ཐུན་མོང་བའི་རིག་པའི་གནས་བཤད་པ།
ལོག་སྨྲ་ཚར་གཅོད་པ་སྒྲ་དང་གཏན་ཚིགས་རིག་པ།
གཉིས་པ་ཞུགས་ནས་ཐོས་བསམ་བྱ་བ་གནས་ལྔ་རིག་པ་ལ། ཐུན་མོང་བའི་རིག་པའི་གནས་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་ཏེ་གཉིས། དང་པོ་ལ། ལོག་སྨྲ་ཚར་གཅོད་པ་སྒྲ་དང་གཏན་ཚིགས་རིག་པ། གཞན་དག་རྗེས་སུ་འཛིན་པ་བཟོ་དང་གསོ་བ་རིག་པ་གཉིས། དང་པོ་ལ་སྒྲ་ཚད་གཉིས། དང་པོ་ལ་དངོས་དང་ཞར་བྱུང་རིག་གནས་ཆུང་བ་དང་གཉིས། དང་པོ་སྒྲ་ལ། སློབ་དཔོན་དབང་ཕྱུག་གོ་ཆ་ལ་ལྷ་གཞོན་ནུ་གདོང་དྲུག་གིས་གསུངས་པའི་ལེགས་སྦྱར་གྱི་བསྟན་བཅོས་ཀ་ལཱ་པ་བྱཱ་ཀ་ར་ཎའི་འགྲེལ་བ་འཇིག་རྟེན་གྱི་མིག་གཅིག་པུ་ཐམས་ཅད་མཁྱེན་པ་ཞ་ལུ་ལོ་ཙཱ་བ་རིན་ཅེན་ཆོས་སྐྱོང་བཟང་པོས་མཛད་པའི་བཤད་སྦྱར་གཞུང་དོན་གསལ་བ་ལ། བསྡུས་དོན། མཐའ་དཔྱོད། གཞུང་འབེབས། དཀའ་བའི་གནས་དེ་བཞིས་བརྒྱན་པའི་
འགྲེལ་བ་ལྔ་སྦྲགས་ཀྱི་ལུགས་སུ་ལེགས་པར་ནོས་པའི་བརྒྱུད་པ་ནི། འཇིག་རྟེན་གྱི་མེས་པོ་ཚངས་པ། ལྷ་ཐམས་ཅད་མཁྱེན་པ། ལྷའི་དབང་པོ་བརྒྱ་བྱིན། དྲང་སྲོང་ཕུར་བུ། གཞོན་ནུ་གདོང་དྲུག །སློབ་དཔོན་དབང་ཕྱུག་གོ་ཆ། རྒྱལ་པོ་བདེ་སྤྱོད་བཟང་པོ། ཇོ་བོ་གྲགས་འབྱོར། མཁས་པ་ཆེན་པོ་ཙནྡྲ་གོ་མི། སློབ་དཔོན་དྷརྨ་དཱ་ས། མཁས་པ་རཏྣ་མ་ཏི། པཎ་ཆེན་པུརྞ་ཙནྡྲ། སློབ་དཔོན་འཆི་མེད་སེང་གེ །པཎ་ཆེན་ལཀྵྨི་ཀཱ་ར། འཇིག་རྟེན་མིག་གཅིག་ཤོང་སྟོན་རྡོ་རྗེ་རྒྱལ་མཚན། ཤོང་ལོ་བློ་གྲོས་བརྟན་པ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས་དཔུང་རྒྱན་མཛེས་པའི་ཏོག །དཔང་ལོ་ཐམས་ཅད་མཁྱེན་པ་བློ་གྲོས་བརྟན་པ། ལོ་ཆེན་བྱང་ཆུབ་རྩེ་མོ། སྒྲ་བསྒྱུར་ནམ་མཁའ་བཟང་པོ། སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ་ཞབས། ལོ་ཆེན་ལེགས་པ་རྒྱལ་མཚན། ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོ། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ་རིན་ཅེན་བཀྲ་ཤིས་བློ་གྲོས་ངོ་མཚར་བྱེ་བའི་གཏེར་མཛོད། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་མཚན། སྨོན་འགྲོ་པཎ་ཆེན་རིག་གནས་རྒྱ་མཚོ་པ་ཚེ་དབང་དོན་གྲུབ། དེ་སྲས་གནས་ལྔ་རིག་པ་འཇམ་པའི་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། །ཡང་ན་ལོ་ཆེན་ཐུགས་རྗེ་དཔལ་ནས། དཔལ་སྡིངས་སྐད་གཉིས་སྨྲ་བ་གྲགས་པའི་མཚན་ཅན། ཞ་ལུ་ལོ་ཆེན་མན་འདྲ། ཡང་ན་ཐུགས་རྗེ་དཔལ་ནས། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཅེན། ཞ་ལུ་ལོ་ཆེན་མན་འདྲ། ཡང་ན་པཎ་ཆེན་ཚེ་དབང་དོན་གྲུབ་ནས། ངམ་རིང་མཁན་པོ་མང་ཡུལ་ལོ་ཆེན་ཚེ་བརྟན་རྒྱལ་མཚན། དེས་བདག་
ལའོ། །འདི་བསྡུས་དོན་དང་གཞུང་འབེབས་གཙོ་བོར་སྦྱར་བའི་བརྒྱུད་པ་ཡིན་ལ་མཐའ་དཔྱོད་གཙོ་བོར་སྦྱར་བའི་བརྒྱུད་པ་ནི། ཞ་ལུ་ལོ་ཆེན་ནས། དབོན་པད་དཀར་ཆོས་སྐྱོང་། འབྲུག་པ་ལོ་ཙཱ་བ་སྤྱང་མོ་ངག་དབང་གྲགས་པ། ལོ་ཆེན་དབང་ཕྱུག་ཞབས། ཤོང་སྟོན་སྤྲུལ་པའི་ཟློས་གར་སངས་རྒྱས་དཔལ་བཟང་། སྨོན་འགྲོ་པཎ་ཆེན་ཚེ་དབང་དོན་གྲུབ་མན་འདྲ། སྒྲ་མདོ་འདིའི་རྩ་བའི་འབྱུང་ཁུངས་ནི་ཨིནྡྲ་བྱཱཀ་ར་ཎ་གཙོ་ཆེ་བས། ཀུན་ཤེས་ལས། བརྒྱ་བྱིན་གྱིས་བྱས་ཨིནྡྲ་བྱཱ་ཀ་ར། །དེ་ལ་དྲང་སྲོང་ཕུར་བུས་ལེགས་སྦྱངས་པས། །ཤིན་ཏུ་སྦྱངས་པའི་ང་རྒྱལ་མཆོག་ཏུ་གྱུར། །ཅེས་འབྱུང་བས་སོ། །རྒྱ་གར་ཤར་ཕྱོགས་བྷཾ་ག་ལར་འཁྲུངས་པའི་སློབ་དཔོན་ཆེན་པོ་ཙནྡྲ་གོ་མི་ཞེས་གནས་ལྔ་རིག་པ་མཁྱེན་པ་དེས་མཛད་པའི་ལེགས་པར་སྦྱར་བའི་བསྟན་བཅོས་ཙནྡྲ་བྱཱ་ཀ་ར་ཎའི་འགྲེལ་པ་ལོ་ཆེན་ཆོས་སྐྱོང་བཟང་པོས་མཛད་པའི་བརྡ་སྤྲོད་རྒྱ་མཚོའི་གྲུ་གཟིངས་ཀྱི་སྟེང་ནས་ལེགས་པར་ནོས་པའི་བརྒྱུད་པ་ནི། མགོན་པོ་འཇམ་དཔལ་དབྱངས། ལྷ་ཕྱག་ན་པདྨ། ལྷ་ཐམས་ཅད་མཁྱེན་པ། བྲམ་ཟེར་པཱ་ཎི་ཇོ་བོ་གྲགས་འབྱོར། མཁས་པ་ཙནྡྲ་གོ་མི། འགྲེལ་བྱེད་དྷརྨ་དཱ་ས། མཁས་པ་རིན་ཅེན་བློ་གྲོས། པཎ་ཆེན་པཱུརྞྞ་ཙནྡྲ། སློབ་དཔོན་འཆི་མེད་སེང་གེ སློབ་དཔོན་རབ་འབྱོར་ཟླ་བ། པཎ་ཆེན་ལཀྵཱི་ཀཱ་ར། ཤོང་ལོ་རྡོ་རྗེ་རྒྱལ་མཚན། འཕགས་ཡུལ་བློ་བརྟན་གཉིས་པ་ཤོང་བློ་གྲོས་བརྟན་པ། ལོ་ཆེན་མཆོག་ལྡན་པ། དཔང་ལོ་ཆེན་པོ། ལོ་ཆེན་བྱང་རྩེ། སྒྲ་བསྒྱུར་ནམ་མཁའ་བཟང་པོ། སྐད་གཉིས་སྨྲ་བ་ཐུགས་རྗེ་དཔལ། དཔལ་སྡིངས་ལོ་ཆེན་གྲགས་པའི་མཚན་ཅན། ལོ་ཆེན་རིན་ཅེན་ཆོས་སྐྱོང་བཟང་པོ། དཔོན་ལོ་ཙཱ་
བ་པད་དཀར་ཆོས་སྐྱོང་། སྤྱང་མོ་ལོ་ཙཱ་བ་ངག་དབང་གྲགས་པ། ལོ་ཆེན་དབང་ཕྱུག །ལོ་ཆེན་སངས་རྒྱས་དཔལ་བཟང་། རིག་གནས་རྒྱ་མཚོ་བ་སྨོན་འགྲོ་ཚེ་དབང་དོན་གྲུབ། མཁན་ཆེན་ལོ་ཙཱ་བ་ཚེ་བརྟན་རྒྱལ་མཚན། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། །ཡང་ན་ལོ་ཆེན་དབང་ཕྱུག་པ་ནས། བྱར་པོ་ལོ་ཆེན་ཤེས་རབ་དཔལ་བཟང་། ཁྲོ་ཕུ་དུས་ཞབས་པ་དཔལ་རྒྱས་དབང་པོ། སྨོན་འགྲོ་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ལའོ། །སྒྲ་མདོ་འདིའི་རྩ་བ་པཱ་ཎི་བྱཱ་ཀ་ར་ཎ་ཡིན་པས། ཀུན་ཤེས་ལས། དེ་ལས་ཙནྡྲ་གོ་མིས་བསྡུས་པ་ཡི། །གཞུང་ལ་ཙནྡྲ་པར་གྲགས་ཆོས་འབངས་ཀྱིས། །བྱས་པའི་འགྲེལ་པ་དང་བཅས་བོད་དུ་འགྱུར། །ཞེས་སོ། །ཡི་གེའི་སྐོར་རྣམས་རྣམ་པ་གཅིག་ཏུ་བཟོ་རིག་པའི་ཁོངས་སུ་བསྡུ་རུང་བ་ཞིག་འདུག་ནའང་འགྲེལ་པ་རྣམས་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་ཡིན་པས་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོས་འཇམ་དཔལ་དབྱངས་ཀྱི་རྣམ་པར་སྤྲུལ་པ་ཐུ་མི་སཾ་བྷོ་ཊ་རྒྱ་གར་དུ་བརྫངས་ཏེ་པཎྜི་ཏ་ལྷ་རིག་པ་དང་བྲམ་ཟེ་ལི་བྱིན་སོགས་བསྟེན་ནས་ལེགས་སྦྱར་གྱི་བརྡ་སྤྲོད་ལ་མཁས་པར་གྱུར་པས་རྒྱ་ཡིག་ལྔ་བཅུ་བོད་ཡིག་སུམ་ཅུའི་གཏན་ལ་ཕབ་སྟེ་བསྟན་བཅོས་ཆེན་པོ་བརྒྱད་མཛད་པའི་ནང་ཚན་སུམ་ཅུ་པ་དང་རྟགས་འཇུག་གཉིས་ཀྱི་འགྲེལ་བ་ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོས་མཛད་པའི་སྟེང་ནས་ལེགས་པར་ནོས་པའི་བརྒྱུད་པ་ནི། བྲམ་ཟེ་ལི་བྱིན། ཐུ་མི་སཾ་བྷོ་ཊ་ནས་རིམ་པར། ཐམས་ཅད་མཁྱེན་པ་ཆོས་སྐྱོང་བཟང་པོ་སྐྱོགས་སྟོན་ཀརྨ་ལོ་ཙཱ། དཔལ་ཁང་ལོ་ཙཱ་བ་དབྱངས་ཅན་སྙེམས་པའི་སྡེ། སྒང་ར་ལོ་ཙཱ་བ་འོད་
ཟེར་རྒྱལ་མཚན། པཎྜི་ཏ་ཆེན་པོ་སྨོན་འགྲོ་ཚེ་དབང་དོན་གྲུབ། དེ་སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ལའོ། །ཡང་ན་པཎ་ཆེན་ཚེ་དབང་དོན་གྲུབ་ནས། མང་ཡུལ་ལོ་ཙཱ་བ་ཚེ་བརྟན་རྒྱལ་མཚན། དེས་བདག་ལའོ། །གཉིས་པ་ཞར་བྱུང་རིག་གནས་ཆུང་བ་ལ་འཕགས་ཡུལ་གྱི་སྙན་ངག་མཁན་ཀུན་གྱི་གཙུག་གི་ནོར་བུ་སློབ་དཔོན་དཎྜིའི་ཞབས་ཀྱིས་མཛད་པའི་སྙན་དངགས་མེ་ལོང་ལམ་རྣམ་དབྱེ་སྒྲ་རྒྱན་དོན་རྒྱན་དང་བཅས་པའི་དཀའ་གནད་ཀྱི་བཤད་པ་རྩོམ་རྒྱུགས་དང་བཅས་ཤིན་ཏུ་ཞིབ་པར་ནོས་པའི་བརྒྱུད་པ་ནི། ངག་གི་དབང་ཕྱུག་ལྷ་མོ་དབྱངས་ཅན་མ། པཎ་ཆེན་ཀཱིརྟི་བྷཱུ་ཏི། པཎྜི་ཏ་ཆེན་པོ་དབྱུག་པ་ཅན། པཎ་ཆེན་པུརྞ་ཙནྡྲ། དཔལ་ལྡན་འཆི་མེད་སེང་གེ །སློབ་དཔོན་རབ་འབྱོར་ཟླ་བ། པཎ་ཆེན་ཕུན་ཚོགས་བྱེད་པ། ཤོང་སྟོང་ཆེན་པོ་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ། ལོ་ཆེན་མཆོག་ལྡན་ལེགས་པའི་བློ་གྲོས། འཇིག་རྟེན་མིག་གཅིག་དཔང་ལོ་ཆེན་པོ། སྨྲ་བའི་ཉི་མ་བྱང་ཆུབ་རྩེ་མོ། ལོ་ཆེན་ནམ་མཁའ་བཟང་པོ། མཁས་པ་ཤེས་རབ་དཔལ། ལོ་ཆེན་ཐུགས་རྗེ་དཔལ། མཁས་མཆོག་སངས་རྒྱས་མཚན་ཅན། མང་ཐོས་ལེགས་པ་རྒྱལ་མཚན། ལོ་ཆེན་ཆོས་སྐྱོང་བཟང་པོ། ལོ་ཆེན་པད་དཀར་ཆོས་སྐྱོང་། གྲངས་ཆེན་ལོ་ཙཱ་བ་འཇམ་དཔལ་རྡོ་རྗེ། སྨོན་འགྲོ་པཎ་ཆེན་རིག་གནས་རྒྱ་མཚོ་པ་ཚེ་དབང་དོན་གྲུབ། མཁས་པའི་དབང་པོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལ་སྩལ་ཏོ། །ཡང་ན་ཞ་ལུ་ལོ་ཙཱ་བ་ནས། ཀརྨ་ལོ་ཙཱ་བ་རིན་ཅེན་བཀྲ་ཤིས། དཔལ་ཁང་ལོ་ཙཱ་བ་མང་ཐོས་ཆོས་ཀྱི་རྒྱ་མཚོ། སྒང་ར་ལོ་ཙཱ་བ་འོད་ཟེར་རྒྱལ་
མཚན། སྨོན་འགྲོ་པཎ་ཆེན་མན་འདྲ། ལེའུ་གཉིས་པ་དོན་རྒྱན་གྱི་བཤད་པ་རགས་བསྡུས་དང་རྩོམ་རྒྱུགས་ཀྱི་བརྒྱུད་ལུགས་གཅིག་ནི། པད་དཀར་ཆོས་སྐྱོང་ནས། སྤྱང་མོ་ལོ་ཙཱ་བ་ལོ་ཆེན་དབང་ཕྱུག །ལོ་ཆེན་སངས་རྒྱས་དཔལ་བཟང་། ཞང་ཁར་པཎ་ཆེན་འཇམ་དཔལ་རྡོ་རྗེ། དེས་བདག་ལའོ། །མཁས་རློམ་ལ་ལ་མཁས་མཆོག་དཔའ་བོས་ན་ལེནྡའི་ཀུན་དགའ་ར་བའི་སྒོ་འགྲམ་དུ་དབྱུག་པ་ཐོགས་ཏེ་དགེ་འདུན་རྣམས་རེ་རེ་ནས་བགྲངས་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་སློབ་དཔོན་དབྱུག་པ་ཅན་དང་གཅིག་པར་འདོད་པ་ནི་མི་རིགས་ཏེ། ལམ་རྣམ་དབྱེར། དེ་དག་དབྱེ་བ་སྙན་ངག་མཁན། སོ་སོ་ལ་གནས་བརྗོད་མི་ནུས། ཞེས་པའི་འགྲེལ་པ་རྣམས་སུ་ནག་མོའི་ཁོལ་པོ་དཔའ་བོ་སོགས་བགྲངས་པ་མང་ཞིང་། སྣང་ཐང་ལོ་ཆེན་སྂ་གྷ་ཤྲིས། །དནྜིའི་བསྟན་བཅོས་དྲི་མ་མེད། །ཇི་བཞིན་འབྱེད་ལ་དཔའ་བོ་དང་། །སྐལ་མཉམ་བློ་གྲོས་མིག་ཐོབ་པ། །མ་ནོར་ལམ་འདི་བདག་གིས་བཤད། ཅེས་པས་ཀྱང་ཤེས་ནུས་སོ། སྙན་ངག་མཁན་ཀུན་གྱི་གཙུག་གི་ནོར་བུ་ཆོས་གྱི་རྒྱལ་པོ་དགེ་བའི་དབང་པོས་མཛད་པའི་བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་ཡལ་འདབ་བརྒྱ་དང་བདུན། དེའི་ཁ་སྐོང་ལེའུ་གཅིག །སྲས་ཟླ་བའི་དབང་པོས་མཛད་པ་དང་བཅས་པའི་ཡལ་འདབ་བརྒྱ་རྩ་བརྒྱད་པའི་ལུང་རྐྱང་གི་བརྒྱུད་པ་ནི། ཆོས་རྒྱལ་དགེ་པའི་དབང་པོ། སྲས་ཟླ་བའི་དབང་པོ། པཎྜི་ཏ་ལ་ཀྵྨཱི་ཀཱ་ར། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། གཅུང་བློ་གྲོས་བརྟན་པ། དབོན་པོ་ཆོས་སྐྱོང་དཔལ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་
པ། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཆེན་གྲགས་པ་རྒྱལ་མཚན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། སྟག་ལུང་ཞབས་དྲུང་ངག་དབང་གྲགས་པ། འདི་དབྱངས་ཅན་མས་རྗེས་སུ་བཟུང་བར་གྲགས། ཀུན་སྤངས་རྣམ་རྒྱལ་གྲགས་པ། འབུམ་རབ་འབྱམས་པ་རིན་ཅེན་ཆོས་དབང་། རབ་འབྱམས་ཆོས་རྗེ་ཚུལ་ཁྲིམས་དབང་ཕྱུག །དཔལ་ཁང་ལོ་ཙཱ་བ་མང་ཐོས་ཆོས་ཀྱི་རྒྱ་མཚོ། མདོ་ཁམས་པ་ཡོན་ཏན་རྒྱ་མཚོ། འབྲས་སྤུངས་པ་ཚེ་དབང་བཀྲ་ཤིས། འཇམ་དབྱངས་མཁྱེན་པའི་རྩེ་མོ། མཁྱེན་བརྩེ་ཆེན་མོའི་དབོན་པོ་ཡིན་ཚེ་དབང་ཀུན་མཁྱེན་ཡང་ཟེར། ཀུན་བཟང་རྩེ་པ་དབང་ཕྱུག་རྒྱལ་མཚན། གོང་དཀར་དྲུང་ཡིག་རི་གྲོང་པ། གཡུ་ལོ་བཀོད་པ་རྡོ་རྗེ་རྒྱལ་མཚན། ཟུར་འཆད་པ། དཔལ་འབྱོར་གླིང་པ་ངག་དབང་རྣམ་རྒྱལ། འཕྱིང་རུ་ཐོད་དཀར་བ། གནས་གསར་རྡོ་རྗེ་འཆང་མགོན་པོ་བསོད་ནམས་མཆོག་ལྡན། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལ་བཀའ་དྲིན་དུ་སྩལ་ཏོ། ཡང་ན་དཔལ་ཁང་ལོ་ཙཱ་བ་ནས། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། འཇམ་དབྱངས་མཁྱེན་པའི་རྩེ་མོ་མན་གོང་ལྟར་རོ། །འདིའི་དགའ་བའི་གནས་རྣམས་ཞིབ་བཤད་དུ་ནོས་པའི་བརྒྱུད་པ་ནི། གཅུང་བློ་གྲོས་བརྟན་པ་ནས། ལོ་མཆོག་པ། ཐམས་ཅད་མཁྱེན་པ་དཔང་ལོ། ལོ་ཆེན་བྱང་རྩེ། ལོ་ཆེན་ནམ་མཁའ་བཟང་པོ། ལོ་ཆེན་ཤེས་རབ་དཔལ། ལོ་ཆེན་ཐུགས་རྗེ་དཔལ། མཁས་མཆོག་བུདྷའི་མཚན་ཅན། གནས་བརྟན་ལེགས་པ་རྒྱལ་མཚན། ལོ་ཆེན་ཆོས་སྐྱོང་བཟང་པོ། དབོན་པད་དཀར་ཆོས་སྐྱོང་། གྲངས་ཆེན་ལོ་ཙཱ་བ་འཇམ་དཔལ་རྡོ་རྗེ། སྨོན་འགྲོ་པཎ་ཆེན་རིག་གནས་རྒྱ་མཚོའི་འཕྲེང་བ་འཛིན་པ་ཚེ་དབང་དོན་གྲུབ་
རིགས་ཆོས་ཀྱི་སྲས་མཁས་མཆོག་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ལ་སྩལ་ཏོ། །སློབ་དཔོན་ཆེན་པོ་འཆི་མེད་སེང་གེས་མཛད་པའི་མངོན་བརྗོད་ཀྱི་བསྟན་བཅོས་ཨ་མ་ར་ཀོ་ཥ་དང་དེའི་རྒྱ་ཆེར་འགྲེལ་པཎྜི་ཏ་རབ་འབྱོར་ཟླ་བས་མཛད་པའི་འདོད་པ་འཇོ་བ། གཞན་ཡང་མངོན་བརྗོད་ཀྱི་བསྟན་བཅོས་སྣ་ཚོགས་གསལ་བ། ས་པཎ་གྱི་ཚིག་གཏེར་སོགས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱི་ཡི་གེ་ལ་བརྟེན་ནས་དཀའ་བའི་གནས་རྣམས་ལེགས་པར་ཐོབ་པའི་བརྒྱུད་པ་ནི། པཎ་ཆེན་འཆི་མེད་སེང་གེ །སློབ་དཔོན་རབ་འབྱོར་ཟླ་བ། མཁས་པ་ཕུན་ཚོགས་བྱེད་པ། ཤོང་ལོ་མཆེད་གཉིས། ལོ་མཆོག་པ། དཔང་ལོ་ཆེན་པོ། ལོ་ཆེན་བྱང་རྩེ། ལོ་ཆེན་ནམ་མཁའ་བཟང་པོ། སྒྲ་བསྒྱུར་ཐུགས་རྗེ་དཔལ། མང་ཐོས་ལེགས་པ་རྒྱལ་མཚན། ཞ་ལུ་ལོ་ཙཱ་བ་ཆེན་པོ། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ། དཔལ་ཁང་པ་དབྱངས་ཅན་སྙེམས་པའི་སྡེ། དེ་ལ་སྒང་ར་བ་འོད་ཟེར་རྒྱལ་མཚན་དང་གྲངས་ཆེན་འཇམ་དཔལ་རྡོ་རྗེ་གཉིས་ཀྱིས་གསན། གཉིས་ཀ་ལ་པཎ་ཆེན་ཚེ་དབང་དོན་གྲུབ། དེ་ནས་སྲས་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ཟ་ཧོར་བནྡེ་ལའོ། །རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་རིན་ཅེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་ཀྱིས་མཛད་པའི་སྡེབ་སྦྱོར་རིན་ཅེན་འབྱུང་གནས་ཀྱི་བྲྀཏྟ་ཛཱ་ཏི་ངོ་མཚར་རྟོགས་བྱེད་དང་བཅས་པ་ནོས་པའི་བརྒྱུད་པ་ནི། པཎྜི་ཏ་ཆེན་པོ་རིན་ཅེན་འབྱུང་གནས། པཎ་ཆེན་ས་དབང་བཟང་པོ། ཤོང་ལོ་མཆེད་གཉིས། མཆོག་ལྡན་པ། དཔང་ལོ་ཆེན་པོ། ལོ་ཆེན་བྱང་རྩེ། ལོ་ཆེན་ནམ་མཁའ་བཟང་པོ། །སྐད་གཉིས་སྨྲ་
བ་ཐུགས་རྗེ་དཔལ། དཔལ་སྡིངས་ལོ་ཆེན་གྲགས་པའི་མཚན་ཅན། འགོས་ལོ་གསུམ་པ་ཆོས་སྐྱོང་བཟང་པོ། སྐྱོགས་སྟོན་ཀརྨ་ལོ་ཙཱ་བ། དཔལ་ཁང་ལོ་ཙཱ་བ། སྒང་ལོ་འོད་ཟེར་རྒྱལ་མཚན། ཤེས་བྱ་ཀུན་རིག་སྨོན་འགྲོ་ཚེ་དབང་དོན་གྲུབ། དེ་སྲས་པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ལའོ། །ཡང་ན་ཞ་ལུ་ལོ་ཆེན་ནས། ལོ་ཆེན་པད་དཀར་ཆོས་སྐྱོང་། གྲངས་ཆེན་འཇམ་དཔལ་རྡོ་རྗེ། སྨོན་འགྲོ་པཎ་ཆེན་མན་འདྲ། ཡང་ན་སྨོན་འགྲོ་པཎ་ཆེན་ཚེ་དབང་དོན་གྲུབ་ནས། སྟག་ལུང་དབུ་མ་ལོ་ཙཱ་བ་སུ་བུདྡྷི། དེས་བདག་ལའོ། །ཟློས་གར་གྱི་བསྟན་བཅོས་སྐད་རིགས་ཀྱི་དབང་གིས་བོད་དུ་འཇུག་ཆུང་བས་གྲགས་ཆུང་ཞིང་ཕྱོགས་ཙམ་མཚོན་པ་ནི། གཟུགས་ཀྱི་ཉི་མའི་བསྟན་བཅོས་སོགས་དང་ཆ་འདྲ་བ་སྙན་ངག་མཁན་པོ་རྣམས་ཀྱིས་མཛད་སྲོལ་ལ་དོན་གྱིས་ཐོན་པ་ལས་ཟུར་དུ་ནོས་པ་མེད་དོ། །དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་གྱི་སྒོ་ནས་གཏན་ལ་འབེབས་བའི་ཕྱི་རོལ་ཤེས་པའི་ཡན་ལག་ཏུ་རྩིས་སྐོར་རྣམས་དགོས་པས་དུས་འཁོར་གྱི་ཆ་ལག་ཏུ་བགྲངས་ཀྱང་མི་འཐད་པ་མ་ཡིན་མོད། མཁས་པ་ལ་ལའི་བཞེད་པ་སྒྲ་རིག་པ་ཐེ་བའི་རིག་གནས་ཆུང་བ་ལྔར་མཛད་ཀྱང་ལེགས་སྦྱར་རིག་གནས་ཆེ་བ་ལྔའི་ཁྲོད་དུ་འདྲེན་དགོས་པས། དཀར་རྩིས་རིག་གནས་ཆུང་བའི་ཡ་གྱལ་གཅིག་ཏུ་མཛད་པ་ཁུངས་དང་འབྲེལ་བ་ནས། པདྨ་དཀར་པོའི་ཞལ་ལུང་གི་དགོངས་དོན་གཙོ་བོར་བཟུང་། ཕུག་པ་མན་ངག་ལུགས་ཀྱི་ཕྱག་ལེན་གྱིས་རྣམ་པར་སྤྲས་པའི་ལྔ་བསྡུས། སྒྲ་གཅན་ལོ་འཕོ་ཟླ་འཕོ། གཟའ་འཛིན། གཟའ་ལྔ་ཚེས་དང་ཉིན་ཞག་ལ་སྤྱོད་པ་དེ་
དག་གི་མྱུར་རྩིས། བདུན་བརྒྱ་ཉི་ཤུར་འཁོར་བའི་ཉི་ལྡོག་འཁོར་ལོ། དུས་སྦྱོར་ཏཏྐཱལ་དང་དུམ་བུ་དྲུག་པ། ཞག་གསུམ་གྱི་རྣམ་པར་དབྱེ་བ། གཡུལ་རྒྱལ་གཤིན་རྗེ་དཔུང་གནོན་དང་བཅས་པ་ནོས་པ་ལས། ལྔ་བསྡུས་སྒྲ་གཅན། མྱུར་རྩིས་གཤིན་རྗེ་དཔུང་གནོན་རྣམས་ཀྱི་བརྒྱུད་པ་ནི། ཐམས་ཅད་མཁྱེན་པ་ཆོས་ཀྱི་གྲགས་པ། དེ་ལ་མཁས་གྲུབ་ནོར་བཟང་རྒྱ་མཚོ་དང་ཕུག་པ་ལྷུན་གྲུབ་རྒྱ་མཚོ་གཉིས་ཀྱིས་གསན། གཉིས་ཀ་ལ་མཁས་པ་ཆོས་ལེགས་རིན་ཅེན། དེ་ནས་ཕུག་ནས་ཆོས་རྗེ་དཔལ་མགོན་འཕྲིན་ལས། བདེ་ལེགས་གར་དབང་ཕུན་ཚོགས། རིགས་འཛིན་ཆེན་པོ་གཞོན་ནུ་དོན་གྲུབ། ཀུན་མཁྱེན་ཆེན་པོ་ཆོས་དབྱིངས་རང་གྲོལ། དེས་བདག་ཟ་ཧོར་བནྡེ་ལའོ། །གཟའ་ལྔ་དུས་སྦྱོར་ཞག་གསུམ་རྣམ་དབྱེ་བཅས་པའི་བརྒྱུད་པ་ནི། བདེ་ལེགས་གར་དབང་ཕུན་ཚོགས་ནས། མཁར་གྲོང་བསོད་ནམས་དར་རྒྱས། མཁར་གྲོང་ཆོས་མཛད། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །ཕུག་ལུགས་ཀྱི་གཟའ་ལྔ་ཉིན་ཞག་མ་མྱུར་རྩིས་རི་མིག་རྒྱ་མཚོ། ལེའུ་ཐོ་ནང་མ་བཟོ་ཚུལ་སོགས་ཕུག་ལུགས་ཀྱི་ཕྱག་ལེན་ཆེ་ཕྲ་རྣམས་ཀྱི་བརྒྱུད་པ་ནི། ཆོས་རྗེ་འཕྲིན་ལས་པ་ནས། མཁས་གྲུབ་དཔལ་གྱི་སེང་གེ །མཁས་དབང་བཀྲ་ཤིས་མཚན་ཅན། རྩིས་རིག་སྨྲ་བའི་དབང་ཕྱུག །ལྡུམ་བུ་དོན་གྲུབ་དབང་རྒྱལ། དེས་བདག་ལའོ། །ཡང་ལྔ་བསྡུས་སྒྲ་གཅན། མཁས་གྲུབ་ནོར་བཟང་པའི་གཟའ་ལྔ་ཉིན་ཞག་སོགས་ཀྱི་བརྒྱུད་ལུགས་གཅིག་ནི། ཕུག་པ་དཔལ་སེང་པ་ནས། སྔགས་འཆང་གཡུ་ལོ་པ། གཉགས་བན་ནང་ར་བ་བླ་མཁྱེན་ངག་དབང་འཇམ་དཔལ་བློ་གྲོས། དེས་བདག་ལའོ། །གཟའ་ལྔ་
ཚེས་སྤྱོད་ལ་བརྟེན་པའི་རི་མིག་རྒྱ་མཚོའི་བརྒྱུད་པ་ནི། ཆོས་རྗེ་འཕྲིན་ལས་པ་ནས། ཆོས་རྗེ་འཆི་མེད་བདེ་བ། མཁས་པ་རྡོ་རྗེའི་མཚན་ཅན། དུས་འཁོར་རབ་འབྱམས་པ། སྨོན་འགྲོ་པཎ་ཆེན་ཚེ་དབང་དོན་གྲུབ། དེ་སྲས་མཁས་དབང་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ལ་སྩལ་ཏོ། །ཡང་ཚེས་སྤྱོད་མགྱོགས་རྩིས་ཀྱི་བརྒྱུད་ལུགས་གཅིག་དང་རྒྱུ་མཚན་རྩིས་ཀྱི་བརྒྱུད་པ་ནི། པཎ་ཆེན་ཚེ་དབང་དོན་གྲུབ་ནས། མང་ཐོས་གཟུག་པོ་བ་གཞོན་ནུ་སྐལ་བཟང་། དེས་བདག་ལའོ། །དཔལ་གཙུག་ན་ཟླ་བས་གསུངས་པའི་དབྱངས་ཆར་གྱི་རྒྱུད་ལེའུ་བཅུ་པའི་དགོངས་འགྲེལ་མཆོག་ཏུ་དགའ་བའི་སྒྲ་དབྱངས་ཀྱི་རྗེས་སུ་འབྲངས་པའི་ལག་ལེན་འོད་ཟེར་བརྒྱ་པའམ་རིན་པོ་ཆེའི་འཕྲེང་བ། ལྷ་ཆེན་དགོངས་རྒྱན། དེ་དག་གི་ཡིག་ཕྲན་སྣ་ཚོགས། དོམ་ནག་ལྕེ་མདུང་། ཤིན་ཏུ་སྦས་པ་ནག་པོའི་འཁོར་ལོའི་སྐོར་སོགས་ཀྱི་ཕྱག་ལེན་མན་ངག་རྫོགས་པར་ཐོབ་པའི་བརྒྱུད་པ་ནི། ཐུབ་པ་ཆེན་པོ། ལྷ་ཆེན་དབང་ཕྱུག་ཆེན་པོ། དཔལ་རྟ་མགྲིན་མགོན་པོ། དེའི་སྲས་དཔལ་ལྡན་ཚངས་ལྷ་ནཱ་ཐ། དཔལ་ཟླ་བ་ཀུན་དགའ་མགོན་པོ། དཔལ་ཨུཏྤལ་བཟང་པོ། དཔལ་གསང་བའི་མཚན་ཅན། དཔལ་ཡིད་དམ་བཟང་པོ། དཔལ་ཨ་བྷི་ནཾ་གུཔྟ་ན། དཔལ་ཤངྐ་ར་བྷ་དྲ། དཔལ་ཕུན་ཚོགས་འཛིན་བཟང་པོ། དཔལ་སེང་གེ་གོ་ཆ། དཔལ་འཇམ་དཔལ་དགའ་བྱེད། དཔལ་འོད་མཛད། དཔལ་ཛ་ཡ་ཨཱ་ནནྡ། གློ་བོ་ལོ་ཙཱ་བ་ཤེས་རབ་རིན་ཅེན། བླ་མ་ཆོས་རྗེ། སློབ་དཔོན་རིན་ཅེན་རྒྱལ་པོ། སློབ་དཔོན་རིན་ཅེན་དབང་ཕྱུག །བླ་མ་གཞོན་ནུ་རིན་ཅེན། སྔགས་འཆང་ལྷུན་གྲུབ་དཔལ། མཁས་
