པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་སྙན་བརྒྱུད་ཡི་གེ་མེད་པའི་ཆོས་སྡེ་སྐུ་གསུམ་རིགས་འདུས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས།
པདྨའི་ཞལ་གདམས་རྩ་གསུམ་མཐོང་བ་རང་གྲོལ་གྱི་སྙན་བརྒྱུད་ཡི་གེ་མེད་པའི་ཆོས་སྡེ་སྐུ་གསུམ་རིགས་འདུས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །ཨེ་མ་ཧོ༔ འོག་མིན་རྣམ་དག་གདོད་མའི་ཞིང་ཁམས་ནས། །ཆོས་སྐུའི་བླ་མ་ཀུན་བཟང་ཡབ་ཡུམ་ལ། །གསོལ་བ་འདེབས་སོ་འཇའ་ལུས་འགྲུབ་པར་ཤོག །ངེས་པ་ལྔ་ལྡན་ལོངས་སྐུའི་ཞིང་ཁམས་ནས། །ལོངས་སྐུའི་བླ་མ་རྡོར་སེམས་རིགས་ལྔ་ལ། །གསོལ་བ་འདེབས་སོ་འཇའ་ལུས༴ །སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱ་ན། །སྤྲུལ་སྐུའི་བླ་མ་དགའ་རབ་རྡོ་རྗེ་ལ། །གསོལ་བ་འདེབས་སོ༔ འཕགས་པའི་ཡུལ་གྱི་དུར་ཁྲོད་བརྒྱད་སོགས་ནས། །པཎ་གྲུབ་རིག་འཛིན་གྲུབ་ཆེན་བརྒྱད་རྣམས་ལ། །གསོལ་བ་འདེབས་སོ༴ །བྲག་དམར་བསམ་ཡས་དབུ་རྩེ་རིགས་གསུམ་ནས། །ཨོ་རྒྱན་པདྨ་རྗེ་འབངས་གྲོགས་གསུམ་ལ། །གསོལ་བ་འདེབས་སོ༴ །ཤཱནྟ་པུ་རི་སྔགས་ཀྱི་གྲོང་ཁྱེར་ནས། །བརྡ་ཤོག་བཀའ་བབས་པྲཛྙཱ་རསྨི་ལ། །གསོལ་བ་འདེབས་སོ༴ །ལས་རླུང་རྣམ་དག་དབུ་མའི་ཕོ་བྲང་ནས། །དོན་བརྒྱུད་བཀའ་བབས་པདྨ་དབང་ཆེན་ལ། །གསོལ་བ་འདེབས་སོ༴ །དེ་ལྟར་གསོལ་བཏབ་རྩེ་གཅིག་དད་པའི་མཐུས། སྣང་སྲིད་འཁོར་འདས་སྐུ་གསུམ་རིགས་འདུས་ཀྱི། །ལྷ་སྔགས་ཆོས་ཉིད་ངོ་བོར་རྒྱས་ཐེབས་ནས། །སྐུ་གསུམ་པདྨ་འོད་དུ་
གྲོལ་བར་ཤོག །ཁྱད་པར་རྫོགས་ཆེན་འབུམ་ཕྲག་དྲུག་ཅུ་བཞིའི། །རྒྱུད་ཀྱི་བཅུད་ཐིག་པདྨའི་ཐུགས་ཀྱི་མཐིལ། །སྙན་བརྒྱུད་ཡི་གེ་མེད་པའི་རྫོགས་རིམ་གྱིས། །རིག་འཛིན་བླ་མའི་དཀྱིལ་འཁོར་བསྒྲུབས་པའི་མཐུས། །རླུང་སེམས་དབུ་མའི་གནས་སུ་ཆུད་པར་ཤོག །ཡས་བབས་མས་བརྟན་དགའ་བཞིའི་འགྲོས་བཟང་པོས། །ཀུན་རྫོབ་བྱང་སེམས་དབབ་ཟློག་རྩལ་འབྱོངས་ཏེ། །འཁོར་ལོ་དྲུག་གི་རྩ་མདུད་གྲོལ་ནས་ཀྱང་། །དོན་དམ་བྱང་སེམས་བཅུད་དུ་སྨིན་པར་ཤོག །འབྱུང་བཞི་ཟད་སར་ཟབ་མོའི་ཏིང་འཛིན་གྱིས། །རགས་ལུས་མི་སྣང་སྤྲུལ་བསྒྱུར་རྩལ་ཆེན་འབྱོངས། །དོན་དམ་རིག་པ་ཚད་ལ་ཕེབས་པའི་ཀློང་། །སྣང་བཞིའི་རྩལ་རྫོགས་འཇའ་ལུས་འགྲུབ་པར་ཤོག །ཅེས་པའང་ལུང་བསྟན་དུས་ལ་བབ་པའི་ཚེ། སྒྲུབ་བརྩོན་ཀཱིརྟིའི་མཚན་ཅན་སོགས་འགས་སྐུལ་མ་གནང་བ་བཞིན་ཨོཌི་ཡཱ་ནའི་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་མཁྱེན་བརྩེའི་ལྷས་སོ།། །།མངྒ་ལཾ།། །།