ་དང་། རང་གི་ཕུང་པོ་ལ་བསྒོམ་པའི་ལུགས་གསུམ་མཆིས་ན། །ཞེས་གསུངས་པའི་མཎྜལ་ལྟར་བྷེ་པ་ནི། ལྷ་ལྔ། དཀྱིལ་འཁོར་དུ་བྷེ་པ་ལྷ་དགུ། ཕུང་པོ་ལ་བྷེ་པ་ལུས་དཀྱིལ་ཡིན་ལ། ཡང་ལྷ་ལྔ་འདི་པདྨ་རྒྱལ་པོའི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། པདྨས་རང་གི་རིགས་མཚོན་ནོ། །ཞེས་པ་སྐུ་མདོག་དམར་པོ་བསྟན་ནས། མཁས་གྲུབ་ལུང་རིགས་ཉི་མས་གསུངས་སོ། །ཡང་འདི་ཚུལ་བཞིན་ཉམས་སུ་མ་ལོན་ཀྱང་འདི་ལ་དད་ཅིང་མོས་པའི་སྒོ་ནས་ཡི་དམ་བྱས་ཚད་སྐལ་ལྡན་ཡིན་ཏེ། ཐུགས་རྗེ་ཆེན་པོ་གསང་འདུས་ཞུས་ལེན་ལས། སྙིགས་དུས་གཏེར་ལ་མོས་པའི་སྐལ་ལྡན་རྣམས། །དེང་སང་གུ་རུའི་ཞལ་མཐོང་སྨོན་ལམ་བཏབ། །ཐམས་ཅད་ལས་ཅན་ཡིན་པས་དགའ་བ་བསྒོམ། །ཁོ་མོའི་ཚིག་འདི་རིན་ཆེན་གསེར་བས་དཀོན། །སྙིགས་


CMR024_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

མའི་རྗེས་འཇུག་སྙིང་ནས་ཆོས་གྱིས་ཨང་། །ཞེས་ཡེ་ཤེས་ཀྱི་མཁའ་འགྲོ་མཚོ་རྒྱལ་གྱིས་གསུངས་སོ། །འོ་ན་རྒྱལ་བ་རྒྱ་མཚོ་འདི་གཏེར་མ་མིན་སྙམ་ན། གཏེར་སྟོན་གྲུབ་ཐོབ་དངོས་གྲུབ་དང་། གཏེར་སྟོན་མངའ་བདག་ཉང་དང་། གཏེར་སྟོན་སངས་རྒྱས་གླིང་པ་དང་། རཏྣ་གླིང་པ་དང་བཞིའི་གཏེར་ནས་བྱོན་ཅིང་རྒྱུད་པ་ཡང་འདི་ལ་དབྱེར་མེད་དུ་ཐིམ་པ་ཡིན་ནོ། །འོ་ན་དེ་ཙམ་ཟབ་ཅིང་ཁུངས་བཙུན་ན་ནག་རྒྱལ་ཕག་གསུམ་ཞེས་ཀཾ་ཚང་གི་ཆོས་ཀྱི་རྩ་བ་ཡིན་པར་ནི་ཡོངས་སུ་གྲགས་ཀྱང་། ཕག་མོ་མགོན་པོ་སོགས་དང་། དུས་ཕྱིས་ཀུན་རིག་དང་བདེ་མཆོག་སྒྲོལ་དཀར་སོགས་ཤིན་ཏུ་དར་ལ་འདི་ནི་ཤིན་ཏུ་དཀོན་ཅིང་བཀའི་བརྒྱུད་པ་མ་ཆད་ཙམ་ལས་མི་སྣང་བ་ཅི་ཞེ་ན། གྲུབ་ཆེན་ཀརྨ་པཀྴིསམཛད་པའི་རྒྱལ་བ་རྒྱ་མཚོའི་ལོ་རྒྱུས་ལ་འདི་སྐད་གསུངས། རྗེ་རས་ཆུང་བའི་མགུར་གྱི་ནང་ན་ཡང་། ན་ནིང་གི་ལོ་ལ་དཀའ་དགུ་སྤྱད། །དོ་ཅིག་གི་ལོ་ལ་མཚར་དགུ་མཐོང་། །མ་གཅིག་གྲུབ་པའི་རྒྱལ་མོ་མཐོང་། །མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་ཡོད། །གསུངས་པའི་དོན་ཡང་འདི་ཡིན་ནོ། །བླ་མ་མཁའ་འགྲོས་བཀའ་རྒྱས་བཏབ་ཅིང་མཉམ་པའི་ཕྱིར། བརྒྱུད་པ་འཛིན་པ་རེ་རེ་མ་


