སྲིད་ཞི་མཉམ་ཉིད་ཀྱི་ལྟ་བའི་ཁྲིད།
སྲིད་ཞི་མཉམ་ཉིད་ཀྱི་ལྟ་བའི་ཁྲིད་བཞུགས་སོ།
ན་མོ་གུ་རུ་ཨཱརྱ་མཉྫུ་ཤྲི་ཡེ། རྟེན་འབྲེལ་སྣ་ཚོགས་ལ་བརྟེན་ནས། །གནས་ལུགས་ཇི་བཞིན་སྟོན་བྱ་སྟེ། །སྐྱབས་སོང་ཚོགས་བསགས་སྒྲིབ་པ་སྦྱངས། །རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་སྒོམ། །སྐུ་གསུང་ཐུགས་ཀྱི་རང་བཞིན་དང་། །ཟབ་མོ་གདམས་པ་བདག་གིས་ནི། །སྐལ་ལྡན་བྱང་ཆུབ་སྒྲུབ་པ་པོས། །སྣང་སྟོང་འཁོར་འདས་ཆོས་རྣམས་ཀུན། །རྟེན་འབྲེལ་གང་ཡང་རང་བཞིན་མེད། །ཏིང་ངེ་འཛིན་ལ་མཉམ་པར་བཞག །ལུས་ངག་ཡིད་གསུམ་ཕུང་པོའི་ཚོགས། །གང་ཡང་བདག་ཏུ་མ་གྲུབ་ལ། །དེ་ལས་གཞན་དུ་བདག་མེད་པས། །བདག་མེད་དོན་འདི་ཤེས་པར་བྱ། །ཕུང་པོ་ལྔ་དང་སྐྱེ་མཆེད་དང་། །འབྱུང་བ་འབྱུང་འགྱུར་དགེ་མི་དགེ །སྣང་སྟོང་འཁོར་འདས་ཆོས་རྣམས་ཀུན། །རྟེན་འབྲེལ་
གང་ཡང་རང་བཞིན་མེད། །སྐྱེ་འགག་གནས་པ་དང་བྲལ་ཞིང་། །ཡོད་མེད་ཡིན་མིན་བརྗོད་ལས་འདས། །སྤྲོས་བྲལ་དབྱེར་མེད་ཟབ་ཞི་འདི། །གང་གིས་ཤེས་པས་མྱ་ངན་འདས། །སྲིད་ཞི་མཉམ་ཉིད་ཀྱི་ལྟ་བའི་ཁྲིད་ཀྱི་རྡོ་རྗེའི་ཚིག་དགེའོ།། །།བླ་མ་དང་རྗེ་བཙུན་མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །འདིེར་སྲིད་ཞི་མཉམ་ཉིད་ཀྱི་ལྟ་བའི་ཁྲིད་སྟོན་པར་བྱེད་པ་ལ་དོན་གསུམ་སྟེ། སྔོན་འགྲོ་དང་། དངོས་གཞི་དང་། རྗེས་ལ་ངོ་སྤྲད་པའོ། །དེ་ཡང་རྟེན་འབྲེལ་སྣ་ཚོགས་ལ་བརྟེན་ནས་གནས་ལུགས་ཇི་བཞིན་སྟོན་བྱ་སྟེ། ཞེས་གསུངས་པ་ནི་ཐམས་ཅད་ཀྱིས་མདོར་བསྟན་པའོ། །དེ་ནས་རིམ་པ་བཞིན་དུ་བསྟན་པར་བྱ་སྟེ། དང་པོ་སྔོན་འགྲོ་གསུངས་པ་ནི། །སྐྱབས་སོང་ཚོགས་བསགས་སྒྲིབ་པ་སྦྱངས། །ཞེས་བྱ་བ་ལ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་
འབྱོར་སྒོམ་པ་དང་། །ཚོགས་བསག་པར་བྱེད་པ་མཎྜལ་གྱི་ཁྲིད་དང་། །སྒྲིབ་པ་སྦྱོང་བར་བྱེད་པ་ཡི་གེ་བརྒྱ་པའི་སྒོམ་བཟླས་བྱ། །ཕལ་ཆེ་བ་གཞན་དུ་ཤེས་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས་ལས་ཙམ་པོ་དང་། ཁྱད་པར་ཅན་ནོ། །དང་པོ་ནི། རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་སྒོམ་ཞེས་གསུངས་པ་ལ་འཁོར་བ་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་དང་། །ཉེས་པ་ཐམས་ཅད་ཀྱི་རྩ་བ་མ་རིག་པ་ཡིན་པར་ཤེས་པར་བྱ་བའི་ཕྱིར་དུ། །རྟེན་འབྲེལ་ལུགས་འབྱུང་དང་ལུགས་བཟློག་བསྒོམ་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བདག་ལྟ་ངར་འཛིན་སྤངས་ནས། །གནས་ལུགས་ཀྱི་དོན་རྟོགས་དགོས་པར་ཤེས་པར་བྱ་བའི་ཕྱིར་དུ། རྟེན་འབྲེལ་ལུགས་འབྱུང་བསྒོམ་པ་དང་། ལུགས་བཟློག་སྒོམ་པ་གཉིས་ཀྱི་དང་པོ་ནི། ལུགས་འབྱུང་བསྒོམ་པ་ནི། མ་རིག་པ་ནི་བདག་ཏུ་འཛིན་པ་སྟེ། ཕུང་པོ་ལྔ་ཚོགས་པ་ལ་བརྟེན་ནས་འབྱུང་བ་ལ་གང་ཟག་དང་། སེམས་ཅན་དུ་བཟུང་བ་སྟེ། དེ་ཡང་བདག་འཛིན་གྱི་དབང་དུ་གྱུར་པའི་ནམ་རང་གིས་རང་ཉིད་ལ་བདག་མེད་པ་ལ་བདག་ཏུ་བཟུང་བ་དང་། མི་གཙང་བ་ལ་གཙང་བར་དང་། མི་བདེ་བ་ལ་བདེ་བར་བཟུང་བ་སྟེ། ཕྱིན་ཅི་ལོག་བཞིའི་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་བརྟེན་ནས། འདི་ནི་བདག་གི་གཉེན་དང་བཤེས་དང་། གྲོགས་དང་ཉེ་འབྲེལ་རྣམས་ཡིན་ཏེ། བདག་ལ་ཕན་བཏགས་པ་དང་། བདག་གི་ཕྱོགས་ཡིན་ནོ་ཞེས་བསམས་ནས་འདོད་ཆགས་ཀྱིས་ཀུན་ནས་བསྐྱེད་པའི་ལས་དཔག་མེད་གསོག་པོར་བྱེད་དོ། །ཡང་འདི་ནི་བདག་གི་དགྲ་ཡིན་ནོ། །གནོད་བྱེད་མི་མཐུན་པའི་ཕྱོགས་ཡིན་ནོ་
