Nitartha Digital Library
Tibetan
 
previousཕྱག་རྒྱ་ཀུན་རྫོབ་དཀྱིལ་འཁོར་མཐོང་བའི་མཚན་ཉིད།next

ཕྱག་རྒྱ་ཀུན་རྫོབ་དཀྱིལ་འཁོར་མཐོང་བའི་མཚན་ཉིད།

བཞི་བ་མཚན་ཉིད་ལ༔ ཕྱག་རྒྱ་ཀུན་རྫོབ་དཀྱིལ་འཁོར་མཐོང་བའི་དང་༔ ཆོས་ཉིད་འོད་གསལ་གྱི་ཡེ་ཤེས་མཐོང་བའི་མཚན་ཉིད་གཉིས་ལས༔

དང་པོ་ནི༔ དབྱིངས་ཀྱི་རྟགས་སུ་འོད་ཁྱིམ་མཐིང་ཀ་དང་ལྔ་ལྡན༔ ཡེ་ཤེས་ཀྱི་རྟགས་ཐིག་ལེ་ཟླུམ་འཁྲིགས༔ སྐུའི་རྟགས་སུ་ལུ་གུ་རྒྱུད་ཕྲ་ལ་འཁྱོག་པ་ཐིག་ཕྲན་གྱིས་སྦྲེལ་བ༔ དོན་དུ་འདི་རྣམས་ཡེ་ཤེས་ལྔའི་སྐུ་དང་ཡོན་ཏན་ཕྱིར་ཤར་པ་ཡིན་ཏེ༔ གཉིས་སྣང་གི་རྟ་ལས་རླུང་ཕྲ་བས་དབྱེན་སྤྱོས་ཏེ༔ ད་ལྟ་འགྲོ་འོང་འགུལ་འཕྲིགས་ཀྱི་རྣམ་པ་ཅན་ཏུ་སྣང་ཡང་༔ ངོ་བོ་ལ་འཕོ་འགྱུར་མེད་པའོ༔ དེ་ཡང་རང་ཤར་ལས༔ ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ༔ ལུ་གུ་རྒྱུད་དུ་འོད་དུ་གསལ༔ དེའང་འོང་དང་འགྲོ་བ་དང་༔ འགུལ་བ་དང་ནི་འཕྲིགས་པ་དང་༔ ཞེས་སོ༔ དེ་དག་མཐོང་བ་དང་༔ གོམས་པ་དང་༔ བརྟན་པའི་ཚད་གསུམ་མངོན་སུམ་གྱི་དུས་སུ་རིམ་པ་བཞིན་དུ་འབྱུང་བ་ལས༔ དང་པོ་ནི༔ དབྱིངས་མཐིང་ཀ་ཁྲུ་གང་བའི་རྒྱ་ཚད་དང་༔ ཐིག་ལེ་ཟླུམ་འཕྲིགས་སུམ་སྦྲེལ་དུ་སྣང་བ་དང་༔ ལུག་རྒྱུད་ཕྲ་ལ་འགྱུ་བ༔ ལས་དང་པོ་པས་ཅུང་ཟད་བརྟན་པ་སྟེ༔ སྒྲོན་མ་སྣང་བྱེད་ལས༔ ཉམས་བླང་ཚད་ནི་རྣམ་གསུམ་སྟེ༔ མཐོང་བའི་ཚད་དང་གོམས་པའི་ཚད༔ བརྟན་པའི་ཚད་དང་གསུམ་དུ་བསྟན༔ མཐོང་བའི་ཚད་ནི་འོད་ཡིན་ཏེ༔ མི་འགྱུར་མཐིང་ཀ་དབྱིངས་ཀྱི་ཚད༔ ཟླུམ་འཁྲིགས་གསལ་བ་སྒྲོན་མའི་ཚད༔ ཕྲ་ལ་འགྱུ་བ་རིག་པའི་ཚད༔ མཐོང་བའི་དུས་སུ་ཤེས་པར་བྱ༔ ཞེས་སོ༔ གཉིས་པ་ནི༔ དབྱིངས་ཁ་དོག་ལྔ་ལྡན་ཁྲུ་གང་ཙམ་དུ་སྣང་བ་དང་༔ ཐིག་ལེ་ཟླུམ་འཁྲིགས་ཟ་འོག་རིས་སུ་བཀྲ་བ་དང་༔ རིག་པ་འདབ་ཆགས་དལ་གྱིས་ལྡིང་བ་ཙམ་དུ་བརྟན་པ་ནི་གོམས་པའི་ཚད་ཡིན་ཏེ༔ དེ་ཉིད་ལས༔ གོམས་པའི་ཚད་ནི་རྣམ་གསུམ་སྟེ༔ མཐིང་ཀ་ལས་མཆེད་ཁ་དོག་ལྔ༔ ཁྲུ་གང་ཙམ་དུ་སྣང་བ་ནི༔ དང་པོ་གོམས་པའི་ཚད་ཡིན་ནོ༔ ཞེས་དང་༔ སྒྲོན་མ་ནི་དེ་ཉིད་ལས༔ ཟླུམ་འཁྲིགས་ལས་ནི་ཟ་འོག་རིས༔ རང་གི་སྣ་རྩེ་ལ་ཤར་ན༔ དང་པོ་གོམས་པའི་ཚད་ཡིན་ནོ༔ ཞེས་དང་༔ རིག་པ་འདབ་ཆགས་ལྡིང་པ་ཙམ༔ དང་པོ་གོམས་པའི་ཚད་ཡིན་ནོ༔ ཞེས་སོ༔ གསུམ་པ་ནི་དེ་ལས་ཀྱང་རབ་ཏུ་བརྟན་པར་གྱུར་བ་ཡིན་ནོ༔

གཉིས་པ་ཆོས་ཉིད་འོད་གསལ་གྱི་ཡེ་ཤེས་མཐོང་བའི་མཚན་ཉིད༔ འཁོར་བའི་ཕྱོགས་ཀྱི་བདག་ཏུ་རྟོག་པ་ཉོན་མོངས་པའི་ཡིད་ཀྱིས་དྲི་མ་མངོན་གྱུར་པ་སྦྱངས་ནས་བདག་མེད་མངོན་དུ་རྟོགས་པས་ན༔ ཁམས་གསུམ་དུ་ཟག་པ་དང་ལྡོག་འགྱུར་མེད་དེ༔ ཀློང་གསལ་ལས༔ རིག་པ་མངོན་གསུམ་མཐོང་བ་ནི༔ བདེན་པ་མཐོང་པའི་གནད་ཀྱིས་སུ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་སོ༔ དེ་ཙམ་དུའང་མ་ཟད་ཁྱད་པར་བརྒྱད་ལྡན་གྱི་ཆོས་སྐུ་མངོན་དུ་གྱུར་པའི་ཕྱིར་ན་རྩལ་རྫོགས་ལས༔ རང་སྣང་རིག་པའི་དངོས་པོ་འདི༔ ཡེ་ཤེས་ལུ་གུ་རྒྱུད་དུ་གསལ༔ ཞེས་སོ༔ ལར་སྣང་བཞི་དང་ས་ལམ་རིག་འཛིན་གྱི་གོ་འཕང་རྣམས་མུ་ཚོད་མཐུན་པར་བརྩི་ཚུལ་སྣ་ཚོགས་པར་ཡོད་ཀྱང་༔ ཁོ་བོའི་ཕ་གཅིག་གིས་མངོན་སུམ་འདི་ས་དང་པོའི་རིག་འཛིན་གཉིས་དང་བསྟུན་པའང་འཐད་པ་དང་བཅས་པར་མངོན་ཏེ༔ ལུང་འདི་ལས་ཁམས་གསུམ་དུ་མི་ལྡོག་པ་དང་༔ བདེན་པ་མཐོང་བར་བཤད་པའི་ཕྱིར༔ ས་དང་པོ་མ་ཐོབ་ན་དེ་དག་ཀྱང་མི་འགྲིགས་པ་དང་༔ མངོན་སུམ་གྱི་སྒྲས་བཅད་པའི་ཚིག་བརྡོལ་ཐབས་སུ་སྨྲའོ་ཞེས་རྡོ་རྗེ་འཆང་ལ་བསྐུར་པ་སུས་འདེབས༔ ཐལ་འགྱུར་ལས་ཀྱང་༔ མངོན་སུམ་རྙེད་པའི་སྐལ་ལྡན་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པའོ༔ ཞེས་ཁམས་གསུམ་དུ་མི་ལྡོག་པར་བཤད་དོ༔ འོ་ན་ཀུན་རྫོབ་ཀྱི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཡོད་དགོས་ཟེར་ན༔ དེ་ཡང་ཡིན་ཏེ་ལར་དགྲ་བཅོམ་རྒྱན་མེད་ལྟར་ཕྱི་སྣང་གི་མངོན་པ་མེད་ཀྱང་ཆོག་གོ༔ རྒྱུ་མཚན་དེས་ན་མངོན་སུམ་ཞེས་པ་རྟོག་དཔྱོད་ཀྱི་ཤེས་རབ་ཁྱད་འཕགས་ཙམ་སྐྱེས་པ་དང་༔ ཕྱིའི་རྟགས་ཙམ་གྱིས་ངེས་བཟུང་མི་བྱ་བ་ཁོ་ན་སྟེ༔ ཕྱིའི་རྟགས་ཁམས་ཀྱི་བྱེ་བྲག་གིས་སྣ་ཚོགས་པར་དམིགས་པ་སྲིད་པ་དང་༔ དཔྱད་ཤེས་རྩ་རླུང་འདུ་ཚུལ་ལས་རེས་འགའ་མ་ངེས་པའི་ཕྱིར༔ བདག་མེད་མངོན་སུམ་དུ་མཐོང་བ་དང་༔ ཆོས་སྐུ་རང་རིག་པའི་ཡེ་ཤེས་གཉིས་འཛིན་དང་བྲལ་བར་རྟོགས་པས་ཚད་འཛིན་དགོས་པར་ཁོ་བོས་སྨྲའོ༔

ལྔ་བ་གནད་ནི༔ ཐལ་འགྱུར་ལས༔ མངོན་སུམ་གནད་ནི་ལུས་ངག་སེམས༔ སོ་སོའི་གནད་རྣམས་ངེས་པར་བསྟུན༔ དེ་ཡང་ལུས་ནི་སྐུ་གསུམ་ལས༔ རྒྱུན་དུ་འདའ་བར་མི་བྱའོ༔ ངག་ནི་བསླབ་དང་གནས་པ་དང་༔ ལ་བཟླ་བ་ཡང་བརྟན་པར་བྱའོ༔ སེམས་ནི་དབྱིངས་ལ་གཏད་པ་འགྲུབ༔ གནད་གསུམ་མན་ངག་འབྲལ་མི་བྱ༔ དེ་ཡང་སྒོ་དང་ཡུལ་ཉིད་དང་༔ རླུང་དང་རིག་པའི་གནས་ཉིད་བརྟེན༔ སྒོ་ནི་སྐུ་གསུམ་མིག་གིས་བལྟ༔ ཡུལ་ནི་སྒྲིབ་བྱེད་བྲལ་བའོ༔ རླུང་རིག་དལ་བས་ཡེ་ཤེས་འགྲུབ༔ ཅེས་སོ༔

དྲུག་པ་ཉམས་སུ་བླངས་ལུགས་ནི༔ རིག་པ་དབྱིངས་ཀྱི་གོ་རར་བཙུད་པ་སྟེ༔ སྒྲོན་འབར་ལས༔ དབྱིངས་ཀྱི་རིག་པས་རང་ཡུལ་བྱེད༔ རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད༔ འདི་ཉིད་ནང་དུ་བཞག་པར་བྱ༔ ཞེས་སོ༔

བདུན་པ་མངོན་སུམ་མཐོང་བའི་ཡོན་ཏན་ནི༔ འདས་རྗེས་ལས༔ མངོན་སུམ་གནད་ནི་སུས་མཐོང་བ༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་དང་༔ རབ་འབྱམས་ལས༔ མངོན་སུམ་མཐོང་བའི་སྣང་བ་ལ༔ ཁམས་གསུམ་འཁོར་བའི་མིང་མེད་པས༔ སྲིད་གསུམ་གདར་ཤ་ཆོད་པའོ༔ མངོན་སུམ་འདི་དང་མ་བྲལ་ཅིག༔ ཅེས་སོ༔

བརྒྱད་པ་མ་མཐོང་བའི་སྐྱོན་ནི༔ རྣམ་བཀོད་ལས༔ ཆོས་ཉིད་མངོན་སུམ་མ་མཐོང་ན༔ ཡིད་དཔྱོད་རིག་པའི་མཐའ་འཁོར་བས༔ འཁོར་བ་ཉིད་དུ་རྣམ་པར་འཁོར༔ ཞེས་སོ༔ དེ་ལྟར་ན་མངོན་སུམ་མཐོང་བའི་ཡིད་དཔྱོད་ཀྱི་ལྟ་བ་ལ་མི་གནས༔ གོལ་ཤོར་གྱི་འཛོལ་ས་མེད༔ རིག་པའི་རང་སྣང་ལམ་དུ་བྱས་པས་འཁྲུལ་བས་བསླད་པ་དང་བྲལ་ཏེ༔ འབྲས་བུ་ཡེ་ཤེས་དངོས་ལམ་བྱེད་དུ་སོང་བའི་སངས་རྒྱས་ཐོབ་པ་ལ་ལམ་ཤིན་ཏུ་མྱུར་ཤིང་མ་མཐོང་ན་དེ་ལས་ལྡོག་པའི་སྐྱོན་དག་ཡོད་དེ༔ ཐལ་འགྱུར་ལས༔ ཚིག་བརྗོད་གྲུབ་མཐའི་རྣམ་གྲངས་ཀྱིས༔ རིམ་པ་དགུ་ནི་ཡིད་དཔྱོད་པས༔ མངོན་སུམ་གནད་དང་བྲལ་བ་ལ༔ མ་འོངས་གདུལ་བྱའི་སེམས་ཅན་རྣམས༔ ཚིག་ལ་ཡིད་ཆེས་བྱེད་པ་འབྱུང་༔ རྟོག་པ་རགས་པའི་སེམས་ཅན་རྣམས༔ ཚིག་ལ་སྤྱོད་ཕྱིར་སྨིན་པ་མིན༔ འདི་ཡི་བསྟན་པ་ཐ་མའི་དུས༔ མོས་པས་སྤྱོད་པའི་ས་ཞེས་བྱའོ༔ ཞེས་སོ༔

དོན་གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ༔ སྣང་ཚུལ༔ འཁྲུལ་པ་དག་ཚུལ༔ མཐོང་བའི་ཡོན་ཏན༔ མ་མཐོང་བའི་སྐྱོན་དང་བདུན་ལས༔

དང་པོ་ནི༔ སྣང་བའི་ཉམས་ཏེ་སྐུ་དང་འོད་གསལ་གྱི་རང་བཞིན་བསྐྱེད་བྲི་མེད་པའི་ཁམས་བདེ་བར་གཤེགས་པའི་སྙིང་པོའི་ཡེ་ཤེས་ནང་ན་ཡོད་པའི་ཁ་དོག་ཕྱིར་གསལ་པ་ཡིན་པའི་ཕྱིར་ན༔ ཐལ་འགྱུར་ལས༔ ཉམས་ཀྱི་སྣང་བ་གོང་འཕེལ་ནས༔ ཡེ་ཤེས་ཁ་དོག་ཕྱིར་ཕྱུངས་ཏེ༔ གྱེན་འགྲེང་དང་ནི་རྩིབ་ཤར་དང་༔ ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ༔ རགས་པར་སྣང་བའི་ཡུལ་ལ་གསལ༔ ཞེས་སོ༔

གཉིས་པ་ནི༔ སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་སྒྲིབ་པའི་དྲི་མ་བྲལ་སྟོབས་ཀྱིས༔ སྣང་ཉམས་འོད་དང་ཁ་དོག་ཤེས་ཉམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་གོང་འཕེལ་དུ་སོང་བའི་མངོན་པར་བརྗོད་པ་སྟེ༔ རབ་འབྱམས་ལས༔ སྣང་ཉམས་ཤེས་ཉམས་གཉིས་ཀ་འཕེལ༔ འོད་དང་ཁ་དོག་གཉིས་ཀ་འཕེལ༔ དེ་ཕྱིར་ཉམས་སྣང་གོང་འཕེལ་ཡིན༔ ཞེས་སོ༔

གསུམ་པ་ལ༔ ངོ་བོའི་དབྱེ་བ་དང་༔ ས་མཚམས་ཀྱི་དབྱེ་བ་གཉིས་ལས་དང་པོ་ནི༔ སྣང་ཉམས་དང་༔ ཤེས་ཉམས་དང་༔ མཐར་འགྱུར་གྱི་ཉམས་གསུམ་ལས༔ འདིར་ནི་དང་པོ་ཡིན་ལ༔ གཉིས་པ་ནི་དེ་ཉམས་སུ་བླངས་པ་ལས་ཤེས་པའི་ཉམས་བདེ་གསལ་མི་རྟོག་པའི་ཡེ་ཤེས་འཆར་བའང་༔ རབ་འབྱམས་ལས༔ སྣང་ཉམས་ཉམས་སུ་བླང་བ་ཡིས༔ དེ་ལ་བརྟེན་ནས་ཤེས་ཉམས་འཆར༔ དེ་ཡང་གཉིས་སུ་མེད་པའོ༔ ཞེས་སོ༔ གསུམ་པ་མཐའ་འགྱུར་གྱི་ཉམས་ནི་སྣང་ཉམས་ཙམ་པོ་པ་རླུང་སེམས་ཀྱི་བསླད་པ་དང་བཅས་པ་ཡིན་པས་ཡིད་བརྟན་མེད་དོ༔ དོན་དུ་ཐུན་མོང་གི་རྟགས་བཅུའི་སྟོང་གཟུགས་ལ་སོགས་པ་ཡིན་ནོ༔ ས་འཚམས་ཀྱི་དབྱེ་བ་ནི༔ སྣང་ཉམས་དེ་ལའང་གོམས་པ་དམན་འབྲིང་མཆོག་གསུམ་གྱི་ཁྱད་པར་སྒྲོན་སྣང་དང་རབ་འབྱམས་ལས་གསུངས་པ་དང་༔ འོད་དང་ཡེ་ཤེས་སམ་སྨིན་པའི་ཐིག་ལེའམ་ཁ་དོག་དང་དབྱིབས་ཀྱི་ཐ་སྙད་སོ་སོར་སྦྱར་ཀྱང་རུང་བ་ཡིན་ནོ༔

