Nitartha Digital Library
Tibetan
འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།


   
   
   
   
   
   
   
   
བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལྷན་སྐྱེས་ཡབ་ཡུམ་གྱི་བདག་འཇུག་ཉེ་བར་བསྡུས་པ།
   
   
   
   
   
   
  expand section
   


 
previousབདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལྷན་སྐྱེས་ཡབ་ཡུམ་གྱི་བདག་འཇུག་ཉེ་བར་བསྡུས་པ།next

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལྷན་སྐྱེས་ཡབ་ཡུམ་གྱི་བདག་འཇུག་ཉེ་བར་བསྡུས་པ།


JKT007_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལྷན་སྐྱེས་ཡབ་ཡུམ་གྱི་བདག་འཇུག་ཉེ་བར་བསྡུས་པ་བཞུགས་སོ།། །།


JKT007_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བྷྱ༔ འདིར་རྗེ་བཙུན་རས་ཆུང་ལུགས་ཀྱི་སྙན་བརྒྱུད་འཁོར་ལོ་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱི་བདག་འཇུག་ཇི་ལྟར་བླང་བའི་ཚུལ་ལ་གཉིས། ཡབ་བཀའ་དང་། ཡུམ་བཀའ་འོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི་རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་རྡུལ་ཚོན་ནམ། རས་བྲིས་ཀྱི་དཀྱིལ་འཁོར་ཆོས་འབྱུང་ཁ་ཁྱེར་དང་བཅས་པའི་ནང་དུ་སྣ་ཚོགས་པདྨ། ཉི་མ། སྣ་ཚོགས་རྡོ་རྗེ། དེའི་ལྟེ་བར་མེ་རི། རྡོ་ར། དུར་ཁྲོད་བརྒྱད་དང་བཅས་པས་ཡོངས་སུ་བསྐོར་བའི་པདྨ་འདབ་མ་བརྒྱད་པའི་ཟེའུ་འབྲུར་ཉི་གདན་ལ་ཚོམ་བུ་སྔོན་པོ་དང་། དེའི་མདུན་དུ་ཚོམ་བུ་དམར་པོ་བཀོད་པའམ། ས་བོན་ཧཱུྃ་མཐིང་གས་མཚན་པ་བྲི།


JKT007_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་གཏོར་མ་གཉིས། མཐར་གཡོན་སྐོར་གྱིས་ཉེར་སྤྱོད་དང་། ཉེ་ལོགས་ཅི་བདེ་བར་བུམ་པ་ཟུང་དང་། དབུ་རྒྱན། རྡོར་དྲིལ་སོགས་འོག་ཏུ་དགོས་པའི་དབང་རྫས་རྣམས་དང་། ཚོགས་ཀྱི་ཡོ་བྱད་དང་། སྔོན་གཏོར་གྱིས་མཚོན་ཉེར་མཁོ་ཐམས་ཅད་ཚང་བར་བྱ། དེ་ནས་སྔོན་འགྲོ་གཏོར་མ་བཏང་བ་ནས་བརྩམས་ཏེ། ནང་མཆོད་དང་གནས་ཡོ་བྱིན་རླབས། སྐྱབས་སེམས། ཚད་མེད། རྡོར་སེམས་བསྒོམ་བཟླས། བླ་མའི་རྣལ་འབྱོར་རྣམས་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་དང་བཅས་པ། བུམ་པ་བསྒྲུབ་པ། མདུན་བསྐྱེད་བསྒྲུབ་ཅིང་མཆོད་བསྟོད་ཀྱི་བར་དཀྱིལ་ཆོག་ལས་འབྱུང་བ་བཞིན་བྱའོ། །གཉིས་པ་བདག་འཇུག་དངོས་གཞི་ལའང་གསུམ། དཀྱིལ་


JKT007_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དུ་འཇུག་པ་དང་། ཞུགས་ནས་དབང་བླང་བ། རྗེས་ཀྱི་བྱ་བའོ། །དང་པོ་ཡབ་བཀའི་སྡོམ་ཚིག་ཏུ། ཁྲུས་བྱས་བགེགས་བསྐྲད་མཎྜལ་ཕུལ། །གསོལ་གདབ་ཆོས་བཤད་སྡོམ་གཉིས་བཟུང་། །མེ་ཏོག་དང་བཅས་གདོང་གཡོགས་བཅིང་། །གཞུག་ཅིང་ཕྱག་འཚལ་མེ་ཏོག་དོར། མིག་ཕྱེ་མཐོང་བསྟན་བཅུ་གཉིས་སོ། །ཞེས་ཕྱི་ནང་གི་ཐ་སྙད་མི་བྱེད་པར་འཇུག་པ་ལྟར། དང་པོ་ཁྲུས་བྱ་བ་ནི། ཇི་ལྟར་བལྟམས་པ་ཙམ་ནས། ཤི་ཡེ་ཧཱུྃ་གི་བར་བརྗོད་ཅིང་། ལས་བུམ་གྱི་ཆུས་བཀྲུས་པས་སྒོ་གསུམ་དག་པར་བསམ། གཉིས་པ་བགེགས་བསྐྲད་པ་ནི། དཀྱིལ་འཁོར་གཙོ་བོའི་སྤྲུལ་ཡུམ་བཀའི་སྐབས་དཀྱིལ་འཁོར་གྱི་གཙོ་མོའི་སྤྲུལ་ཞེས་བསྒྱུར། མཆན་པ་ཞལ་གཅིག་ཕྱག་གཉིས་པའི་སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་དང་། ཐུགས་ཀའི་མཚོན་ཆའི་ཆར་གྱིས་བསྐྲད་པར་བསམས་ལ་ཐུན་གྱིས་བྲབ། དྲིལ་བུ་དྲག་ཏུ་འཁྲོལ་ཞིང་། ༢ སུམྦྷ་སོགས་ཀྱི་སྔགས་བརྗོད། གསུམ་པ་མཎྜལ་ནི་རྒྱས་བསྡུས་སྐབས་དང་སྦྱར། བཞི་པ་གསོལ་བ་གདབ་པ་ནི། རྡོ་རྗེ་ཕག་ཡུམ་བཀའི་སྐབས། རྗེ་བཙུན་མ་དང་དབྱེར་མེད་པའི་སོགས། མཆན། མོས་མགྲིན་འཁྱུད་པའི། ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་


JKT007_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །ལན་གསུམ། ལྔ་པ་ཆོས་བཤད་པ་ནི། སློབ་དཔོན་གྱིས་ཆོས་བཤད་པར་བསམས་ལ་ངག་ཏུ། སྡུག་བསྔལ་ཆུ་བོ་བཞི་འབབ་ཅིང་། །གཏིང་མཐའ་མེད་པའི་སྲིད་མཚོ་འདིར། །སྐྱོ་བའི་སེམས་ནི་རབ་བསྐྱེད་ལ། །རྙེད་དཀའི་རྟེན་མཆོག་གྲུ་གཟིངས་འདི། །སྟོང་ཉིད་སྙིང་རྗེའི་སྐྱ་བར་ནས། །བརྩོན་འགྲུས་དྲག་པོས་དྲངས་བྱས་ཏེ། །བླ་མེད་ཐར་པའི་གླིང་མཆོག་ཏུ། །དོན་གཉིས་ནོར་བུ་ལོན་པར་གྱིས། །ཞེས་པས་ཐུན་མོང་གི་ཆོས་དང་། །བསྐལ་པར་བསགས་པའི་མུན་པ་ཡང་། །ཉི་ཟླ་སྒྲོན་མེ་ལ་སོགས་པའི། །འོད་ཀྱི་སྣང་བ་སྐད་ཅིག་མས། །སེལ་བ་ཇི་བཞིན་ཐོག་མེད་ནས། །བསགས་པའི་སྡིག་སྒྲིབ་མ་ལུས་པ། །ཡེ་ཤེས་སྣང་བ་སྐད་ཅིག་མས། །སེལ་ཐབས་རྡོ་རྗེ་ཐེག་པ་ཡི། །གསང་བ་ལས་ཀྱང་ཆེས་གསང་བའི། །བདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ཀྱི། དབང་བསྐུར་ཟབ་མོ་སྦྱིན་བྱ་ཡིས། །ཁྱོད་རྣམས་དགའ་དང་སྤྲོ་བར་གྱིས། །ཞེས་བརྗོད། དྲུག་པ་སྡོམ་པ་གཉིས་བཟུང་བ་ནི། །བླ་མ་ཡི་དམ་གཙོར་བཞུགས་པའི། །སྲས་བཅས་སངས་རྒྱས་ཐམས་ཅད་དང་། །དཔའ་བོ་རྣལ་འབྱོར་མ་ཚོགས་ཀུན། །ཐམས་ཅད་བདག་ལ་


