Nitartha Digital Library
Tibetan
རྙིང་མ་རྒྱུད་འབུམ་པོད་གསུམ་པ། ག༽


   
   
   
   
  collapse section
   
   
   
གཤིན་གྱི་གནས་ལུང་ཆེན་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཤིན་གྱི་གནས་ལུང་ཆེན་མོ། next

གཤིན་གྱི་གནས་ལུང་ཆེན་མོ།


DNG003_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། མ་ཧཱ་སུ་ཀ་ས་བི་ཡ་དུར་ན་མཱ། བོད་སྐད་དུ། གཤིན་གྱི་གནས་ལུང་ཆེན་མོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་མཉམ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་དཔལ་པདྨའི་རྒྱལ་པོ་དེ་ཉིད་ཀྱིས། སེམས་ཅན་ཚེ་འདས་པའི་སེམས། རིག་པ་ངོ་སྤྲད་པའི་ཆོ་ག་དང་། རིགས་དྲུག་ནས་དྲངས་ཤིང་ལམ་སྟོན་པ་འདི་གསུངས་སོ། །ཕྱོགས་བཅུ་ན་གནས་པའི་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། མི་དང་། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ་རབ་ཏུ་བོས་ཏེ་འདི་གསུངས་སོ། །ཀྱེ་འདུས་པའི་ཚོགས་ཕལ་ཆེར་ང་ལ་ཉོན་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་ལ་ཆགས་ཤིང་། སྡུག་བསྔལ་ལ་སྤྱོད་པའོ། །ཚེ་འདས་པའི་སྡུག་བསྔལ་དང་། རྣམ་རྟོག་སྦྱོང་བའི་ཕྱིར། ངས་ཚེ་འདས་པ་བར་དོ་ལས་འདས་པའི་ལམ་དུ་ལུང་བསྟན་པ་འདི་བསྟན་གྱིས། ལེགས་པར་ཉོན་ཅིག་ཅེས་གསུངས་པས། དེ་ནས་འཁོར་རྣམས་རབ་ཏུ་དགའ་སྟེ་འདི་སྐད་བརྗོད་དོ། །ཨེ་མ་ཧོ། ལེགས་སོ་བདག་ཅག་རྣམས་ཀྱི་ལེགས་པར་བཟུང་། །དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །དེ་ནས་དབང་ཆེན་དེ་ཉིད་ཀྱིས། །ཉེ་བའི་འཁོར་ལ་བཀའ་སྩལ་པ། །ཀྱེ་ཀྱེ་འདུས་པའི་འཁོར་ཚོགས་ཉོན། །གནས་ཀྱི་ཆོ་ག་ཆེན་མོ་ནི། །ང་ཡིས་ལེགས་པར་བཤད་པར་བྱ། །སེམས་ཅན་ལས་ཀྱིས་མནར་བ་ཡི། །དབང་པོ་རབ་འབྲིང་ཐ་མ་གསུམ། །ཤིན་ཏུ་རྒྱས་པ་འདི་ལྟ་སྟེ། །དབང་པོ་ཉི་ཤུ་རྩ་གཅིག་གོ། །ཡང་གསོལ་པ། སེམས་ཅན་ལས་ཀྱི་མནར་དེ་ཡི། །བར་དོའི་གནས་ལུགས་ཅི་ལྟར་ལགས། །རྡོ་རྗེ་འཆང་གིས་བཀའ་སྩལ་པ། །སེམས་ཅན་ཀུན་གྱི་ལམ་ཆེན་ནི། །བར་དོའི་སྣང་བ་ཆེན་པོ་ཡིན། །རྣམ་པ་བཞི་རུ་ང་ཡིས་གསུངས། །རང་བཞིན་གནས་པའི་བར་དོ་དང་། །ཆོས་ཉིད་རང་སྣང་བར་དོ་དང་། །རྨི་ལམ་འཛིན་པའི་བར་དོ་དང་། །སྲིད་པ་འཁྱམས་བྱེད་བར་དོའོ། །རང་བཞིན་གནས་པའི་བར་དོ་ལ། །ཆོས་ཉིད་གསང་བའི་དོན་རྟོགས་


DNG003_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །གང་ལ་མ་ཆགས་ཤེས་རབ་ཕ་རོལ་ཕྱིན། །དེ་ནས་ལུས་འདི་བོར་བ་དང་། །ཆོས་ཉིད་རང་སྣང་བར་དོ་ལ། །གཉིས་སུ་མེད་པར་གནས་ནས་ནི། །ཞག་ནི་རྣམ་བདུན་སྡོད་པར་ངེས། །དེ་ཚེ་སེམས་ཅན་ཆེན་པོ་དེ། །ཆོས་ཉིད་མ་ལ་རབ་གནས་ཏེ། །སེམས་དང་རིག་པའི་ཡེ་ཤེས་གཉིས། །ཞག་བདུན་བར་དུ་རབ་ཏུ་བྲལ། །ཆོས་ཉིད་རང་ཡུལ་མཐོང་བའི་ཕྱིར། །དེ་ནས་ཞག་བདུན་ལོན་པ་དང་། །སེམས་ཀྱི་ས་བོན་ལངས་པ་དང་། །ལྷུན་གྲུབ་ཆེན་པོ་རབ་འདས་ནས། །རྨི་ལམ་བར་དོ་ཆེན་པོར་འགྲོ། །དེ་ཚེ་སྔོན་གྱི་བག་ཆགས་དྲན། །དེ་ཚེ་གནས་ཀྱི་ཆོ་ག་གསུངས། །གནས་ཀྱི་ཆོ་ག་ཆེན་པོ་རྣམས། །ཕྱག་རྒྱ་འཁོར་ལོས་མཚམས་བཅད་བྱ། །དེ་ནས་བུཌྜྷ་ཧེ་རུ་ཀས། །དབང་ཆེན་ཉིད་ལ་དོན་ཞུས་པ། །ཀྱེ་མ་དཔའ་བོ་དབང་གི་བདག །གནས་ལུང་ཆེན་པོ་བསྒྲུབ་པ་ཡི། །དཀྱིལ་འཁོར་ཆོ་ག་གསུང་དུ་གསོལ། །དེ་ནས་དབང་ཆེན་དེ་ཉིད་ཀྱིས། །ཞུས་པའི་ཚིག་འདི་བཀའ་སྩལ་པ། །གནས་ལུང་བསྒྲུབ་པ་འདི་ལྟ་སྟེ། །ཚེ་འདས་ལུས་བརྗེས་གནས་དེ་རུ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་སྟེ། །དྲི་སྣ་གསུམ་གྱིས་ཆག་ཆག་གདབ། །དེ་ནས་ཚོན་ཐིག་བྱིན་གྱིས་བརླབ། །བཅུ་དྲུག་ཐིག་དང་ལྡན་བྱས་ལ། །དེ་ནས་ཚོན་ཉིད་རབ་ཏུ་དགྱེ་བར་བྱ། །ཕོ་བྲང་གྲུ་བཞིར་ལྡན་པ་ལ། །ཚོན་རྩི་མཐིང་ག་དག་གིས་དགང་། །ཕྱི་རིམ་ཟླུམ་པོ་དག་ཏུ་གསུངས། །རྡོ་རྗེའི་ར་བར་བཅས་པ་བྲི་བྱ་ཞིང་། །ཕོ་བྲང་བསྣོལ་མའི་བར་དག་ནི། །དམར་པོ་དག་གིས་རབ་ཏུ་བཀང་། །དེ་ཡི་ཕྱི་རིམ་གྲུ་བཞི་སྟེ། །སྒོ་དང་བཅས་པར་རབ་ཏུ་བཤད། །སྒོ་ནི་རིགས་དང་མཐུན་པ་ལ། །བར་ཁྱམས་སྔོན་པོ་དག་ཏུ་བྱ། །གྲུ་ཆད་ལྗང་གུ་མཛེས་པའོ། །དེ་ཡི་ཕྱི་རིམ་ཟླུམ་པོར་གསུངས། །ཟླ་གམ་བཞི་ནི་དམར་པོའོ། །ཀྱེ་མ་བཅོམ་ལྡན་དབང་གི་བདག །གསང་བའི་དཀྱིལ་འཁོར་དེ་ཉིད་ལ། །མངོན་པའི་རྫས་ནི་ཇི་ལྟར་ལགས། །དཔལ་ཆེན་ཁྱེད་ཀྱིས་བཀའ་སྩོལ་ཅིག །གསང་བའི་དཀྱིལ་འཁོར་དེ་ཉིད་ལ། །དབུས་ཀྱི་ཕོ་བྲང་སྟེང་དག་ཏུ། །བུམ་པ་མཛེས་པ་གཅིག་