བཞི་བ་ནི༔ དེ་ལྟར་ཆོས་ཉིད་མངོན་སུམ་གྱི་སྣང་བ་དེ་ཉིད་ལ་ཡང་དང་ཡང་དུ་སྦྱངས་པས་དབྱིངས་རིག་སྨིན་འཚམས་ལས་བྲལ་ཏེ༔ འོད༵་རྣམ༵ས་སྨིན༵་པའི༵་ཐི༵ག་ལེ༵་ཞེས་བྱ་བ་ཡེ་ཤེས་ལྔ་སྦྱོར་གྱི་སྣམ་བུ་ལྔ་གྱེན་འགྲེང་དུ་འཆར་བའི་མཚོན་རང་གི་ཕྱོགས་མཚམས་མདུན་རྒྱབ་ཐོ་ཕྱིའི་ཉེ་འཁོར་འགེབ་པའི་སྣང་བ་ཐིག་ལེ་འཕང་ལོ་ཙམ་ནས་མེ་ལོང་གི་རྒྱ་ཆེ་ཆུང་ཙམ་དུ་འཕེལ་བ་ནི༔ ཡེ་ཤེས་ལྔའི་ཁ་དོག་སོ་སོའི་སྣང་བ་ཞེས་བྱའོ༔ དེ་ཡང་ཁ་སྦྱོར་ལས༔ འོད་རྣམས་སྨིན་པའི་ཐིག་ལེ་འགྲེངས་བར་གནས༔ ཤིན་ཏུ་གསལ་ལ་མ་འདྲེས་འཇའ་ཚོན་བཞིན༔ འདི་ལ་གོམས་ན་སྣང་བ་ཡང་མཐོང་ནས༔ ཞེས་དང་༔ རབ་འབྱམས་ལས༔ མངོན་སུམ་དེ་ལ་སྦྱངས་བ་ཡིས༔ འོད་ཀྱང་རང་གི་ཐོ་ཕྱི་ཙམ༔ མདུན་རྒྱབ་དག་ཏུ་གསལ་བའོ༔ དེ་ཡང་ཉིན་མཚན་མེད་པར་འཆར༔ ཐིག་ལེ་མེ་ལོང་འཕང་ལོ་ཙམ༔ འོད་ཁྱིམ་ཁ་དོག་ཅིར་ཡང་འཆར༔ ཞེས་སོ༔ འདི་དག་ནི་འབྱུང་བ་དྭངས་མ་ལྔའི་ངོ་བོ་ཡེ་ཤེས་ལྔའི་ཞིང་ཁམས་གསལ་བ་ཡིན་ནོ༔ ཡང་བརྩོན་འགྲུས་དྲག་པོའི་སྒོ་ནས་དེ་ཉིད་ཉམས་སུ་བླངས་པས་ཡེ༵་ཤེས༵་སྨིན༵་པ༵འི་ཐི༵ག་ལེ༵་ཞེས་བྱ་བ་རྩིབ་ཤར་གྱི་རྣམ་པར་སྣང་ཞིང་གོམས་པ་འབྲིང་མཆོག་གི་དབྱིབས་ཀྱི་ཁྱད་པར་ཞི་རྒྱས་དབང་དྲག་གི་དང་༔ ཁྱད་པར་དུ་མེ་ལོང་གི་གྱེན་འགྲེངས་དང༔ མཉམ་ཉིད་ཀྱི་རྩིབ་ཤར་དང་༔ སོར་རྟོག་གི་མིག་ཚག་གམ་གྲུ་ཆད༔ བྱ་གྲུབ་ཀྱི་རེ་ལྡེ༔ ཆོས་དབྱིངས་ཀྱི་ཡུལ་གྲུབ་རྫོགས་པའི་བཀོད་པ་འཆར་བ་དང་༔ དེ་ལས་ཀྱང་ཆེར་གོམས་པས་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ༔ ཁྱད་པར་སྐུའི་གོ་སར་ཕྱག་མཚན་ལྔ་དང་༔ མེ་ལོང་གི་མིག་ཚག་དང་༔ མཉམ་ཉིད་ཀྱི་དབྱིབས་དྲྭ་ཕྱེད་དང་དྲྭ་བ༔ སོར་རྟོག་གི་པདྨ་སྟོང་ལྡན༔ བྱ་གྲུབ་ཀྱི་རལ་གྲི་དང་འཁོར་ལོ་ལ་སོགས༔ ཆོས་དབྱིངས་ཀྱིས་མཁར་ཐབ་ལ་སོགས་པའི་དབྱིབས་སུ་འཆར་བ་དང་༔ དེའི་དབུས་སུ་ལྔ་ཚོམས་སུ་སྨིན་པ་ནི་རིག༵་པ༵་སྨིན༵་པ༵འི་ཐི༵ག་ལེ༵་ཞེས་བྱ་སྟེ༔ སྤྲུལ་པའི་སྐུ་ཡར་ཕྱེད་དང་གདོང་ཕྱེད་དུ་འཆར་བ་དང་༔ དེ་ལས་ཀྱང་གོམས་ནས་སྐུ་རྐྱང་པ་ཞལ་ཕྱག་རྒྱན་དང་བཅས་པ་ཞལ་མཐོང་༔ རིག་པ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་སྡོད་པའོ༔ ཤེས་པས་ཉམས་ཁྱད་པར་བ་དང་༔ བདེ་གསལ་མི་རྟོག་ཏིང་འཛིན་སྟོང་པའི་ངང་དུ་ཆུ་བོའི་རྒྱུན་བཞིན་བར་འཚམས་དང་ཉམས་ཞེན་གྱི་དྲི་མ་མེད་པར་གྲོལ་བས་འཁྲུལ་བའི་འཁོར་ལོ་མི་གནས་ཤིང༔ སྔར་མི་ཤེས་པའི་ཆོས་ཤེས་པ་སོགས་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་རྗེས་མཐུན་པར་འཆར་བའང་༔ རབ་འབྱམས་ལས༔ མཆོད་རྟེན་དྲྭ་བ་རྡོ་རྗེ་དང་༔ ཙཀྲ་རལ་གྲི་དྲྭ་ཕྱེད་དང་༔ མིག་མང་མིག་ཚག་ཟ་འོག་རེས༔ མེ་ལོང་རེ་ལྡེ་ཚ་ཚ་རིས༔ རིན་ཆེན་འོད་འབར་དཔལ་བེའུ་རིས༔ འོད་ཤར་འོད་སྐོར་འོད་ཟེར་འབར༔ རྨ་བྱའི་མདོངས་དང་ཕུག་རོན་སྐེ༔ པདྨ་སྟོང་ལྡན་དྲྭ་བ་རིས༔ ཐིག་ལེ་ཐིག་ཕྲན་མུ་ཁྱུད་བཅས༔ རྣམ་པ་སྣ་ཚོགས་ཉིད་དུ་འཆར༔ དེ་ནི་ཉམས་སྣང་འཕེལ་བ་ཡིན༔ ཤེས་ཉམས་དགེ་སྡིག་ངོ་ཡང་ཤེས༔ ལུས་ལ་འབུ་སྲིན་ཤིག་མི་འབྱུང་༔ ད་རུང་ཉམས་སུ་བླངས་བ་ཡིས༔ འོད་ཀྱང་ཡུལ་གྲུ་ཙམ་པ་མཐོང་༔ ཐིག་ལེ་ཁམ་ཕོར་ཙམ་དུ་འགྲོ༔ རིག་པ་ཤ་ར་རྒྱུག་པ་ཙམ༔ ཐིག་ལེ་དེ་དག་རེ་རེ་ལ༔ འོད་ལྔའི་མུ་ཁྱུད་དག་དང་བཅས༔ དེ་ཡི་དཀྱིལ་དུ་ཕོ་རྐྱང་སྐུ༔ རྡོ་རྗེ་སེམས་དཔའི་ཕྱེད་སྐུ་དང་༔ ཞལ་ཕྱག་དོད་དང་མ་དོད་འཆར༔ ད་རུང་ཉམས་སུ་བླངས་པ་ཡིས༔ ཐིག་ལེ་བསེ་ཕུབ་ཙམ་དུ་འགྲོ༔ ཐིག་ལེའི་ནང་དུ་སྐུ་རྐྱང་འཆར༔ རིག་པའི་བར་བར་སྐུ་ཡིས་བརྒྱན༔ རིག་པ་འགུལ་འཕྲིགས་མེད་པར་སྡོད༔ ལུས་ལ་སྐྲ་དཀར་གཉེར་མ་མེད༔ ཟས་སྐོམ་ཡིད་ལ་མི་གདུང་ཞིང་༔ སྔར་མེད་པ་ཡི་ཆོས་ཀྱང་ཤེས༔ ཅི་སྨྲས་ཐམས་ཅད་ཆོས་སུ་འོང་༔ དགྲ་གཉེན་ཡིད་ལ་མི་འབྱུང་ངོ་༔ སྣང་ཉམས་ཤེས་ཉམས་གཉིས་ཀ་འཕེལ༔ འོད་དང་ཁ་དོག་གཉིས་ཀ་འཕེལ༔ འདི་ལྟར་གོང་འཕེལ་སྣང་བ་ཡིས༔ འཁྲུལ་བའི་སྣང་བ་ནུབ་བྱེད་དོ༔ ཞེས་སོ༔

ལྔ་བ་འཁོར་བའི་འཆིང་ཞེན་གྲོལ་ཚུལ་ནི༔ འདི་ལྟར་སྣང་བ་འོད་དུ་དེངས་ནས་གཟུགས་དང་ཡུལ་གྱིས་བསྡུས་པའི་འཆིང་ཞེན་ལས་གྲོལ༔ ནང་འཛིན་པ་སེམས་ཀྱི་རྟོག་ཚོགས་དབྱིངས་སུ་ཞིའོ༔ དེ་ཡང་འོད་སྨིན་པའི་ཐིག་ལེ་མཐོང་བའི་དུས་སུ་གཟུགས་ཀྱི་ཕུང་པོའི་འཆིང་པ་ལས་གྲོལ༔ ཡེ་ཤེས་ཀྱི་ཐིག་ལེ་མཐོང་བའི་དུས་སུ་ཕུང་པོ་ལྔ་དང་༔ རིག་པ་སྨིན་པའི་ཐིག་ལེ་མཐོང་བའི་དུས་སུ་ཉོན་མོངས་ལྔའི་འཆིང་པ་ལས་གྲོལ་ཞིང་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་བ་མངོན་གྱུར་ལོག་སྟེ་བར་ཆད་ནའང་༔ རང་བཞིན་ལོངས་སྐུའི་ངོ་བོར་སངས་རྒྱས་པ་ཡིན་ནོ༔