གྲུབ་ཆོས་རྗེ། མཁས་མཆོག་ཨཱརྱ་དེ་ཝ། མཁས་དབང་སངས་རྒྱས་བློ་གྲོས། དུས་ཞབས་པ་ཆེན་པོ་དཔལ་མགོན་འཕྲིན་ལས། དུས་རམ་པ་འཆི་མེད་བདེ་བ། མཁས་པ་རྡོ་རྗེའི་མཚན་ཅན། དུས་འཁོར་རབ་འབྱམས་པ། སྨོན་འགྲོ་པཎྜི་ཏ་རིག་གནས་རྒྱ་མཚོ་པ་ཚེ་དབང་དོན་གྲུབ། དེ་སྲས་ཤེས་བྱ་ཀུན་རིག་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ལ་སྩལ་ཏོ། །འགྲེལ་པ་མཆོག་ཏུ་དགའ་བའི་སྒྲ་དབྱངས་ཀྱི་སྟེང་ནས་དབྱངས་འཆར་གྱི་ཕྱག་ལེན་ཡོངས་སུ་རྫོགས་པ། རྗེ་འཕྲིན་ལས་པས་མཛད་པའི་གཤིན་རྗེ་དཔུང་གནོན་གྱི་ཐོག་ནས་གཡུལ་རྒྱལ་གྱི་སྐོར་རྣམས་ནོས་པའི་བརྒྱུད་པ་ནི། དཔལ་མགོན་འཕྲིན་ལས་ཡན་བཤད་མ་ཐག་པ་ལྟར་ལ། དེ་ནས་མཁས་པ་དཔལ་གྱི་སེང་གེ །བླ་མཁྱེན་གཡུ་ལོ་བ། གཉགས་བན་ངག་དབང་འཇམ་དཔལ་བློ་གྲོས། དེས་བདག་ལའོ། །འཕགས་པའི་ཡུལ་དུ་ནག་རྩིས་ཀྱི་ཐ་སྙད་མ་གྲགས་ཀྱང་བོད་ཡུལ་དུ་རྩིས་སྐར་ནག་ཅེས་གྲགས་པའི་ཞར་བྱུང་མགོན་པོ་འཇམ་དཔལ་དབྱངས་ཀྱི་རྒྱ་ནག་རི་བོ་རྩེ་ལྔར་གསུངས་པའི་སྐོར་ལ་རྩ་བའི་རྡེའུ་དྲུག །གཅོད་དྲལ་གྱི་རྡེའུ་ཉི་ཤུ་རྩ་གཅིག །ཞེ་བདུན་མ། བཅུ་བཞི་མ། བརྒྱད་མ། ཐང་ཤིང་རྩིས། ཚེ་རྩིས། བག་རྩིས། གཤིན་རྩིས། ཟང་ཁྱམ་སོགས་ཞིབ་ཏུ་ནོས་པའི་བརྒྱུད་པ་ནི། འཕགས་པ་འཇམ་དཔལ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ། ལོ་ཙཱ་བ་ཁམས་པ་ཕྲ་མོ་སོགས་ནས་རིམ་པར། ཁྱུང་ནག་ཤཱཀ་དར། ཕུག་པ་བ་མཁས་མཆོག་ཨཱཪྻ་དེ་ཝ། མཚུངས་མེད་སངས་རྒྱས་བློ་གྲོས། རྩིས་རིག་སྨྲ་བའི་གཙུག་རྒྱན་དཔལ་མགོན་འཕྲིན་ལས། ཆོས་རྗེ་བདེ་ལེགས་གར་
དབང་ཕུན་ཚོགས། རིགས་འཛིན་གཞོན་ནུ་དོན་གྲུབ། ཟུར་ཐམས་ཅད་མཁྱེན་པ་ཆོས་དབྱིངས་རང་གྲོལ། དེས་བདག་ལ་སྩལ་ཏོ། ཡང་ན་དཔལ་མགོན་འཕྲིན་ལས་ནས། མཁས་མཆོག་དཔལ་གྱི་སེང་གེ །བླ་མཁྱེན་གཡུ་ལོ་བ། གཉགས་བན་ནང་ར་བ་ངག་དབང་འཇམ་དཔལ་བློ་གྲོས། ཟུར་རྩ་བའི་བླ་མ། དེས་བདག་ལའོ། །གཉིས་པ་ཚད་མ་རིག་པ་ནི། མདུན་ལེགས་མ་ལས། ཁྱད་པར་ཚུར་རོལ་མཐོང་བས་དངོས་པོ་ཀུན། །དེ་ཉིད་གཏན་ལ་འབེབས་པའི་སྒོ་གཅིག་པུ། །ཡང་དག་རིག་པའི་གཞུང་གི་དཀའ་གནད་ལ། །འབད་པ་དུ་མས་ཡང་ནས་ཡང་དུ་སྦྱང་། །ཞེས་དང་། ཚད་མའི་སྟོབས་ཀྱིས་ཐེ་ཚོམ་མ་ཆོད་ན། །འདམ་ལ་བཏབ་པའི་ཕུར་བ་ཇི་བཞིན་དུ། །ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས། །ཞེས་པ་ལྟར་རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པའི་བསྟན་བཅོས་ཚད་མ་སྡེ་བདུན་དུ་གྲགས་པའི་ནང་ནས་རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དགོངས་པ་ཐལ་འཕྲེང་གི་འགྲེལ་པ་པཎ་ཆེན་མཆོག་ལྷ་བ་དང་དྲུང་ཆེན་ལེགས་པ་བཟང་པོའི་གསུང་རྒྱུན་གྱི་ཡིག་ཆ། ཊཱིཀྐས་འགྲེལ་པ་རྣམ་བཤད་ཐར་ལམ་གསལ་བྱེད་དང་། གྲ་ཆུང་བ་ཡོན་ཏན་རྒྱ་མཚོའི་ཡི་གེ་རྣམས་ཀྱི་སྟེང་ནས་གནང་བར་ཐོག་མར་སྒོ་འབྱེད་དུ་ཆ་གཙང་སོགས་ཀྱི་དུས་ནས་དར་སྲོལ་བཞིན་མཚན་མཚོན། རྫས་ལྗོག །དགག་གཞི། དྲུག་སྒྲ། ཐལ་འགྱུར། རྒྱུ་འབྲས་སོགས་བསྡུས་གྲའི་བརྩི་ཚུལ་རྣམས་འོལ་ཅི་ཙམ་མིན་པའི་ཞིབ་མོར་གཏན་ལ་ཕབ་ནས་རྟགས་སྐོར་བློ་སྐོར་ཐལ་འཕྲེང་ཊཱིཀ་འགྲེལ་དང་བཅས་ལེགས་པར་ནོས་པའི་བརྒྱུད་པ་ནི། སྟོན་པ་