JKT007_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་སུ་གསོལ། །ཆེ་གེ་མོ་རང་གི་མིང་བརྗོད་ཞེས་བགྱི་བ་བདག །བླ་མེད་བྱང་ཆུབ་མ་ཐོབ་པར། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་ཐུན་མོང་གི་སྡོམ་པ་དང་། བླ་མ་ཡི་དམ་ནས་དགོངས་གསོལ་གྱི་མཐར། བདག་ནི་རྡོ་རྗེ་འཛིན་པ་ཡིས། །དུས་འདི་ཉིད་ནས་བཟུང་ནས་ནི། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །ཞེས་སོགས་ལན་གསུམ་གྱིས་སྔགས་སྡོམ་བཟུང་། བདུན་པ་མེ་ཏོག་དང་བཅས་གདོང་གཡོགས་བཅིང་བ་ནི། སློབ་དཔོན་གྱིས་མེ་ཏོག་གཏད་ཅིང་གདོང་གཡོགས་བཅིང་བར་བསམ། ཨཱ་ཁཾ་ཝཱི་ར་ཧཱུཾ། བརྒྱད་པ་ནང་དུ་གཞུག་པ་ནི། །དཀྱིལ་གཙོ་མོའི་སྤྲུལ་པ་རྗེ་བཙུན་མ་མཆན། འཁོར་གཙོ་བོའི་སྤྲུལ་པ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ཞིག་སྲུང་འཁོར་གྱི་ཕྱི་རོལ་དུ་བྱོན་པས་རང་གི་ལག་ནས་ཁྲིད་དེ་རྫུ་འཕྲུལ་གྱིས་སྐད་ཅིག་ལ་སྲུང་འཁོར་ནང་དུ་ཚུད་པར་གྱུར། ཛཧཱུྃ་བཾ་ཧོཞེས་བརྗོད་ཅིང་དགུག་གཞུག་གི་ཕྱག་རྒྱ་བྱ། དགུ་པ་ཕྱག་བྱ་བ་ནི། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཕྱག་འཚལ་བར་བསམས་ལ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཡིད་བཞིན་ནོར་བུ་གཙུག་གི་རྒྱན། །ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །དཔལ་ལྡན་སྐུ་ལ་སྐྱབས་སུ་མཆི། །དེ་བཞིན་དུ་ལྷོ་ནས། འཁོར་བའི་འཁོར་ལོ་རྒྱུན་གཅོད་ཅིང་། །ཆོས་ཀྱི་འཁོར་ལོ་སྐོར་


JKT007_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ། །བདེ་མཆོག་འཁོར་ལོ་བདེ་བའི་མཆོག །དཔལ་ལྡན་སྐུ་ལ་སྐྱབས་སུ་མཆི། །ནུབ་ནས། སངས་རྒྱས་ཐམས་ཅད་སྐྱེད་པའི་ཡུམ། །བཅོམ་ལྡན་འདས་མ་རྗེ་བཙུན་མ། །མ་གཅིག་རྡོ་རྗེ་རྣལ་འབྱོར་མ། །དཔལ་ལྡན་མ་ལ་སྐྱབས་སུ་མཆི། །བྱང་ནས། དཔའ་བོ་དཔའ་མོ་རྡོ་རྗེ་ཡི། །སྤྱན་ཅན་ཆོས་སྐྱོང་རྡོ་རྗེ་སྤུན། །མ་ལུས་ལུས་པ་མེད་པ་ལ། །ཕྱག་འཚལ་གུས་པས་སྐྱབས་སུ་མཆི། ། ཞེས་ཕྱག་འཚལ། བཅུ་པ་མེ་ཏོག་དོར་བ་ནི། ལྷག་པའི་ལྷ་ལ་མེ་ཏོག་འབུལ་བར་བསམས་ལ། ཨོཾ་པུཋེ་མཱ་ལ་པྲ་ཏཱི་ཙྪ་ཧོ༔ ཞེས་ཕུལ་བས་མཉེས་ཏེ་མེ་ཏོག་གི་ཕྲེང་བ་སྤྱི་བོར་བཅིང་ཞིང་། ལྷ་དེ་ལས་གཉིས་པ་ཞིག་བྱེ་སྟེ་སྤྱི་བོར་ཐིམ་པར་བསམས་ལ་མེ་ཏོག་མགོ་ལ་བཞག་ཅིང་། ཨོཾ་པུཋེ་མཱ་ལ་ས་མ་ཡ་ཧཱུྃ། ཞེས་བརྗོད། བཅུ་གཅིག་པ་མིག་དབྱེ་བ་ནི། སློབ་དཔོན་གྱིས་མ་རིག་པའི་ལིང་ཏོག་བསལ་བར་བསམ་ལ། ཕྱག་རྒྱ་དང་བཅས་མིག་དར་ཡོད་ན་བསལ། ཧེ་རུ་རྣལ་འབྱོར་མ་མཆན་ཀ་དཔལ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །རྡོ་རྗེའི་མིག་ནི་བླ་ན་མེད། །ཕྱེ་བས་ཡེ་ཤེས་མཐོང་བར་འགྱུར། ཨོཾ་བཛྲ་ནི་ཏྲ་ཨ་པ་ཧ་ར་པ་ཏྲ་ལཾ་ཧཱིཏྭཾ། ཞེས་བརྗོད། བཅུ་གཉིས་པ་དཀྱིལ་འཁོར་བསྟན་པ་ནི། སློབ་དཔོན་གྱིས། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག །ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །དཀྱིལ་འཁོར་བཟང་


JKT007_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འདི་ལ་ལྟོས། །མེ་ཏོག་གང་དུ་ལྷུང་གྱུར་པ། །དེ་ནི་ཁྱོད་ཀྱི་ལྷག་པའི་ལྷ། །དེ་ལ་དད་པ་རབ་ཏུ་བསྐྱེད། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །དེ་ཕྱིར་ཁྱེད་རྣམས་སྐལ་ལྡན་གྱུར། །དཔའ་བོ་རྣལ་འབྱོར་མ་རིགས་སྐྱེས། །དམ་ཚིག་མཆོག་ལ་གནས་པར་གྱིས། །ཞེས་དཀྱིལ་འཁོར་བསྟན་ཅིང་མཐོང་བར་བསམ། གཉིས་པ་ཞུགས་ནས་དབང་བླང་བ་ལ་བཞི་ལས། །དང་པོ་བུམ་དབང་ལ་སྡོམ་ནི། གསོལ་གདབ་སྒོ་གསུམ་ཧཱུྃ་དུ་བསྒྱུར། །ལྷར་བསྐྱེད་གོ་བགོ་ཡེ་ཤེས་དབབ། །དབང་བསྐུར་ནས་ནི་མངའ་གསོལ་ཞིང་། །བུམ་པའི་དབང་དོན་སྤྱད་དང་བརྒྱད། །ཅེས་པའི་དང་པོ་སྤྲོ་ན་མཎྜལ་ཕུལ། གསོལ་བ་གདབ་པ་ནི། མཁྱེན་བརྩེ་ཡེ་ཤེས་ལྔ་ཡི་བདག །འགྲོ་བའི་དེད་དཔོན་བླ་མ་མཆོག །བཅོམ་ལྡན་ཧེ་རུ་ཀ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མཆན་དཔལ་གྱིས། །བདག་ལ་བུམ་དབང་བསྐུར་དུ་གསོལ། །ཞེས་གསོལ་བ་གདབ། གཉིས་པ་སྒོ་གསུམ་ཧཱུྃ་དུ་བསྒྱུར་