དྲུག་པ་གོང་འཕེལ་གྱི་སྣང་བ་མཐོང་བའི་ཡོན་ཏན་ནི༔ ཀློང་གསལ་ལས༔ སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ནས༔ བར་དོའི་སྣང་བ་འདིར་ཆོད་པས༔ ལོངས་སྤྱོད་ངོས་ཟིན་བར་དོ་སྟོང༔ ཞེས་སོ༔ ཡང་ཉམས་གོང་འཕེལ་གྱི་སྣང་བ་སྔ་ཕྱི་རིམ་པར་མཐོང་བའི་ཡོན་ཏན་ལས་འབྲས་བུ་གྲོལ་ས་ཐ་དད་དུ་དབྱེ་ན་བསྟན་བུ་ལས༔ ཡར་མཚམས་ལས་ནི་སོར་བཞི་ཙམ༔ བྲལ་བའི་སྐྱེས་བུ་སྐལ་བཟང་སྟེ༔ འཁོར་བར་འཇིགས་པ་ག་ལ་སྲིད༔ གྲུ་ཆད་རྣམ་པར་གང་སྣང་བ༔ སྤྲུལ་བའི་ཡོན་ཏན་འདིས་འགྲུབ་པོ༔ མཐོང་བའི་ཡུལ་ཙམ་གང་སྣང་བ༔ ཚོམ་བུ་ལ་ནི་དེ་བཞིན་ནོ༔ ཕྱི་སྣང་འགགས་པ་གང་ཡིན་པ༔ སྐད་ཅིག་མ་ནི་བཅུ་དྲུག་ལ༔ འདི་ཡང་དེ་ལྟར་འགྱུར་བའོ༔ ཞེས་སོ༔

བདུན་པ་ཉམས་སྣང་གོང་འཕེལ་གྱི་སྣང་བ་མ་མཐོང་བའི་སྐྱོན་ནི༔ ཀློང་གསལ་ལས༔ ཉམས་སྣང་གོང་དུ་མ་འཕེལ་ན༔ བར་དོ་ལས་ནི་གྲོལ་མི་འགྱུར༔ ཞེས་སོ༔

གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་བཤད་པ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ༔ མཚན་ཉིད་བཤད་པ༔ གོམས་ཤིང་བརྟན་པའི་ཚད༔ ཚད་ཕེབས་ཀྱི་ཡོན་ཏན༔ མ་ཕེབས་པའི་སྐྱོན་དང་བདུན་དུ་ཡོད་པ་ལས༔

དང་པོ་ནི༔ རང་གི་རིག་པ་ལ་སྐུ་གསུམ་ཡེ་རྫོགས་སུ་ཡོད་པས་ལོངས་སྤྱོད་རྫོགས་པ་སྐུའི་མཚན་དཔེ་དང་ཡོན་ཏན་མ་ལུས་ཤིང་ལུས་པ་མེད་པ་ཡུལ་གསལ་དུ་ཤར་བ་ཡིན་པས༔ ཐལ་འགྱུར་ལས༔ རིག་པ་ཚད་ཕེབས་སྣང་བ་ནི༔ ལོངས་སྐུའི་མཚན་དཔེ་གསལ་བར་ནི༔ མ་ངེས་ཁ་དོག་འཇའ་ཚོན་ལས༔ རིགས་ལྔ་ཡབ་དང་ཡུམ་དུ་སྣང་༔ ཞེས་སོ༔

གཉིས་པ་ངེས་ཚིག་ནི༔ ཆོས་ཅན་རང་བཞིན་གནས་རིགས་སྨིན་པ་ཚད་དུ་ཕྱིན་ནས་གཞི་སྣང་ལྷུན་གྲུབ་ཆེན་པོ་དེ་ལས་བོག་དབྱུང་དུ་མེད་པར་སྨིན་པ་དང་༔ རིག་པ་སེམས་ཀྱི་སྒྲིབ་གཡོགས་དང་བྲལ་བར་སྨིན་པ་ཚད་དུ་ཕྱིན་པའོ༔

གསུམ་པ་དབྱེ་བ་ནི༔ ཕྱི་སྣང་བ་ཚད་ལ་ཕེབས་པས་ཞིང་ཁམས་ཀྱི་འཁོར་ལོ་སྨིན་པ་དང་༔ ནང་རང་ལུས་ཚད་ལ་ཕེབས་ནས་འོད་གསལ་དུ་སྨིན་པ་དང་༔ གསང་བ་རིག་པ་ཚད་དུ་ཕྱིན་ཏེ་ཉོན་མོངས་པ་དང་ཡིད་ཀྱི་མཚོན་ཚོགས་དོན་རྣམ་པར་དག་པ་རིག་པ་གཅེར་བུར་ལྡིང་བའོ༔

