Nitartha Digital Library
Tibetan
གསུང་འབུམ་པོད་དྲུག་པ།


  collapse section
   
   
   
   
   
   
   
༼ དང་པོ། ༽ ལམ་གྱི་སྔོན་འགྲོ་ལྟ་བས་གཏན་ལ་ཕབས་པ་ཆོས་ཟད་ཀ་དག་ཏུ་ལ་བཟླ་བ།
   
   
   
   
   
   
   
   
   
   
   
   


 
previous༼ དང་པོ། ༽ ལམ་གྱི་སྔོན་འགྲོ་ལྟ་བས་གཏན་ལ་ཕབས་པ་ཆོས་ཟད་ཀ་དག་ཏུ་ལ་བཟླ་བ།next

༼ དང་པོ། ༽ ལམ་གྱི་སྔོན་འགྲོ་ལྟ་བས་གཏན་ལ་ཕབས་པ་ཆོས་ཟད་ཀ་དག་ཏུ་ལ་བཟླ་བ།

དང་པོ་ལ་ལམ་གྱི་སྔོན་འགྲོ་ལྟ་བས་གཏན་ལ་ཕབས་པ་ཆོས་ཟད་ཀ་དག་ཏུ་ལ་བཟླ་བའམ་ངོ་རང་ཐོག་ཏུ་སྤྲོད་པ་ནི་སྙིང་གི་མེ་ལོང་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་རང་ལས་བཙལ་བར་བྱའོ། །ཞེས་གསུངས་པ་དེ་ཡང་། ལྟ་བ་ཡེ་ཤེས་གཏིང་རྫོགས་ལས། ཆོས་སྐུ་འདི་ནི་གཞན་ནས་མི་རྙེད་པས། རྟོགས་པར་འདོད་ན་རང་གི་སེམས་ལ་ཚོལ། །ཞེས་གསུངས་པ་ལྟར་ལས་ལྟ་བའི་ངོ་བོ་ངོས་བཟུང་བ་དང་། དེ་ཉིད་གཏན་ལ་ཕབ་པ། ཡེ་ཤེས་རང་རིག་ཏུ་ངོས་སྤྲད་པ། དེ་དག་གི་གནད་བསྡུས་པ་དང་བཞི་ལས།

དང་པོ་ལ་ལྟ་བ་རིམ་གྱི་དབྱེ་བ། ཁྱད་པར་ཅན་གྱི་ལྟ་བ་བསྟན་པའོ། །དང་པོ་ལ། རྣམ་གྲངས་པའི་ལྟ་བ་ནི་ཐེག་དགུའི་ལྟ་བའོ། །ཚིག་གི་ལྟ་བ་ནི་རྣམ་པ་བདུན་ཏེ། སྔ་མ་གཞི་བདུན་དུ་བསྟན་པའི་ཕྱོགས་རེར་འཛིན་པས་ལྟ་བའོ། །དེ་དག་ནི་སེམས་ཀློང་སྤྱིའི་ལྟ་བའོ། །དོན་གྱི་ལྟ་བ་ནི་མན་ངག་སྡེའི་ལྟ་བ། ཁྱད་པར་མན་ངག་རང་ལ། གནས་པས། མཐོང་དག་གི རང་བཞིན་གྱི། བཅོས་མེད་ཀྱི་ལྟ་བ་སྟེ་རང་བཞིན་གྱི་ལྟ་བ་བཞི་དང་། དོན་གཅིག་ཀྱང་ཆོས་ཉིད་ཡུལ་གྱི་ལྟ་བ་འཁོར་འདས་གདོད་ནས་ཡེ་གྲོལ་དུ་དག་པ། སྤྱོད་པ་ཐབས་ཀྱི་ལྟ་བ་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་མཐོང་དག་སྒྲོན་མའི་བཞུགས་སྟངས། རང་རིག་རྒྱུན་གྱི་ལྟ་བ་བཅོས་མེད་མཐའ་གྲོལ་ཀློང་ཡངས་དང་། ཡང་མ་ནོར་ལུང་གི་ལྟ་བ་རྫོགས་ཆེན་ཨ་ཏི་ཡོ་ག་དང་བཞི་སྟེ། ཡང་མ་རིག་མུན་སེལ་གྱི་ལྟ་བ། མཐའ་ཡིས་མ་རེག་པའི། ཡེ་ཤེས་ལྷུན་གྲུབ་ཀྱི་ལྟ་བ་གསུམ་སོགས་གཞན་ཡང་ཡོད་དོ། །