CMR024_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་པ་གཞན་ལ་གསང་བར་འདུག །དེས་རྗེ་བཙུན་ཟངས་རི་བ་ལ་གནང་། ཟངས་རི་བས་སུ་ལའང་མ་བསྟན་པས་སྦས་ཤིང་བརྒྱུད་པ་མི་འཆད་པའི་ཕྱིར། འགྲོ་མགོན་རས་པ་ལ་གནང་བར་འདུག །སངས་རྒྱས་རས་ཆེན་པ་ལ་བུ་སློབ་གནམ་གྱི་སྐར་མ་ཙམ་ཡོད་ན་ཡང་། བླ་མ་རིན་པོ་ཆེ་སྤོམ་བྲག་པ་ལ་གནང་། གཞན་སུ་ལ་མ་སྤེལ་གསུངས་ནས་བཀའ་རྒྱས་བཏབ་པ་ལས། བླ་མ་མཚུར་ཕུ་བས་དབང་ལུང་ནོད། ཚོགས་དང་མཆོད་པ་མང་པོ་བགྱིས་ནས་ཞུས་པ་ལགས། བཀའ་བརྒྱུད་རྣམས་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱིས་ཡི་དམ་ཡོད་པ་ལ་འདི་གསང་བའི་ཡི་དམ་ལགས། ཤིན་ཏུ་གཉེན་ཅིང་ཕྲག་དོག་ཆེ་བས། གཞན་ལ་མ་སྤེལ་བའི་རྒྱུ་མཚན་དེ་ཡིན་པར་འདུག །ཅེས་གསུངས་སོ།། ༈ ད་ནི་རྩོམ་པའི་དོན་ཅུང་ཟད་བཤད་ན། རྣལ་འབྱོར་དོན་ཡོད་སྤྱོད་པའི་རྒྱུད་ལས། དེ་བཞིན་གཤེགས་པའི་བཀའ་ལ་བཅོས་ལྷད་དང་འབྲི་བསྒྱུར་བྱས་ན། ཆོས་ཅི་བྱས་ན་ཡང་འབྲས་བུ་མེད་ཅིང་ཉམས་སོ། །དེ་ཅིའི་ཕྱིར་ན། སངས་རྒྱས་ཀྱི་བཀའ་སོ་མ་ཐོབ་པའི་རྣལ་འབྱོར་པ་ལྟ་ཅི་སྨོས་ཀྱི། ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་ཚིག་གི་སྒྲོ་


CMR024_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

སྐུར་མ་བཅུག་པའོ། །ཞེས་གསུངས་ཏེ་བཀའ་ལ་བཅོས་ལྷད་ནི་རྒྱུད་དང་མདོ་རྣམས་སུ་ལྷད་བཅུག་པ་སྟེ། དཔེར་ན་མཁས་པ་ཁ་ཅིག་གིས་གདུགས་དཀར་ལྷ་ཡུལ་མ་དང་། མདོ་ཕྲེང་བ་ཅན་སོགས་འགྲེས་བཤང་བའི་ཚུལ་གྱིས་རྒྱས་པར་མཛད་པར་གྲགས་པ་ལྟ་བུ་ཡིན་གྱི། འདི་ནི་དེ་ལྟར་མ་ཡིན་ནོ། །དྲི་མེད་འོད་ལས། རྒྱུད་རྣམས་ལ་རང་སྟོབས་ཀྱིས་འབྲེལ་པ་གདུག་པའི་སློབ་དཔོན་དུ་གསུངས་ལ། ནམ་མཁའ་ཀློང་ཡངས་ལས། གསང་བའི་མན་ངག་མ་གོ་བར། །སློབ་མ་མ་བྱས་སློབ་དཔོན་རིང་། །ཁུང་ནས་བརྒྱུད་པའི་མན་ངག་ཟླུལ། །མ་ནོར་ཡིན་པར་མི་བརྩི་བར། །རང་བཟོ་ཁ་ཚབ་ཆེ་བ་ལས། །ཡིད་ཆེས་བྱེད་ཅིང་དམ་པར་འཛིན། །ལྟ་བ་དམན་ནམ་ངོ་སྲུང་བྱེད། །ཅེས་གསུངས་པས། རྒྱུད་དོན་རང་སྟོབས་ཀྱིས་འགྲེལ་པ་དང་། སློབ་དཔོན་མ་བསྟེན་མན་ངག་མ་གོ་བ། བརྩོམ་པར་མི་རུང་ཡང་། འདི་དེ་མ་ཡིན་ཏེ་རང་སྟོབས་ཀྱི་མ་ཡིན་རྒྱ་བོད་ཀྱི་གཞུང་མན་ངག་གི་རྗེས་སུ་འབྲངས་སོ། །སློབ་དཔོན་ལ་བསྟེན་ཅིང་མན་ངག་ཐོབ་ནས་བྲིས་སོ། །ནམ་མཁའི་ཀློང་ཡངས་ལས། རང་ལ་དོན་གྱིས་གདེང་མེད་པར། །དྲེགས་ཤིང་ང་རྒྱལ་མཁས་འདོད་


CMR024_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཚིག་ཙམ་ལུང་ལས་ཁུངས་ཕྱུང་ནས། །བརྩལ་བཤད་ཐོ་ཅོས་གཞུང་ཉམས་བྱེད། །དམྱལ་བར་ངན་འགྲོར་གཏན་ཡུལ་འཁྱམས། །ཞེས་གསུངས་པས། གཅན་འཕྲང་ལས། བྱིན་རླབས་ཉམས་མྱོང་ཆུ་རྒྱུན་ཆད། །སློབ་དཔོན་མ་བསྟེན་དབང་མ་མནོས། །ཆོས་འཆད་བྱེད་པའི་རྣམ་སྨིན་ནི། །ལྕགས་ཀྱི་དྲྭ་བར་ལུས་བཅུག་ནས། །ཞེས་སོགས་དང་། མན་ངག་ངེས་དང་དྲོད་མེད་པར། །ང་ཡི་བཀའ་ལས་བཟང་བ་མེད། །དེ་སྐད་ཟེར་ཞིང་གཞན་བསླུས་ནས། །ཞེས་དང་། སྤྲུལ་པོའི་རྒྱལ་པོས་ཀྱང་དགོངས་པ་དང་བདག་གི་བླ་མའི་བཀའ་བཞིན་དུ་མ་བགྱིས་པར། རིག་ཆོག་དང་རལ་ཆོད་བྱས། ཆོས་གཞུང་བཞིན་དུ་མ་བཤད་པར། སྙན་ཚིག་དང་རང་བཟོ་བཙུད། ཆོས་སེམས་དང་མ་འདྲེས་པར། ཟས་ནོར་དང་འདོད་པའི་དབང་དུ་སོང་ནས། བླ་མ་དང་། །ཆོས་དང་། བདག་ཉིད་གསུམ་བདུད་ལ་རིན་མེད་དུ་བཙོངས་ནས་སྒྲོ་སྐུར་དང་མི་ཁས་ཕོག་ནས། གསང་སྔགས་ཆེ་བའི་ཡོན་ཏན་གཏོར་ནས་བཟློག་ཐབས་མེད་པར་སོང་གདའ་བ་གཟིགས་སམ། ལྷ་ཇོ་བོ་ཐུགས་རྗེ་ཆེན་པོ་བླ་མ་དཀོན་མཆོག་རིན་པོ་ཆེ་རྣམས། གསང་