བཞི་བ་མཚན་ཉིད་ནི༔ ཕྱི་སྣང་བ་ཚད་དུ་ཕེབས་པའི་ཐིག་ལེ་ལྔ་ཚོམ་གྱི་དབུས་སུ་ལུག་རྒྱུད་སྐུ་རུ་སྨིན་ནས་རིགས་ལྔ་ཡབ་ཡུམ་ཟུང་འཇུག་རིགས་ཆུང་ཐུགས་ཀར་རྫོགས་པ་དང༔ བར་མཚམས་ཐམས་ཅད་དུ་ཞི་ཁྲོའི་དཀྱིལ་འཁོར་བྱེ་བ་འབུམ་ཐེར་འཆར་བ་དང་༔ ད་དུང་ཡང་གོམས་པས་ཕྲ་རགས་ཀྱི་འབྱུང་བ་རང་དེངས་ནས་སངས་རྒྱས་ཀྱི་ཞིང་ཁམས་སུ་སྨིན་པ་ཚད་དུ་ལོང་ཞིང་འཁྲུལ་བའི་སྣང་བ་སྐད་ཅིག་ཙམ་རེ་ལས་མི་འཆར་བ་དང་༔ སྣང་བ་ལ་དབང་བསྒྱུར་ཐོབ་པས་གང་ལའང་ཆགས་ཐོགས་མེད་པར་ཟང་ཐལ་བ་དང་༔ རིག་པ་ཅི་ལ་བཅུག་ཀྱང་ཚུད་པ་དང་༔ ལུས་ཀྱི་རྡུལ་ཕྲན་མཐོང་བ་ལ་སོགས་པ་འབྱུང་བ་སྟེ༔ འདི་ནི་དག་ས་གསུམ་དུ་མུ་ཚོད་མཐུན་པའི་ལམ་ལ་འབད་རྩོལ་ཞི་བར་ཤུགས་ཀྱིས་བགྲོད་པ་སྟེ༔ རབ་འབྱམས་ལས༔ ད་ནི་རིག་པ་ཚད་ཕེབས་ཀྱི༔ སྣང་བ་ཉིད་ནི་བསྟན་པར་བྱ༔ དེ་ཡི་རྟགས་མཚན་འདི་ལྟར་རོ༔ འོད་ཟེར་སྟོང་གསུམ་ཁྱབ་པར་གསལ༔ ཐིག་ལེ་ཆེན་པོ་གཅིག་ལ་ནི༔ མུ་ཁྱུད་རིམ་པ་ལྔ་ཡིས་བསྐོར༔ ཁ་དོག་ལྔ་ལྡན་འོད་ཟེར་འཕྲོ༔ དེ་ཡི་ནང་དུ་ཚོམ་བུ་ལྔ༔ རེ་རེ་ལའང་བཞི་བཞིས་བསྐོར༔ ཐིག་ལེ་དེ་དག་རེ་རེའི་ནང་༔ རིགས་ལྔ་ཡབ་ཡུམ་རྫོགས་པར་འཆར༔ ལུ་གུ་རྒྱུད་ཀྱི་བར་བར་དུ༔ ཞི་ཁྲོའི་ལྷ་ཚོགས་དཔག་མེད་འཆར༔ ཉིན་དང་མཚན་མོ་མེད་པ་རུ༔ དལ་ལའི་དཀྱིལ་འཁོར་རྫོགས་པར་འཆར༔ ས་རྡོ་རི་བྲག་ལ་སོགས་པ༔ རྡོས་བཅས་ཐམས་ཅད་རང་དག་ནས༔ ཐམས་ཅད་རྒྱལ་བའི་ཞིང་དུ་འཆར༔ རང་ལུས་ཀུན་ཀྱང་འོད་ཀྱི་སྐུ༔ ཐིག་ལེ་ཐིག་ཕྲན་ཁྲ་ཤིག་ཤིག༔ ཕྱོགས་དང་ཕྱོགས་མཚམས་ཐམས་ཅད་དང་༔ གང་དུ་བལྟས་ཀྱང་ལོངས་སྐུའི་ཞིང་༔ ཞེས་དང་༔ འདི་དང་འབྲལ་བ་མེད་པའི་རྟགས༔ གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ༔ སྨྱོན་པ་བཞིན་དུ་ཐོགས་མེད་པར༔ གང་ལའང་ཆགས་པ་མེད་པ་དང་༔ རི་བྲག་རྣམས་ལ་ཟང་ཐལ་དང་༔ འབྱུང་བ་ལྔ་ལ་རྩལ་སྦྱངས་ནུས༔ ས་གཏིང་ལ་ཡང་འཛུལ་བ་དང་༔ ཆུ་རྣམས་ལ་ཡང་མི་འབྱིང་ཞིང་༔ ལུས་ལ་གོས་སོགས་མེད་པ་རུ༔ གཅེར་བུར་གང་ལ་ཐོགས་མེད་ཅིང་༔ ཟས་ནོར་འདོད་པ་ཀུན་དག་བྲལ༔ འདི་ནི་སྣང་བ་འདི་ཉིད་ལ༔ འབྱུང་བ་རང་སར་དེངས་ནས་ནི༔ ཟག་བཅས་ཕུང་པོ་མི་སྣང་བ༔ ལུས་པོ་འོད་གསལ་ཉིད་དུ་འགྲོ༔ འདི་དུས་མ་བསྒོམ་པས་ཀྱང་ཆོག༔ འབྲས་བུ་ཐོབ་ལ་ཐེ་ཚོམ་མེད༔ རིག་པ་ཚད་ལ་ཕེབས་པའི་རྟགས༔ རང་སྣང་ཅི་ལ་བཅུག་ཀྱང་ཚུད༔ བེམ་བོ་ཀུན་ཀྱང་འགུལ་བར་ནུས༔ རླུང་གི་འགྱུ་བའི་ཚད་ཟིན་དང་༔ ལུས་ཀྱི་རྡུལ་ཕྲན་མཐོང་བ་དང་༔ ཅིར་སྣང་གཟུགས་སྐུ་རྫོགས་པ་དང་༔ དེ་ལ་ཡབ་ཡུམ་འཁྲིལ་བ་དང་༔ ལྔ་ལྔ་ཡབ་ཡུམ་སྦྱོར་བ་དང་༔ ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ༔ རྣལ་འབྱོར་ལུས་ཀུན་འོད་དུ་གསལ༔ འགྲོ་དང་འོད་དང་འདུག་པར་སྣང་༔ ཐམས་ཅད་རིག་པ་ཚད་ལ་ཕེབས༔ ཞེས་སོ༔ ནང་རང་ལུས་ལ་ཚད་ལ་ཕེབས་ནས་ཕྱི་སྣང་བ་ཞིང་ཁམས་སུ་དག་པའི་སངས་རྒྱས་ཀྱི་དཀྱིལ་འཁོར་གྲངས་མེད་པའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ཅན་འཕྲོས་ཏེ་ལུས་ཀྱི་སྒྲིབ་གཡོགས་དང་བྲལ་པའི་རང་གི་སྙིང་ཀར་ཡི་གེ་ཨས་མཚན་པ་ཡོད་པ་ལ་ཟུང་འཇུག་གི་འོད་ཟེར་ཆེན་པོའི་དབང་ཐོབ༔ རང་གི་ལུས་འོད་དུ་གསལ་བའི་མཛོད་སྤུ་ནས་འོད་ཟེར་འདོམ་གང་གི་ཚད་དུ་འབར་བ་དང་༔ ལག་སོར་འོད་ཀྱི་ཕྲེང་བར་འཁྲིགས་པ་དང་༔ ལུས་ཀྱི་དཀྱིལ་འཁོར་ཞི་ཁྲོ་མཁའ་འགྲོ་ལ་སོགས་བས་མཚོན་བསམ་མི་ཁྱབ་པ་མཐོང་བ་དང་༔ སྟོང་པ་རང་གྲོལ་གྱི་ལམ་ནས་སྤྱི་བོར་ཐིག་ལེ་ཁམ་ཕོར་ཙམ་དགུ་དགུ་བརྩེགས་མར་སྣང་བ་རྣམས་འབྱུང་བའང་༔ རབ་འབྱམས་ལས༔ ལུས་ནི་ཚད་དུ་ཕེབས་པ་ཡིས༔ བར་སྣང་འོད་ཀྱི་སྐར་ཁུང་གསལ༔ དེ་ལ་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཁྲིལ་ཞིང་འཁྲིལ་བའི་སྣང་བ་འཛིན༔ རང་ལུས་དངོས་པོར་རང་དག་ནས༔ ཟང་ཐལ་དྲི་མེད་འོད་ཀྱི་ལུས༔ དབུས་སུ་ཡི་གེ་ཨཱཿདང་བཅས༔ སྨིན་ཕྲག་འོད་ཟེར་འདོམ་གང་ཚད༔ ཐོར་ཚུགས་རླུང་གིས་གང་བར་སྣང་༔ རང་གི་ལག་པའི་སོར་མོ་ལ༔ འོད་ཟེར་ཕྲེང་བ་རྣམ་པར་འཁྲིགས༔ མགོ་བོ་ཐོད་བའི་གཞལ་ཡས་ནས༔ ཧེ་རུ་ཀ་རྣམས་བརྗིད་པར་གསལ༔ དེ་དུས་རང་ལུས་ཚད་ལ་ཕེབས༔ སྐུ་གསུམ་ཟང་ཐལ་ཉིད་དུ་གསལ༔ འདི་ལྟར་སུ་ལ་བསྟན་པའི་མིས༔ རིག་པ་ཚད་ཕེབས་སྣང་བ་ཡིན༔ ཞེས་སོ༔ གསང་བ་རིག་པ་ཚད་ལ་ཕེབས་པས་ཚོགས་བདུན་དབྱིངས་སུ་དག༔ ཀུན་གཞིའི་རྣམ་པར་ཤེས་པས་སྐད་ཅིག་ཙམ་དུ་སྔར་གྱི་བག་ཆགས་གྱིས་ཡུལ་རིག་བྱེད་མེ་སྟག་ལྟར་འཕྲོས་པ་དང་༔ སྐད་ཅིག་གཉིས་པ་ལ་ཕྱིན་ཆད་ཀྱི་བག་ཆགས་ཀྱི་རྒྱུན་མི་སྤེལ་བར་རང་དག་ཅིང་རང་གྲོལ་དུ་འགྲོ་བ་དང་༔ རིག་པ་ཐུགས་རྗེའི་ཆ་ལས་ཇི་ལྟ་ཇི་སྙེད་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱན་དང་མངོན་པར་ཤེས་པའི་ཡོན་ཏན་ལྷུན་གྱིས་གྲུབ་པའི་མཐོང་ཆ་གཉིས་སུ་ཡོད་ལ༔ འུབ་ཀྱིས་དྲིལ་ན༔ ལུས་འོད་གསལ་དུ་གྲོལ་བས་དེ་རང་རྒྱུད་པར་འཛིན་པའི་སེམས་ལོག་ནས་ལུས་སེམས་ཀྱི་འབྲེལ་བ་ཆད་དེ་ཁམས་གསུམ་དུ་མི་ལྡོག་པའང་ཐལ་འགྱུར་ལས༔ དེ་ལྟར་སྣང་བའི་དུས་རྣམས་སུ༔ ལུས་སེམས་འབྲེལ་བ་ཆོད་པ་ནི༔ ཟག་བཅས་ཟད་པའི་ལུས་ལས་ཀྱང་༔ ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས༔ སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང་༔ ནམ་མཁའི་ཁམས་སུ་གསལ་བར་མཐོང་༔ དེ་ཉིད་ཐོག་མའི་དུས་རྣམས་སུ༔ རླུང་དང་བྲལ་བ་དག་ལས་ཀྱང་༔ འབད་ཅིང་དག་པ་རླུང་གི་ལས༔ ལུས་ལས་ཕྱི་རོལ་འཕངས་ལས་བྱུང་༔ མཐོང་བྱེད་གཉིས་ཀྱི་ཆ་ལས་ཀྱང་༔ ལུས་ནི་འོད་གསལ་དག་པ་ལ༔ སེམས་ནི་མེ་སྟག་འཕྲོ་བ་བཞིན༔ གཅིག་ཏུ་མི་གནས་རང་སར་ཞི༔ སྣང་ཆ་གཉིས་ཀྱི་ཚུལ་དུ་བྱུང་༔ འདིས་ནི་ལུས་སེམས་འབྲེལ་བཅད་ནས༔ ཁམས་གསུམ་ལྡོག་པ་མ་ཡིན་ནོ༔ ཞེས་སོ༔

ལྔ་པ་གོམས་ཤིང་བརྟན་པའི་ཚད་ནི༔ སྒྲོན་མ་སྣང་བྱེད་ལས༔ ཤིན་ཏུ་ཡང་དག་གོམས་པའི་ཚད༔ འགུལ་དང་འཕྲིགས་པ་མེད་པ་དང་༔ ཉིན་དང་མཚན་མོ་མེད་སྣང་དང་༔ རབ་ཏུ་གོམས་པའི་ཚད་ཡིན་ནོ༔ རང་སྣང་སྐུར་སྣང་ལུ་གུ་རྒྱུད༔ ཚིག་དང་འདྲ་བའི་བར་དག་ཏུ༔ ཐིག་ལེ་ཉུང་འབྲུ་ཙམ་ནང་དུ༔ སྐུ་ནི་ཤིན་ཏུ་ཕྲར་ཤར་ནས༔ སྣང་བ་ཐམས་ཅད་སྐུར་ཤར་ན༔ རིག་པ་བརྟན་པའི་ཚད་ཡིན་ནོ༔ ས་ཆུ་མེ་རླུང་སྣང་བ་དང་༔ འབྱུང་བཞིའི་སྣང་བ་འགགས་གྱུར་ནས༔ ཁ་དོག་ལྔ་ཡི་འོད་སྣང་གིས༔ གང་དུ་བལྟས་པས་དེར་སྣང་ན༔ དབྱིངས་ནི་བརྟན་པའི་ཚད་ཡིན་ནོ༔ རང་ལུས་འོད་ཀྱི་སྟེང་དག་ཏུ༔ མཁར་གཞོང་བརྩེགས་པ་ལྟ་བུ་ཡི༔ ཐིག་ལེ་བརྩེགས་མ་གྱེན་ཤར་ན༔ སྒྲོན་མ་བརྟན་པའི་ཚད་ཡིན་ནོ༔ ཞེས་སོ༔