JKT007_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི། བླ་མ་དཀྱིལ་འཁོར་གྱི་གཙོ་བོ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་སྒོ་གསུམ་གྱི་དྲི་མ་སྦྱངས། འོད་དུ་ཞུ་ཧཱུྃ་དུ་གྱུར་པ་ཡབ་ཀྱི་ཞལ་དུ་དྲངས་ཤིང་ཞུགས་པས་ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། བདེ་བ་ཆེན་པོའི་རང་བཞིན་ཐིག་ལེར་གྱུར་པ་གསང་གནས་ནས་བརྒྱུད་དེ་ཡུམ་གྱི་མཁའ་ནང་དུ་བྱོན་པས། གསུམ་པ་ལྷར་བསྐྱེད་པ་ནི། ཁྱེད་རང་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྐུ་གྲུབ་ཅིང་གསལ་བ་ནི་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པ་ཡུམ་ལ་འཁྱུད་པ། ཁྲོ་གཉེར་གཡོ་བའི་ཞལ་མཆེ་བ་གཙིགས་ཤིང་། ཞེས་པ་ནས། གཉིས་ཀའང་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ནས་ཞུགས་པ་ཡུམ་གྱི་རྩིབས་ལོགས་གཡོན་ནས་འཕྲོས་ཏེ་དཀྱིལ་འཁོར་གྱི་གཙོ་བོའི་མདུན་དུ་པད་ཉི་འཇིགས་བྱེད་དུས་མཚན་གྱི་གདན་ལ་བཞུགས་པར་གྱུར། ཕྱག་རྒྱ་དང་བཅས། ཨོ་ཨཱཧཱུཾ་པདྨ་ཀ་མ་ལཱ་ཡ་ཧཱུཾ། ཞེས་བརྗོད། བཞི་པ་གོ་བགོ་བ་ནི། བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཞེས་དང་། རྡོ་རྗེ་ཕག་མོའི་ལྟེ་བར་ཞེས་སོགས་ནས། སྣང་ལ་རང་བཞིན་མེད་པར་གྱུར་གྱི་བར་སྒྲུབ་ཐབས་ལྟར། ལྔ་པ་ཡེ་ཤེས་དབབ་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་ལ་དཔལ་ཧེ་རུ་ཀ་དབབ་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས། སློབ་དཔོན་གྱི་ཐུགས་


JKT007_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཀའི་ཧཱུཾ་དང་རང་ལུས་ཡི་དམ་དུ་གསལ་བའི་སྟོང་རའི་ནང་དུ་རྩ་དབུ་མ་པདྨ་སྔོན་པོ་འདབ་བརྒྱད་དང་། ཁམས་དམར་པོ་ཉི་མ་དཀར་པོ་ཟླ་བའི་གདན་གྱི་སྟེང་དུ་རང་འདྲའི་ཏིང་ངེ་འཛིན་སེམས་དཔའ་ཧེ་རུ་ཀ་ཚོན་གང་ཙམ་གསལ་ལ་དོད་པ་མགར་བའི་སོལ་མལ་ནས་འཐོན་པའི་ལྕགས་བསྲེག་ལྟ་བུ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རང་འདྲའི་སྐུ་དང་ཕྱག་མཚན་ཡིག་འབྲུ་མེའི་རང་བཞིན་འོད་ཟེར་རབ་ཏུ་འབར་བའི་རྣམ་པར་སྤྱན་དྲངས་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་ལས་ཀྱང་རང་འདྲ་དཔག་ཏུ་མེད་པ་འཕྲོས། ཚེག་སྒྲ་འུར་སྒྲ་དང་། བཅས་སྙིང་གའི་ཧེ་རུ་ཀ་དང་ལུས་ལ་ཐིམ་པས་ཧེ་རུ་ཀ་མེར་འབར་བ་དང་དྲག་ཏུ་འབར་ཞིང་རང་ལུས་མེར་འབར་བས་མི་བཟོད་པའི་བདེ་བ་རྒྱས་པར་བསམས་ལ་རིག་པ་ཧུར་ཕྱུང་ལ་རོལ་མོ་དྲག་ཏུ་འཁྲོལ་ཞིང་། ཨོཾ་ཤྲཱི་ཧེ་ཧེ་རུ་རུ་ཀཾ་བཛྲ་ཛྷཱ་ན་ཨཱ་ཝེ་ཤ་ཡ་ཛ༔ཧཱུྃ་བཾ་ཧོ༔ ཞེས་ལན་གསུམ་བརྗོད་ཅིང་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་པ་དང་བཅས་ཨོཾ་ཤྲཱི་ཛྙཱ་ན་ཧེ་རུ་ཀ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་དང་། དྲུག་པ་དབང་བསྐུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། བླ་མས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས་མི་བསྐྱོད་པ་ཆུའི་རང་


JKT007_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་གྱི་བུམ་ཆུས་དབང་བསྐུར་བར་བསམས་ཏེ། རྣམ་རྒྱལ་བུམ་པ་ཐོགས་ལ། ཧེ་རུ་ཀ་དཔལ་འཁོར་བཅས་ཀྱི། །སྐུ་གསུང་ཐུགས་ལས་བྱུང་བ་ཡི། །སྒྲིབ་གཉིས་བག་ཆགས་སྦྱོང་བྱེད་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། ཨོ་བཛྲ་ཨུ་ད་ཀ་ཨ་བྷི་ཥིཉྩ་ཧཱུྃ། བུམ་ཆུ་འཐུང་གཞུག །ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས་སྒོ་གསུམ་གྱི་དྲི་མ་ཐམས་ཅད་དག །ལུས་ཐམས་ཅད་བདུད་རྩིའི་རྒྱུན་གྱིས་གང་སྟེ་སྤྱི་བོར་འཁྱིལ་པ་རྡོ་རྗེ་འཆང་ཡབ་ཡུམ་དུ་གྱུར་ནས་དབུ་བརྒྱན་པར་གྱུར་པའི་མོས་པ་མཛོད། དེས་མི་བསྐྱོད་པ་ཆུའི་དབང་གི་གོ་བཅད་ནས། རིན་འབྱུང་ཅོད་པན་གྱི་དབང་ནི། - བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་རིན་འབྱུང་གི་རང་བཞིན་དབང་རྫས་དབུ་རྒྱན་གྱི་རྣམ་པར་འཕྲོས་ཏེ་མགོ་བོར་བཅིངས་པར་གྱུར་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་དབུ་རྒྱན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་མཆོག་ཏུ་བསྒྲུབ་བྱའི་ཕྱིར། །དབུ་རྒྱན་འདི་ཡིས་མཛེས་པར་བྱོས། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། འོད་དཔག་མེད་རྡོ་རྗེའི་དབང་ནི། བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་འོད་དཔག་མེད་ཀྱི་རང་བཞིན་དབང་རྫས་རྡོ་རྗེའི་རྣམ་པར་འཕྲོས་ཏེ་ལག་ཏུ་གཏད་པར་གྱུར་པའི་མོས་པ་མཛོད། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་


JKT007_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཀུན་ཏུ་རྒྱལ་བས་བསྔགས། །རྡོ་རྗེ་འདི་ནི་ཁྱོད་ཀྱིས་ཟུངས། །ཨོཾ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དོན་ཡོད་གྲུབ་པ་དྲིལ་བུའི་དབང་ནི། བླ་མ་དཀྱིལ་འཁོར་གཙོ་བོའི་ཐུགས་ཀ་ནས་དོན་གྲུབ་ཀྱི་རང་བཞིན་དབང་རྫས་དྲིལ་བུའི་རྣམ་པར་སྤྲོས་ཏེ་ལག་ཏུ་གཏད་པར་གྱུར་པའི་མོས་པ་མཛོད། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །ཤེས་རབ་དབྱིངས་ཀྱི་རྗེས་འགྲོར་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞེད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། ཨོཾ་མ་ཧཱ་གནྡྷེ་ཨ་བྷི་ཥིཉྩ་ཧཱུྃ། རྣམ་སྣང་མིང་གི་དབང་ནི། བླ་མ་དཀྱིལ་འཁོར་གཙོ་བོས་ཕྱག་གཡས་སྤྱི་བོར་བཞག་ཅིང་གཡོན་མི་འཇིགས་པའི་ཕྱག་རྒྱ་དང་བཅས། རྡོར་དྲིལ་སྤྱི་བོར་བསྣོལ་ལ། །སངས་རྒྱས་ཀུན་གྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྒར་བར་བྱ། །སངས་རྒྱས་མཆོག་ཏུ་བསྒྲུབ་བྱའི་ཕྱིར། །རྡོ་རྗེའི་མིང་ནི་ཁྱོད་ཀྱིས་ཟུངས། ཨོཾ་ཤྲཱི་ཧེ་རུ་ཀ་གསང་མཚན་དཔེར་ན་མི་བསྐྱོད་རྡོ་རྗེ་ནཱ་མ་ཨ་དྷི་པ་ཏི་སྭ་ཨ་བྷི་ཥིཉྩ་ཧཱུཾ། མི་བསྐྱོད་རྡོ་རྗེ་སོགས་གསང་མཚན་འདི་ཞེས་བྱ་བའི་དེ་བཞིན་གཤེགས་པའོ། །བརྟུལ་ཞུགས་རྡོ་རྗེ་སེམས་དཔའི་དབང་ནི། དཀྱིལ་འཁོར་གཙོ་བོས། འདི་དེ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་སྟེ། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །ལག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། ཨོཾ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་


JKT007_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཡ་ཙཱ་ཨེ་ཥ་དྷ་ར་ཡཱ་མི་ཧི་ཧི་ཧི་ཧི་ཧཱུྃ། ཞེས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོ་རྡོ་རྗེ་རྩེ་ལྔ་པ་བྱིན་པས་སྙིང་གར་རྡོར་སེམས་གསལ་བར་གྱུར་པའི་མོས་པ་མཛོད་ལ། དེ་རྣམས་ཀྱི་དབང་དོན་གཅིག་ཆར་དུ་ངོ་སྤྲད་པ་ནི། དེ་ལྟར་དབང་ཐོབ་པས་ཉོན་མོངས་པ་ལྔ་ཡེ་ཤེས་ལྔ། འབྱུང་བ་ལྔ་ཡུམ་ལྔ་ཕུང་པོ་ལྔ་རྒྱལ་བ་རིགས་ལྔར་ཡེ་ནས་གྲུབ་པ་ལ་ཡིད་ཆེས་པར་གྱིས་ཤིག །ཅེས་བརྗོད། བདུན་པ་མངའ་དབུལ་བ་ནི། ལྕང་ལོ་བྱུག་རྫས་སོགས་གཅིག་ཅར་དུ་སྦྱིན་པའི་མོས་པ་མཛོད། ཙཀླུ་རྣམས་ཕྱོགས་གཅིག་ཏུ་ཐོགས་ནས་བྱིན་པའི་མོས་པ་མཛོད། སྐལ་ལྡན་ཁྱེད་རྣམས་ལྕང་ལོ་ཐོར་ཚུགས་འཆང་། །བྱུག་རྫས་བྱུག་ཅིང་རྒྱན་རྣམས་འདོགས་པ་དང་། །ཕྱག་མཚན་འཛིན་ཅིང་མཆོད་བསྟོད་ཕུན་ཚོགས་པས། །ཡི་དམ་འཁོར་ལོ་སྡོམ་པར་མངའ་གསོལ་ལོ། །ཨོཾ་ཨཱཧཱུཾ། ཞེས་བརྗོད། ཨོཾ་ཤྲཱི་ཙཀྲ་སམྦ་ར་ས་པ་རི་ཝཱ་ར་ཨབྷཾ་ནས། ཤཔྟའི་བར་གྱིས་མཆོད། ཆོས་དབྱིངས་རྣམ་དག་མ་དང་། དཔལ་ལྡན་སངས་རྒྱས་མཁའ་འགྲོ་མ་སོགས་ཀྱིས་བསྟོད། བརྒྱད་པ་དབང་དོན་ངོ་སྤྲད་པ་ནི། དེ་ལྟར་བུམ་པའི་དབང་ཐོབ་པས་སྦྱང་གཞི་ལུས་ལྷ་ལ། སྦྱང་བྱ་དམན་པར་འཛིན་པའི་དྲི་མ་སྦྱངས། སྦྱོང་བྱེད་བསྐྱེད་རིམ་བསྒོམ་པ་ལ་དབང་། སྦྱངས་འབྲས་མཆོག་གི་སྤྲུལ་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་གསང་


JKT007_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ལ་གསུམ་གྱི་དང་པོ་སྤྲོ་ན་མཎྜལ་དང་། གསོལ་བ་གདབ་པ་ནི། ཧེ་རུ་ཀ་དཔལ་འགྲོ་བའི་མགོན། །བཀའ་དྲིན་མཉམ་མེད་རྗེ་བཙུན་གྱིས། །བླ་མེད་གསང་བའི་དབང་གིས་ཀྱང་། །བདག་ཅག་སྨིན་པར་མཛད་དུ་གསོལ། །གཉིས་པ་དབང་དངོས་ནི། བླ་མ་ཡབ་ཡུམ་སྦྱོར་མཚམས་ནས། །ཨཱ་ལི་ཀཱ་ལིའི་རྒྱུན་བྱུང་བས། །རྩ་གསུམ་འཁོར་ལོ་བཞི་སོགས་གང་། །གསལ་དྭངས་ཐོགས་མེད་ལུས་སུ་གྱུར་པར་བསམ། །འཁོར་ལོ་སྡོམ་པ་ཡབ་ཡུམ་གྱི། །གསང་བ་སྐུ་ཡི་དཀྱིལ་འཁོར་ལས། །བྱུང་བའི་བྱང་སེམས་དཀར་དམར་གྱིས། །སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ། །ཨོཾ་བཛྲ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་ཅིང་བདུད་རྩི་ལྕེ་ཐོག་ཏུ་བྱིན། གསུམ་པ་དབང་དོན་ངོ་སྤྲད་པ་ནི། དེ་ལྟར་གསང་བའི་དབང་ཐོབ་པས་སྦྱང་གཞི་ངག་སྔགས་ལ། སྦྱང་བྱ་དམན་པར་འཛིན་པའི་དྲི་མ་སྦྱངས། སྦྱོང་བྱེད་གཏུམ་མོ་བསྒོམ་པ་ལ་དབང་། སྦྱངས་འབྲས་ཆོས་ཐམས་ཅད་བྲག་ཆ་ལྟར་སྟོང་པར་རྟོགས་པས་ཆོས་སྐུ་ཐོབ་པར་འགྱུར་རོ། །གསུམ་པ་ཤེར་དབང་ལ་གསུམ་གྱི་དང་པོ་སྤྲོ་ན་མཎྜལ་ཕུལ། གསོལ་བ་གདབ་པ་ནི། ཟག་མེད་བདེ་ཆེན་ལ་གནས་པའི། །བཅོམ་ལྡན་ཧེ་རུ་ཀ་དཔལ་གྱི། །བདེ་ཆེན་ལྷན་སྐྱེས་དབང་གིས་ཀྱང་། །བདག་ཅག་སྨིན་པར་མཛད་དུ་གསོལ། །གཉིས་པ་དབང་དངོས་ནི། གསང་སྔགས་བླ་མེད་དོན་རིག་པས། །


JKT007_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་ལ་རྨེ་གཙང་མེད་པ་དང་། །འཁོར་འདས་གཉིས་སུ་མི་རྟོག་པའི། །དམ་ཚིག་ཁྱོད་ཀྱིས་བསྲུང་ནུས་སམ། །ཞེས་སྤྲོ་བ་དྲིས་པས་ལན་བཏབ་པར་བསམས་ལ། གསང་སྔགས་བླ་མེད་སོགས་ཀྱི་མཐར། །དམ་ཚིག་བདག་གིས་བསྲུང་ནུས་སོ། །ཞེས་བརྗོད། རྗེ་བཙུན་མ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང་བ་རང་དང་མཉམ་པར་སྦྱོར་བས་སེམས་འོད་གསལ་དུ་ཐིམ་པར་བསམ། སྲེད་པའི་འདོད་ཆགས་སྤངས་ནས་ནི། །འཁོར་བའི་མཚོ་ལས་སྒྲོལ་བའི་ཐབས། །ཟག་མེད་དགའ་བཞིའི་དཔལ་སྐྱེད་པའི། །ཡེ་ཤེས་ལྷ་མོ་འདི་བཞེས་ཤིག །ཨོཾ་མ་ཧཱ་སུ་ཁ་པྲ་ཛྙཱ་ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུཾ། ཁ་ཊཾ་བཟུང་། གསུམ་པ་དབང་དོན་ངོ་སྤྲད་པ་ནི། དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པས་སྦྱང་གཞི་སེམས་ཀྱི་འཆར་སྒོ་སྣང་སྟོང་ཟུང་འཇུག་ལ། སྦྱང་བྱ་ཐབས་དང་གཉིས་སུ་འཛིན་པའི་དྲི་མ་སྦྱངས། སྦྱོང་བྱེད་ཕོ་ཉ་བསྒོམ་པ་ལ་དབང་། སྦྱངས་འབྲས་ཟུང་འཇུག་ལོངས་སྐུ་ཐོབ་པར་འགྱུར་རོ། །བཞི་པ་ཚིག་དབང་ལ་གསུམ་གྱི་དང་པོ་སྤྲོ་ན་མཎྜལ་ཕུལ། གསོལ་བ་གདབ་པ་ནི། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། ། མཆོད་ཆེན་ཇི་ལྟར་སྩལ་བ་ལྟར། །བདག་ཀྱང་སྐྱོབ་བའི་དོན་སླད་དུ། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །གཉིས་པ་དབང་དངོས་ནི་སྒོ་གསུམ་མཉམ་པར་བཞག་མཛོད། བུ་དེ་བཞིན་ཉིད་ཀྱི་ཡེ་ཤེས་ནི། །