CMR024_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཆེ་བའི་ཡོན་ཏན་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་གདབ། ཅེས་གསུངས་པས། དེ་ལྟ་བུའི་སྐྱོན་དང་ལྡན་ན་ཤིན་ཏུ་མི་རུང་བ་ཡིན་ནའང་། རང་ལ་ངེས་ཤེས་ཀྱི་གདེང་ཅུང་ཟད་ཐོབ། ང་རྒྱལ་ཆེ་ཤིང་མཁས་འདོད་ཀྱིས་བྲིས་པ་མ་ཡིན། ཉམས་མྱོང་ཆུ་རྒྱུན་མ་ཆད་པའི་སློབ་དཔོན་བསྟེན་ཞིང་དབང་ཞུས་མན་ངག་ངེས་པའི་དྲོད་ཅུང་ཟད་ཐོབ། བླ་མའི་བཀའ་བཞིན་བསྒྲུབས་ཤིང་རལ་ཆོད་མ་བྱས། གཞུང་བཞིན་བཤད་ཅིང་སྙན་ངག་དང་རང་བཟོ་མ་བཙུད། རང་གཞན་བྱང་ཆུབ་ལ་འགོད་པའི་བསམ་པ་ཁ་ཙམ་མིན་པས་བྲིས་ཀྱིས་ཟས་ནོར་དང་སྙན་གྲགས་འདོད་ཕྱིར་བརྩམས་པ་མ་ཡིན་པས། སྐྱོན་དེ་དག་འདི་ལ་མི་འཇུག་གོ །དེས་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ། དགོས་ཐུགས་རྗེ་ཆེན་པོ། ཡང་དགོས་རྒྱལ་བ་རྒྱ་མཚོའམ་རྒྱུད་གཞུང་སོར་བཞག་གི་དབང་དུ་བཤད། རྣམ་གཡེང་མེད་པར་མཚམས་བསྡམས་ནས་བྱས། ཐར་པ་ཐོབ་པའི་ལམ་དངོས་ཡིན་པས། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་སྤྱི་བོར་ལེན་རིགས་པ་ཡིན་ཏེ། གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་


CMR024_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། །ཞེས་རྒྱུད་བླ་མ་ལས་གསུངས་སོ། །ཡང་བོད་ཁ་ཅིག་ཏུ་བྱུང་བར་གྲགས་པ་ལྟར་མདོ་རྒྱུད་སྔར་ནས་གྲགས་པའི་གཞུང་རྣམས་ཞུ་དག་དང་འགྱུར་བཅོས་ལ་སྙེད་འདོགས་ནས་གསུང་རབ་བཅོས་པ་དང་། འགྲེས་བཤང་བའི་རིག་པས་མང་དུ་བཏང་བ་དང་། ཆོས་གང་དང་གང་ལ་ཡང་ཆོས་དེ་ཉིད་ཀྱི་བྱུང་ཁུངས་འདིས། མཁས་གྲུབ་རྣམས་ཀྱིས་མཛད་པ་ཐམས་ཅད་མི་འཐད་པར་ལུང་རིགས་དུ་མས་བཀག་ནས། སླར་ཆོས་དེའི་ལྟ་གྲུབ་གསར་དུ་བཞག་པ་དང་། ཡི་དམ་གྱིས་གསུངས་པ་དང་། གཏེར་ནས་ཐོན་པ་སོགས་ཀྱང་མིན། སྔོན་རྒྱ་བོད་དུ་མེད་ཅིང་མ་གྲགས་པའི་ཆོས་ཞིག་རང་གིས་རྟོག་པས་བརྟགས་ནས་གསར་དུ་རྩོམ་པ་མི་རུང་སྟེ། ཨོ་རྒྱན་རིན་པོ་ཆེས། རྒྱལ་བའི་བཀའོ་ལོ་ནས་གསེབ་ཕུབ་ལྟར་ལྷད། །གདམས་པ་ཚོང་འདུས་འོ་མ་བཞིན་དུ་འཆལ། །ཞེས་གསུངས་སོ། །འདི་ལ་སྐྱོན་དེ་དག་ཡོད་པ་མ་ཡིན་ཏེ། ཆོས་འདིའི་བརྒྱུད་པ་མཁས་གྲུབ་རྣམས་ཀྱིས་དགོངས་པ་གསལ་བར་བྱས་པ་ཡིན་ཞིང་། གཞུང་དོན་གོ་ཕྱིར་རྩོམ་པ་ཡིན་གྱིས་གསུང་རབ་དང་གཞུང་བཅོས་པ་