དྲུག་པ་རིག་པ་ཚད་ལ་ཕེབས་པའི་ཡོན་ཏན་ནི༔ རབ་འབྱམས་ལས༔ འདི་ལྟར་ཚད་ལ་སུས་ཕེབས་པ༔ སྐུ་གསུམ་རྟོགས་པའི་རང་སྣང་འདས༔ ཞེས་རང་སྣང་འཁྲུལ་བའི་གཟུང་འཛིན་སྐུ་གསུམ་དག་པའི་ངོ་བོར་རང་གྲོལ་ནས་གདོས་བཅས་འོད་གསལ་དུ་འཕོ་བའང་༔ ཀློང་གསལ་ལས༔ རིག་པ་ཚད་ཕེབས་སྣང་བ་ཡིས༔ ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ༔ ཞེས་སོ༔

བདུན་པ་ཚད་ལ་མ་ཕེབས་པའི་སྐྱོན་ནི༔ ཕུང་པོའི་སྣང་འཛིན་གྱི་ཤེས་སྒྲིབ་ལས་མི་གྲོལ་བ་སྟེ༔ དེ་ཉིད་ལས༔ དེ་ལྟར་ཚད་ལ་མ་ཕེབས་ན༔ ཕུང་པོའི་སྣང་འཛིན་གྲོལ་མི་འགྱུར༔ ཞེས་སོ༔

བཞི་བ་ཆོས་ཉིད་ཟད་པའི་སྣང་བ་ལ་རྣམ་བཞག་མདོར་བསྟན་པ༔ ཟད་ཚུལ་རྒྱས་པར་བཤད་པ༔ མཐའ་སྡུད་ཀྱི་ཆིངས་སུ་བཅིང་བའོ༔

དང་པོ་ནི༔ ཕྱི་སྣང་བ་འཁྲུལ་བའི་རྣམ་པ་ཚད་ཕེབས་ཀྱི་དུས་ནས་འོད་གསལ་དུ་ཟད་ཟིན་ཀྱང་༔ འདིར་ནང་ཀུན་གཞིའི་རྣམ་པར་ཤེས་པས་བསྡུས་པའི་སེམས་བག་ཆགས་དང་བཅས་པ་ཟད་དེ་ཕྱིའི་འཁྲུལ་པས་ལྡོག་མི་ཤེས་པར་དེངས་པ་དང་༔ ཡང་རྣམ་སྨིན་བག་ཆགས་ཀྱི་སྦུབས་ཕྱི་ནང་གི་འཁྲུལ་བ་ལོག་རྟོག་དང་བཅས་པ༔ སྣང་བ་གོང་མ་གསུམ་དུ་འཁྲུལ་གཞི་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ནང་འབྱུང་དྭངས་མ་ལ་སོགས་པའི་ངོ་བོར་དག་ནས་དེའི་སྣང་བ་ཚད་དུ་ཕྱིན་པ་ན༔ འདིར་སླར་ཡང་གཞི་སྣང་གཞི་ལ་ཐིམ་པས་འབྱུང་བ་མ་ལ་ཞ་བ༔ གཞི་ལམ་གྱི་ཡེ་ཤེས་ཕྱི་ཤར་ལས་རླུང་གིས་བསླད་པ་དང་བཅས་པ་ངོ་བོ་ཀ་དག་གི་རང་དབྱིངས་སུ་འཁྱིལ་བའི་ཡེ་ཤེས་དབྱིངས་སུ་ཐིམ་པ་དང་༔ ལྟ་སྒོམ་སྤྱོད་པའི་སྤྲོས་མཚན་གཟུང་འཛིན་ལམ་བདེན་འདུས་བྱས་ཀྱི་གྲུབ་མཐའ་དང་བཅས་པ་རང་ཞིག་པ་ནི་ཆོས་ཟད་བློ་འདས་ཀྱི་རྣམ་པར་ཐར་བ་སྟེ༔ རབ་འབྱམས་ལས༔ ཆོས་རྣམས་ཟད་པའི་སྣང་བ་ནི༔ རིག་པ་ཚད་ལ་ཕེབས་གྱུར་ནས༔ བློ་ཡི་ཆོས་རྣམས་ཟད་པ་ཡིན༔ ཡིན་ཡང་སྣང་བ་གཏན་ལ་འབེབས༔ ཞེས་དང་༔ ཆོས་ཉིད་ཟད་པར་སླེབས་པའི་རྟགས༔ འཕེལ་རྣམས་ཐམས་ཅད་ཟད་དུས་གསལ༔ ཞེས་དང་༔ ཆོས་རྣམས་ཟད་པའི་སྣང་བ་ཡིས༔ ཡུལ་སྣང་ཐམས་ཅད་གཅེར་གྲོལ་ཉིད༔ སྟོང་པས་སྟོང་བའི་ཚད་ཟིན་ཏེ༔ གྲུབ་མཐའི་ཞེན་པ་དུས་གཅིག་ཆོད༔ འཁོར་འདས་གཉིས་སུ་མེད་པའོ༔ འབྱུང་བ་ཐམས་ཅད་རང་སར་དག༔ ཆུ་ཡི་སྣང་བ་དྲི་མ་མེད༔ ཀུན་ཁྱབ་ཆེན་པོའི་སྟོང་པ་ཉིད༔ མེ་ཡི་སྣང་བ་རང་བྱུང་བས༔ རང་གསལ་ཆེན་པོའི་སྟོང་པ་རྙེད༔ རླུང་གི་སྣང་བ་རང་སངས་བས༔ བསྐྱོད་པ་ཆེན་པོའི་སྟོང་པ་རྙེད༔ ནམ་མཁའི་སྣང་བ་ཡེ་སངས་བས༔ དག་པ་ཡུལ་གྱི་སྟོང་བ་རྙེད༔ ཅེས་དང་༔ དུམ་དུམ་ཁྲིག་གི་མན་ངག་ལས༔ ཆོས་ཉིད་ཟད་པའི་སྣང་བ་གང་དུའང་མ་གྲུབ་པ་ནི༔ ས་སྲ་བ་མེད་པའི་འོད་སེར་པོ༔ ཆུ་གཤེར་བ་མེད་པའི་སྡུད་པའི་དཀར་པོ༔ མེ་ཚ་བ་མེད་པའི་འོད་དམར་པོ༔ རླུང་གཡོ་བ་མེད་པའི་འོད་ལྗང་གུ༔ ནམ་མཁའི་ཁྱབ་པ་མེད་པའི་མདངས་ཅན་མཐིང་ཀ་ཆེན་པོ་དང་ལྔ༔ ཆོས་ཉིད་ཟད་པའི་དབྱིངས་སུ་རང་དག་པའི༔ ཞེས་སོ༔

གཉིས་པ་ཟད་ཚུལ་རྒྱས་པར་བཤད་པ་ལ༔ ངོ་བོ༔ ངེས་ཚིག༔ དབྱེ་བ༔ ཟད་ཚུལ༔ མཚན་ཉིད༔ སྣང་བ༔ རྟགས་ཚད༔ ཟད་པའི་ཡོན་ཏན༔ མ་ཟད་པའི་སྐྱོན༔ རང་དབང་དང་བཅུ་ལས༔

དང་པོ་ངོ་བོ་ནི༔ ཆོས་ཅན་འཁོར་བས་བསྡུས་པ་ཐམས་ཅད་དང་༔ ཆོས་ཉིད་མྱ་ངན་ལས་འདས་པས་བསྡུས་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཕྱི་གསལ་ཐམས་ཅད་ངོ་བོ་ཀ་དག་གི་རང་དབྱིངས་སུ་འདུས་པ་སྟེ༔ རབ་འབྱམས་ལས༔ ཆོས་རྣམས་ཟད་པའི་སྣང་བ་ནི༔ ཐམས་ཅད་རང་གི་རིག་པར་འདུས༔ རིག་པ་དགག་སྒྲུབ་ཉིད་དང་བྲལ༔ ཆོས་རྣམས་ཐམས་ཅད་རང་རིག་ཡིན༔ རང་རིག་ངོ་བོ་རྗེན་པ་ཡིན༔ དཔེ་བྲལ་མཚོན་དུ་མེད་པ་ཡིན༔ འདི་ལྟར་ཆོས་ཉིད་བརྗོད་མེད་ལ༔ ཐ་སྙད་ཚིག་གི་གཞི་མར་ཤར༔ ཚིག་བརྗོད་རིམ་པ་རྣམ་དག་པས༔ ད་ལྟ་བརྗོད་མེད་རང་ལ་གནས༔ དེ་ཕྱིར་ཚིག་མཐའ་ཟད་པའོ༔ ཞེས་སོ༔

གཉིས་པ་ནི༔ ཆོས་ཞེས་འཁོར་བ་དང་མྱ་ངན་ལས་འདས་པའི་ཕྱི་གསལ་གྱི་སྣང་ཆ་སྟེ༔ ཉིད་ཅེས་པ་དེའི་རང་བཞིན་དོན་དམ་ཀ་དག་གི་དབྱིངས་སུ༔ ཟད་ཅེས་པ་འབྱུང་བ་མ་ལ་ཞ་བའི་དོན་ཡིན་པས་ན༔ ཐལ་འགྱུར་ལས༔ དེ་ལྟར་ཆོས་ཉིད་ངེས་པའི་ཚིག༔ ཆོས་ཤེས་ཚོགས་ཤིང་འདུས་པ་ལ༔ བྱ་བ་བྱེད་དང་མཚན་ཉིད་འཛིན༔ རང་སྣང་སྟོན་པར་བྱེད་པ་ལ༔ སོ་སོའི་རིགས་རྣམས་འཛིན་པའོ༔ ཉིད་ནི་བཅོས་པ་མེད་པ་ལ༔ ལྷུག་པར་གནས་པའི་རྣལ་མས་ཁྱབ༔ སོ་མ་གཉུག་མ་དཀྱུས་མ་ལ༔ སྒྲ་ཚིག་མིང་གི་གྲངས་ཟད་པའོ༔ ཞེས་སོ༔