ཞེས་བསམས་ནས། ཞེ་སྡང་གིས་ཀུན་ནས་བསྐྱེད་པའི་ལས་དཔག་མེད་གསོག་པར་བྱེད་དོ། །དེ་བཞིན་དུ་རང་དང་རང་གི་ཕྱོགས་སུ་མངོན་པར་རློམ་སྟེ་བཟུང་བ་རྣམས་ལ་ནི། བདེ་སྐྱིད་དང་། སྙན་གྲགས་དང་། ལོངས་སྤྱོད་དང་། རྙེད་བཀུར་དང་། ཕུན་སུམ་ཚོགས་པ་འབའ་ཞིག་ཡོད་པར་བྱེད་འདོད་པའི་འདོད་ཆགས། ཡང་རང་གི་དགྲ་དང་། མི་མཐུན་པའི་ཕྱོགས་མངོན་པར་བཟུང་བ་རྣམས་ཀྱིས་ནི་མི་སྙན་པ་དང་། གྲགས་པ་ངན་པ་དང་། དབུལ་ཞིང་འཕོངས་པ་དང་། ཚེ་ཐུང་བ་དང་། ནང་མང་བ་དང་། བཀྲ་མི་ཤིས་པ་དང་། ཉེས་པའི་ཚོགས་འབའ་ཞིག་འོང་བར་དོགས་པའི་ཞེ་སྡང་དང་། དེ་ལྟར་ཆགས་སྡང་གཉིས་ཀྱི་དབང་དུ་གྱུར་ནས། འཁྲུག་པ་དང་། འཐབ་རྩོད་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་ལྟ་དང་། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། ངག་འཁྱལ་བ་དང་། ཚིག་རྩུབ་པ་དང་། ཕྲ་མ་དང་བརྫུན་དང་། གཞན་ཡང་ཕྲག་དོག་དང་འགྲན་སེམས་དང་། བརྙས་ཆོས་དང་། ང་རྒྱལ་དང་ཉོན་མོངས་པ་རྣམས་ཆུ་བོའི་རྒྱུན་བཞིན་དུ་བྱུང་ནས། སྡིག་པའི་ཚོགས་དཔག་ཏུ་མེད་པ་བསགས་ནས། ངན་སོང་འཁོར་བ་མཐའ་མེད་ཀྱི་སྡུག་བསྔལ་བཟོད་གླགས་མེད་པར་མྱོང་བའི་རྒྱུར་གྱུར་པའི་འདུ་བྱེད་ཀྱི་ཚོགས་འབྱུང་བ་འདི་བདག་ཏུ་འཛིན་པ་ཁོ་ན་ལ་བརྟེན་ནས་འབྱུང་བའོ། །འདུ་བྱེད་དེ་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་བའོ། །དེ་ལ་བརྟེན་ནས་མིང་དང་གཟུགས་ཏེ། མིང་ནི་བཞི་སྟེ། ཚོར་
བ། འདུ་ཤེས། འདུ་བྱེད་དང་། རྣམ་པར་ཤེས་པའོ། །གཟུགས་ནི་ཕ་མའི་ཁུ་ཁྲག་འདྲས་ནས་ནུར་ནུར་པ་ལ་སོགས་པ། རིམ་བཞིན་འབྱུང་བ་རྣམས་སོ། །མིང་དང་གཟུགས་ལ་བརྟེན་ནས་སྐྱེ་མཆེད་རྣམས་འབྱུང་བ་སྟེ། དབང་པོ་དང་། རྣམ་པར་ཤེས་པ་དང་། ཡུལ་གསུམ་ཚོགས་པ་ལ་བརྟེན་ནས། རེག་པ་འབྱུང་བའོ། །དེ་ལ་བརྟེན་ནས་བདེ་སྡུག་བཏང་སྙོམས་པ་གསུམ་ཉམས་སུ་མྱོང་བར་བྱེད་པའི་ཚོར་བ་འབྱུང་བའོ། །དེ་ལ་བརྟེན་ནས་བདེ་བ་ཡིན་ན་མི་འབྲལ་བར་ཉམས་སུ་མྱོང་འདོད་ཀྱི་སྲེད་པ་དང་། སྡུག་བསྔལ་ཡིན་ན་དོར་བར་འདོད་པའི་སྲེད་པ་དང་། ལུང་མ་བསྟན་ཡིན་ན་བཏང་སྙོམས་སུ་བཞག་པར་འདོད་པ་སྟེ། སྲེད་པ་འབྱུང་ངོ་། །དེ་ལ་བརྟེན་ནས་ཡུལ་དངོས་སུ་ཉམས་སུ་མྱོང་ཞིང་དང་དུ་བླངས་པའི་ལེན་པ་འབྱུང་ངོ་། །དེ་ལ་བརྟེན་ནས་ངན་སོང་དང་འཁོར་བའི་སྡུག་བསྔལ་མྱོང་བར་བྱེད་པའི་སྲིད་པ་འབྱུང་ངོ་། །དེ་ལ་བརྟེན་ནས་ངན་སོང་དང་སྐྱེ་བའི་ཚོགས་རྣམས་འབྱུང་ངོ་། །དེ་ལ་བརྟེན་ནས་རྒ་ཤི་འབྱུང་སྟེ། རྒ་བ་ནི་ལུས་ཡོངས་སུ་སྨིན་པའོ། །ཤི་བ་ནི་ལུས་ཡོངས་སུ་དོར་བའོ། །ཡང་སྐྱེ་བ་སྔ་མའི་མ་རིག་པ་དང་། འདུ་བྱེད་རྣམ་པར་ཤེས་པ་ལ་བརྟེན་ནས་ཚེ་འདིའི་མིང་དང་གཟུགས་ནས་སྲིད་པའི་བར་འབྱུང་ལ། དེ་ལ་བརྟེན་ནས་སྐྱེ་བ་སྔ་མའི་སྐྱེ་བ་དང་། རྒ་ཤི་འབྱུང་བའོ། །ཡང་ཚེ་འདིའི་མ་རིག་པ་དང་། འདུ་བྱེད་དང་རྣམ་པར་ཤེས་པ་ལ་བརྟེན་ནས། སྐྱེ་བ་ཕྱི་མའི་མིང་གཟུགས་ནས་སྲིད་པའི་བར་འབྱུང་བའོ། །དེ་ལ་བརྟེན་ནས་དེའི་ཡང་སྐྱེ་བ་ཕྱི་མའི་སྐྱེ་བ་དང་། རྒ་ཤི་འབྱུང་། དེ་བཞིན་སྐྱེ་བ་སྔ་ཕྱི་ཐམས་ཅད་ལ་ཤེས། །དེ་ལྟར་
ན་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཟོ་ཆུན་གྱི་རྒྱུན་ལྟར་རང་དབང་མེད་པར་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་མཐའ་མེད་བཟོད་གླགས་མེད་པ་མྱོང་བར་བྱེད། །དེ་ཐམས་ཅད་བདག་ཏུ་འཛིན་པ་འབའ་ཞིག་ལ་བརྟེན་ནས་འབྱུང་བར་ཤེས་པར་བྱའོ། །གཉིས་པ་རྟེན་འབྲེལ་ལུགས་བཟློག་བསྒོམ་པ་ནི་དེ་ལྟར་ངན་སོང་འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་བདག་ཏུ་འཛིན་པའི་རང་བཞིན་ཅན་ཡིན་པས། ངན་སོང་དང་འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་བདག་ཏུ་འཛིན་པ་སྤངས་པས་འགག་པར་འགྱུར་རོ། །ཇི་སྲིད་བདག་འཛིན་མ་སྤངས་པ་དེ་སྲིད་དུ་ནི་སྡུག་བསྔལ་ཐམས་ཅད་ཀྱང་ཆུ་བོའི་རྒྱུན་བཞིན་དུ་འབྱུང་སྟེ། སྡུག་བསྔལ་ཐམས་ཅད་རྒྱུ་དང་རྐྱེན་ཐམས་ཅད་ཀྱི་རང་བཞིན་བདག་ཏུ་འཛིན་པ་དེ་ཡོད་པའི་ཕྱིར་རོ། །དཔེར་ན་ཕྱིའི་རྒྱ་མཚོ་ཆེན་པོ་དེ་ཡོད་ཀྱི་བར་དུ་ཆུ་བྲན་རྣམས་འབྱུང་བ་ལྟ་བུའོ། །འོ་ན་བདག་ཏུ་འཛིན་པ་དེ་གང་གིས་སྤངས་པར་འགྱུར་ཞེ་ན། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་སྤངས་པར་འགྱུར་རོ། །དེ་མ་ཡིན་པའི་དགེ་བའི་བྱ་བ་རྣམས་ཀྱིས་སྤངས་པར་མི་ནུས་སམ་ཞེ་ན། དེ་རྣམས་ཀྱིས་ཀྱང་བདག་ཏུ་འཛིན་པའི་ཡན་ལག་ཏུ་གྱུར་པའི། ཉོན་མོངས་པ་འདོད་ཆགས། ཞེ་སྡང་ཕྲག་དོག་ལ་སོགས་རེ་རེ་ཟུང་རེ་ཙམ་གནས་སྐབས་འགའ་ཞིག་དག་ཏུ་ཉོན་མོངས་པའི་རྒྱུ་བྱེད་དེ། དེ་ཡང་ཐོས་བསམ་གྱི་ཡོན་ཏན་གྱིས་མཁས་པ་ཆེན་པོར་གྱུར་པ་དང་། བདག་ནི་མཁས་པའོ་སྙམ་པའི་ང་རྒྱལ་གྱི་ང་རྒྱལ་ཏེ།
ཕྲག་དོག་དང་འགྲན་སེམས་དང་། བརྙས་ཆོས་དང་། གཞན་ལ་རྣམ་པ་ཐམས་ཅད་དུ་ཁྱད་དུ་གསོག་པ་ལ་སོགས་ཀྱི་ཉོན་མོངས་པ་མཁས་པའི་ཡོན་ཏན་ལ་བརྟེན་ནས་འབྱུང་བ་དང་། ཡང་འགའ་ཞིག་གི་དབེན་པའི་གནས་སུ་ཞི་གནས་ཀྱི་རྒྱུའི་ངོ་བོ་བསྒྲུབ་ཅིང་གནས་ཏེ་ཡོན་ཏན་ཅུང་ཟད་དམ་ཆེན་པོ་ཡང་རུང་སྟེ། རང་གི་ཉམས་སུ་མྱོང་བ་དང་། དེས་ཀུན་ཏུ་ང་རྒྱལ་ནས། གཞན་དབེན་པའི་གནས་སུ་གནས་པ་མ་ཡིན་པའི་མཁས་པ་དང་། བཙུན་པོ་ལ་སོགས་སྐྱེས་བུ་དམ་པ་རྣམས་ལ་སྨོད་པ་དང་། ཕྲག་དོག་ལ་སོགས་ཉོན་མོངས་པ་སྐྱེད་པར་བྱེད་དོ། །དེ་བཞིན་དུ་སྦྱིན་པ་བཏང་བ་དང་། ཚུལ་ཁྲིམས་བསྲུང་བ་དང་། བཟོད་པ་སྒོམ་པ་དང་། བརྩོན་འགྲུས་རྩོམ་པ་དང་། བསམ་གཏན་ལ་མཉམ་པར་བཞག་པ་དང་། གཞན་ཡང་དགེ་བའི་བྱ་བ་གང་བྱེད་ཀྱང་རུང་སྟེ། དེ་དག་གིས་ཉོན་མོངས་པ་འབའ་ཞིག་གི་གཉེན་པོ་བྱེད་ཅིང་། གནས་སྐབས་ཀྱི་བདེ་འབྲས་འགའ་ཞིག་འབྱུང་བར་བྱེད་ཀྱང་། གཏན་གྱི་བདེ་བ་ཐར་པ་དང་། ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པ་དང་། སྒྲིབ་པ་ཐམས་ཅད་སྤོང་བར་བྱེད་པ་ནི་མ་ཡིན་ཏེ། བདག་མེད་རྟོགས་པའི་ཤེས་རབ་དང་བྲལ་བའི་ཕྱིར་རོ། །དེ་ལྟར་བདག་མེད་རྟོགས་པའི་ཤེས་རབ་མ་གཏོགས་པའི་དགེ་བའི་བྱ་བ་གཞན་གྱིས་བདག་འཛིན་སྤོང་བར་མི་ནུས་ལ། ཇི་སྲིད་བདག་འཛིན་གྱི་ཕུང་པོ་ལ་བརྟེན་ནས། ངར་འཛིན་པ་དེ་སྲིད་དུ་ནི་ངན་སོང་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་གནས་སྐབས་མེད་དེ།
འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བར་འགྱུར། །ཞེས་གསུངས་པ་དང་། སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་ཀྱང་། དང་པོར་ང་ཞེས་བདག་ལ་མངོན་ཞེན་ཅིང་། །བདག་གིས་འདི་ཞེས་དངོས་ལ་ཆགས་སྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡིས། །འགྲོ་ལ་སྙིང་རྗེ་གྱུར་གང་དེ་ལ་འདུད། ཅེས་གསུངས་པ་བཞིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས། ལུས་དང་། སྲོག་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་དང་། མཐའ་ན་བཟའ་བ་དང་། བཏུང་བ་ཙམ་ལ་མི་ཆགས་པར་ལུས་དང་མགོ་ལ་མེ་ཤོར་བ་བཟློག་པ་བཞིན་གྱི་བརྩོན་འགྲུས་ཆེན་པོ་དང་། དཀའ་དཔྱད་དཔག་མེད་མཛད་དེ། ཐེག་པ་ཆེན་པོའི་མཚན་ལྡན་གྱི་བླ་མ་བསྟེན་ཏེ། གདམས་པ་ཟབ་མོ་ཉམས་སུ་ལེན་པ་དང་། ཕུང་པོ་ལྔ་དང་རང་བཞིན་མེད་པར་རྟོགས་པ་དང་། བདག་ཏུ་འཛིན་པ་འགོག་པར་བྱའོ། །དེ་འགགས་པས་འདུ་བྱེད་ཀྱི་ཚོགས་རྣམས་འགག་གོ །དེ་འགགས་པས་རྣམ་པར་ཤེས་པའི་ཚོགས་རྣམས་འགག་གོ །དེ་འགགས་པས་མིང་དང་གཟུགས་རྣམས་འགག་གོ །དེ་འགགས་པས་སྐྱེད་མཆེད་འགག་གོ །དེ་འགགས་པས་རེག་པ་དང་། དེ་འགགས་པས་ཚོར་བ་དང་། དེ་འགགས་པས་སྲེད་པ་དང་། དེ་འགགས་པས་ལེན་པ་དང་། དེ་འགགས་པས་སྲིད་པ་དང་། དེ་འགགས་པས་སྐྱེ་བ་དང་། དེ་འགགས་