CMR024_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དོ། །འོ་ན་ཁྱེད་ཅག་ཆོས་ཀྱི་སྤྱན་དང་བྲལ་བའི་སོ་སོའི་སྐྱེ་བོས་ཆོས་འདི་གླེགས་བམ་འདི་ལྟར་འབྲི་རུང་ངམ་ཞེ་ན་རུང་སྟེ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུད་ཆེན་པོ་པདྨ་རྒྱལ་པོ་ལས། བཅོམ་ལྡན་འདས་པདྨ་རྣམ་པར་འབྱེད་པས་ཕྱག་བརྐྱངས་ཏེ་སྤྱན་རས་གཟིགས་ཀྱི་སྤྱི་བོར་བཞག་ནས། སྤྱིར་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གཏད་།ཁྱད་པར་དུ་པདྨ་རིགས་ཀྱི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གཏད་དོ། །ཉེ་བར་ཡིད་ལ་ཟུངས་ཅིག་ཅེས་པར་གཏད་དོ། །བཀུར་སྟི་གི་གནས་སུ་སྦྱིན་པའོ། །འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོའི་བཅོམ་ལྡན་འདས་ལ་འདི་རྣམས་ནི་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་གྱིས་སྙིང་རྗེ་ཆེན་པོ་དང་ལྡན་ན་སོ་སོའི་སྐྱེ་བོས་ཀྱང་ཉན་པ་དང་བཤད་པ་དང་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གསེར་གྱིས་བྲིས་ཏེ་གླེགས་བམ་དུ་བྱས་ནས་མཆོད་པ་ལྔས་རྟག་ཏུ་མཆོད་པ་དང་། སྤྱི་བོར་བཞག་པ་དང་། ཡང་ཡང་གསན་པར་བྱ་བ་དང་། བཀུར་སྟི་ཆེན་པོ་བྱ་བ་ངས་གནང་ངོ་། །ཞེས་གསུངས་པའི་ཕྱིར། བདག་གིས་ཀྱང་རང་ཉིད་དྲན་པ་གསོ་བའི་ཕྱིར་བརྗེད་ཐོ་དང་། རང་དང་སྐལ་མཉམ་རྨོངས་པའི་གང་


CMR024_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གཞུང་མང་པོ་ལྟ་བར་མི་ནུས་པ་ལ་ཕན་པ་དང་། བདག་ལྟ་བུའི་གང་ཟག་རྟོག་གེ་བ་ཐེ་ཚོམ་ཆེ་བ་དག་གི་ཐེ་ཚོམ་བསལ་བ་དང་། ཆོས་འདི་ལ་མོས་པའི་གང་ཟག་དམན་པ་དག་ངེས་ཤེས་འདྲེན་ཕྱིར་དང་། གཞུང་འདི་ལ་སྔོན་ཆད་འགྲེལ་པ་བྱེད་མཁན་མ་བྱུང་བ་སྣང་བའི་ཕྱིར། ཆོ་ག་འདིའི་ཞབས་ཏོག་ཆག་ཕྱི་དང་། ཆོས་འདི་བཀའ་མ་ཆད་ཙམ་ནུབ་ལ་ཉེ་བར་སྣང་བས་བསྟན་པ་གསལ་བའི་ཕྱིར་དུ། སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བས་ཀུན་ནས་བསླངས་ཏེ། བདག་རང་དང་འབྲེལ་ཐོགས་ཀྱི་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་འདོད་པས་རྒྱུ་བྱས་ཏེ། ཆོས་འདི་ཁོ་ན་ལ་ཉམས་ལེན་གཙོ་བོར་བྱེད་པའི། རྣལ་འབྱོར་པ་རཱ་ག་ཨ་སྱས་ཆུ་སྦྲུལ་གྱི་ལོ་སྣོན་ཟླ་བ་ནས་བཟུང་སྟེ་ཐུན་མཚམས་རྣམས་སུ་བྲིས་ཏེ་གྲོ་ཞུན་ཟླ་བའི་ཚེས་གྲངས་བཟང་པོ་ལ་འགྲུབ་པར་སྦྱར་བ་ཡིན་ཞིང་། མཁས་འདོད་དང་གྲགས་པ་དང་བཀུར་སྟི་འདོད་ཕྱིར་སོགས་མ་ཡིན་པས་ཉེས་པ་མེད་དམ་སྙམ། འོན་ཀྱང་སོ་སོའི་སྐྱེ་བོའི་ཕྱིར་མ་རྟོགས་པ་དང་། ཕྱོགས་རྟོག་དང་ལོག་པར་རྟོག་པ་དང་། མ་འབྲེལ་པ་དང་འགལ་བ་དང་། སྦ་འོས་གསལ་བར་བཀོད་པ་དང་། གཞུང་


CMR024_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འཁྲུགས་པ་དང་། དེ་སོགས་རྩོམ་ཉེས་པའི་ཆ་ཅི་དང་ཅི་མཆིས་པ་ཐམས་ཅད་རབ་ཏུ་འགྱོད་པས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ལྷ་དགུ་དང་རྒྱ་མཚོ་ལྔའི་ལྷ་ཚོགས་ཐམས་ཅད་ཀྱི་དྲུང་དུ་མཐོལ་ལོ་བཤགས་སོ། །བྱང་ཞིང་དག་ནས་འདི་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། ཐོས་པའི་མཆོད་ཡོན་རྒྱ་མཚོས་ལེགས་གཏམས་ཤིང་། །རྣམ་བཀྲ་རིག་པའི་མེ་ཏོག་ཀུན་ཏུ་བཀྲམ། །ཞེས་སོགས་ནས། རྩོམ་པ་སྡེབ་ལེགས་སྙན་པའི་རོལ་མོ་སོགས། །འཕགས་རྣམས་དགྱེས་བྱེད་མཆོད་པ་བཞེས། །ཞེས་གསུངས་པ་ལྟར། མདོ་རྒྱུད་ཕྱོགས་མེད་རྒྱ་མཚོ་ལྟ་བུ་ལ། ཐོས་བསམ་བྱས་ནས་དེ་དག་གི་ལུང་མང་དུ་དྲང་བ་འདི་ནི་འཕགས་པ་རྣམས་དགྱེས་པའི་མཆོད་ཡོན་ཡིན་ལ། རྣམ་པར་བཀྲ་བའི་རིག་པ་རྣོན་པོས་ལེགས་པར་བརྟགས་ནས་ལུང་དེ་དག་གང་ལ་གང་སྐབས་སུ་བབ་པ་ཤེས་ཤིང་མ་འཆུགས་པར་སྦྱར་བའི་རིག་པའི་མེ་ཏོག་དང་། གཞན་ཡང་གཞུང་དོན་ཁ་སྦྲུམ་པ་རྣམས་རིགས་པས་ཤོ་མང་གི་སུལ་ལྟར་འབྱེད་པ་ཡང་མེ་ཏོག་ཡིན་ལ། དེ་ལ་ཕྱི་རབས་དག་བལྟས་ཤིང་ཉམས་སུ་བླངས་ན་སྡོམ་པ་གསུམ་ལྡན་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་ཀྱི་དྲི་