DNG003_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་སྟེ། །རས་དཀར་གཙང་མས་མགུལ་ཆིངས་བྱ། །ནང་དུ་ཆུ་གཙང་དག་གིས་དགང་། །ཁ་རྒྱན་ཅི་འབྱོར་དག་གིས་བྱ། །ཤར་ཕྱོགས་དག་ཏུ་གཏོར་མ་གཅིག །རཀྟ་བདུད་རྩིས་བྲན་ལ་བཞག །ལྷོ་ཕྱོགས་གཏོར་མ་ཕུད་ཀྱིས་བྲན། །ནུབ་ཀྱི་རཀྟ་དག་གིས་བྲན། །བྱང་དུ་བདུད་རྩིའི་དྲི་ཆུས་བྲན། །བྱང་ཤར་མཚམས་སུ་ལན་ཆགས་གཏོར། །ཤ་སྣ་ཚོགས་ཚད་དག་དང་ནི། །དཀར་གསུམ་མངར་གསུམ་ལ་སོགས་དང་། །ཉ་ཤ་དག་དང་སྒོ་ང་དང་། །ཁུར་བ་ལ་སོགས་ཟས་སྣ་རྣམས། །ཅི་འབྱོར་པ་ཡིས་གཏོར་མ་བརྒྱན། །འབྲས་ཆང་གྲོ་ཆང་ཡོས་ཆང་དང་། །བུ་རམ་ཆུ་དང་ཀར་ཆུ་དང་། །དར་བ་ཞོ་དང་མར་ཁུ་ཡིས། །གཏོར་མ་དེ་ཉིད་བྲན་ཏེ་བཞག །གསང་བའི་དཀྱིལ་འཁོར་དེ་ཉིད་ལ། །སྒོ་བཞིར་རལ་གྲི་བཞི་ཡང་གཟུག །གྲུ་བཞིར་མདའ་བཞི་མེ་ལོང་བཞི། །དར་སྣ་བཞི་ཡང་གདགས་པར་བྱ། །དེ་ནས་དཀྱིལ་འཁོར་དེ་ཉིད་ལ། །ཞི་ཁྲོའི་སྐུ་ཡི་དཀྱིལ་འཁོར་རམ། །གང་ཡོད་སྟེང་དུ་དགྲམ་པར་བྱ། །དེ་ཡི་སྟེང་དུ་རས་དཀར་གཙང་མ་ཡིས། །གདུགས་ནི་རབ་ཏུ་འབུབས་པར་བྱ། །རས་དཀར་གཙང་མ་དེ་ཉིད་ལ། །ཡི་གེ་ཨ་ཉིད་དཀྱིལ་དུ་བྲི། །གསང་བའི་དཀྱིལ་འཁོར་དེ་ཉིད་ལ། །མཐིང་ནག་དར་གྱི་ཡོལ་བ་དྲེ། །དཀྱིལ་འཁོར་དེ་ཡི་ཤར་སྒོ་རུ། །དྲི་མ་དག་ནི་དགོད་ལ་བཞག །ཕོ་ལ་གཞུ་དང་དོང་རལ་དང་། །ཕོ་ཡི་ཆས་སུ་ཅི་ཡོད་བཞག །མོ་ལ་འཕང་དང་སྐུར་མ་དང་། །མོ་ཡི་ཆ་རྐྱེན་ཅི་ཡོད་བཞག །དེ་ནས་དྲི་མ་དེ་དག་ལ། །གཤིན་གྱི་མིང་བྱང་བསྟན་པ་ནི། །ཤོག་གུ་དར་ལ་རབ་བྲིས་ནས། །མདའ་འཕང་དག་ལ་བཏགས་ལ་གཟུག །དེ་ནས་གཏོར་མ་ཆ་གསུམ་གཏང་། །ཕྱི་ཆོག་ལ་སོགས་མཆོད་པ་ལྔ། །གཞུང་དང་མཐུན་པར་རབ་བྱས་ནས། །ཞི་བའི་ཕྲིན་ལས་རྫོགས་པར་བྱ། །དེ་ནས་ཁྲོ་བོའི་གཞུང་བསྲང་ལ། །གཤེད་བྱེད་བསྐྲད་པའི་ཆོ་ག་བྱ། །དེ་ནས་དྲི་མ་དེ་ཉིད་ལ། །སློབ་དཔོན་ཏིང་འཛིན་ལྡན་པ་དེས། །ཕོ་མོ་གང་ཡིན་རྣམ་ཤེས་དགུག །རཾ་ཡཾ་ཁཾ་གིས་བསྲེག་སྦྱང་བཀྲུས། །དེ་ནས་སྔགས་འཆང་དེ་


DNG003_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ཀྱིས། །ཨེ་མ་རཾ་ཞེས་རབ་བརྗོད་པས། །སྣོད་བཅུད་འཇིག་རྟེན་ཐམས་ཅད་ནི། །མཐིང་ནག་གྲུ་གསུམ་ཨེ་རུ་བསམ། །གཤེད་བྱེད་ཐམས་ཅད་བརླག་པར་བསམ། །དེ་ནས་དྲི་མ་དེ་ཉིད་ལ། །དེ་བ་བི་ཤུཌྜྷ་རི་ནི་རབ་བརྗོད་པས། །ཞི་ཁྲོའི་ལྷ་ཚོགས་དེ་དག་ཀུན། །དྲི་མ་ཚེ་འདས་ལུས་ལ་གཟུགས། །དེ་ནས་དྲི་མ་དེ་ཉིད་ནི། །ལྷ་ཚོགས་རྣམས་སུ་གསལ་བ་དང་། །ཚེ་འདས་དེ་ཡི་ལུས་པོ་ལ། །མཛེས་པའི་རྒྱན་ཆ་དག་གིས་བརྒྱན། །དར་དཔྱངས་དག་དང་གདུགས་ཀྱིས་དགབ། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །དབང་ཆེན་སྟབས་སུ་བཞུགས་ནས་ནི། །ཚིགས་བཅད་འདི་སྐད་བརྗོད་པར་བྱ། །ཨེ་མ་ཧོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །སྐུ་དང་གསུང་དང་ཐུགས་དང་ནི། །ཡོན་ཏན་ཕྲིན་ལས་ཟག་པ་ཟད། །ཟད་མི་ཤེས་པ་ཡི་བདེན་པ་དང་། །གཞན་ཡང་བདག་ཅག་རྡོ་རྗེ་སློབ་དཔོན་དང་། གསང་བའི་དཀྱིལ་འཁོར་བསམ་གྱིས་མི་ཁྱབ་པའི་བདེན་པས། གཤིན་པོ་ཚེ་ལ་འདས་པ་འདི། རིགས་དྲུག་གང་ན་གནས་ཀྱང་རུང་སྟེ། ངན་སོང་གསུམ་གྱི་སྒོ་ཆོད་ཅིག །མཐོ་རིས་སུ་སྒོ་འབྱེད་པའི་གསང་བའི་དཀྱིལ་འཁོར་འདིར། སྐད་ཅིག་ལ་མཆིས་པར་གྱུར་ཅིག །གཞན་ཡང་འདི་ལ་གནོད་པར་བྱེད་པའི་བདུད་དམ། བགེགས་གང་ཡང་རུང་བས། འདི་ལ་གནོད་པར་མ་བྱེད་ཅིག །གལ་ཏེ་གནོད་པར་བྱས་ན། བཅོམ་ལྡན་འདས་པདྨ་དབང་ཆེན་གྱི་བྱིན་རླབས་ཀྱིས། ཐལ་བ་རྡུལ་ཕྲན་བཞིན་དུ་གྱུར་ཅིག །དེ་སྐད་ཅེས་བརྗོད་ཅིང་སྔགས་འདི་གསུམ་བརྗོད་དོ། །ཨོཾ་བི་ཤ་ཀྲོ་དྷ་ཧ་ན་ཧ་ན་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཅེས་བརྗོད་ཅིང་། ཉུང་ཀར་ལ་བསྔགས་ལ་ཕྱོགས་བཅུར་གཏོར་རོ། །དེ་ནས་འཛབ་ཏུ་བགྲང་བའི་སྔགས་འདི་བྲོ་བརྡུང་ཞིང་བཟླས་སོ། །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུྃ་ཧྲཱྀཿ། སྔགས་དེ་ལས་ནི་འོད་འཕྲོས་པས། །རྟ་མགྲིན་དམར་པོ་གྲངས་མེད་འཕྲོས། །འགྲོ་དྲུག་གནས་ནས་དྲངས་པར་བསམ། །དེ་ནས་དྲི་མའི་སྙིང་ག་ནས། །རྟ་མགྲིན་དེ་དག་ཐམས་ཅད་ཀྱིས། །


DNG003_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ནས་གཉིས་མེད་ལྷ་རུ་གསལ། །དེ་ནས་བྷུཌྜྷ་ཧེ་རུ་ཀས། །དབང་བདག་ཉིད་ལ་དོན་ཞུས་པ། །ཀྱེ་མ་བཅོམ་ལྡན་དབང་ཆེན་སྐུ། །ཚེ་འདས་སེམས་ཅན་དེ་དག་ནི། །ངན་སོང་གསུམ་ནས་དྲངས་པའི་ཕྱིར། །ཆོ་གའི་སྦྱོར་བ་གསུང་དུ་གསོལ། །དེ་ནས་པདྨ་ཧེ་རུ་ཀས། །དེ་དག་རྣམས་ལ་བཀའ་སྩལ་པ། །དེ་ནས་ཞི་བའི་འཛབ་དབྱངས་བགྲངས། །ཨོཾ་ཨཱཿཧཱུྃ་བཛྲ་དྷྲྀཀ་མུཾ་དྷཱ་ཏྭཱི་ཤྭ་རཱི། ལཱཾ་དྭེ་ཥ་ར་ཏི། པཱཾ་ར་ག་ར་ཏི་སྟྭཾ། མཱཾ་མོ་ཧ་ར་ཏི། ཨཱཾ་ཨ་རོ་ལིཀ །དེ་སྐད་བརྗོད་ཅིང་གཟུགས་ལ་བསྡིམ། །ཡི་གེ་དེ་དག་རེ་རེ་ཡི། །འོད་ཟེར་རབ་ཏུ་འཕྲོས་པ་ཡིས། །ཤེས་བྱའི་རྣམ་རྟོག་སྒྲིབ་པ་དང་། །བལྟ་བ་གོལ་བའི་སྒྲིབ་བྱང་བསམ། །དེ་ནས་སྔགས་ཀྱི་འོད་ཟེར་དེས། །ཚེ་འདས་ལུས་ལ་ཕོག་པ་དང་། །ལུས་ངག་ཡིད་གསུམ་སྒྲིབ་བྱང་ནས། །ལུས་ཀྱི་དངོས་པོ་མེད་པར་བསམ། །དེ་ནས་ཚེ་འདས་དངོས་པོ་དེ། །ཡི་གེ་ནྲྀ་དུ་གྱུར་ནས་ནི། །དེ་ནས་ཧཱུྃ་དུ་གྱུར་པར་བསམ། །དེ་ལས་འོད་ཟེར་འཕྲོ་འདུ་ལས། །བཛྲ་ཨཱཿཧཱུྃ་རབ་བརྗོད་པས། །རྡོ་རྗེར་གྱུར་ནས་སྐྱེ་འཇིག་བྲལ། །དེ་ལྟར་སྐྱེ་བ་མེད་བསམས་ནས། །དཀྱིལ་འཁོར་བཞེངས་སུ་གསོལ་བ་ཡི། །ཆོ་ག་མངའ་གསོལ་བྱིན་བརླབ་བསྐྱེད། །རཾ་ཡཾ་ཁཾ་གིས་བསྲེགས་སྦྱངས་ལས། །བསྐྱེད་པའི་སྔགས་འདི་ལན་གསུམ་བརྗོད། །བྷྲཱུཾ་བི་ཤུདྡྷེ་བྷནྡྷ་ཛྙཱ་ན་ཙཀྲ་བྷྲཱུཾ། དེ་ཉིད་འོད་དུ་ཞུ་བ་ལས། །གཞལ་ཡས་ཁང་ནི་རབ་ཏུ་བསམ། །འཁོར་ལོ་རིན་ཆེན་གཞལ་ཡས་ཁང་། །བྷན་དྷ་ཡེ་ཤེས་རྣམ་པར་བསམ། །རྒྱ་ཁྱོན་དཔག་ཏུ་མེད་པར་བསམ། །དེ་ཡི་ནང་དུ་བསམ་བྱ་བ། །སྔགས་འདིས་རབ་ཏུ་བསྐྱེད་པར་བྱ། །ཨ་ཙནྡྲ་མཎྜ་ལ་ཧཱུྃ། མ་སཱུརྱ་མཎྜ་ལ་ཧཱུྃ། པཾ་པདྨ་མཎྜ་ལ་ཧཱུྃ། ཧཱུྃ་ཏྲཾ་ཏི་ར་བཾ་ལ་སོགས་པའི། །ཟླ་བའི་དལ་དང་ཉི་མའི་དལ། །པདྨ་སྟོང་དང་ལྡན་པ་ཡི། །བདག་ཉིད་རབ་ཏུ་བསམ་པར་བྱ། །ཏི་ར་བཾ་ལ་སོགས་པ་ཡི། །ཕྱོགས་སྐྱོང་གདན་ཡང་རབ་ཏུ་བསམ། །དེ་ཡི་སྟེང་དུ་དབང་ཆེན་བསམ། །ཕྱོགས་མཚམས་ཀུན་ཏུ་ཁྲོ་བོ་བསམ། །དེ་ལྟར་དཀྱིལ་འཁོར་བཞེངས་ནས་ནི། །དཀྱིལ་འཁོར་བཞེངས་སུ་


DNG003_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བ་ཡི། །ཆོ་ག་འདི་སྐད་བརྗོད་པར་བྱ། །དབང་ཞུ་རབ་ཏུ་གོན་ནས་ནི། །མགོ་ལ་དར་དཔྱངས་རབ་བཅིངས་ནས། །རྡོ་རྗེའི་གླུ་ཆེན་འདི་སྐད་བླང་། །ཧཱུྃ། རྣམ་དག་ཡེ་ཤེས་གཞལ་ཡས་ཁང་། །སྟོང་པ་ཡེ་ཤེས་བྷན་དྷའི་ནང་། །གསལ་བ་ཡེ་ཤེས་ཐིག་ལྡན་པ། །མཁའ་མཉམ་རྒྱ་ཁྱོན་དཔག་ཏུ་མེད། །འོད་ཟེར་ལྔ་ལྡན་མུ་ཁྱུད་བཅས། །རང་རིག་ཡེ་ཤེས་འཁོར་ལོའི་དབྱིབས། །རྣམ་དག་ཡེ་ཤེས་ཀློང་ཡངས་དཀྱིལ། །དུར་ཁྲོད་མེ་རི་སྣ་ཚོགས་འཕྲོ། །ཡཾཿ། ཡེ་ཤེས་རླུང་གིས་རྣམ་རྟོག་ཐམས་ཅད་གཏོར། །སྐྱེ་མེད་ཡེ་ཤེས་ཤེས་རབ་དབྱིངས་སུ་སྒྲོལ། །རཾཿ། ཡེ་ཤེས་མེ་ཡིས་རྟོག་པ་སྦར་སྦུར་བསྲེག །ཤེས་རབ་ཡེ་ཤེས་བསྐལ་པའི་མེ་ལྟར་འབར། །ཁཾཿ། ཡེ་ཤེས་ཆུ་ཡིས་ཉོན་མོངས་རྣམ་ལྔ་བཀྲུས། །ཡེ་ཤེས་ཆུ་ཡི་རྒྱ་མཚོ་རྦ་རླབས་འཁྲུགས། །ལཾཿ། ཆོས་ཉིད་ས་ཡིས་སྣང་སྲིད་འཁོར་འདས་འདེགས། །ཆོས་ཉིད་མི་འགྱུར་ཐེག་པའི་ས་རྣམས་བགྲོད། །ཀེཾཿ། ཡེ་ཤེས་ཀེཾ་གྱིས་གཏི་མུག་འབྲས་བུ་གཏིང་། །ཆོས་ཉིད་མ་སྐྱེས་སྟོང་པའི་འབྲས་བུར་ལྡན། །བྷྲཱུཾཿ། ཡེ་ཤེས་རྣམ་དག་ཕོ་བྲང་དཀྱིལ་འཁོར་འདིར། །རྒྱལ་བ་རྣམས་ལ་བཞེངས་བཞུགས་མི་མངའ་ཡང་། །སྟོང་ཉིད་ཐེག་ལྡན་རྒྱལ་བའི་གཤེགས་ཁང་འདིར། །ཐམས་ཅད་གཤེགས་ནས་བརྟན་པར་བཞུགས་སུ་གསོལ། །ཧཱུྃ། རིག་པའི་རང་བཞིན་ཡི་གེ་ཧཱུྃ་གི་ངང་། །གྲུ་བཞི་ཡེ་ཤེས་བཞི་དང་ལྡན་གྱུར་ནས། །ཆོས་ཉིད་གཏོར་མ་ཞལ་ཟས་བདུད་རྩི་ཧཱུྃ། །རིག་པའི་ཡེ་ཤེས་ཡི་གེ་ཨོཾ་དུ་གསལ། །རྣམ་རྟོག་རྒྱན་གཅོད་ཐིག་ཆེན་འབྲས་བུས་བཅུ་དྲུག །ཀྱང་འདུག་མཛེས། །བདུད་རྩི་གཏོར་མ་བསྲེག་སྦྱང་བཀྲུས། །ཨོཾཿ། ཡེ་ཤེས་ལྔ་ལྡན་རིག་པའི་ཡེ་ཤེས་ཨོཾ། །ཡེ་ཤེས་རང་སྣང་སྣ་ཚོགས་ལྔ་ལྡན་པ། །ཡེ་ཤེས་བཅུད་ལྡན་ཐམས་ཅད་གཏོར་མས་ཚིམ། །ཕོ་བྲང་རབ་མཛེས་རྡོ་རྗེའི་དཀྱིལ་འཁོར་འདིར། །སྒྲུབ་རྫས་བྱིན་གྱིས་བརླབ་ཅིང་བརྟན་པར་བཞུགས། །སྒོ་བཞི་རབ་མཛེས་ཡེ་ཤེས་ཕྱོགས་བཞིར་གསལ། །ཡེ་ཤེས་རང་སྣང་འཁོར་ལོ་ལྟ་བུའི་དབྱིབས། །


DNG003_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་དཀྱིལ་འཁོར་ཡེ་ཤེས་ཕོ་བྲང་འདིར། །ཁྲོ་རྒྱལ་ཐམས་ཅད་བརྟན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་མཎྜལ་སུ་སྟེ་སྟྭམ། དེ་ལྟར་དཀྱིལ་འཁོར་ཆོ་ག་བསྟན། །དཀྱིལ་འཁོར་ཆོ་ག་རབ་རྫོགས་ནས། །བརྡའ་སྒོ་དབྱེ་བའི་རིམ་པ་བྱ། །ཚེ་འདས་ལས་ཀྱི་སེམས་ཅན་དེ། །དཀྱིལ་འཁོར་དེ་ཡི་ཤར་སྒོ་ནས། །ཕོ་བྲང་ནང་དུ་ཚུད་པར་བསམ། །དེ་ནས་གླུ་ཆེན་འདི་སྐད་བརྗོད། །ཧཱུྃ། ཤར་ལྷོ་ནུབ་བྱང་སྒོ་བཞི་ནས། །རིག་པའི་ཡེ་ཤེས་སྒོ་འབྱེད་ཀྱིས། །ཤེས་རབ་ཆེན་པོའི་སྒོ་ཕྱེ་ཞིག །རིག་པའི་ཡེ་ཤེས་སྒོ་ཕྱེ་བས། །སེམས་ཀྱི་རྣམ་རྟོག་དྲི་མ་བྲལ། །ཙིཏྟའི་དཀྱིལ་འཁོར་སྒོ་ཕྱེ་བས། །ཡེ་ཤེས་སྣང་བ་ཕྱོགས་བཅུར་གསལ། །སྒྲོན་མ་མིག་གི་སྒོ་ཕྱེ་བས། །རིག་པའི་ཡེ་ཤེས་རྟོག་མེད་གསལ། །སེམས་ཀྱི་ཡི་གེ་ནྲྀ་གནས་པ། །གསལ་བའི་ཡེ་ཤེས་མིག་ཕྱེ་བས། །རིག་པའི་ཡེ་ཤེས་ཧཱུྃ་དུ་གྱུར། །ཡེ་ཤེས་གསལ་བའི་སྒོ་ཕྱེ་བས། །དཀྱིལ་འཁོར་ཕོ་བྲང་མངོན་པར་སྣང་། །འདིར་ནི་དཀྱིལ་འཁོར་གསལ་གྱུར་པས། །ཡེ་ཤེས་ཐམས་ཅད་དབབ་ཏུ་གསོལ། །ས་མནྟ་བཛྲ་སཏྭ་ཧཱུྃ། ཀྱེ་མ་བཅོམ་ལྡན་དཔལ་ཆེན་སྐུ། །ཚེ་འདས་རིགས་ཀྱི་བུ་དེ་ཉིད། །དཀྱིལ་འཁོར་ལྷ་ཚོགས་དེ་དག་གི། །ཞལ་ནི་གང་གིས་བལྟ་བར་འགྱུར། །དབང་ཆེན་ཉིད་ཀྱིས་ལུང་བསྟན་པ། །ཀྱེ་མ་ཉོན་ཅིག་ཧེ་རུ་ཀ །རྡོ་རྗེ་སློབ་དཔོན་གསང་བ་དེས། །ཚིག་བཤད་འདི་དག་བརྗོད་བྱས་ན། །དཀྱིལ་འཁོར་ལྷ་ཡི་ཞལ་མཐོང་འགྱུར། །དེ་ནས་དཀྱིལ་འཁོར་ཤར་སྒོ་ནས། །དྲི་མ་འཛིན་པའི་མི་དག་གིས། །དྲི་མ་དག་དང་བཅས་པ་ཡིས། །དཀོན་མཆོག་གསུམ་ལ་ཕྱག་གསུམ་འཚལ། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །ཚིག་ནི་འདི་སྐད་བརྗོད་པར་བྱ། །ཧོ་མི་གནས་པ་ཡི་ཡེ་ཤེས་ཆེན་པོའི་བདག་ཉིད་ཞི་ཁྲོ་གསང་བའི་དཀྱིལ་འཁོར་བཅས་པ་དང་། བཅོམ་ལྡན་པདྨ་དབང་གི་དཀྱིལ་འཁོར་གྱིས། ཚེ་འདས་འདི་ལ་ཞལ་བསྟན་དུ་གསོལ། བྱིན་གྱིས་བརླབ་ཏུ་གསོལ། དབང་བསྐུར་དུ་གསོལ། མཐུ་བསྟན་དུ་གསོལ། སྒྲིབ་པ་སྦྱང་