པས་རྒ་ཤི་འགགས་པ་སྟེ། དེ་ལྟར་ན་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ནི། བདག་ཏུ་འཛིན་པ་ལས་འབྱུང་ལ། ཕན་བདེའི་འབྱུང་གནས་ཐམས་ཅད་ནི། བདག་མེད་རྟོགས་པའི་ཤེས་རབ་ལས་ཡིན་པར་ཤེས་བར་བྱའོ། །དེ་རྣམས་ཀྱིས་ནི། རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་བསྒོམས། ཞེས་གསུངས་པ་བསྟན་པའོ། །གཉིས་པ་དངོས་གཞི་ཁྱད་པར་ལ་གཉིས་ལས། ཐོག་མར་བསླབ་བྱ་བསྟན་པ་དང་། ཉམས་ལེན་གྱི་རིམ་པ་བསྟན་པའོ། །དང་པོ་ནི་གནས་ཁང་གི་འོག་རང་ལ་ཡང་རྨུགས་པ་ཤས་ཆེ་བ་དང་། སྟེང་རང་དུ་ཡང་རྒོད་པ་ཤས་ཆེ་བ་སྤངས་ཤིང་། བླ་ཁབ་ཡོད་པ་དྲོ་གྲང་རན་པ་བར་ཁང་ལྟ་བུ་ལ་བྱའོ། །བཟའ་བཏུང་ཡང་མང་ཉུང་ལ་སོགས་རན་པར་བྱའོ། །གྲོགས་ངན་སོགས་དགེ་སྦྱོར་གྱི་འགལ་རྐྱེན་ཐམས་ཅད་སྤང་། བཟའ་གོས་སོགས་མཐུན་རྐྱེན་ཐམས་ཅད་གྲབས་སུ་ཚུད་པར་བྱས་ལ། སྒྲུབ་པ་ལ་གནས་པ་དང་སེམས་ཅན་ལ་འཐེན་འཐགས་དང་། གཞན་བྱ་བ་གང་ཡང་སྒྲུབ་མི་དགོས་པ་དགེ་སྦྱོར་ཁོ་ན་ལ་གནས་པར་ཚུགས་པར་བྱའོ། །གཉིས་པ་ལ་གཉིས་ལས། ཞི་གནས་དང་ལྷག་མཐོང་བསྟན་པའོ། །དང་པོ་ནི། སྐུ་གསུང་ཐུགས་ཀྱི་རང་བཞིན་དང་། །ཟབ་མོའི་གདམས་པ་བདག་གིས་ནི། །སྐལ་ལྡན་བྱང་ཆུབ་སྒྲུབ་པ་བོས། །ཏིང་ངེ་འཛིན་ལ་མཉམ་པར་བཞག །ཅེས་བྱ་བ་གསུངས་པ་སྟེ། འདི་ལ་གཉིས་ཏེ། ཞི་གནས་ཀྱི་ངོ་བོ་བསྟན་པ་དང་། རྗེས་ལ་ཉམས་སྣང་ངོ་སྤྲད་
པའོ། །དང་པོ་ལ་གསུམ་སྟེ། སྐུའི་རང་བཞིན་དང་། གསུང་གི་རང་བཞིན་དང་། ཐུགས་ཀྱི་རང་བཞིན་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམ་པའོ། །འདིར་ཉམས་ལེན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བའི་ཆོས་གསུམ་སྟེ། རང་གི་ལུས་ཡི་དམ་གྱི་ལྷ་རུ་སྒོམ་པ་དང་། གནས་གསུམ་གང་རུང་དུ་བླ་མ་སྒོམ་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་ཏེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ངེས་པར་བདག་གིས་བྱའོ། །དེའི་ཆེད་དུ་བདག་གིས་ལམ་ཟབ་མོའི་གདམས་པ་འདི་ལྟ་བུ་ཉམས་སུ་ལེན་པར་བྱའོ། །བསམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པར་བྱའོ། །སྐུའི་རང་བཞིན་ལ་གསུམ། རིགས་ལྔའི་རང་བཞིན་དང་། རིགས་གསུམ་གྱི་རང་བཞིན་དང་། རིགས་གཅིག་གི་རང་བཞིན་ལ་བརྟེན་ནས་བསྒོམ་པའོ། །དང་པོ་རང་ཉིད་འཇམ་དཔལ་སྐུ་མདོག་དཀར་པོ། དེའི་སྤྱི་བོར་བླ་མའི་བདག་ཉིད་རྣམ་པར་སྣང་མཛད་དཀར་པོ། དེའི་ཐུགས་ཀར་ཟླ་བའི་གདན་ལ་ༀ་དཀར་པོ། རང་གི་སྨིན་མཚམས་ཀྱི་ཐད་ཀར་ནམ་མཁར་ཟླ་བའི་གདན་ལ་མི་བསྐྱོད་པ་སྔོན་པོ་མཐོ་གང་པའམ། མཚོན་གང་ཙམ་བསྒོམས་ཏེ། གསུམ་གའང་ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་མཐེབ་སྲིན་གྱི་བར་དུ་མེ་ཏོག་ཨུཏྤ་ལ་འཛིན་ཅིང་སྙན་གྱི་ཐད་ཀར་ཁ་ཕྱེ་བའི་སྟེང་དུ་རྡོ་རྗེ་དང་དྲིལ་བུ་ཡོད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་
རིན་པོ་ཆེའི་རྒྱན་རྣམས་ཀྱིས་སྤྲས་པ། ཞི་བ། འཛུམ་པ། སྐུ་གདངས་གཟི་བརྗིད་དང་ལྡན་པ། སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཞིག་སྒོམ་པ་དང་། རང་གི་སྣ་རྩེའི་ཐད་ཀྱིས་གཞི་ལ་ཐིག་ལེ་དཀར་པོ་སྤན་རྡོག་ཙམ་དེ་བས་ཅུང་ཟད་ཆེ་ཡང་རུང་ལ་བྲིས་པའམ་སྒོམ་པར་བྱས་ཏེ། རྐང་པ་གཉིས་རྡོ་རྗེའི་སྐྱིལ་ཀྲུང་དང་ལག་པ་གཉིས་མཉམ་གཞག་བྱས། སྒལ་ཚིགས་དྲང་པོར་བསྲང་། མིག་སྣ་རྩེར་གཏད། མགྲིན་པ་ཅུང་ཟད་བཀུག །ལྕེའི་རྩེ་མོ་རྐན་ལ་སྦྱར། དཔུང་པ་དྲང་པོར་བསྲངས་ནས་ལུས་ལ་སྦྱར། སེམས་འདས་མ་འོངས་ད་ལྟར་བ་དུས་གསུམ་གྱི་བྱ་བ་ལ་ལེགས་ཉེས་གང་གི་ཡང་རྟོག་པ་མེད་པར་མདུན་གྱི་ཡི་དམ་གྱི་སྨིན་མཚམས་སམ་ཐུགས་ཀ་གང་རུང་དང་། བླ་མའི་ཐུགས་ཀའི་ༀ་དང་། སྣ་རྩེའི་ཐད་ཀྱི་ཐིག་ལེ་ལ། དམིགས་པ་རེ་མོས་སུ་སྤོ་ལེན་བྱས་ལ་མཉམ་པར་བཞག་གོ །དེ་ཡང་རྐང་པ་ན་བ་མིག་ཚ་བ་མཆི་མ་འབབ་པ་སོགས་གང་བྱུང་ཡང་ལུས་གནད་མི་བཤིགརེག་པ་ལ་སོགས་མི་བྱ་བར་དེ་ཀར་བཞག་པས་ཕན་ཡོང་། དམིགས་རྟེན་གཅིག་ཁོ་ན་ལ་དམིགས་པ་ཡུན་རིང་བར་གཏད་ནས་གནས་ཀྱང་རྟོགས་པ་ཆོད་པ་དཀའ་པས། དམིགས་རྟེན་གཅིག་ལ་ཡུན་རིང་ཡང་མ་ཎི་བརྒྱ་རྩ་བགྲང་བའི་ཚད་ལས་ལྷག་པར་གནས་པར་མི་བྱ། ཡུན་ཧ་ཅང་ཐུང་བ་ཡང་མི་བྱ་སྟེ། མ་ཎི་བདུན་ཙམ་བཅུ་ཙམ་བགྲང་བའི་ཚད་ཙམ་མཉམ་པར་བཞག་གོ །དེ་ནས་གཞན་རྣམས་སྔར་དང་ཁྱད་མེད་པ་ལ།