JKT007_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་ཏུ་མི་འགྱུར་བདེས་གང་བ། །བདེ་མཆོག་འཁོར་ལོ་བདེ་བའི་མཆོག །དེ་ནི་རང་གི་སེམས་ཉིད་ཡིན། །ལྟོས་ཤིག་རང་གི་སེམས་ལ་ལྟོས། །རང་གི་སེམས་ལ་བལྟས་པས་ན། །དབང་བསྐུར་ལ་སོགས་སྣང་བ་རྣམས། །གདོད་ནས་རང་གི་སེམས་སུ་གསལ། །གསལ་ཙམ་ཉིད་ནས་སྟོང་པ་སྟེ། །སྟོང་པ་ཉིད་རང་གསལ་བའི་ཕྱིར། །སྣང་སྟོང་ཟུང་འཇུག་སེམས་ཀྱི་དོན། །སྨྲ་བསམ་བརྗོད་མེད་ཤེས་པར་གྱིས། ། གསུམ་པ་དབང་དོན་ངོ་སྤྲད་པ་ནི། །དེ་ལྟར་ཚིག་དབང་ཐོབ་པས་སྦྱང་གཞི་སྒོ་གསུམ་དབྱེར་མེད་བློ་འདས་བརྗོད་བྲལ། སྦྱང་བྱ་རྟོག་འཛིན་སྨྲ་བརྗོད་ཀྱི་དྲི་མ་སྦྱངས། སྦྱོང་བྱེད་བློ་འདས་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། སྦྱངས་འབྲས་ངོ་བོ་ཉིད་སྐུ་ཐོབ་པར་འགྱུར་རོ། །གཉིས་པ་མཐའ་རྟེན་ལ། བརྒྱུད་པ་སྨིན་གྲོལ་བཟླས་པ་དང་། ཞེས་པ་ལྟར་བཞི་ལས། དང་པོ་བརྒྱུད་པ་ཡིད་བཞིན་ནོར་བུའི་རྗེས་ཁོ་གནང་ནི། ནོར་བུ་སྤྱི་བོར་བཞག་སྟེ། སྤྲུལ་སྐུ་བླ་མ་ཡིད་བཞིན་གྱི། །ནོར་བུ་རིན་ཆེན་གཙུག་གི་རྒྱན། །རྡོ་རྗེ་འཆང་དང་དབྱེར་མེད་པའི། །བཀའ་བརྒྱུད་བླ་མའི་བརྒྱུད་པ་ཟུངས། །སྨོན་ལམ་ཡིད་བཞིན་ནོར་བུའི་རྗེས་གནང་ནི། རྣམ་རྒྱལ་བུམ་པ་ཐོགས་ལ། མཁྱེན་བརྩེས་འགྲོ་བ་རྗེས་བཟུང་ཕྱིར། །དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས། །དབང་བཞིས་སྐལ་ལྡན་གདུལ་བྱ་རྣམས། །སྨིན་བྱེད་ལས་ལ་བརྩོན་


JKT007_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱིས། །གྲོལ་ལམ་ཡིད་བཞིན་ནོར་བུའི་རྗེས་གནང་ནི། རལ་གྲི་ཐོགས་ལ། འགྲོ་ཀུན་འཁོར་བར་འཆིང་བྱེད་པའི། །མ་རིག་ཞགས་པ་ཇི་སྙེད་པ། །ཤེས་རབ་རལ་གྲིས་བཅད་ནས་ཀྱང་། ། རྣམ་གྲོལ་ལམ་ལ་འགོད་པར་གྱིས། བཟླས་པའི་རྗེས་གནང་ནི། །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པ་ལས། །སློབ་དཔོན་དཀྱིལ་འཁོར་གཙོ་བོ་ཡི། ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས། །སྔགས་ཕྲེང་གཉིས་པ་ཞལ་ནས་འཐོན། །རང་གི་ཁར་ཞུགས་སྙིང་གར་ནི། །པད་ཉིའི་སྟེང་དུ་ཧཱུྃ་གི་མཐར། །གཡོན་དུ་བསྐོར་ལས་འོད་འཕྲོས་པས། །ཕྲིན་ལས་རྣམ་བཞི་ཀུན་འགྲུབ་འགྱུར། །ཞེས་ཡབ་ཡུམ་གཉིས་ཀྱི་སྙིང་པོ་ཉེ་སྙིང་བཟླས་ཏེ་ཕྲེང་བ་ཐོགས་ལ། རིན་ཆེན་ཐོད་པའི་བགྲང་ཕྲེང་འདིས། །ཧེ་རུ་ཀ་དཔལ་འཁོར་བཅས་ཀྱི། །མཁྱེན་བརྩེའི་ཡེ་ཤེས་ཐུགས་རྒྱུད་ནི། །སྙིང་པོ་སྔགས་ཀྱིས་བསྐུལ་བར་གྱིས། །ཞེས་དང་། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །གཉིས་པ་ལུང་བསྟན་པ་ནི། རྡོར་དྲིལ་སྤྱི་བོར་བསྣོལ་ལ། །དཀྱིལ་འཁོར་འདིར་ནི་དབང་ཐོབ་པས། །དེང་ནས་རྡོ་རྗེ་སློབ་དཔོན་གྱི། །ལས་དང་


JKT007_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བ་མཐའ་དག་ཀུན། །འགྲོ་བའི་དོན་དུ་བསྒྲུབ་པ་ལ། །དབང་ཞིང་མ་འོངས་པ་ཡི་དུས། །མི་བསྐྱོད་རྡོ་རྗེ་ཞེས་བྱ་བའི། །དེ་བཞིན་གཤེགས་པར་བུད་མེད་རྣམས་ལ་གཤེགས་མར་འགྱུར་མཆན།འགྱུར་རོ་ཀྱེ། །གསུམ་པ་དབུགས་དབྱུང་བ་དང་། བཞི་པ་གཟེངས་བསྟོད་གཉིས་གཅིག་ཅར་དུ་བྱ་བ་ནི། ཟབ་མོའི་དབང་ནི་ཐོབ་ཙམ་གྱིས། །མི་མཐུན་ཕྱོགས་ལས་རབ་རྒྱལ་ཞིང་། །བྱང་ཆུབ་ཆེན་པོའི་ལམ་ཞུགས་པས། །ཁྱོད་རྣམས་དགའ་དང་སྤྲོ་བར་གྱིས། །ཞེས་བརྗོད། གསུམ་པ་རྗེས་ནི། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱིད། །ལན་གསུམ། བདག་གི་སྒོ་གསུམ་ལོངས་སྤྱོད་བཅས། །དེང་ནས་འདྲེན་པ་ཁྱེད་ལ་འབུལ། །ཉེས་ལྟུང་དྲི་མས་གོས་གྱུར་ན། །ཆ་ཡིས་སྤྱད་ཅིང་བསྐྱབ་ཏུ་གསོལ། །དེ་ནས་མཎྜལ་ཕུལ་ལོ། །སྤྱི་དོན་གསུམ་པ་དཀྱིལ་འཁོར་གྱི་རྗེས་ཆོག་ནི། གཏོར་བསྔོ་ཚོགས་མཆོད་སྐོང་བཤགས་དང་བཅས་པ་སོང་ནས། སླར་མཆོད་བསྟོད་ཕུལ། ཏིང་ངེ་འཛིན་གྱི་དབང་བཞི་ཞུ་བའི་ཚེ། དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོ་ཨོ་དཀར་པོ་ལས། ཞེས་སོགས་འདོན་པ་བསྒྱུར་ལ་དཀྱིལ་འཁོར་ལྷ་ཚོགས་ལས་དབང་བླང་། ཡིག་བརྒྱ་བཟླ་ཞིང་བཟོད་པར་གསོལ། །འདོད་དོན་གསོལ་བ་གདབ། དཀྱིལ་འཁོར་ཚོམ་བུ་ཡིན་ན། ཚོམ་བུའི་དཀྱིལ་འཁོར་རྟེན་དང་བཅས་པ་འོད་ཀྱི་རྣམ་