ཚད་མའི་སྐྱེས་བུ། མགོན་པོ་འཇམ་དཔལ་དབྱངས། དགྲ་བཅོམ་པ་ཆོས་སྐྱོབས། མཁས་པ་མེ་ཝཾ་ག །རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་མེ་ཝ་ག་ཞེས་སྣང་། ཀུན་མཁྱེན་གཉིས་པ་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། སློབ་དཔོན་དབང་ཕྱུག་སྡེ། མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་གསན་ཡིག་ན་འདི་མི་འདུག་པ་ཆད་དམ་སྙམ། རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ། སློབ་དཔོན་ལྷ་དབང་བློ་གྲོས། སློབ་དཔོན་ཤཱཀྱ་བློ་གྲོས། འདི་མན་ནས་ཝཾ་གུ་པཎྜི་ཏའི་བར་གྲོལ་མཆོག་གི་གསན་ཡིག་ཏུ་གོང་འོག་འཁྲུགས་པ་དང་མང་ཉུང་ཕྲན་ཚེགས་བྱུང་བ་བུ་སྟོན་དང་ངག་ཆོས་པའི་གསན་ཡིག་སོགས་དང་མ་མཐུན་པས་ནོར་འཁྲུལ་བྱུང་བ་འདྲའོ། །པཎྜི་ཏ་ཤེས་རབ་འབྱུང་གནས་སྦས་པ། རྒྱན་མཁན་པོར་ཡང་གྲགས། སློབ་དཔོན་ཛ་མཱ་རི། ཀུན་མཁྱེན་བུ་དང་རྗེ་བཙུན་བཙོང་ཁ་པའི་གསན་ཡིག་ན་འདི་གཉིས་གོ་ལྡོག་ཏུ་འདུག་པས་དཔྱད། པཎྜི་ཏ་ཆོས་མཆོག །རྒྱལ་རྔ་བདུན་པའང་ཟེར། སློབ་དཔོན་དུལ་བའི་ལྷ། བྲམ་ཟེ་ཤངྐ་ར་ནནྡ། མཁན་ངག་ཆོས་པའི་གསན་ཡིག་ན་བདེ་བྱེད་དགའ་བར་བསྒྱུར་འདུག །ཝཾ་གུ་པཎྜི་ཏ། བུ་སྟོན་རིན་པོ་ཆེའི་གསན་ཡིག་ན་ཝཾ་གི་པཎྜི་ཏ་དང་ངག་ཆོས་པའི་གསན་ཡིག་ན་ཝ་ཡུ་ཞེས་སྣང་། པཎ་ཆེན་ཤཱཀྱ་ཤྲཱི། པཎྜི་ཏ་སུ་ག་ཏ་ཤྲཱི། པཎ་ཆེན་དཱ་ན་ཤཱི་ལ། བལ་པོ་སཾ་གྷ་ཤྲཱི། དེ་བཞི་ག་ལ་ཆོས་རྗེ་ས་སྐྱ་པཎྜི་ཏས་གསན། དེ་ནས་འུ་ཡུག་པ་རིག་པའི་སེང་གེ །ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཉ་དབོན་ཀུན་དགའ་དཔལ། རེ་མདའ་བ་གཞོན་ནུ་བློ་གྲོས། ཐམས་ཅད་མཁྱེན་པ་ཤར་བཙོང་ཁ་པ་བློ་བཟང་གྲགས་པའི་དཔལ། རྒྱལ་ཚབ་ཐམས་ཅད་མཁྱེན་པ་དར་མ་རིན་ཅེན། མཁྱེན་རབ་དབང་ཕྱུག་གྲགས་པ་
བཟང་པོ། དམར་ཁམས་པ་གྲགས་བཟང་ཡང་ཟེར། གྲ་ཆུང་པ་ཀུན་མཁྱེན་ཡོན་ཏན་རྒྱ་མཚོ། ཤངས་སྟོན་དྲི་མེད་བཤེས་གཉེན། པཎ་ཆེན་མཆོག་ལྷ་འོད་ཟེར། འཇམ་དབྱངས་ལེགས་པ་བཟང་པོ། མཁས་པ་ཆོས་ཀྱི་གྲགས་པ། ཁྲི་རིན་པོ་ཆེ་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། འཇམ་དབྱངས་སྨྲ་བའི་དབང་ཕྱུག་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། འཇམས་དབྱངས་མིའི་གཟུགས་ཅན་དཀོན་ཅོག་ཆོས་འཕེལ། དེས་བདག་ཟ་ཧོར་བནྜེ་ལ་སྩལ་ཏོ། ཡང་ན་འཇམ་དབྱངས་མཆོག་ལྷ་བ་ནས། གླིང་སྨད་ལྷ་དབང་དཔལ་འབྱོར། རྒྱལ་ཁང་རྩེ་པ་མན་འདྲ། ཡང་ན་རྗེ་རེ་མདའ་པ་ནས། རྒྱལ་ཚབ་ཐམས་ཅད་མཁྱེན་པ། གྲ་ཆུང་བ་ཡོན་ཏན་རྒྱ་མཚོ་མན་འདྲ། ཡང་ན་ཉ་དཔོན་ཀུན་དགའ་དཔལ་ནས། གཡག་མི་ཕམ་སངས་རྒྱས་དཔལ། རོང་སྟོན་པ་ཤེས་བྱ་ཀུན་རིག །མཁྱེན་རབ་དབང་ཕྱུག་གྲགས་པ་བཟང་པོ་མན་འདྲ། ཡང་ན་ཆོས་རྗེ་བླ་མ་དམ་པ་ནས། མཁས་པ་བརྩོན་འགྲུས་དཔལ། ཀུན་མཁྱེན་གཡག་པ་མན་འདྲ།
གཞན་རྗེས་སུ་འཛིན་པ་བཟོ་དང་གསོ་བ་རིག་པ་སོགས་ལུང་བརྒྱུད་སྣ་ཚོགས།
གཉིས་པ་གཞན་དག་རྗེས་སུ་འཛིན་པ་ལ་བཟོ་དང་གསོ་བ་གཉིས། དང་པོ་བཟོ་རིག་པ་ནི་ཀུན་ཤེས་ལས། བཟོ་ལ་ལུས་བཟོ་ངག་བཟོ་ཡིད་བཟོ་གསུམ། །ཞེས་སྒྲ་ཡངས་པའི་དབང་དུ་བྱས་ན། རིག་པའི་གནས་ཕལ་ཆེར་བཟོ་རིག་པའི་ཁོངས་སུ་འདུ་ཞིང་། བྱེ་བྲག་པ་ཤཱ་རིའི་བུས་ཞུས་པ་དང་བདེ་མཆོག་སྡོམ་འབྱུང་ལས་གསུང་པས་མཚོན་མདོ་རྒྱུད་ལས་ཉེ་བར་བྱུང་བའི་སངས་རྒྱས་བྱང་སེམས་ཁྲོ་བོ་སོགས་ཀྱི་སྐུའི་ཐིག་རྩ་ཐམས་ཅད་མཁྱེན་པ་བུ་སྟོན་ཞབས་ཀྱིས་མཛད་པ་དང་། དེའི་གསལ་བྱེད་དུ་གྱུར་པ་དབྱངས་ཅན་མས་