DNG003_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། གནས་སྤར་བར་མཛད་དུ་གསོལ། ཨོཾ་བཛྲ་སརྦ་ཀ་པ་ཛ་ཧཱུྃ། དེ་ནས་ཏིང་འཛིན་རབ་བརྟན་པས། །སྔགས་ཀྱི་འོད་ཟེར་ལྡན་འཕྲོས་པས། །ཚེ་འདས་ཉིད་ལ་དབང་བསྐུར་བས། །དེ་ནས་བྱིན་དབབ་བཤགས་པ་བྱ། །པདྨཱནྟ་ཀྲྀཏ་བྲོ་བརྡུང་ཞིང་། །རུ་ལུ་གར་གྱིས་མཆོད་པ་འབུལ། །དེ་ནས་དབུས་བུམ་བྱིན་གྱིས་བརླབས། །བུམ་པའི་ནང་དུ་ལྷ་རྣམས་བསྐྱེད། །བུམ་པ་མཛེས་པ་དེ་ཉིད་ལ། །དཀྱིལ་འཁོར་ལྷ་ཚོགས་གསལ་བ་དང་། །དང་པོའི་གནས་སུ་གཞག་པར་བྱ། །མཆོད་དང་བཤགས་པ་བྱེད་ཙམ་ན། །ཚེ་འདས་ཉིད་ཀྱིས་བྱེད་པར་བསམ། །དེ་ནས་བྱིན་དབབ་བྱས་པ་དང་། །ལྷ་དང་དཀྱིལ་འཁོར་ཇེ་གསལ་བསྒོམ། །ཕུད་དང་གཏོར་མ་བྱིན་གྱིས་བརླབས། །དེ་ནས་རྡོ་རྗེ་སློབ་དཔོན་དེས། །ཏིང་འཛིན་གསུམ་ལ་འབད་པར་བྱ། །དེ་ལྟར་ཏིང་འཛིན་རབ་གསལ་བས། །དཀྱིལ་འཁོར་སྒོ་བཞིར་དབང་བྲོ་བརྡུང་། །དེ་ནས་དབང་གི་ཞྭ་གོན་ལ། །མཆོད་པ་ཆེན་པོ་འདི་སྐད་བརྗོད། །ཧཱུྃ་མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །མཉེན་འཇམ་རེག་ན་བདེ་བ་དང་། །སངས་རྒྱས་ཞིང་ཁམས་རབ་འབྱམས་སུ། །སངས་རྒྱས་རོལ་མོ་སྣ་ཚོགས་དང་། །དབྱིབས་ལེགས་རྫིང་བུ་རོ་མཆོག་བསིལ། །ཡེ་ཤེས་རོལ་མོའི་རྒྱན་ལྡན་པ། །ཆོས་ཀྱི་གླུ་དང་ཡེ་ཤེས་གར། །སྣང་བའི་བྲོ་དང་སངས་རྒྱས་གསུང་། །ཚངས་པའི་གསུང་དང་རུ་ལུའི་སྒྲ། །དབང་གི་སྟབས་དང་པདྨའི་གསུང་། །དབང་མཆོག་བྱིན་རླབས་ཆེན་པོ་ཡིས། །ཧཱུྃ་བླ་དྲེ་རྒྱལ་མཚན་ལྷབ་ལྷུབ་དང་། །བདུག་སྤོས་མར་མེ་ཙནྡན་དྲི། །འདོད་ཡོན་ལ་སོགས་རིན་ཆེན་གྱིས། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད། །སིལ་སྙན་ཞལ་ཟས་གཞལ་ཡས་ཁང་། །མཛེས་པར་བྲིས་ཤིང་སྤྲས་པ་དང་། །སེམས་དང་ཆོས་དང་གླུ་ཆེན་པོ། །དབང་ཆེན་དཀྱིལ་འཁོར་ཉིད་ལ་འབུལ། །རིན་ཆེན་རྒྱན་དང་ཡོ་བྱད་ཆུ། །ཞི་བའི་ཚོགས་ལ་མཆོད་པར་འབུལ། །ཨ་ལ་ལ་སྟེ་མཆོད་པར་བཞེས། །ནང་གི་མཆོད་པའི་ཕྱག་རྒྱ་ནི། །དྲི་ཆེན་རྡོ་


DNG003_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆེ་མཆོག་དང་། །བྱང་ཆུབ་སེམས་དང་རཀྟའི་དབང་། །དྲི་ཆུ་རྡོ་རྗེ་སྒྲིབ་སྦྱངས་ཆུ། །བདུད་རྩི་ཡོན་ཏན་ལས་གྲུབ་གཏེར། །ཐོགས་པ་མེད་པར་མཉམ་སྦྱོར་ནས། །དབང་ཆེན་སྐུ་ལ་མཆོད་པ་འབུལ། །ཚེ་དང་གལ་ཕྱི་ཛ་གད་དང་། །དྲག་པོ་ཚིམས་བྱེད་ཀུན་ཏུ་རྒྱུག །གཙང་མའི་ཕུད་དང་གཏོར་མ་ཡིས། །འབར་བའི་དཀྱིལ་འཁོར་ཀུན་ལ་མཆོད། །ཚིལ་ཆེན་སྣང་གསལ་ཆེན་པོ་དང་། །དྲག་པོའི་རྒྱན་ཆ་སྣ་ཚོགས་དང་། །དབང་ཆེན་བྲོ་དང་རུ་ལུའི་སྒྲ། །ཁྲོ་རྒྱལ་རྣམས་ལ་མཆོད་པར་འབུལ། །རྔ་ཆེན་དང་ནི་དྲིལ་བུའི་སྒྲ། །ཅང་ཏིལ་གྷཎྜ་པི་ཝང་སྒྲ། །མཆོག་ཆེན་དུང་དང་གླིང་བུ་དང་། །ཏིང་ཏིང་ཤག་དང་ཀར་ཀོ་ཏྲ། །ཆ་ལང་ལ་སོགས་སྒྲ་རྣམས་དང་། །ལྷ་དང་ཀླུ་ཡི་སྒྲ་སྐད་རྣམས། །མཐུན་སྦྱར་གཉིས་མེད་མཆོད་པ་འབུལ། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་བྱ་ལ་སོགས་འདོད་ཡོན་ལྔ། །བཅོམ་ལྡན་དཔལ་ཆེན་ཉིད་ལ་མཆོད། །དཀྱིལ་འཁོར་ཚོགས་དང་མཆོད་རྫས་ཀྱིས། །གཉིས་མེད་བསྡུས་ཏེ་མཉམ་སྦྱོར་ནས། །འབར་བའི་དཀྱིལ་འཁོར་ཀུན་ལ་མཆོད། །རྒྱལ་སྲིད་རྫས་དང་ཡོ་བྱད་དང་། །སྣ་ཚོགས་མཆོད་པ་ཆེན་པོར་འབུལ། །ཨ་ལ་ལ་སྟེ་བཞེས་སུ་གསོལ། །འབྱུང་པོ་ཀུན་ལ་མཆོད་པ་ནི། །ལན་ཆགས་མཆོད་པའི་ཕྱག་རྒྱ་ནི། །གཏོར་མ་ཡེ་ཤེས་རྣམ་དག་དང་། །ཟས་ཀྱི་རོ་མཆོག་སྣ་ཚོགས་པས། །སྦྱངས་པའི་ལན་ཆགས་བྲལ་གྱུར་ཅིག །ཉ་ཤ་དང་ནི་ཕག་པའི་ཤ ། ཤ་བའི་ཤ་དང་དགོ་བའི་ཤ ། བྱ་རྒོད་ཤ་དང་འདབ་ཆགས་ཤ ། སྟག་ཤ་དོམ་ཤ་སྤྲེའུའི་ཤ ། ཁྱི་ཤ་སྲེ་མོང་བྱི་ལའི་ཤ ། བ་ཤ་བོང་ཤ་རྟ་ཤ་དང་། །རྐྱང་ཤ་ལ་སོགས་ཤ་སྣ་རྣམས། །འབུལ་ལོ་ལན་ཆགས་རྣམས་ལ་འབུལ། །འདོད་ཆགས་ལན་ཆགས་བྲལ་གྱུར་ཅིག །རི་དྭགས་ཤ་སྣ་ཕུལ་བ་ཡིས། །ཡིད་ཀྱི་ལན་ཆགས་བྲལ་གྱུར་ཅིག །འདབ་ཆགས་ཤ་སྣ་ཕུལ་བ་ཡིས། །སེམས་ཀྱི་ལན་ཆགས་བྲལ་གྱུར་ཅིག །སྡེར་ཆགས་ཤ་སྣ་ཕུལ་བ་ཡིས། །ལུས་ཀྱི་ལན་ཆགས་བྲལ་གྱུར་ཅིག །སེམས་ཅན་རྐང་མེད་ཤ་ཕུལ་བས། །


