Nitartha Digital Library
Tibetan
གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ།


   
   
   
   
   
   
   
   
དཔལ་མགོན་ཞལ་བཞི་པའི་གཏོར་འབུལ་དང་བསྟོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   


 
previousདཔལ་མགོན་ཞལ་བཞི་པའི་གཏོར་འབུལ་དང་བསྟོད་པ།next

དཔལ་མགོན་ཞལ་བཞི་པའི་གཏོར་འབུལ་དང་བསྟོད་པ།


GTD008_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་ཞལ་བཞི་པའི་གཏོར་འབུལ་དངོས་གྲུབ་ཀུན་འབྱུང་དང་བསྟོད་པ་རྔམས་པའི་སྒྲ་སྒྲོགས་བཅས་བཞུགས་སོ། །


GTD008_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ལྷན་སྐྱེས་དགའ་བའི་རང་བཞིན་ལས། །སྣང་སྟོང་སྲིན་པོའི་རོལ་གར་གདོང་བཞི་པ། །ཡུམ་བཞི་སྲིད་གསུམ་དྲེགས་པའི་སྡེ་དང་བཅས། །ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་གནས་འདིར་གཤེགས། །མདུན་དུ་འཇིགས་རུང་དུར་ཁྲོད་ཆེན་པོའི་དབུས། །ཁྲག་ཞག་རྦ་ཀློང་འཁྲུགས་པའི་ཆོས་འབྱུང་ནང༌། །པད་ཉི་མི་རོ་བརྩེགས་པའི་གདན་ཁྲི་ལ། །དགྱེས་བཞིན་བཞུགས་ཏེ་རྣལ་འབྱོར་སྡོངས་གྲོགས་མཛོད། །ས་གཞི་བར་སྣང་ནམ་མཁའི་ཁྱོན་འགེང་བའི། །དངོས་བཤམས་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོ་དང༌། །སྦྱངས་རྟོགས་སྦར་བྱས་དམར་ཆེན་གཏོར་མའི་ཚོགས། །གུས་པས་འབུལ་ལོ་ཐུགས་དམ་བསྐང་གྱུར་ཅིག །བདེ་ཆེན་རྒྱལ་པོ་བཅོམ་ལྡན་ཧེ་རུ་ཀ །ཁྲོ་བོའི་སྐུར་བསྟན་རྡོ་རྗེ་ནག་པོ་ཆེ། །མཁའ་འགྲོའི་གཙོ་མོ་ཡུམ་བཞི་འཁོར་བཅས་ལ། །སྙིང་ནས་འདུད་དོ་བཅོལ་བའི་འཕྲིན་ལས་མཛོད། །རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་ཡིས། །བཀའ་བསྒོས་གཡར་དམ་གཉན་པོ་དགོངས་མཛོད་ལ། །སྡེ་འདིར་ཕྱི་ནང་ཉེར་འཚེ་ཀུན་ཞི་ཞིང༌། །ཆབ་སྲིད་དཔལ་འབྱོར་རྒྱས་པའི་ལས་མཛོད་ཅིག །ཁྱད་པར་ཉེས་མེད་ཉེས་པར་བལྟ་བའི་དགྲ། །བསྒྲལ་བའི་ཞིང་བཅུ་ཚང་བའི་སྡིག་ཅན་འདི། །གཉེན་དང་རྩ་ལག་རྒྱུད་དང་བཅས་པ་ཀུན། །ལོ་དང་ཟླ་བ་ཞག་ཏུ་མ་བཞག་པར། །ལྟས་དང་ཆོ་འཕྲུལ་འཇིགས་པས་