CMR024_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བསུང་ཅན་དུ་འགྱུར་བས་བདུག་སྤོས། འདི་གཞན་དག་ལ་ལེགས་པར་འཆད་ནས་བསྟན་པ་སྤྱི་དང་བྱེ་བྲག་གིས་ཆོས་འདིའི་བསྟན་པ་གསལ་གདུལ་བྱའི་རྨོངས་པ་གསལ་བས་མར་མེ་ཡིན་ལ། འདིའི་བར་སྐབས་འཐད་མི་འཐད་དང་བཞེད་ལུགས་སོ་སོའི་དབྱེ་བ་ཅུང་ཟད་ཡོད་པས་ཉེས་པའི་ཆ་སྦྱངས་བའི་དྲི་ཆབ་ཡིན་ལ། འདིའི་དོན་བསྒོམ་ན་བདེ་གསལ་མི་རྟོག་པ་ཟུང་དུ་འཇུག་པའི་བདེ་སྟོང་ཟུང་འཇུག་གི་རོ་མྱོང་བར་འགྱུར་པས་ཏིང་ངེ་འཛིན་གྱི་ཟས་ཏེ་ཞལ་ཟས་ཡིན། འདི་ལྟར་རྩོམ་པ་འདི་ནི་ཆོས་འདི་ལ་མོས་པ་རྣམས་ཀྱི་རྣ་བར་སིམ་པར་སྐྱེ་བས་རོལ་མོ་ཡིན་ཞིང་། འཕགས་པ་རྣམས་ནི་འདི་ལྟ་བུའི་མཆོད་པས་དགྱེས་པ་བསྐྱེད་ནུས་ཀྱི་གཞན་ཟང་ཟིང་གི་མཆོད་པས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མཆོད་ཀྱང་རང་ཉིད་ཚོགས་རྫོགས་མོད་ཀྱི། འཕགས་པ་རྣམས་ཐུགས་དགྱེས་པ་བསྐྱེད་མི་ནུས་ཀྱི། འཁོར་བའི་བདེ་འབྱོར་ཐམས་ཅད་ཉེས་སྐྱོན་གྱིས་འབྱུང་གནས་སུ་གཟིགས་པའི་ཕྱིར་དང་། འདི་བརྩོམ་པ་ལས་ཐར་པ་བྱང་ཆུབ་འབྱུང་བའི་གནས་སུ་གཟིགས་པའི་ཕྱིར་རོ། །དེས་ན་བདག་གིས་འདི་བརྩམས་པ་ལས་ངལ་བ་གང་ཐོབ་པའི་བསོད་ནམས་དེས། ཐུགས་རྗེ་ཆེན་པོ་རྒྱལ་


CMR024_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱ་མཚོ་ལྷ་དགུ་ལྷ་ལྔའི་ཚོགས་ལ་འབུལ་ལོ། །དེའི་དགེ་བས་སེམས་ཅན་ཐམས་ཅད་མྱུར་དུ་བྱང་ཆུབ་ཐོབ་པ་དང་། ཐུབ་པའི་བསྟན་པ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་དམ་པ་རྣམས་སྐུ་ཚེ་དང་ཕྲིན་ལས་རྒྱས་པར་གྱུར་ཅིག །དེའི་དགེ་བས་བདག་དང་བདག་གི་འབྲེལ་ཐོགས་ཐམས་ཅད་ཀྱིས་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་ལུས་འདི་བོར་མ་ཐག་ཏུ། སྐད་ཅིག་ལག་པ་བརྐྱང་བསྐུམ་ཙམ་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་མེ་ཏོག་པདྨ་ལས་བརྫུས་ཏེ་སྐྱེ་བར་གྱུར་ཅིག །སྐྱེས་མ་ཐག་ཏུ་པདྨ་ཁ་བྱེ་ནས་འོད་དཔག་ཏུ་མེད་པའི་ཞལ་མཐོང་བར་གྱུར་ཅིག །བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཞིང་དེ་རྟག་ཏུ་འཛིན་ཅིང་རིམ་གྱིས་བྱང་ཆུབ་ཐོབ་པར་གྱུར་ཅིག །འོད་དཔག་མེད་ཀྱི་སྐུ་ཚེ་དང་། སྤྱན་རས་གཟིགས་ཀྱི་ཕྲིན་ལས། གསང་བའི་བདག་པོའི་མཐུ་སྟོབས། འཇམ་དཔལ་དབྱངས་ཀྱི་མཁྱེན་རབ། འཛམ་ལྷའི་རིགས་ལྔའི་དངོས་གྲུབ། སློབ་དཔོན་པདྨའི་ནུས་མཐུ་ཐམས་ཅད་གཅིག་ཏུ་བསྡུས་པ་ལྟ་བུར་བདག་ལ་ད་ལྟ་ཉིད་དུ་གྱུར་ཏེ། སེམས་ཅན་ཐམས་ཅད་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་བདག་ཁོ་ནས་འཇོག་ནུས་པར་གྱུར་ཅིག །ཆོས་དབྱིངས་རྣམ་པ་དག་པ་བསམ་ལས་