DNG003_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ངག་ཡིད་གསུམ་དྲི་མ་ལན་ཆགས་བྲལ་གྱུར་ཅིག །ཤ་ཡི་རིགས་རྣམས་ཕུལ་བ་ཡིས། །ལན་ཆགས་ཐམས་ཅད་བྲལ་གྱུར་ཅིག །འབྲས་ཆང་གྲོ་ཆང་ཡོས་ཀྱི་ཆང་། །རྒུན་ཆང་ཤིང་ཐོག་ཆང་དང་ནི། །བུ་རམ་ཆང་དང་ལན་ཚྭའི་ཆུ། །མོས་ཆུ་བསིལ་ཆུ་གུར་གུམ་ཆུ། །རྒྱ་མཚོ་ལྟེང་ཀ་ལུ་མའི་ཆུ། །ཀ་ར་དང་ནི་སྦྲང་རྩིའི་ཆུ། །ཁྲག་དང་ཞོ་དང་དར་བ་ཡི། །བཏུང་བའི་མཆོད་པ་འདི་ཕུལ་བས། །ལན་ཆགས་ཐམས་ཅད་བྲལ་གྱུར་ཅིག །མངར་གསུམ་དག་གི་ཆུ་ཕུལ་བས། །འདོད་པའི་ལན་ཆགས་བྲལ་གྱུར་ཅིག །ཆང་གི་རིགས་མཆོག་འདི་ཕུལ་བས། །ཞེ་སྡང་ལན་ཆགས་བྲལ་གྱུར་ཅིག །དཀར་གསུམ་དག་གི་ཆུ་ཕུལ་བས། །ཀླུ་རིགས་ལན་ཆགས་བྲལ་གྱུར་ཅིག །ལན་ཚྭའི་ཆུ་རྣམས་ཕུལ་བ་ཡིས། །གཉན་གྱི་ལན་ཆགས་བྲལ་གྱུར་ཅིག །ཆུ་སྣ་ཇི་སྙེད་ཕུལ་བ་ཡིས། །ས་བདག་ལན་ཆགས་བྲལ་གྱུར་ཅིག །ཧཱུྃ་ཤ་དང་མར་དང་ཁུར་བ་དང་། །ཛ་གད་གཏོར་མ་ཕུལ་བ་ཡིས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྟོ་འཕྱེ་ས་བདག་རིགས་རྣམས་དང་། །གྲུལ་བུམ་གཉན་གྱི་རིགས་རྣམས་དང་། །བྱོལ་སོང་ཀླུ་ཡི་རིགས་རྣམས་དང་། །ཡི་དྭགས་ཤ་ཟའི་རིགས་ཅན་དང་། །སྟོབས་ཆེན་བདུད་ཀྱི་རིགས་རྣམས་དང་། །བཙན་དང་རྒྱལ་འགོང་འཁོར་བཅས་དང་། །མ་མོ་དང་ནི་གཤིན་རྗེ་དང་། །ཁྱེད་རྣམས་ཀུན་གྱི་ལན་ཆགས་ནི། །སྐད་ཅིག་ཉིད་ལ་བྲལ་གྱུར་ཅིག །ཚེ་ལས་འདས་པའི་སེམས་ཅན་འདི། །སེམས་ཀྱི་མདུད་པ་མྱུར་དུ་ཁྲོལ། །ལན་ཆགས་རྐྱེན་གྱིས་ཟས་ནོར་ལོངས། །ཚེ་འདས་རིགས་ཀྱི་བུ་འདི་དང་། །ལུས་དང་གྲིབ་མར་མ་འགྲོགས་པར། །ངན་སོང་གསུམ་གྱི་ལམ་མ་བསྟན། །སྔགས་འཆང་བདག་གི་ངག་འདི་ཉོན། །དབང་ཆེན་ཉིད་ཀྱི་བཀའ་མ་བཅག །ཧཱུཾ་ཉོན་ཅིག་ལྟོས་ཤིག་འབྱུང་པོ་རྣམས། །ང་ནི་པདྨ་དབང་ཆེན་ཏེ། །ཐམས་ཅད་ང་ཡི་དབང་དུ་སྡུད། །དྲེགས་པ་ཅན་རྣམས་སྤ་བཀོང་བྱེད། །གནོད་བྱེད་སྙིང་ལ་བྲོ་བརྡུང་སྟེ། །གཤེད་བྱེད་ཐལ་


DNG003_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

བར་བརླག་པའི་བྲོ། །སྲི་ཆེན་དབང་དུ་སྡུད་པའི་བྲོ། །དྲེགས་པ་གནད་ལ་བོར་བའི་བྲོ། །ང་ཡི་བཀའ་འདི་མ་བཅགས་པར། །ལན་ཆགས་གཏོར་མ་འདི་ལོངས་ལ། །རང་རང་གནས་སུ་བྱེར་བར་གྱིས། །རང་རང་གནས་སུ་བྱེར་ནས་ཀྱང་། །ཚེ་འདས་གཤེད་དུ་མ་བྱེད་པར། །ངན་སོང་ལམ་གྱི་སྒོ་ཆོད་ཅིག །ཡོན་བདག་རིགས་རྒྱུད་འདི་རྣམས་ལ། །ཕྱིན་ཆད་སྡང་བར་མ་བྱེད་ཅིག །ཨོཾ་པདྨཱནྟ་ཀྲྀཏ་བཛྲ་ཀྲོ་དྷ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྔགས་དེ་བཟླས་ཤིང་ཡུངས་ཀར་གཏོར། །མཆོད་པའི་གཞུང་རྣམས་རྫོགས་པ་དང་། །ཚོགས་ཀྱི་མཆོད་པ་རབ་ཏུ་བྱ། །ཚོགས་ཆེན་མཆོད་པ་དེ་དག་ཀུན། །ཚེ་འདས་དེ་ཡིས་དྲངས་པར་བསམ། །དེ་བཞིན་གཞུང་བཞིན་རྫོགས་པར་བྱ། །དེ་ནས་བདུན་ཚིགས་དང་པོ་ལ། །དང་པོའི་ཆོ་ག་འདི་དག་བརྗོད། །སྔགས་འདི་བརྗོད་ཅིང་སྤྲོ་བར་བྱ། །དེ་ནས་གླུ་ཆེན་འདི་སྐད་བརྗོད། །ཚེ་འདས་མདུན་དུ་བསམ་པའོ། །ཧཱུྃ་ཉོན་ཅིག་ཚེ་འདས་རིགས་ཀྱི་བུ། །ཁྱོད་ཀྱི་རྣམ་རྟོག་ངས་སྦྱང་གིས། །ང་ལ་གུས་པར་ཕྱག་འཚོལ་ཅིག །སེམས་ཀྱི་ཐེ་ཚོམ་ཉིད་སོལ་ལ། །བདེ་བའི་སྟན་ལ་རབ་འདུག་ལ། །སྔགས་འཆང་ང་ཡི་ངག་འདི་ཉོན། །ཚེ་འདས་བྱ་བའི་རིགས་ཀྱི་བུ། །འདི་ནས་འཇིག་རྟེན་འོག་འདི་ན། །དམྱལ་བ་བྱ་བ་འཇིགས་རུང་བ། །སྡུག་བསྔལ་རྣམ་པ་སྣ་ཚོགས་པ། །མི་བཟད་ཁྱོད་ཀྱིས་མྱོང་བར་འགྱུར། །ཞེ་སྡང་རྒྱུད་ལས་ལོག་པས་ན། །སྡུག་བསྔལ་དེ་ལས་བསྒྲལ་བྱའི་ཕྱིར། །བཟོད་པའི་ཆུ་བོ་འདི་ལོངས་ཤིག །ཨོཾ་དུ་སི་ན་རག་ས་མཱ་ཛ་ཧཱུྃ། དེ་ནས་དྲི་མ་དེ་ཉིད་ལ། །དབང་གི་དཀྱིལ་འཁོར་ལྔ་བསམས་ལ། །སྤྱི་གཙུག་ཟླ་བའི་དཀྱིལ་འཁོར་ཏེ། །ལྕེ་ལ་པདྨ་འདབ་བརྒྱད་བསམ། །སྙིང་གར་ཉི་མའི་དཀྱིལ་འཁོར་བསམ། །ལྟེ་བར་རིན་ཆེན་ཟུར་བརྒྱད་བསམ། །རྐང་མཐིལ་ཨེ་ཉིད་ཟུར་གསུམ་བསམ། །དེ་ལྟའི་དཀྱིལ་འཁོར་དེ་དཀྱིལ་དུ། །དང་པོ་ལ་ནི་ཨ་དཀར་པོ། །གཉིས་པར་སུ་ཉིད་སེར་པོར་བསམ། །གསུམ་པར་ནྲྀ་ཉིད་ནག་པོར་བསམ། །བཞི་པར་པྲེ་ཉིད་སེར་པོ་སྟེ། །