མདུན་གྱི་ཡི་དམ་སྔོན་པོ་དེའི་ཚབ་ཏུ་ཡི་དམ་སེར་པོ་དང་དམར་པོ་དང་། ལྗང་གུ་དང་། དཀར་པོ་རྣམས་རེ་རེ་བཞིན་ལ་དམིགས་པ་རེ་རེ་སྟེ། ་དམིགས་སྐོར་ལྔ་བྱའོ། །དེ་ཡང་དམིགས་རྟེན་དེ་རྣམས་ལ་བརྟེན་ནས་གཟུང་འཛིན་གྱི་རྟོག་པ་རྣམས་འགགས་ནས་སེམས་རྟོག་མེད་ཀྱི་ཏིང་ངེ་འཛིན་ལ་གནས་འདོད་པ་ཡིན་པས། དམིགས་རྟེན་ལ་རྟོག་པ་མ་ཤོར་བ་དང་། གཞན་གཟུང་འཛིན་གྱི་རྟོག་པ་གང་སྐྱེས་ཀྱང་འཕྲོ་རྦད་དེ་བཅད་ནས། སེམས་རྟོག་མེད་ཀྱི་ངང་ལ་མ་ཡེངས་པར་གནས་པར་བྱའོ། །གཉིས་པ་རིགས་གསུམ་གྱི་རང་བཞིན་ལ་བརྟེན་པ་ནི། གཞན་རྣམས་གོང་དང་འདྲ་བ་ལ། ཡང་ཡི་དམ་དཀར་པོ་དང་། དམར་པོ་དང་། སྔོན་པོ་དང་གསུམ་ལ་རིམ་པ་བཞིན་དམིགས་པ་སྐོར་རེ་བྱས་ནས་མདུན་དུ་བསྒོམ་པའོ། །འདི་རྣམས་ལ་དམིགས་སྐོར་རེ་རེ་ལ་ཡུན་ཇི་ལྟར་ཐུང་ཡང་ཞག་ལྔ་ལྔ་ལས་ཐུང་བ་མི་བྱའོ། །གསུམ་པ་རིགས་གཅིག་ལ་བརྟེན་ནས་ཏིང་ངེ་འཛིན་སྒོམ་པ་ནི། རྡོ་རྗེ་སེམས་དཔའམ་རྡོ་རྗེ་འཆང་གང་རུང་ཞིག་མདུན་དུ་སྒོམ་པ་སྟེ་གཞན་རྣམས་གོང་དང་འདྲའོ། །དེ་ལྟར་སྐུའི་རང་བཞིན་ལ་བརྟེན་པ་ལ་དམིགས་པ་དགུའོ། །དེ་རྣམས་ལ་བརྟེན་ནས་ཏིང་ངེ་འཛིན་སྒོམ་པའི་དུས་སུ། ཧ་ཅང་འཕྲོ་བ་ཤས་ཆེ་ནས་སེམས་མི་གནས་ན། རང་གི་སྤྱི་བོའི་བླ་མ་དེ་སྙིང་གར་སྒོམ། མདུན་གྱི་ཡི་དམ་དེའི་སྙིང་གའི་ཐད་ཙམ་ལ་བསྒོམས་ནས་སྔར་བཞིན་སེམས་འཛིན་ནོ། །
བསྒོམ་ལུགས་ཧ་ཅང་ཡང་ལུས་སེམས་བཅུར་དྲགས་ན་སྙིང་རླུང་ལ་སོགས་གེགས་འབྱུང་ཞིང་། སེམས་གནས་སུ་མི་འདོད་པས། ལུས་ཀྱི་ལུས་གནད་མ་འཕྱུགས་ཙམ་བྱས་ལ་གློད་ལ་བཞག །སེམས་ཀྱི་དམིགས་རྟེན་ལ་བརྟེན་ནས། རྟོག་པའི་འཕྲོ་འདུ་གང་བྱུང་གི་འཕྲོ་རྦད་དེ་བཅད་ནས། །གློད་ངེས་པའི་ངང་ནས་རྟོག་མེད་ཀྱི་ངང་ལ་སྐད་ཅིག་ཙམ་ཡང་གཡོ་བ་མེད་པར་མ་ཡེངས་པར་མཉམ་པར་བཞག་གོ །ལུས་ངག་ཡིད་གསུམ་གྱིས་བྱ་སྤྱོད་ཐམས་ཅད་རེས་གཅིག་ལ་སྤངས་ཏེ། གང་ལ་ཡང་རྟོག་དཔྱོད་རེ་དོགས་མི་བྱ། གལ་ཏེ་ལུས་ངག་གི་དགེ་སྦྱོར་གལ་ཆེན་ཡོད་ན། ཉི་མའི་གུང་དང་བཟའ་བཏུང་ཚར་མ་ཁད་ལ་བྱ་ཞིང་། དེ་ལྟར་མེད་ན་དེའི་དུས་སུ་སྐྱབས་སུ་འགྲོ་བ་དང་། འཆི་བ་མི་རྟག་པ་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཆ་རེ་ཙམ་བསྒོམ་པར་བྱའོ། །དེ་མ་ཡིན་པ་རྣམས་ལ་སྒོམ་ཁོ་ན་བྱས་ལ་མཚན་མོ་ཡང་སྲོད་ཐོ་རངས་གཉིས་ལ་རིག་པ་གསལ་བས་སྒོམ་ཞིང་། ནམ་གུང་ལ་རྣམ་པར་གཞན་གྱིས་ཉལ་ཏེ་གཉིད་བཅག་པར་མི་བྱའོ། །གཉིས་པ་གསུང་གི་རང་བཞིན་ལ་བརྟེན་ནས་ཏིང་ངེ་འཛིན་སྒོམ་པ་ནི། རང་ཡི་དམ་དམར་པོ་བླ་མ་འོད་དཔག་མེད་ཀྱི་རང་བཞིན་ཅན་དམར་པོ་མགྲིན་པར་བསྒོམ། ས་གཞིའི་ཐིག་ལེ་དེ་དམར་པོར་གྱུར། མདུན་གྱི་ཡི་དམ་གྱི་ཚབ་ཏུ་ཡིག་འབྲུ་བསམ་པ་དང་། བླ་མའི་ཐུགས་ཀར་ༀ་གྱི་ཚབ་ཏུ་ཨཱཿ དམར་པོ་ཞིག་བསམ་པ་དང་། གཞན་ཐམས་ཅད་གོང་དང་འདྲ། དེ་ལ་ཡང་མདུན་གྱི་ནམ་