CMR024_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

འདས་པ་དང་། རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་དང་། ཐུགས་རྗེ་ཆེན་པོའི་ལྷ་ཚོགས་རྣམས་ཀྱི་ཐུགས་རྗེའི་མཐུས་དེ་ཁོ་ན་བཞིན་དུ་གྱུར་ཅིག །འོ་ན་དེང་སང་སྙིགས་མའི་མཐའ་ལ་ཐུག་པར་ཉེ་བས་ཆོས་ཐམས་ཅད་ཆ་ཆ་ནས་འགྲིབ་པའི་དུས་ཡིན་པས་ཁྱོད་ཀྱིས་འདི་བྲིས་ཀྱང་གསལ་བར་མི་ནུས་སོ་ཞེ་ན། སྟོན་པའི་བསྟན་པ་དང་ཆོས་རྣམས་འགྲིབ་ཅིང་བསྟན་པའི་མཇུག་ཏུ། ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་བསྟན་པ་དར་བར་ཨོ་རྒྱན་རིན་པོ་ཆེ་དང་སྲོང་བཙན་སྒམ་པོ་སོགས་ཀྱིས་ལུང་བསྟན་ཅིང་། ཁྱད་པར་རས་ཆུང་བས་བསྒྱུར་བའི་ཆོས་ཐམས་ཅད་རྒྱུན་རིང་བར་གསུངས་ལ། སངས་རྒྱས་ཕྱི་མ་སྟེ་རྒྱལ་བ་བྱམས་པའི་བསྟན་པ་མུ་མཐའ་ཚེ་ལོ་དྲུག་བརྒྱ་ཐུབ་ཅིང་། འཕགས་པ་གནས་བརྟན་བཅུ་དྲུག་གིས་ཤཱཀྱ་ཐུབ་པའི་བསྟན་པ་ལ་མ་བསྡུས་ཀྱི་བར་དུའང་། ཆོས་འདི་མི་ནུབ་པར་བདེན་ཚིག་འགྲུབ་པའི་གྲུབ་ཆེན་ཀརྨ་པཀྴིསསྨོན་ལམ་བཀྲ་ཤིས་དང་བཅས་པའང་ཡོད་དེ། རྗེ་བཙུན་མི་ལས་རས་ཆུང་པ་ལ་གསུངས་པ་ཡང་ཁྱོད་ཀྱི་མན་ངག་ཕྲན་བུས་ཀྱང་སེམས་ཅན་མང་པོ་ལ་ཕན་ཐོགས་པས་སྣོད་ལྡན་གྱི་གང་ཟག་ལ་ལེགས་པར་སྦྱིན། ཁྱོད་ཀྱི་ཆོས་བརྒྱུད་ཀྱང་ཇེ་བཟང་


CMR024_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཇེ་དར་ལ་འགྲོ་བ་ཡོད། ཅེས་དང་། ཆོས་བརྒྱུད་ཆུ་བོའི་གཞུང་དང་ལྡན། །སྨིན་གྲོལ་དོན་གཉིས་ལྷུན་གྲུབ་འབྱུང་། །ཞེས་ལུང་བསྟན་པ་དང་། རས་ཆུང་བ་ཉིད་ཀྱིས་མ་འོངས་ལུང་བསྟན་མང་དུ་གསུངས་ཤིང་། སླར་ཡང་ཚེ་ལོ་བཅུ་པའི་བར། །ང་ཡི་བསྟན་པ་དར་བར་འགྱུར། །ཞེས་གསུངས་སོ། །རིན་པོ་ཆེ་ཀརྨ་པཀྴིསམཛད་པའི་རྒྱལ་བ་རྒྱ་མཚོའི་ཡིག་རྙིང་གི་གཤམ་ནི། སློབ་དཔོན་རིན་པོ་ཆེ་ཀརྨ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་ལགས་པས་ཀུན་གྱིས་བྲིས་ཤིག །སྒྲུབས་ཤིག །དབང་སྐུར་ཅིག །ཤོད་ཅིག །ཁྲོམ་ཆོས་རྒྱ་ཆེན་པོས་གཞན་དོན་གྱིས་ཤིག །བླ་མ་ཡི་དམ་མཁའ་འགྲོའི་བྱིན་གྱིས་བརླབས་ཀྱིས། ལུང་མ་མནོས་ཀྱང་དཔེ་གང་གིས་བྲིས་པ་དང་མཐོང་བར་འགྱུར་བ་རྣམས་ཀྱང་བདག་གཞན་གྱི་དོན་ཉི་མ་ཤར་བ་ལྟ་བུར་གྱུར་ཅིག །ཆུ་བོའི་རྒྱུན་ལྟར་བྱིན་རླབས་ལྷུན་གྱིས་གྲུབ་ཅིང་། ཐུགས་རྗེ་ཆེན་པོ་ཉིད་དང་མཇལ་བ་ལྟ་བུར་གྱུར་ཅིག །སློབ་དཔོན་པདྨའི་བཀྲ་ཤིས་ཤོག །ཐུགས་རྗེ་ཆེན་པོའི་བཀྲ་ཤིས་ཤོག །དཔའ་བོ་རྒྱ་མཚོའི་བཀྲ་ཤིས་ཤོག །ཊཱཀི་རྒྱ་མཚོའི་བཀྲ་ཤིས་ཤོག །དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག །ཕྱི་མའི་


CMR024_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

མུ་མཐར་ཐུག་གི་བར་དུ་བཀྲ་ཤིས་པར་གྱུར་ཅིག །ཅེས་གསུངས་སོ། །སརྦ་མངྒ་ལཾ།། ཛ་ཡནྟ། བཀྲ་ཤིས།། །། ༈ ན་མོ་ཨཱརྱ་ལོ་ཀི་ཤྭ་ར་ཡེ། །གང་སྔོན་ཐུགས་བསྐྱེད་སྨོན་ལམ་བླ་མེད་ཅིང་། །བར་དུ་སྤྱད་པ་སྤྱོད་པ་མཐར་ཕྱིན་པས། །ཐ་མར་ཐམས་ཅད་མཁྱེན་པ་མཆོག་བརྙེས་པ། །འཕགས་མཆོག་བརྩེ་བའི་བདག་ཉིད་ཁྱོད་ཕྱག་འཚལ། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི། །བརྩེ་ཆེན་སྙིང་རྗེའི་རྡུལ་མང་ཇི་སྙེད་པ། །གཅིག་བསྡུས་མཁྱེན་བརྩེའི་རི་དབང་ལྟ་བུའི་སྐུ། །མཐའ་ཡས་འགྲོ་བའི་བརྟན་གནས་གང་དེར་འདུད། །རབ་མང་ཇི་སྙེད་འགྲོ་ཀུན་དོན་སླད་དུ། །རབ་འཇིགས་དམྱལ་བར་གནས་ལ་མི་འཇིགས་པར། །རབ་འཕགས་ལྷག་བསམ་བརྩོན་པ་མི་བསྙེལ་བར། །རབ་མཆོག་སེམས་དཔའི་གཙོ་ལ་གུས་པས་བསྟོད། །བདག་གཞན་སྒོ་གསུམ་དགེ་ཚོགས་མཆོད་པ་འབུལ། །སྔོན་བསགས་སྡིག་པའི་ལས་ཀུན་མཐོལ་ཞིང་བཤགས། །འཕགས་སྐྱེའི་དགེ་བ་ཀུན་ལ་ཡི་རང་ཞིང་། །འགྲོ་ལ་སྨན་ཕྱིར་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་ཏུ་བཞུགས་པར་གསོལ། །དེ་ལྟར་ལེགས་དཔྱད་


CMR024_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དཀར་དགེ་བ་དང་། །ཁྱད་པར་འཕགས་པ་མཆོག་གི་སྐུ་རྟེན་དང་། །རིགས་པའི་ཆོ་གའི་དོན་འགྲེལ་ལེགས་བཞེངས་པའི། །དགེ་བའི་རྩ་བ་ཇི་སྙེད་ཐོབ་པ་དང་། །གཞན་ཡང་བདག་གཞན་དུས་གསུམ་ལེགས་བྱས་པའི། །དགེ་ཚོགས་རྒྱ་མཚོ་ཟད་པ་མེད་པ་དག །རྒྱལ་བ་སྲས་བཅས་སྤྱན་སྔར་མཆོད་པ་འབུལ། །དྲི་མེད་བསྟན་པ་ཡུན་དུ་དར་རྒྱས་ཤོག །འདིས་མཚོན་དགེ་ཚོགས་མ་ལུས་གཅིག་བསྡུས་ནས། །དྲིན་ཆེན་བླ་མ་ཀརྨ་ཆགས་མེད་དང་། །ཁྱད་པར་སྤྲུལ་སྐུ་ཀརྨའི་མཚན་ཅན་གྱིས། །ས་ལམ་འགལ་རྐྱེན་མ་ལུས་།རབ་ཞི་ཞིང་། །བསྟན་འགྲོའི་དོན་ཆེན་སྒྲུབ་པ་ལ་སོགས་པ། །ཟག་མེད་ཐུགས་དགོངས་ཡོངས་སུ་རྫོགས་ཕྱིར་བསྔོ། །ལེགས་བྱས་དགེ་ཀུན་བདག་མཆེད་ལ་སོགས་པ། །ཉེ་འབྲེལ་སློབ་མ་སྦྱིན་བདག་འབྲེལ་ཐོགས་དང་། །རྟ་ཁལ་འོ་ཞོ་བལ་ལྤགས་ཤ་ཁྲག་སོགས། །སྒོ་གསུམ་དངོས་བརྒྱུད་འབྲེལ་པ་གང་ཐོགས་དང་། །དགྲ་གཉེན་བར་མས་བསྡུས་པའི་སེམས་ཅན་ཀུན། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །བདག་གཞན་འབྲེལ་ཐོགས་མཐའ་ཡས་སེམས་ཅན་ཀུན། །སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ་ཡང་། །འཕགས་པའི་