DNG003_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་བར་དུ་ཉིད་དུང་ཁའོ། །དྲུག་པ་ཏྲི་ཉིད་ནག་པོ་སྟེ། །དེ་ལྟར་གནས་པའི་རང་བཞིན་དེ། །དབང་ཉིད་བསྐུར་བའི་རང་བཞིན་གྱིས། །དང་པོ་ཡི་གེ་ཨོཾ་གྱུར་བསམ། །གཉིས་པ་ཨཱཿལ་གསུམ་པ་ཧཱུྃ། །བཞི་པ་སྭཱ་སེར་ཀུན་ཏུ་སྣང་། །ལྔ་པ་ཧཱ་རུ་གྱུར་པར་བསམ། །དྲུག་པ་ཧྲཱྀཿཉིད་བསམ་པར་བྱ། །དེ་ལྟར་བསམས་པར་བུམ་པ་ཡི། །ཆུ་ཡིས་དྲི་མ་བཀྲུ་བར་བྱ། །བུམ་པ་དྲི་མའི་སྟེང་དུ་བཞག །དབང་ཉིད་བསྐུར་བར་རབ་བྱའོ། །དམྱལ་བའི་གནས་ནས་ཐོན་པར་བསམ། །དེ་ནས་འདི་སྐད་དབྱངས་བླང་ངོ་། །ཧཱུྃ་ཉོན་ཅིག་དགོངས་ཤིག་རིགས་ཀྱི་བུ། །ཚེ་འདས་བྱ་བ་རིགས་ཀྱི་བུ། །འདི་ནས་འཇིག་རྟེན་འོག་ན་ནི། །ཡི་དྭགས་འཇིག་རྟེན་བསམ་མི་ཁྱབ། །བཀྲེས་དང་སྐོམ་གྱི་སྡུག་བསྔལ་ནི། །མི་བཟད་ཁྱོད་ཀྱིས་མྱོང་བར་འགྱུར། །དེ་ལས་བསྒྲལ་བར་བྱ་བའི་ཕྱིར། །ང་ནི་བཅོམ་ལྡན་དཔལ་ཆེན་ཏེ། །ཡི་དྭགས་སྡུག་བསྔལ་ངས་བསྒྲལ་གྱིས། །སྦྱིན་པའི་ཆུ་བོ་འདི་ལོངས་ཤིག །ཨ་སུ་ནྲྀ་པྲེ་དུ་ཏྲི་ཧཱུྃ། ཨ་ཨཿ། བསྐྱེད་རིམ་བསྐུར་ཐབས་གོང་དང་མཐུན། །ཡི་དྭགས་སྡུག་བསྔལ་བྲལ་བར་བསམ། །དེ་ནས་བྱོལ་སོང་སྡུག་བསྔལ་ཡང་། །དེ་ཡི་སྦྱོང་ཚིག་འདི་སྐད་དོ། །ཧཱུྃ་ཚེ་འདས་རིགས་ཀྱི་བུ་ཁྱོད་ཉོན། །ང་ཡིས་བསྟན་པ་འདི་ལ་ཉོན། །བསྟན་པ་འདི་ལ་མ་ཞུགས་ན། །འདི་ནས་མངོན་སྣང་ཡུལ་འདི་ན། །བྱོལ་སོང་བྱ་བའི་སྡུག་བསྔལ་ནི། །མི་བཟད་ཁྱོད་ཀྱིས་མྱོང་བར་འགྱུར། །དེ་ལས་བསྒྲལ་བར་བྱ་བའི་ཕྱིར། །ང་ནི་པདྨ་ཧེ་རུ་ཀས། །སྣང་བའི་དཀྱིལ་འཁོར་བསམ་མི་ཁྱབ། །རང་རིག་གསལ་བའི་སྒོ་དབྱེ་བས། །སྣང་གསལ་ཡེ་ཤེས་མེ་ལོང་ལྟོས། །སྡུག་བསྔལ་མཐའ་ལས་ངས་བསྒྲལ་གྱིས། །བྱོལ་སོང་རྣམས་ཀྱི་སྡུག་བསྔལ་ནི། །ང་ཡིས་ཕྲལ་བར་བྱ་བའི་ཕྱིར། །ཤེས་རབ་ཆུ་བོ་འདི་ལོངས་ཤིག །ཨོཾ་ཀཱ་ཡ་བཛྲ་ཙཀྲ་ཨ་སུ་ནྲྀ་པྲེ་དུ་ཏྲི་ཧཱུྃ་ཨ་ཨཿ། དེ་ལྟར་འཇིག་རྟེན་རབ་གསལ་བས། །བྱོལ་སོང་སྡུག་བསྔལ་བྲལ་བར་བསམ། །དེ་ནས་རིམ་གྱིས་དྲང་བ་ནི། །ལྷ་ཡི་ཡུལ་ནས་དྲང་བ་དང་། །ལྷ་མ་


DNG003_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་དང་རྒྱུད་ལྔ་ནས། །མི་ཡི་གནས་སུ་དྲང་བར་བཤད། །དེ་ནས་མི་ཡུལ་རིན་ཆེན་ནས། །གནས་སྤར་བ་ཡི་ཆོ་ག་དང་། །དབང་བསྐུར་ཆོ་ག་རྒྱས་པར་བྱ། །དེ་ནས་སློབ་དཔོན་གསང་བ་དེས། །ངན་སོང་གསུམ་ནས་རབ་དྲངས་ནས། །ཚེ་འདས་གནས་ལྔ་དག་ཏུ་ཡང་། །འབྲུ་ལྔའི་དབང་བསྐུར་འདི་སྐད་བརྗོད། །ཧཱུྃ་ངན་སོང་གསུམ་གྱི་ཕུང་པོ་ལྔར། །དཔའ་བོ་འབྲུ་ལྔའི་ཕྲ་བཀོད་དེ། །རྒྱུ་ལྔ་འཁོར་བའི་ལམ་རྒྱུན་གཅད། །ཐམས་ཅད་རྒྱལ་བའི་སྲས་པོར་བྱའོ། །དབང་ཆེན་གསང་བའི་ངང་ཉིད་ནས། །སངས་རྒྱས་སེམས་ཅན་གཉིས་མེད་པས། །སྲིད་གསུམ་ཟོས་ཀྱང་ང་མ་འགྲངས། །ཁམས་གསུམ་འཐུང་ཀྱང་ང་མ་ངོམས། །སྟོང་གསུམ་ཐམས་ཅད་བསྒྲལ་བའི་ཞིང་། །མ་སྐྱེས་པས་ན་འགགས་པ་འཇིག །རང་བཞིན་མེད་པས་བསྒྲལ་བའི་རྒྱུ། །སེམས་ཉིད་ཡངས་པའི་མཁའ་ཀློང་དུ། །སྟོང་གསུམ་མ་ལུས་སྟོན་པས་ན། །འབུམ་གྱི་ཆར་ཡང་མི་ཕོད་དེ། །ནམ་མཁས་གར་ཁྱབ་རིག་པས་ཁྱབ། །རིག་པའི་རང་བཞིན་ཆོས་ཀྱི་སྐུ། །ཕྱི་ནང་གཉིས་ཀ་སེམས་སུ་བསྒྲལ། །རིག་པའི་རང་བཞིན་མྱ་ངན་འདས། །སྐྱེ་ཤི་གཉིས་ཀ་རྒྱུད་ནས་དག །ཡོད་མེད་གཉིས་ཀྱི་མཐའ་ལས་འདས། །ཅིར་ཡང་སྣང་ལ་གཟུང་དུ་མེད། །མེད་པ་མ་ཡིན་སྙིང་པོའི་ངང་། །མི་ཞེས་བྱ་བ་བཅོམ་ལྡན་འདས། །གཅིག་པུ་ཉིད་ལ་ཡེ་ཤེས་གསལ། །བློ་ལྡན་གང་ཞིག་སྐལ་ཆེ་བས། །འདི་ནི་བསྒྲལ་བའི་ལུང་ཞེས་གྲགས། །ཚེ་འདས་བྱ་བ་རིགས་ཀྱི་བུ། །འདི་ན་མ་ཆགས་གནས་སུ་གཤེགས། །ཧ་ན་ཧ་ན་ཧཱུྃ་ཕཊ། བཛྲ་སྥ་ར་ཎ་ཧཱུྃ་ཕཊ། ས་མ་ཡ་སྟྭཾ། དེ་ནས་རཱུ་ཏྲ་ནག་པོའི་ཏིང་ངེ་འཛིན་གསལ་ལ། ཉོན་མོངས་ལྔ་ལས་བསྐྱེད་པ་ཡི། །རཱུ་ཏྲ་སྡིག་ཆེན་འདི་བྱུང་བས། །འདི་ཉིད་རབ་ཏུ་གནན་པར་བྱ། །དེ་ནས་ལྟུང་བ་བཤགས་གྱུར་ནས། །ཆགས་པ་བྲལ་བས་འདི་སྐད་བརྗོད། །ཧཱུྃ་ལྷ་ཞེས་གཞན་དུ་བསྟན་པ་ཡང་། །ཚིག་གི་ཐ་སྙད་ཙམ་དུ་ཟད། །རིག་པའི་ངང་ལ་གཉིས་མེད་པའི། །རྟོགས་པའི་དོན་ལ་གཅིག་ཏུ་