GTD008_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

སྤ་བཀོང་སྟེ། །ནད་དང་གནོད་པའི་གནམ་ལྕགས་ཐོག་མདའ་ཡིས། །ཚེ་སྲོག་དབང་ཐང་ཟས་ནོར་ལོངས་སྤྱོད་ཀུན། །ཐལ་བའི་རྡུལ་དུ་རློག་ཅིག་ས་མ་ཡ། །བསྐུལ་ལོ་ཞིང་སྐྱོང་ཆེན་པོ་ལས་ལ་བསྐུལ། །རྦད་དོ་ནག་པོ་ཆེན་པོ་དགྲ་ལ་རྦད། །མཐུ་རྩལ་དུས་ལ་བབ་ཀྱི་མཐུ་མ་ཆུང༌། །དམ་བཞག་དུས་ལ་བབ་ཀྱི་དམ་མ་འདྲལ། །ཡུམ་ཆེན་མ་མོས་དལ་ཡམས་དགྲ་ལ་ཐོངས། །དྲེགས་པ་སྡེ་བརྒྱད་འཁྲུགས་པས་ཆོ་འཕྲུལ་སྟོན། །གྲི་ཐོགས་བཤན་པའི་ཚོགས་ཀྱིས་དགྲ་བོ་འདིའི། །སྲོག་རྩ་ཆོད་ལ་སྙིང་ཁྲག་ཞལ་དུ་སྟོབ། །མདོར་ན་བདག་ཅག་དཔོན་སློབ་དགེ་འདུན་སྡེ། །ཀུན་གྱི་སྲུང་མའི་གཙོ་བོར་མངའ་གསོལ་གྱི། །ཉིན་གསུམ་བྱ་ར་མཚན་གསུམ་མེལ་ཚེ་ཡིས། །ལས་བཞིའི་འཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག །དཔལ་ལྡན་བླ་མའི་སྐུ་ཚེ་མཛད་འཕྲིན་རྒྱས། །དགེ་འདུན་ཐུགས་མཐུན་བསླབ་གསུམ་ཉམས་ལེན་དང༌། །མདོ་སྔགས་བཤད་སྒྲུབ་བསྟན་པའི་བྱ་བ་ཀུན། །གེགས་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་སྩོལ། །དུས་གཏོར་དང་དམིགས་བསལ་གྱི་སྐབས་མ་གཏོགས་རྒྱུན་ལྡན་ལས་མཛོད་ཅིག །ཅེས་པའི་མཚམས་ནས། མདོར་ན་ཞེས་པ་དང་སྦྱོར། ཞེས་དཔལ་མགོན་ཞལ་བཞི་པ་ལ་གཏོར་འབུལ་བྱེད་ཚུལ་བསྡུས་པ་འདི་ནི། མདོ་སྔགས་ཡོངས་སུ་རྫོགས་པའི་བཤེས་གཉེན་ཆེན་པོ་དུས་འཁོར་དཔོན་སློབ་འཇམ་དབྱངས་གྲགས་པ་དང༌། སྨྲ་བའི་ཁྱུ་མཆོག་རྡོ་རྗེ་


GTD008_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན་པ་དཀོན་མཆོག་དར་རྒྱས། ལས་སྣེ་མང་དང་བཅས་ནས་གྲྭ་ཚང་གི་ཚོགས་འདོན་དུ་དགོས་ཚུལ་ལྟར་ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེས་བྲིས་པའོ། །༈ བརྐྱངས་བསྐུམས་གར་གྱིས་རོལ་པས་དྲག་པོ་ཆུང་མ་དང་བཅས་རྣམ་གནོན་ངན་སོང་སྲིད་པ་གནས་ནས་སྐྲོད། །ཤེས་རབ་ཕག་མོར་རྗེས་ཆགས་རོལ་བས་སྲིད་མཐར་སྦྱོར་ཞིང་མི་འགྱུར་ལྷན་སྐྱེས་བདེ་ཆེན་བདུད་རྩི་འཐུང༌། །ཁྲོ་ཆགས་བརྗིད་ལྡན་གཟི་འབར་གཟུགས་སྐུའི་མཁའ་དབྱིངས་རབ་དཀར་རུས་པའི་རྒྱན་ཕྲེང་རྒྱུ་སྐར་ཚོམ་བུས་མཛེས། །ཧེ་རུ་ཀ་དཔལ་དཔའ་བོའི་དབང་ཕྱུག་དེ་ལ་བཏུད་ནས་དཔལ་མགོན་ཞལ་བཞི་པ་ལ་བསྟོད་པར་བགྱི། །དམར་ཆེན་དྲི་སྣོམ་གཅན་གཟན་ང་རོ་རྒྱུད་མར་སྒྲོགས་ཤིང་རོ་ལངས་ཀྱིས་གང་རབ་འཇིགས་དུར་ཁྲོད་ན། །རྦ་རླབས་ནམ་མཁའི་མཐར་འཁྱུད་བམ་ཆེན་མགོ་ཕྲེང་ལྦུ་བ་རབ་གསལ་ཁྲག་ཞག་རྒྱ་མཚོ་འཁྲུགས་པའི་ཀློང། །འུར་འུར་ནག་པོའི་དུད་སྤྲིན་དང་འདྲེས་གྲང་བའི་ཕ་མཐའ་ཟ་བྱེད་ཡེ་ཤེས་མེ་དཔུང་འབར་བའི་དབུས། །པད་ཉི་དགྲ་བོ་བསྣོལ་མའི་གདན་ལ་བརྐྱངས་བསྐུམས་གར་མཛད་ལྷ་མཆོག་མཧཱ་ཀཱ་ལ་ཁྱོད་ལ་བསྟོད། །ཡན་ལག་རགས་ཤིང་ལྟོ་བ་རབ་འཕྱང་མི་སྡུག་སྲིན་པོའི་གཟུགས་ཅན་མདོག་ནག་མུན་པའི་དཀྱིལ་འཁོར་རྫོགས། །དམར་སེར་མེ་ཡི་རལ་བ་གསིག་ཅིང་བཅུ་གཉིས་ཉི་མ་འབར་བའི་སྡང་མིག་ཡོན་པའི་ཚ་ཟེར་འཕྲོ། །ལྗགས་འདྲིལ་ཁྲག་གིས་རབ་བསྒོས་མཆེ་བ་རྣོན་པོ་བཞི་བཞི་གཙིགས་ཤིང་གཏུམ་དྲག་ཧ་ཧའི་གད་རྒྱངས་མཐར། །ཀྵིཾ་ཀྵིཾ་ཕེཾ་ཞེས་མཁའ་འགྲོ་དབང་དུ་སྡུད་ཅིང་ས་གསུམ་དཀྱིལ་འཁོར་ཡངས་པའི་ཁྱོན་ཀུན་འདར་བར་བྱེད། །གྲི་