མཁའ་ལ་ཟླ་བའི་གདན་ལ་ༀ་ཨཱཿ ཧཱུཾ་གསུམ་ལ་དམིགས་སྐོར་གསུམ་དང་། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ཞེས་པའི་སྡེ་ཚན་བརྒྱད་ལ་དམིགས་སྐོར་བརྒྱད་དང་། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡ་ར་ལ་ཝ་ཌ་ཌ། ཞེས་པའི་སྡེ་ཚན་བརྒྱད་ལ་དམིགས་སྐོར་བརྒྱད་དེ། དམིགས་སྐོར་བཅུ་དགུའོ། །ཤིན་ཏུ་བསྡུ་ན་ཡིག་འབྲུ་གསུམ་དམིགས་སྐོར་གཅིག །ཨཱ་ལི་དང་ཀཱ་ལི་གཉིས་དམིགས་སྐོར་རེ་རེ་སྟེ་དམིགས་སྐོར་གསུམ་མོ། །དེ་ལྟར་དམིགས་པ་ཐམས་ཅད་ལ་ཡང་མདུན་གྱི་ཡི་གེ་རྣམས་རིམ་པ་བཞིན་དུ་མི་གཅིག་པ་བསྒོམས་ནས་སྤོ་ལེན་བྱས་ནས་བླ་མའི་ཐུགས་ཀའི་ཨ་དང་ཡི་གེ་རྣམས་སྔར་བཞིན་གནས་པ་ལ་སྤོ་ལེན་བྱས་ནས། བསྒོམས་པས་བདེ་ཉམས་དང་། སྟོང་ཉམས་དང་། གསལ་ཉམས་དང་། མཐོང་སྣང་དང་། ཐོས་སྣང་དང་། ཉམས་ཀྱི་རྣམ་པ་གང་བྱུང་ཡང་། དགག་སྒྲུབ་དང་། མི་དགའ་བའི་བློོ་དང་། དགའ་བློ་གང་ཡང་མི་བྱེད་པར་ཏིང་ངེ་འཛིན་རང་སོར་བསྐྱངས་བར་བྱའོ། །དེ་བཞིན་དུ། རྩུབ་ཉམས་ལ། དངོས་སམ་རྨི་ལམ་མམ་ཉམས་སྣང་ལ་གཅན་གཟན་མ་རུངས་པ་རྣམས་དང་། མི་མ་ཡིན་གདུག་པ་ཅན་ཡོངས་ནས་ཡིད་དུ་མི་འོང་བའི་བྱ་བ་གང་ཡང་བྱེད་པའི་རྣམ་པ་འཆར་ཡང་། ཉམས་ཡིན་ཞིང་། དེ་བཞིན་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་
དཔག་མེད་བྱོན་ནས་ཆོས་སྟོན་པ་དང་། ལུང་སྟོན་ལ་སོགས་གང་བྱུང་ཡང་ཉམས་ཡིན། ལྷའི་བུ་དང་བུ་མོ་ལ་སོགས་པས་མཆོད་པ་འབུལ་བ་སོགས་གང་བྱུང་ཡང་ཉམས་ཡིན་པས་དགག་སྒྲུབ་མེད་པར་ཏིང་ངེ་འཛིན་བསྐྱང་བར་བྱའོ། །གལ་ཏེ་ཉམས་མ་ཡིན་པའི་རྟགས་དང་མཚན་མ་འདུག་ན། རྣམ་པ་གསུམ་རིགས་དབྱེའི་བརྒྱ་བསྟན་ནས་ཐག་བཅད་དེ་ཡི་དམ་ཡིན་ན་དངོས་གྲུབ་ཞུ། ཉམས་ཡིན་ན་རང་སོར་བསྐྱང་། མི་མ་ཡིན་ལ་སོགས་པ་ཡིན་ན། བརྟགས་ནས་བསྒྲུབ་པའི་གྲོགས་སུ་འགྱུར་བའི་རིགས་རྣམས་བསྟན་ཏེ། བར་ཆད་བྱེད་པའི་རིགས་རྣམས་བསྐྲད་པའི་ཐབས་བྱའོ། །མཐོང་སྣང་ལ་མཐོང་སྣང་དཔག་མེད་བྱུང་ན། མཐོང་སྣང་དང་པོ་གང་བྱུང་བ་དེ་ལ་དམིགས་རྟེན་བྱས་ནས། གཞན་གང་དུའང་བློ་མི་འཇུག་པར་དེ་ཀ་ལ་མཉམ་པར་བཞག །དེ་ནས་མཐོང་སྣང་དེ་ཡལ་ནས་སོང་ན་དེ་ནས་གང་བྱུང་བ་དེ་ལ་ཡང་མཉམ་པར་བཞག །དེ་ནས་ཡལ་སོང་ན་ཡང་གསར་དུ་བྱུང་བ་ལ་དམིགས་རྟེན་བྱས་ཏེ། དེ་བཞིན་དུ་ཇི་སྲིད་མཐོང་སྣང་ཡོད་པ་དེ་སྲིད་དུ། སྔར་བཞིན་བསྐྱང་བར་བྱའོ། །ལུས་གནད་ལྟ་སྟངས་གང་ལ་ཡང་བཤད་དེ་བསྐྱེད་པར་མི་བྱའོ། །སེམས་ཧ་ཅང་སྒྲིམ་དྲག་པ་མ་ཡིན་པར་ལུས་སེམས་ཐམས་ཅད་གློད་པའི་ངང་ནས་ལུས་ཀྱི་ལུས་གནད་དང་། ལྟ་སྟངས་མ་འཕྱུགས་པ་དང་། སེམས་ཡེངས་མེད་ཀྱི་དྲན་འཛིན་མ་ཤོར་བ་འདི་གནད་དུ་ཆེའོ། །ལུས་པོ་རྣམས་ན་ན་ཉི་མའི་གུང་དང་ཟས་མ་ཟོས་པའི་
ལྟོ་སྟོང་པ་སྐབས་སུ་གང་ལ་གང་ཕན་གྱི་འཁྲུལ་འཁོར་རྣམས་བྱའོ། །གཞན་གྲང་བ་དང་ཚད་པ་སོགས་ཀྱི་ནད་ཀྱང་ལྡང་སྲིད་པས་དེའི་རིགས་ལ་ནི་སྨན་དཔྱད་བྱའོ། །གསུམ་པ་ཐུགས་ཀྱི་རང་བཞིན་ལ་བརྟེན་ནས་ཏིང་ངེ་འཛིན་སྒོམ་པ་ལ་རང་ཡི་དམ་སྔོན་པོའི་དེའི་ཐུགས་ཀར་བླ་མ་མི་བསྐྱོད་པའི་རང་བཞིན་ཅན་སྔོན་པོ། དེའི་ཐུགས་ཀར་ཟླ་བའི་གདན་ལ་ཧཱུཾ་སྔོན་པོ་སྣ་རྩའི་ཐད་ཀྱི་ས་གཞི་ལ་ཐིག་ལེ་སྔོན་པོ། དེ་དག་ཐམས་ཅད་བཞུགས་ཚུལ་རྒྱན་ཕྱག་མཚན་ལ་སོགས་སྔར་བཞིན་ནོ། །སྨིན་མཚམས་ཀྱི་ཡི་དམ་གྱི་ཚབ་ཏུ་ཟླ་བའི་གདན་གྱི་སྟེང་དུ། རྡོ་རྗེ་སྔོན་པོ་རྩེ་མོ་དགུ་པ། གསལ་ལ་དྭངས་པ་སྣང་ལ་རང་བཞིན་མེད་པ་ཞིག་བསྒོམ། བླ་མའི་ཐུགས་ཀའི་ཧཱུཾ་དང་། ས་གཞིའི་ཐིག་ལེ་དང་། རྡོ་རྗེ་དང་གསུམ་སྔར་བཞིན་དམིགས་པ་བརྟེན་ནས་མཉམ་པར་བཞག་གོ །ལངས་པ་འགྲོ་བ་སྨྲ་བརྗོད་ལ་སོགས་སྤྱོད་ལམ་གང་ཡང་ཐབས་མཁས་ཀྱི་དལ་བུས་བྱ་སྟེ། ཡེངས་མེད་ཀྱི་དྲན་འཛིན་དང་མ་བྲལ་བ་ནི། ཤིན་ཏུ་གལ་ཆེའོ། །ཉལ་བའི་དུས་སུ་བླ་མའི་ཐུགས་ཀར་དམིགས་པ་གཏད་ནས་མི་ཡེངས་པར་ཉལ་ལོ། །འདིའི་དམིགས་སྐོར་སོང་ནས་མདུན་གྱི་རྡོ་རྗེའི་ཚབ་ཏུ་རིན་པོ་ཆེ་དང་། པདྨ་དང་། རལ་གྲི་དང་། འཁོར་ལོ་ལ་དམིགས་རྟེན་བྱ་སྟེ། སྔར་བཞིན་ནོ། །དཔེ་དམིགས་པ་རིགས་ལྔའི་ཕྱག་མཚན་ལ་བརྟེན་པའི་དམིགས་པ་ལྔ་བྱས་ལ། དཔེ་ད་དུང་ཞི་གནས་ཀྱི་གནས་