དབྱེ་བ་ནི༔ སྣང་བའི་ཆོས་ཟད་པ་ཞེས་ཕྱི་ནང་གི་འབྱུང་བ་ཕྲ་རགས་དང་ཉོན་མོངས་འཁྲུལ་རྟོག་ཡུལ་ཞེན་ཀུན་ནས་ལྡང་བག་ཉལ་དང་བཅས་པས་བཅོས་མའི་སྣང་བ་ལས་འདས་ཤིང་ཟད་པ་དང་༔ སྟོང་པའི་ཆོས་སེམས་དང་སེམས་བྱུང་ཀུན་གཞི་དང་བཅས་པ་དབྱིངས་སུ་ཟད་ཅིང་ཕྱི་གསལ་སྐུ་དང་ཡེ་ཤེས་ཀྱི་ལམ་སྣང་གི་སྤྲོས་པའང་དབྱིངས་སུ་ནུབ་ནས་འབྲས་བུའི་ཆོས་ཉིད་ལ་གནས་པ་སྟེ༔ རྣམ་པ་གཉིས་སུ་ཡོད་དེ༔ ཐལ་འགྱུར་ལས༔ བཅོས་མའི་ཆོས་ལས་འདས་པས་ན༔ ཆོས་ཞེས་ཚིག་ཏུ་མི་གནས་སོ༔ ཞེས་དང་༔ རྟོག་པ་རགས་པས་ཁོང་འགགས་ནས༔ སྐུ་དང་ཡེ་ཤེས་མེད་པ་དང་༔ ཆོས་རྣམས་ཟད་པའི་སར་ཕྱིན་ནས༔ འབྲས་བུ་ཆོས་ཉིད་ཡིན་པར་འདོད༔ ཅེས་སོ༔

བཞི་བ་ནི༔ སྣང་བ་དང་པོ་ནས་ཐོད་རྒལ་དུ་བགྲོད་པ་ཅིག་ཆར་བ་དང་༔ སྣང་བཞི་རིམ་པར་བགྲོད་པ་རིམ་གྱིས་པའི་ཟད་ལུགས་སོ༔

ལྔ་བ་ནི་སྔར་ཉམས་ཀྱི་སྣང་བའི་འཕེལ་ཚད་རྫོགས་པ་དེ་ཉིད་རིམ་པར་དང་པོའི་ས་ལ་ཐུག་པའང་ཀློང་གསལ་ལས༔ འདི་དུས་ཉམས་ཀྱི་འཕེལ་ཟད་དེ༔ སྣང་ཉམས་སྣང་ཡང་འཛིན་པ་མེད༔ ཅེས་སོ༔ ཡང་ལུས་ཀྱི་རྡོས་པ་ཟད་དེ་རྣམ་སྨིན་དང་འོད་དུ་གྲུབ་པའི་སྣང་བ་རྒྱུན་ཆད་པར༔ རབ་འབྱམས་ལས༔ རིག་པ་ཉིད་ལ་སུས་གོམས་པ༔ འདིས་ནི་རང་ལུས་རང་སར་དེངས༔ ཞེས་སོ༔ དབང་པོ་གཟུགས་ཅན་པ་དང་དེའི་ཡུལ་ལྔ་ཟད་དེ་ཕྲ་རགས་འབྱུང་བ་དེངས༔ སེམས་དང་སེམས་བྱུང་མཐའ་དག་ཟད་དེ་ཁམས་གསུམ་གྱི་རྟོག་ཚོགས་རྒྱུན་ཆད༔ བར་ཆད་མེད་ལམ་དུ་ཤེས་སྒྲིབ་ཕྲ་བས་ཕྲ་བ་ཡོད། རྣམ་གྲོལ་ལམ་དུ་བཅོམ་ཟིན་ནས་ཁྱད་པར་ལམ་དུ་མཐར་འབྲས་ལ་རེག་པའོ། །ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཙམ་ལས་མེད་པས་ལམ་གྱི་ཆོས་ཟད་པའི་འབྲས་བུ་ཅེས་བྱའོ༔ དེ་ཉིད་ལས༔ ཉམས་ལུས་དབང་པོའི་རྟོག་ཚོགས་དང་༔ ཚིག་གི་འཁྲུལ་ཞེན་ཐམས་ཅད་ཟད༔ ཅེས་སོ༔ དེའི་དུས་ན་ལྟ་བ་དང་ལྟ་ཡུལ་བསྒོམ་པ་དང་དེའི་དམིགས་གཏད་ཀྱི་ཡུལ་ལ་རྩེ་གཅིག་པའི་དྲན་པ༔ སྤྱོད་པ་དང་སྤྱོད་པོ་སྤྱད་བྱའི་ལུས་འབྱུང་ཟད་དེ༔ ལམ་བདེན་འདུས་བྱས་ཀྱི་ཆ་དང་བཅས་པ་བྲལ་བའི་ཚིག་དང་འཁྲུལ་པ་ཐམས་ཅད་དག༔ འཁོར་འདས་ཀྱི་འཛིན་ཞེན་སངས༔ དྲན་པ་དང་དྲན་གཞི་འགྲོ་འདུག་སོགས་ཀྱི་སྣང་བ་དབྱིངས་སུ་ཧར་ནས་གཤེད་མ་བརྒྱས་བསྐོར་ཀྱང་ཉམས་ང་དང་བག་ཚ་མེད་པའང༔ རབ་འབྱམས་ལས༔ ཆོས་དབྱིངས་ཟད་པའི་སྣང་བ་ལ༔ ལྟ་བ་བྱ་བ་གཏན་ནས་མེད༔ ལྟ་བ་མེད་ཕྱིར་སྣང་བ་ཟད༔ ཀུན་བཟང་ཆོས་ཉིད་ཡངས་པ་ཆེ༔ དེ་བཞིན་སྒོམ་པ་ཉིད་ཀྱང་མེད༔ བསྒོམ་པ་མེད་ཕྱིར་དྲན་པ་འགགས༔ སྤྱོད་པ་ཞེས་ནི་བརྗོད་དུ་མེད༔ སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད༔ ཟད་པ་འདི་ལ་མཐའ་བརྟེན་ནས༔ མེད་དེ་མི་སྣང་སྣང་བ་མེད༔ ཅེས་སོ༔

དྲུག་པ་ནི༔ དེའི་དུས་ན་ཆོས་སྐུ་སྤྲོས་བྲལ་ཀ་དག་གི་ངང་ན་ལྷུན་གྲུབ་འགགས་མེད་ཡེ་ཤེས་ཀྱི་སྣང་ཆ་བྲི་གང་འཕོ་འགྱུར་མེད་པར་རང་གསལ༔ ཐུགས་རྗེ་མཁྱེན་ཆ་ཡེ་ཤེས་དབྱིངས་སུ་འཁྱིལ་ནས་རྟོག་ཚོགས་ཀུན་གཞི་དང་བཅས་པ་རྒྱུན་ཆད༔ ཤེས་རབ་མཁའ་ལ་བསྐྱོད་དེ་ཡེ་ཇི་བཞིན་པའི་སྣང་བ་ལ་རྟོག་པ་མེད་ཅིང་མ་དམིགས་པར༔ མཁྱེན་པའི་སྤྱན་རྒྱས༔ རིག་པའི་རང་ས་ཟིན་ནས་ཕྱིན་ཆད་འཁྲུལ་མི་ཤེས་པའི་གདེངས་ཐོབ་པའོ༔ ཀུན་གསལ་ལས༔ འབྱུང་བ་མ་ལ་ཞ་བ་ཡིས༔ མཚན་མ་རང་སར་གྲོལ་བར་བྱེད༔ ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིས༔ རྩལ་སྟོབས་གཞི་ལ་ཐིམ་པར་སྟོན༔ ཤེས་རབ་མཁའ་ལ་འཁྱིལ་བ་ཡིས༔ སྐུ་གསུམ་ཡེ་ཤེས་རང་གསལ་སྟོན༔ རིག་པ་རང་ས་ཟིན་པ་ཡིས༔ དགོངས་པ་འགྱུར་བ་མེད་པར་སྟོན༔ ཞེས་དང་༔ དུམ་དུམ་ཁྲིག་གི་མན་ངག་ལས༔ ཡེ་ཤེས་ཇི་བཞིན་གྱི་སྣང་བ་ནི་ཆོས་ཉིད་ཟད་པའོ༔ ཞེས་སོ༔

བདུན་པ་ནི༔ ཁམས་གསུམ་གྱི་འཁོར་བ་རྒྱུན་ཆད་ནས་སྣང་བ་མཐའ་དག་ཆོས་ཉིད་དུ་སངས་བ་སྟེ༔ རབ་འབྱམས་ལས༔ ཆོས་ཉིད་ཟད་པའི་སྣང་བ་ཡིས༔ ཁམས་གསུམ་འཁོར་བའི་རྒྱུན་ཐག་བཅད༔ དེ་ཚེ་ང་ཡི་སྣང་བ་དང་༔ རྟོགས་པའི་རྟགས་ཚད་ཆོས་རྣམས་ཟད༔ ཆོས་རྣམས་ཟད་ནས་འཁོར་བ་སྟོངས༔ འཁོར་བ་སྟོང་པའི་རྟགས་ཚད་ནི༔ རིགས་དྲུག་གཟུགས་རྣམས་མི་མཐོང་ངོ་༔ གཟུང་འཛིན་མེད་པའི་ལྟ་བ་ནི༔ ཆོས་ཉིད་ཟད་པའི་སྣང་བ་ཡིན༔ ཞེས་དང་༔