DNG003_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན། །ཙིཏྟའི་དཀྱིལ་དུ་གནས་བཅས་པས། །སྟོང་གསུམ་ཐམས་ཅད་གཞལ་ཡས་ཁང་། །ཡིད་ཀྱིས་དཀྱིལ་འཁོར་ལྷ་བཀོད་དེ། །སྐྱེ་འགྲོ་མ་ལུས་རྒྱལ་བའི་སྲས། །བྱང་ཆུབ་སེམས་སུ་དབྱེར་མེད་པས། །ཅི་ལྟར་སྣང་བ་ཀུན་ཏུ་བཟང་། །ཀུན་གཞི་ཡེ་ནས་རྟོག་མེད་མཉམ། །ཕྱི་ནང་སྣོད་བཅུད་ཆོས་ཀྱི་སྐུ། །འདི་ལས་གཞན་པའི་སངས་རྒྱས་ནི། །བུ་གཅིག་གཞན་དུ་མ་ཚོལ་ཅིག །རྡོ་རྗེའི་དབང་ཉིད་འདི་ལོངས་ལ། །སྐྱེ་མེད་བྱང་ཆུབ་དྲན་པར་གྱིས། །ཨོཾ་ཨཱཿཧཱུྃ། བཛྲ་ཞི་ཀ་བཛྲ་ཧཱུྃ་ཨ། ཤིན་ཏུ་ཉེ་བའི་མི་དག་གིས། །ཕོ་ལ་གཞུ་མོ་རྒྱུད་བཟང་གི། །མཆོག་མ་དག་ལ་དར་སྣ་བཏགས། །དེ་ནས་གཞུ་དེ་རབ་ཏུ་བདུང་། །དེ་ནས་མདའ་ཡང་རབ་བཏང་ལ། །རྡོ་རྗེ་སློབ་དཔོན་གསང་བ་དེས། །གསང་བའི་ཐབས་ཀྱི་གླུ་འདི་བླང་། །མོ་ཉིད་ཡིན་ན་འཕང་ཉིད་གསོར། །དེ་ནས་འདི་སྐད་བརྗོད་པར་བྱ། །ཧཱུཾ་སྟོང་པ་ཉིད་ཀྱི་ཀློང་དཀྱིལ་དུ། །ཕ་རོལ་ཕྱིན་བཅུའི་ཤེས་རབ་དབྱིངས། །ཅང་ཤེས་འཕྲུལ་གྱི་ཏིང་འཛིན་གཞུ། །བརྒྱན་པའི་རིན་ཆེན་མཆོག་མ་གཏེར། །གསུང་ནི་ཀ་ལ་པིང་ཀའི་རྒྱུད་སྦྲེངས་བཞིན། །མཐའ་གཉིས་བྲལ་བའི་ཡེ་ཤེས་གཉུག་མ་སྙུག་འདྲ་ལས། །ཡི་དམ་ནང་དུ་སྒྲོལ་མའི་ཡིད་བཞིན་ནང་དུ་སྒྲོན་མའི་ཡེ་ཤེས་ཞགས། ཟེར་བ་ཡང་བྱུང་མཁའ་འགྲོ་ཞབས། །ཚུལ་བཞིན་ཐུགས་ལས་བྱུང་བའི་མར་གསུམ་མ། །ང་དང་བདག་ཏུ་ལྟོས་པའི་ངན་སོང་བཅོམ། །རྒྱུད་དྲུག་ཉོན་མོངས་འཁོར་བའི་གནས་བསྒྲལ་ཏེ། །བྱང་ཆུབ་སྙིང་བསྒྲིལ་ཡིག་དྲུག་བྱིན་རླབས་ཏེ། །སྐུ་ལ་ཐིམ་ནས་རྒྱལ་བའི་སྲས་སུ་གྱུར། །ཡེ་ཤེས་མཆོག་གི་ས་ལ་གནས་ཐོབ་ནས། །རིགས་ལྔ་གསང་བའི་གྲལ་དུ་གཟུད་པར་བྱ། །ཨེ་མ་རིགས་ཀྱི་བུ་ཁྱོད་ཉོན། །ཁྱོད་ཀྱི་རྣམ་ཤེས་ནྲྀར་བཅས་པ། །བདག་ཉིད་བཅོམ་ལྡན་དཔལ་ཆེན་གྱིས། །རྣམ་ཤེས་ཧཱུྃ་དུ་བསྡུས་ནས་ནི། །ཕཊཿཀྱིས་གསང་བའི་དབྱིངས་སུ་འཕངས། །ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཧྲཱྀཿ། སརྦ་ཏ་ན་ཤོ་དྷ་ཧཱུྃ་ཧཱུྃ་ཕཊ་ཕཊ། ཏིཥྛ་ལྷན། དེ་ནས་ཕུང་


DNG003_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བསྟན་པ་ཡི། །ཆོ་གའི་སྦྱོར་བ་རབ་ཏུ་གསུངས། །སློབ་དཔོན་ཏིང་འཛིན་ལྡན་པ་དེས། །རིག་པའི་ཡེ་ཤེས་ཧཱུྃ་ལྡན་པས། །ཆོས་ཉིད་མ་ཡི་རྩ་རྒྱུད་ནས། །སྤྱི་གཙུག་བདེ་ཆེན་འོད་དུ་ཞུ། །དེ་ལས་འོད་འཕྲོས་སངས་རྒྱས་ཞིང་། །སྲས་དང་བཅས་པས་ཕྱོགས་བཅུར་གང་། །ཞིང་ཁམས་ལུས་ལ་བརྒྱན་པར་བསམ། །དེ་ནས་རིགས་ལྔར་སྐྱེད་བྱེད་པའི། །སྦྱོར་བའི་གླུ་ཆེན་འདི་སྐད་དོ། །ཨོཾ་བཅོམ་ལྡན་རྒྱལ་བ་རིགས་ལྔ་ལ། །འདི་ཡི་ཕུང་པོ་ལྔ་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུཾ་ལས་བསྐྱེད་གྱུར་ཅིག །རིགས་ཀྱི་ཡབ་ལྔར་བསྐྱེད་གྱུར་ནས། །ཐུགས་རྗེ་ཕྱོགས་བཅུར་འགྱེད་པར་ཤོག །ཧཱུྃ་ཡུམ་ཆེན་དབྱིངས་ཕྱུག་ལྔ་རྣམས་ལ། །འདི་ཡི་འབྱུང་བ་ལྔ་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །དབྱིངས་ཕྱུག་ལྔ་རུ་བསྐྱེད་ནས་ཀྱང་། །ཐུགས་རྗེ་ཕྱོགས་བཅུར་འགྱེད་པར་ཤོག །སེམས་དཔའ་ཆེན་པོ་བརྒྱད་རྣམས་ལ། །འདི་ཡི་རྣམ་ཤེས་བརྒྱད་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །སེམས་མ་ཆེན་མོ་བརྒྱད་རྣམས་ལ། །འདི་ཡི་ཡུལ་བརྒྱད་བསྟབ་པ་ཡིས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཁྲོ་བོ་ཆེན་པོ་བཞི་རྣམས་ལ། །ལུས་ཀྱི་སྐྱེ་མཆེད་བཞི་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཁྲོ་བོ་བཞི་རུ་སྐྱེས་ནས་ཀྱང་། །རང་གསལ་འོད་དང་ལྡན་གྱུར་ཅིག །ཁྲོ་མོ་ཆེན་མོ་བཞི་རྣམས་ལ། །ཕྱིན་ཅི་ལོག་རྟོག་བཞི་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཁྲོ་མོ་བཞི་རུ་སྐྱེས་ནས་ཀྱང་། །རང་གསལ་འོད་དང་ལྡན་གྱུར་ཅིག །ཧཱུྃ་བཅོམ་ལྡན་ཀུན་བཟང་ཡབ་ཡུམ་ལ། །འདི་ཡི་ཡིད་ཆོས་གཉིས་བསྟབས་པས། །གཉིས་མེད་སྦྱོར་བའི་མཁའ་དབྱིངས་སུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཀུན་བཟང་


DNG003_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་བསྐྱེད་ནས་ཀྱང་། །རང་གསལ་འོད་དང་ལྡན་གྱུར་ཅིག །བཅོམ་ལྡན་ཐུབ་པ་དྲུག་རྣམས་ལ། །གཉིས་མེད་རིག་པའི་ཐུགས་དཀྱིལ་དུ། །ས་བོན་ཧཱུྃ་ལས་བསྐྱེད་གྱུར་ཅིག །ཨོཾ་སྥ་ར་ཎ་ཕཊཿ། ཧཱུྃ་སྥ་ར་ཎ་བྷྲཱུཾ། ཨ་སྥ་ར་ཎ་ཧཱུྃ། ད་ནི་ས་ལམ་གནས་མཆོག་བསྟན། །དེ་ནས་བཅོམ་ལྡན་མངོན་རྫོགས་དེས། །སེམས་ཅན་ལྷ་རུ་བསྐུལ་བ་འདི། །རབ་ཏུ་བརྗོད་ཅིང་བཀའ་སྩལ་ཏོ། །ལྷ་རྣམས་སྐུལ་བྱེད་ཆོ་ག་ནི། །ཐམས་ཅད་གཉིས་སུ་མེད་པར་བསྐུལ། །མཉམ་མེད་མཆོད་པ་འདི་སྐད་དོ། །ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི། །སེམས་ཅན་འབྱམས་ཀླས་མ་ལུས་ཀུན། །སངས་རྒྱས་ཞིང་དུ་དག་སྦྱངས་པས། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག །གསེར་ཞུན་ལྟ་བུར་གནས་པ་ལ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །གསུམ་གྱིས་བྱིན་བརླབས་འོད་ཀྱི་འབྲུ། །ཡབ་ཡུམ་གནས་སུ་བཏེགས་ནས་ཀྱང་། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕངས། །ཐུགས་ཀར་ཐིམ་ནས་སྐུ་ཡི་དབྱིབས། །རྡོ་རྗེའི་ལམ་བྱུང་ཡུམ་གྱི་མཁའ། །གཉིས་མེད་དབྱིངས་སུ་གནས་སྤར་ནས། །ལྷ་རྣམས་སྙིང་པོ་སོ་སོའི་སྒྲས། །འདི་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་སརྦ་བཛྲ་ཏ་ཀྲྀཏ་གྷྲི་རྣ་ཨ་ཡཾ་སྥ་ར་ཎ་ཕཊ། སུ་ཏྲི་ཛཿ། དེ་ནས་ཆོས་ཀྱི་དབྱིངས་ཆེན་དུ། །རིགས་ལྔ་སྦྱོར་བའི་བརྡས་བསྐུལ་བསམ། །ཚེ་འདས་ལས་ཀྱི་སེམས་ཅན་དེ། །ཚོན་གང་འོད་འབར་སྐུ་རུ་བསམ། །དེ་ནས་གཉིས་མེད་རབ་གསལ་བའི། །གླུ་ཆེན་འདི་སྐད་རབ་ཏུ་བརྗོད། །ཧཱུྃ་མུ་ཏིག་དཀར་པོ་དྲི་མེད་དང་། །ཙནྡན་དམར་པོ་དྲི་མེད་གཉིས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་གསུམ། །རྟོགས་པའི་ཀློང་དུ་འདྲེས་པ་ལ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རང་གི་དོན་མི་རྙེད། །རྟོག་མེད་མཉམ་མེད་རིག་པའི་ངང་། །དངོས་མེད་སྟོང་གསལ་འཇའ་ཚོན་སྐུ། །གསང་བའི་དཀྱིལ་འཁོར་འོད་ལྔར་གསལ། །རྫོགས་པ་ཆེན་པོའི་གནས་ལུགས་