རྗེས་སུ་བཟུང་བ་རྟ་ནག་རི་མཁར་བ་དཔལ་ལྡན་བློ་གྲོས་བཟང་པོས་མཛད་པའི་ཡི་གེའི་སྟེང་ནས་ཐིག་རྩའི་རིམ་པ་ཞིབ་མོར་ནོས་པའི་བརྒྱུད་པ་ནི། སྨན་བླ་དོན་གྲུབ་པ། སྐུ་མདུན་འཇམ་དཔལ་དབྱངས། སྡོམ་བརྩོན་བློ་བཟང་རྒྱ་མཚོ། མཁས་མཆོག་ཡོན་ཏན་རྒྱ་མཚོ། དཔྱོད་ལྡན་ཆུ་བཟང་སྤྲུལ་སྐུ། རིགས་འཛིན་ཆེན་པོ་གཞོན་ནུ་དོན་གྲུབ། ཤེས་བྱ་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ། དེས་བདག་ལའོ། །རྒྱ་དཀར་ནག་གི་བཟོ་བོས་བསྐྲུན་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན། རོལ་མོ། དཀར་ཡོལ། གོས་དར། གོ་མཚོན། རྟ་སོགས་དངོས་སྤྱད་ཀྱི་རིགས་རྣམས་བརྟག་ཐབས་ཀྱི་བསྟན་བཅོས་སྔོན་གྱི་ཡི་གེ་རྙིང་པའི་རིགས་དང་ཁྱད་པར་གྲུམ་སྟོད་ལྷ་ས་པཎ་ཆེན་དང་བྱ་བཀྲ་ཤིས་དར་རྒྱས་ཀྱི་མཛད་པའི་ཡི་གེ་དང་དངོས་པོ་རྣམས་ངོ་འཕྲོས་པར་ཞིབ་ཏུ་བསྟར་བའི་བརྒྱུད་པ་ནི། སྡེ་པ་ལྷ་ས་རྫོང་པ་པཎ་ཆེན། མཚོ་སྒོ་བ་གྲགས་པ་རྡོ་རྗེ། པཎྜི་ཏ་ཆེན་པོ་སྨོན་འགྲོ་བ་ཚེ་དབང་དོན་གྲུབ། སྤྲུལ་སྐུ་མདོ་སྔགས་གླིང་པ། དཔྱོད་ལྡན་གཟུག་པོ་བ་གཞོན་ནུ་སྐལ་བཟང་དེས་བདག་ལའོ། །ཡང་རྒྱ་དཀར་ནག་གི་རྟེན་བརྟག་པའི་བརྒྱུད་ལུགས་གཅིག་ནི། ཀུན་མཁྱེན་ཚེ་དབང་དོན་གྲུབ་ནས། པཎ་ཆེན་འཇམ་དབྱངས་དབང་རྒྱལ་རྡོ་རྗེ། དེས་བདག་ལའོ། །གཉིས་པ་གསོ་བ་རིག་པའི་སྐོར་ལ། མཁས་མཆོག་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པ་དང་སོ་མ་ར་ཙ་སོགས་རྒྱ་དཀར་ནག་གི་གཙུག་ལག་མང་དུ་སྣང་བ་ནི་ཁོ་བོས་སྤྱོད་ཡུལ་དུ་མ་གྱུར་ཞིང་། དེང་སང་ལག་ལེན་ཕལ་ཆེར་དཔལ་ལྡན་རྒྱུད་བཞི་དང་བདུད་རྩི་བུམ་པ་སོགས་རྙིང་མ་བཀའ་གཏེར་ནས་བྱུང་བ་
ཤས་ཆེ་བས་ཡིག་ཆའི་གྲངས་དང་ལུང་རྒྱུན་སོགས་གསང་སྔགས་སྔགས་འགྱུར་གྱི་སོ་སོའི་སྐབས་གང་བབས་སུ་བྲིས་ཤིང་རྩ་བཤད་ཕྱི་གསུམ་གྱི་བཤད་པ་ས་གཅད། རྡེལ་འགྲེམ། ཕྱག་ལེན་ངོ་སྤྲོད་ཐོབ་པའི་བརྒྱུད་པ་ནི། སྟོན་པ་སྨན་གྱི་བླ། དྲང་སྲོང་རིག་པའི་ཡེ་ཤེས། དྲང་སྲོང་ཡིད་ལས་སྐྱེས། འཚོ་བྱེད་གཞོན་ནུ། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་དཔའ་བོ། པཎ་ཆེན་ཟླ་བ་མངོན་དགའ། ལོ་ཆེན་བཻ་རོ་ཙ་ན། རྗེ་ཁྲི་སྲོང་ལྡེ་བཙན། གཏེར་སྟོན་གྲ་པ་མངོན་ཤེས། དགེ་བཤེས་དབུས་པ་དར་གྲགས། རོག་སྟོན་དཀོན་ཅོག་སྐྱབས། གཡུ་ཐོག་ཡོན་ཏན་མགོན་པོ། །སུམ་སྟོན་ཡེ་ཤེས་ཟུང་འཚོ་བྱེད་གཞོན་ནུ་ཡེ་ཤེས། མཁས་པ་འབུམ་སེང་། གཙང་སྟོན་སངས་རིན། མཁས་པ་དོན་གྲུབ་རིན་ཅེན། བསྟན་འཛིན་དོན་གྲུབ་རྒྱལ་མཚན་བྲང་ཏི་དཀོན་ཅོག་རྒྱལ་མཚན། བྲང་ཏི་དཔལ་ལྡན་འཚོ་བྱེད། དགེ་སློང་ཚལ་པ་དབང་གྲགས། མཁས་མཆོག་ཕུན་ཚོགས་བཟང་པོ། ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། ལག་ལེན་མཐར་ཕྱིན་ཚེ་འབུམ། བྱར་པོ་པཎ་ཆེན། མཁས་པ་ཟླ་བའི་དབང་པོ། སེམས་དཔའ་ཆེན་པོ་བློ་བཟང་རྒྱ་མཚོ། དྲང་སྲོང་བསྟན་འཛིན་རྒྱལ་པོ། དེ་སྲས་དྲང་སྲོང་དར་རྒྱས། གཅུང་མཁས་མཆོག་གཞན་ཕན་དབང་པོ། དེས་བདག་ལའོ། །ཡང་ན་བྲང་ཏི་དཔལ་ལྡན་འཚོ་བྱེད་ནས། ཟུལ་ཕུ་སྨན་མོ་ཆེ་པ་སྨན་སྟོན་དབང་ཕྱུག་བཟང་པོ། རྗེ་ཟུར་མཁར་བ་མན་འདྲ། ཡང་ན་པཎ་ཆེན་མཉམ་ཉིད་རྡོ་རྗེ་ནས། ཀོང་སྟོན་མཁས་པའི་དབང་པོ། སྨན་བླ་ཤཱཀྱ་དབང་ཕྱུག །མཁས་པ་བསོད་ནམས་རྒྱལ་པོ། རིན་ཅེན་སྡིངས་སེམས་དཔའ་ཆེན་པོ་མན་
འདྲ།