ཆ་བརྟན་ངེས་པ་མ་བྱུང་ན། ཡུམ་ལྔའི་ཕྱག་མཚན་དང་། སྒོ་བ་བཞིའི་ཕྱག་མཚན་དང་། འཇིག་བྱེད་ཀྱི་ཕྱག་མཚན་སུམ་ཅུ་སོ་གཉིས་པོ་རྣམས་ལ་རིམ་པ་བཞིན་དུ་དམིགས་རྟེན་བྱས་ནས་སྒོམ་མོ། །དེ་རྣམས་ཀྱི་སྐབས་སུ་རྨུགས་པ་ཤས་ཆེ་ན་བླ་མ་ཡང་སྤྱི་བོར་སྒོམ། མདུན་གྱི་ཕྱག་མཚན་དང་ཐིག་ལེ་ཡང་། སྔར་བས་མཐོང་བར་བསམས་ཏེ། སྔར་བཞིན་བསྒོམ། ཧ་ཅང་རིག་པ་དྭངས་ནས་རླུང་སྟོང་དུ་རྒྱས་ཏེ་ཚངས་བུག་སྐྲངས་པ་དང་། ཟ་བ་དང་མགོ་བོ་ན་བ་བྱུང་ན་མགོ་བོ་སྐ་རགས་ཀྱིས་བསྡམས། འགུ་རྩེ་ལ་སོགས་རིན་པོ་ཆེའི་སྣོད་ཆེ་བ་ཞིག་གིས་མགོ་བོའི་སྟེང་དུ་འགེབས། ཚངས་བུག་དེ་གསེར་གྱི་རྡོ་རྗེ་རྒྱ་གྲམ་ཞིག་གིས་བཅད་པར་བསམས། རྐང་པ་གཉིས་ཕྱིར་བརྐྱངས་ཏེ། ལག་པ་རྐང་པའི་རྒྱུད་ལ་ཕྱིར་བརྐྱངས་ཏེ། རྐང་མཐིལ་གཉིས་ལ་ཡི་གེ་ཨ་དཀར་པོ་རེ་རེ་བསམས་ལ་དམིགས་པ་གཏད། དེས་མ་ཕན་ན་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པ་ཞིག་གི་སྟེང་དུ་རང་གི་སེམས་ཉིད་ཧཱུཾ་སྔོནཔོ་གཅིག་ཏུ་གྱུར་པ་དེ་བཤང་ལམ་ནས་འཐོན་ནས་དལ་བུས་གནས་པར་གྱུར་པར་བསམས། དེ་ནས་རང་གི་ཐུགས་ཀ་ནས་ཧཱུཾ་དེ་ལྟ་བུ་རིམ་བཞིན་བཤང་ལམ་ནས་སྔར་གྱི་ཧཱུཾ་དེ་ལ་ཐིམ་པར་བསམ་མོ། །དེ་བཞིན་མ་ཕན་བར་དུ་བྱའོ། །ཡང་ན་རང་ཡི་དམ་དུ་བསམས་ལ་ལངས་ཏེ་ལག་པ་རྡོ་རྗེ་ཁུ་ཚུར་བྱས་ལ། སྙིང་གར་བསྣོལ་ནས་རྐང་པའི་རྟིང་པ་གཉིས་མཉམ་པོར་འཕོངས་ལ་ཕོག་པར་བྱས་ལ་
རླུང་བཟུང་ནས་འཕག་པར་བྱའོ། །གལ་ཏེ་དེ་ལྟར་བྱེད་པ་མི་ཡོད་ན། མགོ་ལག་གིས་གཡོགས་ནས་རྐང་པའི་རྟིང་པ་མཉམ་དུའམ་སོ་སོར་འཇམ་པོས་ཤེས་ཕྱུང་ནས། བརྡུང་བར་བྱའོ། །གཞན་ཡང་ནད་བྱུང་ནས་དབང་ཕྱུག་ཆོས་གང་ལ་གང་དགོས་སྐབས་དང་བསྟུན་ནས་ཤེས་པར་བྱའོ། །གཉིས་པ་ཉམས་སྣང་ངོ་སྤྲད་པ་ནི། ལུས་འདར་བ་དང་། བདེ་བ་ལུས་ལ་བརྟེན་ནས་ཉམས་གང་བྱུང་ཡང་ལུས་ཉམས་ཡིན་ཞིང་། ངག་གིས་སཾ་སྐྲི་ཏའི་སྐད་འདོན་པ་དང་། ཚིགས་སུ་བཅད་པ་སོགས་རང་དབང་མེད་པར་འདོན་པ་ནི་ངག་ཉམས་ཡིན་ཞིང་། ཡིད་ལ་བདེ་གསལ་མི་རྟོག་པ་གསུམ་གྱི་ཏིང་ངེ་འཛིན་སྐྱེ་བ་སྟེ། དེ་ནི་ཇི་ལྟར་བཟང་ཡང་། ཇི་སྲིད་ལྷག་མཐོང་མ་སྐྱེས་བར་དུ་ཉམས་སུ་ཤེས་པར་བྱའོ། །ས་རླུང་དང་། ཆུ་རླུང་དང་། མེ་རླུང་དང་། རླུང་གི་རླུང་དང་། ནམ་མཁའི་རླུང་རྣམས་ཟིན་པའི་རྟགས་སུ་ལུས་པོ་ལྕི་བ་དང་། གྲང་བ་དང་། དྲོ་བ་དང་། ཡང་བ་དང་། ལུས་མེད་པར་ཉམས་ཀྱིས་སྟོང་པར་འགྲོ་བ་དང་། མཐོང་སྣང་ལ་དུ་བ་དང་། སྲིན་བུ་མེ་ཁྱེར། སྨིག་རྒྱུ། ལྕགས་ཀྱུ། ཐིག་ལེ་ནམ་མཁའ་གཡའ་དག་པ། འཇའ་ཚོན། ཉི་ཟླ། སྐར་མ་དང་། ས་གཞི་གསེར་ལ་སོགས་པར་མཐོང་བ་དང་། མེ་ཆུ། དེ་བཞིན་གཤེགས་པའི་སྐུ་གཟུགས། རིགས་དྲུག་གི་གནས་རྣམས་དང་། སྟོང་གསུམ་གྱི་བར་གྱི་མཐོང་སྣང་གང་བྱུང་ཡང་རླུང་སེམས་ཟིན་
པའི་རྟགས་ཡིན་པས། ཉམས་སུ་ཤེས་པར་བྱའོ། །རྣ་བའི་ཡུལ་དུ་བུང་པའི་སྒྲ་ལྟ་བུ་དང་། སཾ་སྐྲི་ཏའི་སྐད་སྙན་ངག་གི་ཚིགས་སུ་བཅད་པ། ཡི་དམ་གྱི་སྙིང་པོ་ལེགས་ཉེས་སྙན་པ། མི་སྙན་པ་གང་བྱུང་ཡང་ཐོས་སྣང་གི་ཉམས་སུ་ཤེས་པར་བྱའོ། །དེ་ལྟར་གྱི་ཉམས་སྣང་ལ་བླང་དོར་དགག་སྒྲུབ་མེད་པར་ཉམས་སུ་བླངས་པས་ལྷག་མཐོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །གཉིས་པ་ལྷག་མཐོང་ཉམས་སུ་ལེན་པ་ལ་གཉིས་གང་ཟག་གི་བདག་མེད་བསྒོམ་པ་དང་། ཆོས་ཀྱི་བདག་མེད་སྒོམ་པའོ། །དང་པོ་ནི། ལུས་ངག་ཡིད་གསུམ་ཕུང་པོའི་ཚོགས། །གང་ཡང་བདག་ཏུ་མ་གྲུབ་ལ། །དེ་ལས་གཞན་དུ་བདག་མེད་པས། །བདག་མེད་དོན་འདི་ཤེས་པར་བྱ། །ཞེས་གསུངས་པ་སྟེ། འདི་ལ་ཡང་གཉིས་ཏེ། ལུས་ངག་ཡིད་གསུམ་བདག་མེད་དུ་བསྒོམ་པ་དང་། ཕུང་པོ་ལྔ་བདག་མེད་དུ་བསྒོམ་པའོ། །དང་པོ་ལ་གསུམ་སྟེ། ལུས་དང་། ངག་དང་། ཡིད་བདག་མེད་དུ་བསྒོམ་པའོ། །དང་པོ་ནི་ལུས་གནད་དང་ལྟ་སྟངས་རྣམས་སྔར་བཞིན་བཀུག་ལ། འདྲ་བས་དེ་བཞིན་དུ་གནས་ནས། རང་གི་ལུས་འདི་ལུང་རིགས་ཀྱིས་མ་གྲུབ་པར་ཤེས་པར་བྱས་ལ་སྒོམ་པ་སྟེ། དེ་ཡང་མགོ་དང་རྐང་ལག་ལས་གཟུགས་སོགས་དྲུག་བྲང་དང་ནང་ཁྲོལ་རྣམས་དང་། ཤ་དང་། ཁྲག་དང་། རུས་པ་དང་། ཆུ་སེར་དང་། ཚིལ་དང་། རྐང་དང་། དབང་པོའི་སྒོ་རྣམས་དང་། རླུང་དང་། རྩ་དང་། དྲོད་དང་། མི་གཙང་བ་རྣམས་དང་། དེ་རྣམས་ནི་རེ་རེ་བཞིན་