JKT007_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

པར་རང་གི་ཐུགས་ཀར་ཛ༔ཧཱུྃ་བཾ་ཧོ༔ ཚོམ་བུ་ནས་ཅུང་ཟད་མགོ་བོར་བཞག་དཀྱིལ་འཁོར་རས་བྲིས་ཡིན་ན། དཀྱིལ་འཁོར་རས་བྲིས་འདི་ཉིད་འབྱུང་བ་ས་ཆུ་མེ་རླུང་གི་གནོད་པས་མ་ཞིག་གི་བར་དུ་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དུ་གསོལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ནས། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་ཡེ་ཤེས་པ་རྣམས་རས་བྲིས་ལ་བསྟིམ། མཆོད་སྦྱིན་གནས་འདིར་གང་ལྷགས་པའི། །ཞེས་སོགས་ཀྱིས་འཇིག་རྟེན་པ་རྣམས་རང་གནས་སུ་སོང་བར་བསམ་ཞིང་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱི་ཚིགས་བཅད་དང་བཅས་པ་བརྗོད་དེ་ལས་ཀྱི་རྗེས་མི་མངོན་པར་བྱའོ།། ༈ །།གཉིས་པ་ཡུམ་བཀའ་ལྷན་ཅིག་སྐྱེས་མའི་བདག་འཇུག་གི་ཁྱད་པར་ལའང་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་རྡུལ་ཚོན་ནམ་རས་བྲིས་གང་རུང་གི་སྐུ་ཚོམ་བུའི་དཀྱིལ་འཁོར་རྡོ་ར་མེ་རིས་བསྐོར་བའི་ཆོས་འབྱུང་གི་ནང་དུ། པདྨ་འདབ་མ་བཞི་པའི་མཐར་དུར་ཁྲོད་ཀྱིས་བསྐོར་བའི་པདྨའི་ལྟེ་བར་ཚོམ་བུ་དམར་པོའམ། བཾ་ཡིག་དམར་པོ་འགོད། དེའི་དབུས་སུ་བར་བདུད་རྩིའི་དཀྱིལ་འཁོར་མཉྫིའི་ཁར་ཐོད་པ་མཚན་ལྡན་དུ་ནང་མཆོད་བདུད་རྩི་རིལ་བུ་དང་སྦྱར་བ་བླུགས། དེའི་ཁར་སིནྡྷ་རའི་དཀྱིལ་འཁོར་མཎྜ་ལར་བདུད་


JKT007_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཅུང་ཟད་བརླན་པར་སིནྡྷ་ར་ཁོད་སྙོམས་པར་བཀྲམ་ལ་པདྨ་འདབ་བརྒྱད་ཀྱི་དབུས་སུ་བཾ་ཡིག་གིས་མཚན་པ་བྲི། གཞན་མཆོད་གཏོར་སོགས་ཡབ་བཀའ་དང་འདྲ་ཞིང་དབང་རྫས་བུམ་པ་གཉིས་མ་གཏོགས་གཞན་དབུ་རྒྱན་སོགས་མི་དགོས། སྔོན་གཏོར་ནས་བརྩམས་ཏེ་བདག་བསྐྱེད་བཟླས་པ་དང་བཅོས་པ་དང་། བུམ་པ་བསྒྲུབ་པའི་བར་ཡུམ་བཀའི་དཀྱིལ་ཆོག་བཞིན་ལ། མདུན་བསྐྱེད་བསྒྲུབ་ཅིང་མཆོད་པའི་ཐོག་མར། ཐོད་པའི་ནང་དུ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མ་སྐད་ཅིག་གིས་གསལ་ལ་མཆོད་བསྟོད་ཕུལ། བཟླས་པ་ཅུང་ཟད་བྱ། ཛཧཱུྃ་བཾ་ཧོ༔ ཡེ་ཤེས་པ་རང་ལ་ཐིམ། དམ་ཚིག་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བདུད་རྩིར་ཞུ་བར་བསམས་ལ། ཨོཾ་ཨཱ༔ཧཱུྃ་ཞེས་བརྗོད། དེ་ནས་འོག་ཚོམ་བུའི་དཀྱིལ་འཁོར་གྱིས་སྤྲུལ་སྐུ་དང་། བར་བདུད་རྩིའི་དཀྱིལ་འཁོར་གྱིས་ལོངས་སྐུ་མཚོན་པའི་དོན་དྲན་པས། སྟེང་ཆོས་སྐུ་མཚོན་པའི་སིནྡྷུ་རའི་དཀྱིལ་འཁོར་བསང་སྦྱང་སོགས་མདུན་བསྐྱེད་དཀྱུས་བཞིན་བྱའོ། །གཉིས་པ་དངོས་གཞིའི་ཁྱད་པར་ལ། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་བཅུ་གཉིས་ལས། གསོལ་འདེབས། རྗེ་བཙུན་མ་དང་དབྱེར་མེད་པའི། དགའ་ཆེན་ཁྱོད་བདག་སོགས་ཁ་བསྒྱུར་བས་མཚོན་གོང་འོག་གི་ཁྱད་པར་ཕྲ་མོ་རྣམས་མཆན་བུས་གསལ་བ་ལྟར་མ་གཏོགས་


JKT007_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འདྲ། ཞུགས་ནས་དབང་བླང་བའི་ཆོས་བརྒྱད་ལས། །གཉིས་པ་སྒོ་གསུམ་བཻ་དུ་བསྒྱུར་བ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སྒོ་གསུམ་གྱི་དྲི་མ་སྦྱངས། ལུས་འོད་ཀྱི་གོང་བུའི་རྣམ་པས་ཞལ་དུ་དྲངས། ཐུགས་ཀར་རྗེས་ཆགས་ཀྱི་མེས་འོད་དུ་ཞུ། བདེ་བ་ཆེན་པོའི་རང་བཞིན་ཐིག་ལེར་གྱུར་པ་མཁའ་ནང་དུ་ལྷུང་བས་ཡི་གེ་བོ་དུ་གྱུར་པ་སླར་ཡང་ཐུགས་ཀ་ནས་སྤྲོས་ཏེ་པད་ཉི་རོའི་གདན་ལ་བཞག་པར་བསམ། ཐཾ་ཞེས་རང་གི་ལག་པ་སྤྱི་བོར་རེག །གསུམ་པ་ལྷར་བསྐྱེད་པ་ནི། བོ་ཡོངས་སུ་གྱུར་པ་ལས་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སོགས་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། བཞི་པ་གོ་ཆ་བགོ་བ་ནི། རང་གི་ལྟེ་བར་ཨོཾ་བཾ་ཕག་མོ་དམར་མོ་སོགས་ནས་རང་བཞིན་མེད་པར་གྱུར། ལྔ་པ་ཡེ་ཤེས་དབབ་པ་ནི། དེའི་སྤྱི་བོར་ཨོ་སོགས་ནས། ཛཧཱུྃ་བཾ་ཧོ༔བར་བདག་བསྐྱེད་ལྟར་གསལ་གདབ། སྤྲོ་ན་སྔགས་ཀྱི་མཐར། བཛྲ་ཛྷཱ་ན་ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཛ༔ཧཱུྃ་བཾ་ཧོ། ཞེས་བརྗོད་ཅིང་ཌ་དྲིལ་འཁྲོལ། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཅིང་། ཨོ་ཤཱི་ཛྷཱ་ན་ཡོ་གི་ནི་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། དྲུག་པ་དབང་བསྐུར་བ་ནི། བླ་མ་རྗེ་བཙུན་རྣལ་འབྱོར་མས། །བདག་ལ་མངོན་པར་དབང་བསྐུར་གསོལ། །ལན་གསུམ། རྣལ་འབྱོར་མ་དཔལ་འཁོར་བཅས་ཀྱི།