བརྒྱད་པ་ནི༔ ལུས་འབྱུང་རྒྱུན་ཆད་དེ་ཁམས་གསུམ་དོང་ནས་སྤྲུགས༔ སྲིད་པ་གཞི་ལ་གྲོལ་ཏེ༔ སྐུ་གསུམ་གྱི་འབྲས་བུ་ཐོབ༔ མངོན་པར་རྫོགས་སངས་རྒྱས་ནས་སངས་རྒྱས་ཀུན་ཏུ་བཟང་པོ་དང་སྐལ་པ་མཉམ་པའང་༔ དེ་ཉིད་ལས༔ འདི་ཡི་མཚན་ཉིད་སུས་རིག་པ༔ སྟོང་གསུམ་ཀུན་ཀྱང་ཉུང་འབྲུར་ཚུད༔ རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་ཐེབས༔ རི་རབ་ཀུན་ཀྱང་སྲང་ལ་འཇལ༔ ཁམས་གསུམ་པོ་ནི་རྟིང་ནས་ཟློག༔ སྲིད་པ་ཐམས་ཅད་གདར་ཤ་བཅད༔ སེམས་ཅན་མ་ལུས་སྲོག་བཅད་ནས༔ སངས་རྒྱས་རྣམས་དང་དབྱེར་མི་ཕྱེད༔ ཀུན་ཏུ་བཟང་པོའི་བྱང་ཆུབ་སེམས༔ མི་སྣང་མི་འགྱུར་ལམ་རིག་གསལ༔ བློ་བྲལ་འདི་ལ་གནས་པའི་མིས༔ བརྗོད་མེད་རང་དག་བརྙེད་པའོ༔ འདི་ནི་ཡོན་ཏན་བསམ་ལས་འདས༔ དཔག་མེད་སངས་རྒྱས་རྣམས་དང་མཉམ༔ ཞེས་དང་༔ ཀློང་གསལ་ལས༔ དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས༔ ཟག་བཅས་ཕུང་པོ་མི་སྣང་བར༔ འདི་ལ་མངོན་པར་སངས་རྒྱའོ༔ ཞེས་སོ༔

དགུ་པ་ནི༔ ཕུང་པོ་ལྷག་མ་མེད་པར་ཡུལ་ལུས་སེམས་གསུམ་ལས་གྲོལ་བ་མཐར་ཐུག་ཏུ་མི་རིགས་པས༔ ཀློང་གསལ་ལས༔ ཆོས་ཉིད་ཟད་པར་མ་གྱུར་ན༔ ལྷག་མེད་དུ་ནི་འགྱུར་བ་མིན༔ ཞེས་སོ༔

བཅུ་པ་ནི༔ དེའི་ཚེ་སྐྱེ་བ་ལ་རང་དབང་ཐོབ་པས་སེམས་ཅན་གྱི་དོན་འབྱུང་ན་ནང་དབྱིངས་སུ་མི་འཇུག་པར་སྤྲུལ་པ་རྣམ་པ་སྣ་ཚོགས་དང་རྡོ་རྗེའི་སྐུར་བཞེངས་ནས་སེམས་ཅན་གྱི་དོན་བསྐལ་པ་རྒྱ་མཚོར་མཛད་པ་དང་༔ སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པ་ཙམ་གྱིས་ལས་ལ་མ་ལྟོས་པར་དུས་གཅིག་ཏུ་གྲོལ་བར་བྱེད་པའི་རང་དབང་ཐོབ་པ་དང༔ འཇུག་པ་ལ་རང་དབང་ཐོབ་པས་ནམ་ཞིག་འགྲོ་དོན་མི་འབྱུང་ན་ནང་དབྱིངས་སུ་འཇུག་པའི་རང་དབང་དང་༔ བེམ་པོ་ལ་རིག་པ་བཅུག་ཀྱང་འགུལ་བ་དང་སྐད་འབྱིན་པ༔ བྱིན་གྱིས་བརླབས་པའི་བཀའ་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བ་ལ་སོགས་པའི་ཡོན་ཏན་དང་ཕྲིན་ལས་ཕུན་སུམ་ཚོགས་པ་ལ་རང་དབང་བསྒྱུར་བའོ༔ དེ་སྐད་དུ་ཡང་རྒྱུད་བུ་ལས༔ ནང་ལུས་ཟད་པའི་སར་ཕྱིན་ཚེ༔ སོར་མོ་ལ་སོགས་དེ་བཞིན་སྣང་༔ འདི་གཏད་འབྱུང་བ་རང་དེངས་སོ༔ སྐྱེ་དང་འཇུག་པའི་ཁྱད་པར་གྱིས༔ ཆོས་ཀུན་ཟད་པའི་རང་ས་ལ༔ ཅིར་ཡང་འཛིན་པ་མེད་པར་ནི༔ གནས་པ་ཡིན་ནོ་སྤྲུལ་པའི་སྐུ༔ འདིས་ནི་འཇུག་པའི་ཤུགས་ཀྱིས་དབང་༔ སྐྱེ་བའི་རང་དབང་སུས་ཐོབ་པ༔ དེ་ཡང་དེ་ལ་གཏད་ནས་ནི༔ ཡང་དུས་འདི་ལྟར་བྱས་པ་ན༔ སྣང་བའི་རང་སྒྲ་སིལ་སྐད་དེ༔ མངོན་ཏུ་ལོག་སྟེ་འཁྲུལ་བར་སྣང་༔ འདིས་ནི་སེམས་ཅན་དོན་ཀུན་བྱེད༔ རིག་པ་མཉམ་པར་གཅིག་པའི་ཕྱིར༔ སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི༔ འཕོ་བ་ཆེན་པོ་འདིས་འགྲུབ་པོ༔ དེ་བཞིན་རིམ་དང་ཅིག་ཆར་གྱི༔ ལུས་ནི་འདི་ཡིས་འགྲུབ་པ་ཡིན༔ ཞེས་སོ༔

གསུམ་པ་མཐའ་སྡུད་ཀྱི་ཆིངས་སུ་བཅིངས་བ་ནི༔ ཉམས་སྣང་ཟད་པ་དང་ལུས་ཟད་པ༔ དབང་པོ་ཟད་པ༔ ཡུལ་ཟད་པ༔ རྟོག་ཚོགས་ཟད་པ༔ འཁྲུལ་བའི་འཁོར་ལོ་ཐམས་ཅད་ཟད་པ་རྣམས་ནི་ཆོས་ཉིད་ཟད་པའི་དོན་གྱི་མདོ་ཆིངས་ངེས་པ་ཡིན་ཏེ༔ ཐལ་འགྱུར་ལས༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ ཉམས་ཀྱི་སྣང་བ་སྟོངས་ནས་ནི༔ ལུས་ཟད་དབང་པོའི་ཡུལ་ཀྱང་ཟད༔ རྟོག་ཚོགས་འཁྲུལ་བ་རང་གྲོལ་ནས༔ བརྗོད་པའི་ཚིག་དང་བྲལ་བའོ༔ ཞེས་སོ༔

གསུམ་པ་རྣམ་པའི་དོན་བསྡུས་ཏེ་གསལ་བར་སྟོན་པ་ནི༔ དུམ་དུམ་ཁྲིག་གི་མན་ངག་ལས༔ ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི༔ མིག་ནམ་མཁའ་རིག་པ་གསུམ་སྤྲེལ༼ སྦྲེལ། དཔྱད། ༽བ་ལ་བྱ༔ ཉམས་གོང་འཕེལ་གྱི་སྣང་བ་ནི༔ དང་པོ་སྨིན་ཕྲག་ནས་ཁྲུ་གང་ན་འཆར་རོ༔ སྲན་མ་ཙམ་རིལ་མ་ཙམ་འཆར་ཏེ༔ དེ་ལ་ཉམས་སུ་བླངས་པས་ཐིག་ལེ་ཁ་དོག་ལྔར་གྱུར་ཏེ༔ དེ་ལ་དབྱིངས་ཀྱི་སྣང་བ་འཆར་རོ༔ དེ་ཉམས་སུ་བླངས་པས་སྣང་བ་ཙམ་འོད་དུ་འཆར་རོ༔ རིག་པ་ཚད་ལ་ཕེབས་པ་ནི༔ དེ་ནས་འོད་དེ་རྣམས་ཀྱང་སྐུ་དང་ཐིག་ལེར་འཆར་ཏེ༔ དེ་ནས་སྐུ་དེ་རྣམས་ཀྱང་ལྔ་ལྔར་སྣང་བ་ནི༔ རིག་པ་ཚད་ཕེབས་ཀྱི་སྣང་བའོ༔ ཆོས་ཉིད་ཟད་པའི་སྣང་བ་ནི༔ རང་གི་ངོ་བོར་ཡང་གྲུབ་པ་མེད་ཅིང་༔ འདི་ལྟར་ཡིན་ནོ་བར་གྲུབ་པ་མེད་པའི་དུས་ན་ལུས་ངག་ཡིད་གསུམ་གྱི་ཞེན་པ་ཟད་དེ༔ རིག་པ་རང་གི་ངོ་བོ་རྡོ་རྗེ་ལུ་གུ་རྒྱུད་ཆེན་པོར་བཞུགས་སོ༔ འདིར་ནི་སྐུ་གསུམ་གྱི་ཞེན་པ་རང་ཟད་སྐུ་ལས་འདས་པའོ༔ ཞེས་སོ༔ སྣང་བཞི་འཆར་བ་འདི་དག་གི་དུས་སུ་སྐུ་གསུམ་གྱི་བཞུགས་སྟངས་སོ་སོར་བསྣུན་པ་བཞུགས་སྟངས་གཟིགས་སྟངས་དབྱིངས་རིག་གི་གནད་ཀྱི་གདམས་ངག་དང་བཅས་པ་ནི་སྙན་བརྒྱུད་ལས་ཤེས་པར་བྱའོ༔


previousཕྱག་རྒྱ་ཀུན་རྫོབ་དཀྱིལ་འཁོར་མཐོང་བའི་མཚན་ཉིད།next