GTD008_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

གུག་གིས་གཏུབ་དགྲ་སྙིང་ཁྲག་དྲོན་གྱིས་གང་ཐོད་པ་ཞལ་དུ་སྟོབ་ཅིང་དགྱེས་པའི་རྐན་སྒྲ་སྒྲོགས། །གནམ་ལྕགས་རལ་གྲིས་བདུད་རིགས་མགོ་བོ་བྲེགས་ཏེ་བརྒྱ་ཕྱེད་ཕྲེང་བ་ཁྲག་གི་རྒྱུན་ལྡན་མགུལ་བར་འཛིན། །མདུང་ཐུང་བགེགས་ཀྱི་ལྟོ་བར་བསྣུན་པའི་རྒྱུ་རློན་ག་ཤལ་ལ་འཁྲིལ་སྦྲུལ་ནག་ཆུན་པོ་སྟོང་གིས་སྤྲས། །གཡེར་ཁའི་སྒྲ་ལྡན་འོག་པག་གིས་བཅིང་སྟག་ཤམ་གཡོ་བའི་གར་མཁན་རྡོ་རྗེ་ནག་པོ་གདོང་བཞི་པ། །གང་གི་ཕྱོགས་བཞིར་མིག་སྨན་མར་གད་རོ་ཧི་ཏེ་ཀ་གསེར་གྱི་བྲག་རི་རབ་མཐོའི་རྩེ་མོ་ཅན། །མུན་ནག་དང་འདྲེས་མེ་ལྕེའི་གོས་གྱོན་གད་མོ་རྒོད་ཅིང་ས་ཆེན་གཡོ་བའི་གོམ་སྟབས་བསྒྱུར་བ་བཞིན། །གཡུང་མོ་གཏུམ་མོ་སྲིན་མོ་སིངྒ་ལི་ཞེས་རབ་ཏུ་ཁྲོ་ཞིང་རྔམས་པའི་ཡུམ་ཆེན་སྲིན་མོ་བཞི། །བདུད་ཀྱི་དཀྱིལ་འཁོར་སྲེག་བྱེད་གཟི་བྱིན་མེ་དཔུང་འབར་བའི་འཁོར་ཚོགས་དམ་ཅན་རྒྱ་མཚོར་བཅས་ལ་བསྟོད། །མདོར་ན་མཐའ་ཡས་འགྲོ་བའི་དོན་སླད་བརྟན་གཡོའི་དངོས་ཀུན་མི་འགྱུར་ལྷན་སྐྱེས་བདེ་བའི་འཁོར་ལོ་ཆེར། །སྡོམ་མཛད་དཔའ་བོ་རྣལ་འབྱོར་མ་རྣམས་ཡོངས་ཀྱི་དབང་ཕྱུག་མཆོག་གི་གནས་དེར་བགྲོད་པ་མ་རྫོགས་པ། །དེ་སྲིད་ཧེ་རུ་ཀ་ཡི་བཀའ་རྟགས་རྡོ་རྗེའི་རི་མོས་གཙུག་མཛེས་ལེགས་ལྡན་ནག་པོ་འཁོར་བཅས་ཀྱིས། །སངས་རྒྱས་བསྟན་ལ་གནོད་པའི་བགེགས་ཀྱི་དཔུང་ཚོགས་སྡེ་དང་བཅས་པ་ཐལ་བར་རློག་པའི་འཕྲིན་ལས་མཛོད། །འདིར་སྨྲས་པ། དཔལ་གྱི་མགོན་པོ་རྡོ་རྗེ་གདོང་བཞི་པར། །བསྟོད་པའི་རོལ་མོ་རྔམས་པ་སྒྲ་སྒྲོགས་འདི། །བྱེད་པོ་ཧེ་རུ་ཀ་ཡི་ཞབས་བསྟེན་པའི། །ྋབཙུན་པ་དཀོན་མཆོག་བསྟན་པའི་སྒྲོན་མེ་ཡིན། །


previousདཔལ་མགོན་ཞལ་བཞི་པའི་གཏོར་འབུལ་དང་བསྟོད་པ།next