JKT007_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས། ཆེན་པོ་སྦྱིན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ས་མ་ཡ་ཤྲཱི་ཧཱུྃ། ཞེས་གསུང་ཞིང་རིགས་ལྔ་འཁོར་བཅས་ཀྱིས་གླུ་དང་རོལ་མོ་འདོད་ཡོན་སྣ་ཚོགས་པས་མཆོད་པའི་ངང་ནས་རིན་པོ་ཆེའི་བུམ་པ་ཀླུ བདུད་རྩིས་གང་བས་དབང་བསྐུར། སྐུ་གང་། དྲི་མ་ཐམས་ཅད་དག་བདུད་རྩིའི་རྒྱུན་ཡར་ལུད་དེ་སྤྱི་བོར་འཁྱིལ་པ་རྣམ་སྣང་དུ་གྱུར་ནས་དབུ་བརྒྱན་པར་བསམ། བདུན་པ་མངའ་གསོལ་བ་ནི། སྐལ་ལྡན་ཁྱེད་རྣམས་ནས། ཡི་དམ་རྡོ་རྗེ་ཕག་མོར་མངའ་གསོལ་ལོ། །ཨོཾ་ཨཱཿཧཱུཾ། དེ་ནས་སྐབས་འདིར་ཡུམ་བཀའི་ཁྱད་ཆོས་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བླང་བ་ནི་རྣལ་འབྱོར་བདག་གི་སྒོ་གསུམ་ལ། །བླ་མ་རྗེ་བཙུན་རྣལ་འབྱོར་མས། །རྡོ་རྗེའི་སྐུ་གསུང་ཐུགས་ཀྱིས་ནི། །བྱིན་གྱིས་རློབ་པར་མཛད་དུ་གསོལ། །ཞེས་སམ། ཡང་ན། བླ་མ་དང་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་བདག་གི་ལུས་ངག་ཡིད་གསུམ་ཆ་མཉམ་དང་བཅས་པ་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ། ལན་གསུམ། ཞེས་གསོལ་བ་བཏབ་པས། བླ་མ་རྡོ་རྗེ་རྣལ་འབྱོར་མའི་སྤྱི་བོར་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། ཁྱོད་རང་གི་སྤྱི་བོར་ཐིམ། སྐུ་ལས་ཀྱང་སྐུ་དཔག་ཏུ་མེད་པ་འཕྲོས། ལུས་ལ་ཐིམ་པས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་


JKT007_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྱང་ཞིང་དག་པར་བྱས། སྐུ་བུམ་པའི་དབང་ཐོབ། ལུས་སྐུ་རྡོ་རྗེའི་རང་བཞིན་དུ་བྱིན་གྱིས་བརླབས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར་པར་བསམ། དེ་བཞིན་དུ། མགྲིན་པའི་ཨཱདམར་པོ་ལས་འོད་ཟེར་དམར་པོ་ཁྱེད་རང་གི་མགྲིན་པར༴ ཞལ་ནས་ཀྱང་ཨཱ་ལི་ཀཱ་ལི་ལ་སོགས་ཏེ་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་འཕྲོས། ལྕེ་ལ་ཐིམ ངག་གི་སྒོ་ནས༔ གསུང་གསང་བའི༴ ངག་གསུང་རྡོ་རྗེའི་ལམ་གཏུམ་མོ༔ འབྲས་ངག་དང་ཆོས་སྐུ་སྦྱར་བ་འདིའི་ཆོས་སྐད་དམིགས་བསལ་བུ་ཆོས་སྐུ༔ ཐུགས་ཀའི་ཧཱུཾ་སྔོན་པོ༴ སྙིང་གར༴ སླར་ཡང་རྡོ་རྗེ་དྲིལ་བུ་གྲི་གུག་ཐོད་པ་ཌཱ་མ་རུ་ཁ་ཊཾ་ག་སོགས་ཕྱག་མཚན་དཔག་ཏུ་མེད་པ་འཕྲོས། སྙིང་གར༴ ཡིད་ཀྱི༔ ཐུགས༔ ཤེས་རབ༔ ཡེ་ཤེས་ཀྱི༴ ཡིད༔ ཐུགས་རྡོ་རྗེའི= ལམ་ཕོ་ཉའབྲས་བུ་ལོངས་སྐུ༔ སླར་ཡང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་ལས་རང་འདྲ་བའི་སྐུ་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱེ་སྟེ་བྱོན་པ་འོད་དུ་ཞུ་ནས་ཁྱེད་རང་ལ་ཐིམ་པས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་སྒོ་གསུམ་ཆ་མཉམ་གྱི་སྒོ་ནས་བསགས་པའི༴ བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། སྒོ་གསུམ་སྐུ་གསུང་ཐུགས་རྡོ་རྗེའི༴ ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་


JKT007_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར་པར་བསམ། དེ་བརྟན་པར་བྱ་བའི་ཕྱིར། ཨོཾ་ཨཱཧཱུཾ། ཞེས་གཡོན་པའི་སྲིན་ལག་གིས་མཎྜལ་གྱི་སིནྡྷ་ར་ལེན་པའི་ཚུལ་བྱས་ལ་རང་གི་གནས་གསུམ་དུ་རེག །ཛཧཱུྃ་བཾ་ཧོ༔ ཞེས་ལག་གཉིས་ཀྱིས་དཀྱིལ་འཁོར་སྤྱི་བོར་ལེན་པའི་ཚུལ་བྱ། སྤྲོ་ན། གསོལ་འདེབས་ཀྱི་ཚིག་ཕྲལ་ཏེ་སོ་སོའི་མགོར་སྦྱར་བ་དང་། མཚམས་རྣམས་སུ་སྙིང་པོ་དང་ཉེ་སྙིང་བརྗོད་ཅིང་སྤྲོས་རོལ་བྱ། གསུམ་པ་མཐའ་རྟེན་ལ། རྗེས་གནང་ལུང་བསྟན་དབུགས་དབྱུང་དང་། །གཟེངས་བསྟོད་བྱིན་རླབས་བདུད་རྩི་བསྟེན། །སྨོན་ལམ་བཏབ་དང་བདུན་ཡིན་ནོ། །ཞེས་པས་དང་པོ་རྗེས་གནང་དང་། གཉིས་པ་ལུང་ཟླ བསྟན་ལྷན་ཅིག་ཏུ་བྱ་བ་ནི། རྡོར་དྲིལ་སྤྱི་བོར་བསྣོལ་ལ། དཀྱིལ་འཁོར་འདིར་ནི་དབང་ཐོབ་པས། སོགས། གསུམ་པ་དབུགས་དབྱུང་དང་བཞི་པ་གཟེངས་བསྟོད་ཡབ་བཀའ་དང་འདྲ། ལྔ་པ་བྱིན་རླབས་ནི་དངོས་གཞིའི་དབང་གི་སྐབས་སུ་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབས་པ་དེས་འཐུས་ཤིང་། དྲུག་པ་གཉིས་མེད་བདུད་རྩི་བསྟེན་པ་ནི། དཀྱིལ་འཁོར་ཐོད་པའི་བདུད་རྩི་གཡོན་དུ་བཟུང་བའི་ཁ་ལག་གཡས་པས་བཀབ་པའི་ཚུལ་དང་བཅས་རྣལ་འབྱོར་མ་དཔལ་བདུད་རྩིའི་གཟུགས། །བདུད་རྩི་རྣལ་འབྱོར་མ་རང་ཡིན། །ཐབས་ཤེས་གཉིས་མེད་བདུད་རྩི་འདི། །གང་བསྟེན་གྲོལ་ལོ་བུ་རྣམས་ཀྱི། །རྩ་