DNG003_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི། །བྱང་ཆུབ་སེམས་ལ་མ་ཡེངས་ན། །དཀྱིལ་འཁོར་ཐམས་ཅད་འདི་ལ་རྫོགས། །དཔེར་ན་མུན་ལ་སྣང་བྱུང་བཞིན། །ཆོས་ཉིད་རང་སྣང་འདི་བལྟས་པས། །རྒྱུད་དྲུག་སེམས་ཅན་ཐམས་ཅད་ཀུན། །སངས་མ་རྒྱས་པ་གཅིག་ཀྱང་མེད། །ཚེ་འདས་སྒྲིབ་པ་བྱང་གྱུར་ནས། །སངས་རྒྱས་སྲས་སུ་དབང་བསྐུར་རོ། །ཨོཾ་བཛྲ་ཏིཥྛ་ས་མ་ཡ་མུ་དྲ་ཧཱུྃ། བོ་དྷི་ཙིཏྟ་སིཌྜྷ་ཀུ་རུ་ཨ་བྷི་ཥིཉྩ་ཧཱུྃ། སྔགས་ཀྱི་འཕྲོ་འདུའི་ཏིང་འཛིན་བརྟན། །དེ་ལྟར་ཏིང་འཛིན་གསལ་གྱུར་ནས། །རྟོགས་པའི་གླུ་ཆེན་འདི་སྐད་དོ། །ཨེ་མ་བྱང་ཆུབ་སེམས་ཀྱི་ཀློང་བརྡལ་བས། །ཀུན་བཟང་རིག་པའི་རང་བཞིན་ལས། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ལྷ་དང་ལྷ་མིན་འདྲེ་ཡང་མེད། །འཁོར་བ་མེད་ཅིང་མྱང་འདས་མེད། །རིག་པ་ཡེ་ཤེས་གཅིག་པུ་ཉིད། །འཁོར་འདས་གཉིས་སུ་བཏགས་པ་མེད། །ང་དང་བདག་མེད་མངོན་སངས་རྒྱས། །དེ་ཕྱིར་སངས་རྒྱས་སྲས་ཉིད་དོ། །ཙིཏྟ་བཛྲ་ས་མ་ཡ་ཧཱུྃ། དེ་ནས་ཆོས་ཉིད་བུམ་པ་དེས། །དྲི་མ་དག་ལ་དབང་བསྐུར་རོ། །སངས་རྒྱས་ཞིང་ལས་མི་གཡོ་བའི། །དབང་བསྐུར་ཆོ་ག་འདི་སྐད་དོ། །ཨོཾ་གཉིས་མེད་གསལ་བའི་ཨོཾ་ཉིད་དེ། །གཉིས་མེད་དབྱིངས་ནས་བྷ་གར་ཐིམ། །ཡུམ་གྱི་མཁའ་ལ་གནས་པ་དེར། །བོ་དྷི་ཙིཏྟས་དབང་བསྐུར་ནས། །ཡི་གེ་འབྲུ་གསུམ་བྱིན་གྱིས་བརླབ། །རིགས་ངེས་རྒྱལ་བའི་སྲས་སུ་བྱ། །ཕྱིན་ཆད་འགྲོ་བའི་དོན་བྱའི་ཕྱིར། །བསྐུལ་བའི་ས་ལ་གནས་པར་བྱའོ། །ཡོངས་ལ་དབང་བསྐུར་དབང་གི་མཆོག །གང་ལ་མ་ཆགས་འདོད་དགུར་བསྒྱུར། །གཉིས་སུ་མེད་པའི་ཕོ་བྲང་དུ། །སྤང་ལེན་མེད་པར་དབང་བསྐུར་རོ། །བུམ་པ་ཟླུམ་པོའི་ཕོ་བྲང་དུ། །སྣོད་བཅུད་མ་ལུས་དབང་དུ་བསྡུས། །ཐིག་ལེ་ཆེན་པོའི་རྒྱས་བཏབ་པས། །སེམས་ཅན་ཐམས་ཅད་སངས་རྒྱས་ཡིན། །ཚེ་འདས་འདི་ནི་རྒྱལ་བའི་སྲས། །ངན་སོང་འཁོར་བའི་བལྟ་བ་བསལ། །རྣམ་པར་རྟོག་པའི་འདོད་པ་བཅོམ། །རང་གི་ཡེ་ཤེས་ལུང་གིས་གསལ། །སྔར་འདས་སངས་རྒྱས་བཞུགས་པ་


DNG003_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན། །རྣལ་འབྱོར་རྡོ་རྗེ་ཆེ་གེ་ཁྱོད། །རྒྱལ་བ་ཀུན་གྱིས་བསྔགས་པར་མཛད། །སྔོན་གྱི་དེ་བཞིན་དབང་གནས་ཤོག །རྒྱལ་བའི་ས་ལས་མི་གཡོ་ཞིང་། །རང་གི་ས་ལ་གཏན་དུ་འདུག །རཏྣ་མ་གུ་ས་མན་ཏྲཾ་ཏྲཾ། ཨོཾ་ལཱཾ་ཧཱུྃ་མཱུཾ་སྭཱ་མཾ་ཨཾ་པཱཾ་ཧཱ་ཏཱཾ། མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན། བཛྲ་སྭ་བྷཱ་ཝ་ཨཱཧྨ་ཀོ྅ཧཾ། དེ་ལྟར་དབང་བསྐུར་ཏིང་འཛིན་གསལ། །དེ་ལྟར་རྒྱལ་བ་མཉེས་བྱེད་པའི། །སྔགས་འདིས་ཐམས་ཅད་མཆོད་པར་བྱ། །དེ་ཡང་ཚེ་འདས་སངས་རྒྱས་དེས། །བདག་ཉིད་སློབ་དཔོན་གསང་བ་ལ། །མཆོད་ཆེན་སྔགས་འདིས་མཆོད་པར་བསམ། །ཨོཾ་སུ་ར་ཏོ་བཛྲ་ན་མཿ། བ་བྷུ་བ་བྷུ་ཧྲཱྀཿ། ཨོཾ་སུ་ར་ཏོ་བཛྲ་ན་ར་ཧྲཱྀཿ། ཨོཾ་སུ་ར་ཏོ་ན་མོ་བུཌྜྷ་ཧྲཱྀཿ། ཨོཾ་སུ་ར་ཏོ་བཛྲ་ན་ཧ་ཧྲཱྀཿ། ཨོཾ་སུ་ར་ཏོ་བཛྲ་གྷནྡྷེ་ཧཱུྃ། ཨོཾ་སུ་ར་ཏོ་དུག་མ་རུ་ཀ་ར་གུཾ་གུཾ། ཨོཾ་བཛྲ་སུ་ར་ཏོ་བཛྲ་མོ་ཀེ་ཏཾ་ཏཾ། ཨོཾ་སུ་ར་ཏོ་བཛྲ་པི་ཤིང་དུ་ཏི་ར་ཨ་ཨཱཿ། ཨོཾ་སུ་ར་ཏོ་བཛྲ་ཤྲི་ཧྲི་ཧྲཱྀཿ། ཨོཾ་ཨེ་མ་ཧཱ་སུ་ར་ཏོ་བི་ནི་སེ་ནི་ཏྭ་བཛྲ་བ་ནི་སེ་ན་ཏྲ་ཐཱ། ཨོཾ་ཧེ་མ་ཧཱ་སུ་ར་ཏོ་བཛྲ་གཱི་ཏཱི་ཏི། ཨོཾ་ཧེ་མ་ཧཱ་སུ་ར་ཏོ་བཛྲ་ནྲྀ་ཏྱེ་སེ་ལེ། ཨོཾ་སུ་ར་ཏོ་བཛྲ་རཱུ་པ་ཛ་ཛཿ། ཨོཾ་སུ་ར་ཏོ་བཛྲ་ཤཔྡ་སུ་ཀེ་ཧཱུྃ་ཧཱུྃ། ཨོཾ་སུ་ར་ཏོ་བཛྲ་གྷནྡྷེ་སུ་ཀི་བཾ་བཾ། ཨོཾ་སུ་ར་ཏོ་མ་ཧཱ་ར་ས་ཧོ་ཧོཿ། དེ་ནས་མཆོད་ཆེན་རྫོགས་པར་བྱ། །འདི་ནི་གནས་དང་བདུན་ཚིགས་དང་། །གཤེད་བྱེད་དབྲལ་བའི་ཆོ་གའོ། །དེ་ནས་དཀྱིལ་འཁོར་སྒོ་བཞི་ནས། །རྡོ་རྗེའི་དབང་བསྐུར་བྱ་བ་ནི། །རྡོ་རྗེ་མཆེད་ཀྱིས་འབོད་པར་བྱ། །གནས་ཆོག་གཞུང་བཞིན་བྱེད་པ་ན། །བསྒྲུབ་པ་རབ་འབྲིང་གསུམ་དུ་བྱ། །རོ་དེ་ཡོད་ན་མཆོག་ཏུ་གསུངས། །དེ་ལ་ཁྲུས་བྱ་དབང་རྫོགས་བྱ། །གནས་ཀྱི་རིམ་པ་བྱེད་པ་ན། །རབ་གནས་བརྟན་པར་བཞུགས་པ་དང་། །གནས་སྤར་བ་ཡི་མཆོད་པ་བྱ། །བདུན་ཚིགས་དག་ཏུ་བྱེད་པ་ན། །ཞག་གཅིག་དག་གིས་ཐོན་པར་བྱ། །མཆོད་པའི་ལས་རྣམས་ཅི་འབྱོར་བྱའོ། །ཚོགས་དང་ཞལ་ཟས་སྣ་ཚོགས་དབུལ། །སངས་རྒྱས་རྣམས་དང་བྱང་སེམས་མཆོད། །ཞག་བདུན་ལོན་པའི་ཚེ་ན་ཡང་། །བདུན་ཚིགས་དང་པོ་འདི་ལྟར་
བྱའོ། །དེ་ནས་དཀྱིལ་འཁོར་བསྡུ་བར་བྱའོ། །ཕྱི་ཆོག་ནང་ཆོག་གཞུང་བཞིན་བྱའོ། །གནས་དང་བདུན་ཚིགས་གཉིས་སུ་མེད་པའོ། །ཞེས་རྫོགས་པ་རང་བྱུང་གི་རྒྱུད་ལས། གནས་དང་བདུན་ཚིགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།


previousགཤིན་གྱི་གནས་ལུང་ཆེན་མོ། next