དུ་ནི་གང་ཡང་ལུས་སུ་མ་གྲུབ་པས་དེ་ལས་གཞན་དུ་ནམ་ཡང་ལུས་མ་གྲུབ་སྟེ། དེ་ལྟར་ལེགས་པར་དཔྱད་པས་ལུས་གང་དུ་ཡང་མ་རྙེད་པ་དང་། དེ་ཀའི་ངང་ལ་གཟུང་འཛིན་གྱི་རྟོག་པའི་འཕྲོ་རྦད་དེ་བཅད་ནས་མཉམ་པར་བཞག་གོ །ཡང་སེམས་འཕྲོ་ན་སྔར་བཞིན་དུ་ལུས་གང་ན་མ་གྲུབ་པར་གཏན་ལ་ཕབ་ནས་ཡང་ལུས་མ་རྙེད་པ་དང་། དེ་ཀའི་ངང་ལ་མ་མཉམ་པར་བཞག་པ་སྟེ། དེ་ལྟར་ཉིན་རེ་བཞིན་ཡང་ཡང་བསྒོམས་པས་ལུས་མ་གྲུབ་པར་ཐག་ཆོད་པ་དང་། ཡང་ལུས་ཀྱི་ཡན་ལག་རྣམས་སོ་སོར་ཕྱེ་ནས། མ་གྲུབ་པར་བསྒོམས་ཏེ། དེ་ཡང་མགོ་བོ་ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ཁ་དང་། སོ་དང་། མཆུ་དང་། སྐྲ་དང་། ཀླད་པ་དང་། ཤ་དང་། ཁྲག་དང་། རུས་པ་དང་། ཆུ་སེར་དང་། མཆིལ་མ་དང་། སྣབས་དང་། ཁ་ཆུ་དང་། ཡ་ཐོད་དང་། མ་ཐོད་དང་། བ་སྤུའི་ཚོགས་རྣམས་རེ་རེ་ཞིང་མགོ་མ་ཡིན་པས། དེ་ལྟར་ལེགས་པར་དཔྱད་ནས་མགོ་གང་དུ་མ་རྙེད་པ་དང་། དེ་ཀའི་ངང་ལ་མཉམ་པར་བཞག་པ་སྟེ། སྔར་བཞིན་བྱའོ། །དེ་བཞིན་དུ་ཤེས་པར་བྱའོ། །དེ་བཞིན་དུ་སྣ་མ་གྲུབ་སྟེ། དེའི་ཕྱོགས་བཅུ་གང་ཡང་སྣར་མ་གྲུབ་པ་ཡིན་ཞིང་། དེའི་ཕྱོགས་རྡུལ་ཕྲན་གྱི་ཆ་ནས་རེ་རེ་བཞིན་དུ་ཕྱེ་ནས་དེ་དག་གང་དུ་ཡང་མ་གྲུབ་པ་སྟེ། དེ་བཞིན་ནི་ཐམས་ཅད་ལ་ཤེས་པར་བྱའོ། །ངག་གི་ངོ་བོ་ཡང་མ་གྲུབ་པར་ཤེས་པར་བྱའོ། །གཉིས་པ་ནི། འདས་པའི་ངག་ནི་འགགས། མ་འོངས་པའི་ངག་ནི་མ་སྐྱེས་ད་ལྟའི་ངག་
ནི་འདི་ཡིན་དུ་གྲུབ་པ་མེད་པར་ཤེས་པར་བྱས་ལ་ངག་གང་དུ་ཡང་མ་རྙེད་པ་དང་། དེ་ཀའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་ནི། ཡིད་ནི་རང་གི་སྤྱི་བོའི་གཙུག་ནས་རྐང་པའི་མཐིལ་གྱི་བར་དུ་གནས་པ་མེད་ཅིང་དེ་ལས་གཞན་དུ་མེད་ལ། དེ་གཉིས་ཀྱི་བར་དུ་ཡང་མེད་ཅིང་། དེ་ལྟར་ན་ཡིད་གང་དུའང་མ་རྙེད་པ་དང་། དེ་ཀའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་ནི། དེ་ལྟར་ལུས་དང་ངག་ཡིད་གསུམ་གང་དུ་ཡང་མ་གྲུབ་པས་དེ་གསུམ་ནི། བདག་མེད་མ་ཡིན་དེ་ལས་གཞན་དུ་གྱུར་པ་དང་། དེ་གཉིས་ཀྱི་བར་དུ་ཡང་བདག་མ་གྲུབ་པས་བདག་མ་རྙེད་པ་དེ་ཀའི་ངང་ལ་མཉམ་པར་བཞག་གོ །གཉིས་པ་ཕུང་པོ་ལྔ་བདག་མེད་དུ་སྒོམ་པ་ནི། དང་པོ་གཟུགས་ཕུང་ནི་དབྱིབས་དང་ཁ་དོག་དང་། རེག་བྱ་དང་། དྲི་རོ་གང་ཡང་རེ་རེ་བཞིན་དཔྱད་ན་གཟུགས་མ་ཡིན། དེ་བཞིན་དུ་ཕྱོགས་མཚམས་དང་། རྡུལ་ཕྲན་གྱི་ཆ་ནས་རེ་རེ་བཞིན་དཔྱད་ན་གཟུགས་ཀྱི་ངོ་བོར་མ་གྲུབ་སྟེ། དེ་ཀའི་ངང་ལ་མཉམ་པར་བཞག་གོ །གཉིས་པ་ཚོར་བའི་ཕུང་པོ་ནི། བདེ་སྡུག་བཏང་སྙོམས་གསུམ་ཉམས་སུ་མྱོང་བར་བྱེད་པའི་ཚོར་བ་དེ་ཡིན་ཏེ། ལུས་ཀྱི་ཕྱི་ནང་བར་གསུམ་གང་དུ་གནས་དཔྱད་པས། ཚོར་བའི་ངོ་བོར་མ་གྲུབ་པས་དེ་ཀའི་ངང་ལ་མཉམ་པར་བཞག་གོ །གསུམ་པ་འདུ་ཤེས་ཀྱི་ཕུང་པོར་མ་གྲུབ་པར་སྒོམ་པ་ནི། ཡུལ་སོ་སོར་འདུ་ཤེས་པའི་འདུ་ཤེས་དེ་ཡང་ཚོར་བ་ལྟར་མཉམ་པར་བཞག་པར་བྱའོ། །བཞི་པ་འདུ་བྱེད་ཀྱི་ཕུང་པོ་མ་གྲུབ་པར་སྒོམ་པ་ནི།
ཆགས་སྡང་དགག་སྒྲུབ་སྣ་ཚོགས་ཀྱི་རང་བཞིན་དུ་གྱུར་པའི་འདུ་བྱེད་ཡང་ཚོར་བ་ལྟར་ཤེས་པར་བྱས་ལ་མཉམ་པར་བཞག་གོ །ལྔ་པ་རྣམ་པར་ཤེས་པའི་ངོ་བོ་མ་གྲུབ་པར་སྒོམ་པ་ནི། གཟུགས་ལ་སོགས་པའི་ཡུལ་རