Nitartha Digital Library
Tibetan
སྡེ་གཞུང་རིན་པོ་ཆེའི་གསུང་འབུམ།


  collapse section
   
   
   
   
   
   
   
དབྱངས་ཅན་མའི་བསྟོད་པ་ཀ་ཕྲེང་ཅན།
   
   
   
   
   
   
  expand section
  expand section
  expand section
   
   


 
previousདབྱངས་ཅན་མའི་བསྟོད་པ་ཀ་ཕྲེང་ཅན། next

དབྱངས་ཅན་མའི་བསྟོད་པ་ཀ་ཕྲེང་ཅན།

ཀ་མ་ལ་དང་རབ་རྒྱས་ཟླ་བའི་སྟེང་། །ཁ་ཏོག་བྱེ་རུའི་མདངས་འཛིན་ལྷག་པའི་ལྷ། །ག་ནས་བསམས་ཀྱང་སྐུ་དྲིན་མཚུངས་མེད་པ། །ང་ཡི་སྐྱབས་གཅིག་རྒྱ་མཚོའི་ལྷ་མོར་འདུད། །ཅ་ག་དར་དང་རིན་ཆེན་རྒྱན་གྱིས་མཛེས། །ཆ་ཤས་ཡོན་ཏན་རྫོགས་པའི་ངག་གི་ལྷ། །ཇ་ཆང་མ་ཡིན་བདག་བློའི་ཆུ་གཏེར་ལ། །ཉ་གང་ཕྲིན་ལས་འོད་དཀར་རྩེན་པར་མཛོད། །ཏ་ཐཱ་ག་ཏའི་ལེགས་གསུང་སྡེ་སྣོད་གསུམ། །ཐ་ན་ཚིག་ཟུར་ཙམ་ཡང་མ་ཉམས་པར། །ད་ལྟ་ཉིད་དུ་ཁོང་དུ་ཆུད་ནས་ནི། །ན་ཟླ་གཞན་གྱིས་འགྲན་ཟླ་མེད་པར་མཛོད། །པ་སངས་ལྟར་གསར་དྲི་མེད་བློ་གྲོས་ཀྱིས། །ཕ་མཐའ་བྲལ་བའི་ཤེས་བྱའི་གནས་ཚུལ་ལ། །བ་ལྟར་རྨོངས་པའི་བརྟུལ་ཞུགས་མི་འཛིན་པར། །མ་ལུས་ཇི་བཞིན་རྟོགས་པའི་སྤོབས་པ་སྩོལ། །ཙ་ཏུར་རྒྱུད་སྡེའི་དགོངས་དོན་མ་ལུས་པ། །ཚ་ཟེར་འོད་ཀྱིས་སྣང་བ་བསྐྱེད་པ་བཞིན། །ཛ་བའི་མདངས་འཛིན་ལྷ་མོའི་བྱིན་རླབས་ཀྱིས། །ཝ་ལེར་ཡིད་ལ་འཆར་བར་མཛད་དུ་གསོལ། །ཞྭ་ལྟར་བཀུར་བར་འོས་པའི་མཁས་པ་ནས། །ཟ་བ་སློང་བའི་སྤྲང་པོ་ཡན་ཆད་ཀྱིས། །འ་འུར་བསྟོད་པའི་རྣ་ལུང་སྦྱིན་བྱེད་པའི། །ཡ་མཚན་བསྔགས་འོས་འབུམ་གྱིས་ཕྱུག་པར་མཛོད། །ར་ག་ལྟར་དམར་དབྱངས་ཀྱི་རྒྱལ་མོའི་སྐུ། །ལ་འུར་མཐོང་བའི་སྐལ་བཟང་ལ་བརྟེན་ནས། །ཤ་དང་ཤེས་རབ་ཆོས་ཀྱི་སྤྱན་ལ་སོགས། །ས་ལམ་རྟོགས་པའི་ཡོན་ཏན་རྒྱས་པར་མཛོད། །ཧ་ལ་དང་མཚུངས་ལས་ཉོན་འཇོམས་པའི་ཕྱིར། །ཨ་ཏི་དང་པའི་ཡིད་ཀྱིས་གསོལ་འདེབས་ན། །ཧ་ཅང་མྱུར་བའི་ཐུགས་རྗེ་ཆེན་པོ་ཡིས། །ཨ་མ་ངག་དབང་ལྷ་མོས་བྱིན་གྱིས་རློབས། །རྣམ་དཔྱོད་སྤོབས་པ་བསྐྱེད་མཛད་ལྷག་པའི་ལྷ། །རྣམ་འདྲེན་བླ་མ་མཆོག་དང་དབྱེར་མེད་པས། །རྣམ་ཀུན་འབྲལ་མེད་ཐུགས་བརྩེས་ལེགས་བསྐྱངས་ནས། །རྣམ་མཁྱེན་ཡེ་ཤེས་ཐོབ་པར་མཛད་དུ་གསོལ།། །།ཞེས་པ་འདི་ནི་བློ་གྲོས་གཞན་ཕན་ཟླ་བས་སྨྲས་པའོ། །


previousདབྱངས་ཅན་མའི་བསྟོད་པ་ཀ་ཕྲེང་ཅན། next