JKT007_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་བླ་མ་ཐམས་ཅད་ཀྱང་། །གཉིས་མེད་བདུད་རྩི་བསྟེན་པས་གྲོལ། །ཡི་དམ་ལྷ་ཚོགས་ཐམས་ཅད་ཀྱང་། །གཉིས་མེད་བདུད་རྩི= །མ་དང་མཁའ་འགྲོ་ཐམས་ཅད་ཀྱང་། །གཉིས་མེད་བདུད་རྩི༴ །ཆོས་སྐྱོང་མ་མགོན་ལྕམ་དྲལ་ཡང་། །གཉིས་མེད༴ །རྡོ་རྗེ་མཆེད་ལྕམ་ཐམས་ཅད་ཀྱང་། །གཉིས་མེད་བདུད་རྩི་བསྟེན་པས་གྲོལ། །དེ་ཕྱིར་སྐལ་ལྡན་ཁྱོད་རྣམས་ཀྱང་། །རྡོ་རྗེ་ཕག་མོ་ཞུ་བ་ཡི། །གཉིས་མེད་བདུད་རྩི་འདི་བསྟེན་པས། །གྲོལ་བར་འགྱུར་རོ་བུ་རྣམས་ཀྱེ། །ཞེས་བརྗོད་ཅིང་ལྕེ་ཐོག་ཏུ་བླངས། བདུན་པ་འབྲལ་མེད་སྨོན་ལམ་གདབ་པ་ནི། བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་རྡོ་རྗེ་སྤུན། །མཁྱེན་བརྩེ་ལྡན་པའི་མཆོད་འོས་ཀུན། །བདག་ལ་བརྩེ་བས་དགོངས་སུ་གསོལ། །བདག་སོགས་སེམས་ཅན་ཐམས་ཅད་ནི། །དེང་ནས་བྱང་ཆུབ་མ་ཐོབ་བར། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཆོས་སྐྱོང་སྲུང་མ་རྡོ་རྗེ་སྤུན། །ཚོགས་ཞིང་དམ་པ་རྣམས་དང་ནི། །ནམ་ཡང་མི་འབྲལ་འགྲོགས་པར་ཤོག །དམ་ཆོས་མཁའ་འགྲོའི་གསང་ཚིག་དང་། །ནམ་ཡང་ཟླ །དེ་ལྟར་གྱུར་པའི་མཐུ་ནུས་ཀྱིས། །བརྒྱུད་པའི་རྣམ་ཐར་འཁྱོངས་པ་དང་། །རྒྱུ་དང་མི་རྒྱུའི་འགྲོ་བ་ཀུན། །བདག་གིས་སྨིན་ཅིང་གྲོལ་བར་ཤོག །རྗེས་ཀྱི་ཆོས་རྣམས་འདྲའོ། །གསུམ་པ་དཀྱིལ་འཁོར་གྱི་རྗེས་ཆོག་སྐབས།


JKT007_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་འདྲ་བ་ལ། བསྡུ་རིམ་གྱི་ཚེ། འོག་སྤྲུལ་སྐུའི་དཀྱིལ་འཁོར་འོད་དུ་ཞུ་ནས་བར་ལོངས་སྐུའི་དཀྱིལ་འཁོར་དང་། དེ་ཆོས་སྐུའི་དཀྱིལ་འཁོར་ལ་ཐིམ། དེ་ཉིད་རྟེན་དང་བརྟེན་པར་བཅས་པ་ཛཧཱུྃ་བཾ་ཧོ༔ རང་ལ་ཐིམ་པར་བསམས་ལ། དབུས་ཀྱི་པཾ་ཡིག་ནས་མཐེབ་སྲིན་གྱི་བླངས་ལ་དཔྲལ་བར་ཐིག་ལེ་བྱའོ། །ཡབ་ཡུམ་གྱི་དཀྱིལ་འཁོར་འདི་དག་ཏུ་སློབ་མ་རྗེས་སུ་འཛིན་ན། བདག་འཇུག་ཡན་གྲུབ་ནས། སློབ་མ་རྣམས་ཁྲུས་བྱས། བགེགས་ཕྲལ། སྲུང་འཁོར་བསྒོམ། མཎྜལ་ཕུལ། རྗེས་ལོ་རྒྱུས་ཇི་ལྟར་རིགས་པ་དང་། འཇུག་པའི་ཆོས་བཅུ་གཉིས་པ་དཀྱིལ་འཁོར་བསྟན་པའི་སྐབས། དེ་ལྟར་དཀྱིལ་འཁོར་ལ་བལྟ་བར་བསྐུལ་ཞིང་སྤྲོ་བ་བསྐྱེད་པ་སྔོན་དུ་འགྲོ་བས། གང་ལ་བལྟ་བའི་དཀྱིལ་འཁོར་ནི། འདི་ན་བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། དེའང་ནམ་མཁའི་དབྱིངས་སུ་ཆོས་ཀྱི་འབྱུང་གནས་ཁ་སྦྱོར་གྱི་ནང་དུ་པདྨ་དང་ཉི་མའི་དཀྱིལ་འཁོར། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་སོགས་བསྐྱེད་ཆོག་དོར་བས། །དཔའ་བོ་དང་མཁའ་འགྲོ་མ་དཔག་ཏུ་མེད་པས་གང་བ་སྟེ། མདོར་ན་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་སུམ་བཞིན་དུ་མཐོང་བར་མོས་ཏེ་དད་གུས་དང་སྤྲོ་བ་ཁྱད་པར་ཅན་བསྐྱེད་འཚལ། ཞེས་པ་ལྟ་བུ་རྒྱས་བསྡུས་ཇི་ལྟར་རིགས་པས་བརྡ་སྤྲད།


JKT007_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་བཀའི་སྐབས། འདི་ན་དངོས་གྲུབ་ཀུན་གྱི་འབྱུང་གནས་བླ་མ་རྡོ་རྗེ་སློབ་དཔོན་གྱི་སྐུ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། དེས་མཚོན་ཏེ་མདུན་གྱི་འོག་ཚོམ་བུའི་དཀྱིལ་འཁོར་གྱིས་སྤྲུལ་སྐུ། བར་བདུད་རྩིའི་དཀྱིལ་འཁོར་གྱིས་ལོངས་སྐུ། སྟེང་སིནྡྷུ་རའི་དཀྱིལ་འཁོར་གྱིས་ཆོས་སྐུ་མཚོན་ལ། མཚོན་བྱ་ཆོས་ཀྱི་སྐུ་ཉིད་མཚོན་བྱེད་གཟུགས་ཀྱི་རྣམ་པར་ཤར་བ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྷན་ཅིག་སྐྱེས་མའི་ཡེ་ཤེས་ཀྱི་དཀྱིལ་འཁོར་བཞུགས་པ་ཡིན་ཏེ། དེའང་ནམ་མཁའི་དབྱིངས་སུ་ཆོས་ཀྱི་འབྱུང་གནས་སོགས་ཁྲིད་ཡིག་གི་ཡུམ་བཀའ་མངོན་རྟོགས་ལྟར་བརྡ་སྤྲད་པས་མཚོན་གོང་འོག་ཀུན་ཏུ་མཚམས་སྦྱོར་གྱི་ཁྱད་པར་རྣམས་མ་འཁྲུལ་བར་སྦྱར་ཤེས་པར་བྱའོ། །ཞེས་པའང་ལམ་འདི་ལ་མཁས་ཤིང་དངོས་གྲུབ་བརྙེས་པའི་དམ་པ་སྔ་མ་དག་གིས་མཛད་པའི་ཡབ་བཀའ་ལྷན་སྐྱེས་ཀྱི་བདག་འཇུག་ལ། སྦྱོར་བའི་སྐབས་སོགས་སུ་གསལ་བྱེད་ཅུང་ཟད་དང་། ཡུམ་བཀའི་ཁྱད་པར་རྣམས་ཀྱང་བསྣན་ནས་མདོར་བསྡུས་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་སྟེ། དགེ་བས་འགྲོ་ཀུན་དཔལ་ཧེ་རུ་ཀའི་གོ་འཕང་མཆོག་ལ་རེག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།


previousབདེ་མཆོག་མཁའ་འགྲོ་སྙན་བརྒྱུད་ལྷན་སྐྱེས་ཡབ་ཡུམ་གྱི་བདག་འཇུག་ཉེ་བར་བསྡུས་པ།next