CMR024_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེས་ནམ་ཡང་མི་འདོར་བར། །གནས་ངན་སྐྱེ་བའི་སྒོ་ཀུན་རབ་བཀག་ནས། །མངོན་མཐོའི་རྟེན་ཐོབ་ངེས་ལེགས་ཆོས་སྤྱོད་དེ། །ནམ་ཞིག་འཕོས་ཚེ་བདེ་ཆེན་ཞིང་སྐྱེས་ནས། །སྒྲིབ་གཉིས་བྱང་སྟེ་ས་ལམ་ཡོན་ཏན་རྫོགས། །མྱུར་དུ་སངས་རྒྱས་ཡེ་ཤེས་ཐོབ་པར་ཤོག །སླར་ཡང་ཞི་བའི་གནས་ལ་མ་ཆགས་པར། །གང་ལ་གང་འདུལ་དེ་ལ་དེར་སྟོན་པའི། །མཐའ་ཡས་འགྲོ་བ་སེམས་ཅན་མ་ལུས་པ། །ཐམས་ཅད་རྫོགས་བྱང་ཉིད་ལ་འགོད་པར་ཤོག །དེ་ལྟར་ལེགས་པར་སྨོན་པ་འདི་དག་ཀུན། །རྒྱལ་བ་སྲས་བཅས་ཐུགས་རྗེ་བསླུ་མེད་དང་། །ཆོས་ཉིད་བདེན་དང་དགེ་བའི་མཐུ་ཡིས་ནི། །གེགས་མེད་མྱུར་དུ་འགྲུབ་པ་ཉིད་གྱུར་ཅིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། །པཉྩ་དྲི་ཡ་ཨ་ཝ་བོ་དྷ་ན་ཡེ་སྭཱ་ཧཱ། འདོད་གསོལ་ཤམ་སྨོན་འདི་ནི་ཀརྨ་བུད་དྷའམ། མཚན་གཞན་ཀརྨ་པྲ་ཀཱིརྟིས་སྦྱར་བའོ།། ༈ འདིས་མཚོན་དུས་གསུམ་ལེགས་བསགས་བསོད་ནམས་ཚོགས། །ཐུགས་རྗེ་ཆེན་པོ་དགུ་ལྔའི་ལྷ་ལ་འབུལ། །རྗེས་སློབ་བདག་གཞན་མ་རྒན་ཡིད་ཅན་འགྲོ་བ་རྣམས། །སྣང་མཐའི་ཞིང་དུ་མངོན་འཚང་རྒྱ་ཕྱིར་བསྔོ། །རྒྱལ་བ་རྒྱ་མཚོའི་


CMR024_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

དོན་འབྲེལ་ཆ་ཚང་འདི། །རྒྱལ་བསྟན་སྤྱི་དང་ཕན་པའི་བཙས་སུ་བྲིས། །རྒྱལ་སྲས་སྤྱོད་པའི་མཛད་པ་ལྷུན་གྱིས་གྲུབ། །རྒྱལ་བའི་རྗེས་འཛིན་མངོན་སངས་རྒྱས་གྱུར་ཅིག །ཅེས་སྨོན་ཚིག་གཉིས་པོ་འབྲི་བ་པོས་བགྱིས་སོ། །དགེའོ།། འཇིག་རྟེན་དབང་ཕྱུག་ཆོ་གའི་ཟིན་བྲིས་སྐོར། །ཐར་བའི་ལམ་ཆེན་དོན་འགྲེལ་འདི་དག་དང་། །པདྨ་ཟབ་དང་པདྨ་རྒྱལ་པོའི་རྒྱུད། །རྩ་བའི་བསྙེན་ཟིན་ཕྱི་སྒྲུབ་ནང་སྒྲུབ་དང་། །གསང་སྒྲུབ་དྲིལ་སྒྲུབ་ཡང་གསང་སྒྲུབ་པ་དང་། །ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་སྟ་གོན་ཟིན། །ལུས་དཀྱིལ་བསྙེན་ཚད་རྗེས་ཆོག་ཟིན་བྲིས་དང་། །རྫོགས་རིམ་འཁོར་ལོ་ལྔ་དང་མན་ངག་བཅས། །བསྐྱེད་རིམ་ཉལ་བ་འཆི་བ་ལམ་ཁྱེར་རྣམས། །གཏོར་འབུལ་ཟིན་བྲིས་བསྐང་དཔུང་རྒྱས་བསྡུས་གཉིས། །དྲིན་ཆེན་བླ་མ་ཀརྨ་ཨ་རཱ་གས། །མ་རྒན་རྗེས་འཇུག་བརྒྱུད་འཛིན་ལག་ཏུ་གནང་། །པོད་ཆེན་གཅིག་ཏུ་ཁོ་བོས་ལེགས་པར་བསྡུས། །དགེ་བས་རྒྱལ་བསྟན་ཉིན་བྱེད་དཀྱིལ་ལྟར་རྒྱས། །བསྟན་འཛིན་སྐྱེས་བུའི་མཛད་ཕྲིན་ཕྱོགས་བཅུར་རྒྱས། །བདག་གཞན་འགྲོ་རྣམས་ཐུགས་རྗེ་ཆེན་པོ་ཡི། །གོ་འཕང་ཐོབ་ནས་བདེ་ཆེན་ཞིང་སྐྱེས་ཤོག །དམ་ཆོས་འདི་ཉིད་


CMR024_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

དར་ཞིང་རྒྱས་པ་དང་། །འཇིགས་བྱེད་ཆེན་པོ་མ་ཧཱ་ཀཱ་ལས་སྲུངས། །མཐོང་ཐོས་དྲན་རེག་འགྲོ་རྣམས་མ་ལུས་པ། །བདེ་བ་ཅན་དུ་སྐྱེ་བའི་རྒྱུ་རུ་བསྔོ། །རྨོངས་བརྟུལ་ཨ་ཡུན་དེས་བྲིས་ནས་སུ། །དམ་ཆོས་གླེགས་བམ་དཔེ་ཛིའི་ཚུལ་དུ་ཕུལ། །ཐུགས་རྗེ་ཆེན་པོའི་ལྷ་ལྔའི་ཟིན་བྲིས་ཀྱི་རྩམ་དོན་དང་། ཐུན་མིན་ཟབ་ཁྲིད་བཅས་པ་ཚང་བས་མཁྱེན་པར་མཛོད་ཅིག། །། བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཤོག་གྲངས་ ༦༠༡ ནས་ ༦༣༥ བར།no next