ཁྱད་པར་ཅན་གྱི་ལྟ་བ་ངོས་བཟུང་བ་ལ་ནི། ངོས་བཟུང་བ་དང་།ལྟ་བའི་ངོ་བོ་གཉིས་ལས་སྙིང་ཐིག་གི་ལྟ་བ་ནི་བྱ་བྲལ་ཀློང་ཆེན་ནམ་མཐའ་གྲོལ་ཀློང་ཡངས་ཏེ། ལྟ་བ་འདི་རྟོགས་པས་ཐེག་དགུའི་ལྟ་བ་ཐམས་ཅད་རྣམ་པར་དག་པར་ཡར་ལྡན་དུ་འདུས་ལ། འཁོར་འདས་ཀློང་རྫོགས་ཀྱི་ཆོས་སྐུ་ཁྱབ་བརྡལ་རང་བཞིན་རྫོགས་པ་ཆེན་པོའི་ཀློང༵་དུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་ཀུན་ཏུ་བཟང་པོའི་རང་བཞིན་རྣམ་པར་དག་པའི་སྣང་བ་ལས་རིགས་དྲུག་གི་སེམས་ཅན་ངན་པ་གཏན་ནས་མེད་པའི་དག་མཉམ་ཆེན༵་པོའི་ཕྱག་རྒྱས་ཐེབ་པ་ལ་ཡུལ་ཅན་དུ་མའི་རྣམ་པར་རྟོག༵་པ་རབ་ཏུ་ཟད་པས་སྤྲོས་བྲལ་ཀུན་ཏུ་བཟང་པོའི་ངོ་བོ་མངོན་པར་རྟོགས་པ་ནི་ཆོས་ཉིད་དེ་བཞིན་ཉིད་ལ་ལྷུན་འབྱམ༵ས་ཡངས་པ་ཆེན་པོའི་ལྟ་བ་ཞེས་བྱ་སྟེ། ཡང་དཀྱིལ་འཁོར་ཐམས་ཅད་ཀློང༵་དུ་རྫོགས་པའི། ཕྱག་རྒྱ་ཆེན༵་པོའི་ཀློང་ར༵བ་ཏུ་མི་གནས་པའི་ས་གཅིག་ཏུ་འཁྱིལ་བའམ་འབྱམ༵ས་ཀླས་པས་ངོ་བོ་མངོན་དུ་རྟོགས་པ་ནི་ལྟ་བའོ། །སྣང་གྲགས་ཡོད་ཐོས་ཐམས་ཅད་ལ་ཁྱབ་ཅིང་འཇུག་ནུས་པའི་སྙིང་པོ་གསང་བའི་ཀློང་སྐུ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ཅིར་ཡང་མེད་ལས་ཅིར་ཡང་འཆར་བའི་ཁྱབ་པ་རང་དག་གི་སྙིང་པོ་འདུས་པའི་ཀློང་གསུང་ཀུན་ཏུ་བཟང་པོ་དང་། སྨྲ་བསམ་ཀུན་གྱི་ཚུལ་དུ་ཤར་ཡང་དྲན་པ་རང་སྟོང་གི་སྙིང་པོར་བཞུགས་པའི་ཐུགས་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་ལྟ་བུའི་འཁོར་འདས་མཉམ་ཉིད་བྱ༵་བྱེད་རྩོལ་བ་དང་བྲལ༵་བའི་ལྷུན་གྲུབ་རྫོགས་པ་ཆེན་པོ་ཀུན་ཏུ་བཟང་པོའི་ཀློང་གཅིག་ཏུ་འཁྱིལ་བའི་རང་བཞིན་མངོན་དུ་གྱུར་བའི་ལྟ་བ་ཞེས་བྱ་སྟེ། དེ་ལྟར་བལྟ་ཡུལ་ཡེ་སངས་རྒྱས་པ་ལ་ཇི་བཞིན་དུ་བློ་ཆོས་ཉིད་དུ་འབྱོར་བས་ན་ལྟ་བ་ཐོབ་པའོ། །དེ་དག་གི་ཚུལ་རྒྱས་པར་ཀློང༵་ཆེན་དྲུག་པ་ལས་ཤེས་པར་བྱའོ། །

བསྡུ་ན། ཀློང་ནི་རྒྱ་མཚོ་ལྟ་བུར་ངས་སྣང་བ་རང་ཤར་ནས་དཀྱིལ་འཁོར་ཐམས་ཅད་ཀློང་དུ་ཡེ་ནས་རང་འདུས་པའི་ཕྱག་རྒྱ་ཆེན་པོ་ཀློང་ཡེ་ནས་རང་མི་གནས་པ་གཅིག་དུ་འཁྱིལ་བའོ། །ཞེས་དང་། ང་ཀུན་ཏུ་བཟང་པོའི་མཛད་པ་འདི་ལྟར་སྐུ་གསུམ་གྱི་བདག་ཉིད་དུ་བྱུང་བ་ཞེས་བྱ་སྟེ། རྒྱུ་རྣམ་པར་དག་པས་སངས་རྒྱས་ཀྱི་འབྲས་བུ་ཡེ་ཤེས་རྫོགས་པ་ཆེནཔོ་ཞེས་བྱ་བའི་ལྟ་བ་ཐོབ་སྟེ། ཞེས་གང་གསུངས་པ་དེའོ། །རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་སྟེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ལྟ་བས་ངོ་བོ་གནས་ལུགས་མ་ནོར་བར་མཐོང་བས་བློ་ལ་བཤད་དེ། ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུར་བ་མེད། །ལུང་དང་བླ་མའི་མན་ངག་ལས། །གང་གིས་བསྟན་དུ་མེད་པའོ། །ཞེས་དང་། རྩལ་རྫོགས་ལས། ལྟ་བའི་ངོ་བོ་མཐོང་བར་བཤད། །ཞར་ལ་ངེས་ཚིག་ནི་གོ་བ་ལ་བཤད་དེ། དེ་ལས། ལྟ་བའི་ངེས་ཚིག་གོ་བར་བཤད། ཅེས་སོ། །དེ་དག་ནི་ལྟ་བ་ཀློང་ཆེན་རབ་འབྱམས་ཡིན། །ཞེས་པའི་དོན་ཏེ། ཞེས་དང་། ཐལ་འགྱུར་ལས། ཕྱི་ཆོས་ཅན། ནང་ཆོས་ཉིད། གསང་བ་རང་རིག ། ཁོ་ན་དབྱིངས་རིག་བཞིར་ཡོད་དེ། དེ་ཉིད་ལས་ཕྱི་དང་ནང་དང་གསང་དང་། བླ་ན་མེད་པའི་ལྟ་བ་བཞིའོ། །ཞེས་པས་ཕྱི་མ་ནི་ཐོད་རྒལ་གྱི་མངོན་སུམ་ལ་བསྙེགས་པས་སྔ་མ་གསུམ་དུ་ཚུལ་གཅིག་པ་ཁྲེགས་ཆོད་དབང་བཙན་དུ་བྱས་ན། དེ་ལ་ཕྱི་ཆོས་ཅན་ལྟ་བའི་ལྟ་བ། ནང་ཆོས་ཉིད་ལྟ་བའི་ལྟ་བ། གསང་བ་རང་རིག་ལྟ་བའི་ལྟ་བ་སྟེ་གསུམ་གྱི་ཚུལ་ལོ། །རང་ཤར་ལས། ལྟ་བ་རྣམ་པ་གསུམ་དུ་འདོད། །ཆོས་ཅན་ལྟ་བའི་ལྟ་བ་དང་། །ཆོས་ཉིད་ལྟ་བའི་ལྟ་བ་དང་། །རང་རིག་ལྟ་བའི་ལྟ་བར་འདོད། ཅེས་སོ། །


previous༼ དང་པོ། ༽ ལམ་གྱི་སྔོན་འགྲོ་ལྟ་བས་གཏན་ལ་ཕབས་པ་ཆོས་ཟད་ཀ་དག་ཏུ་ལ་བཟླ་བ།next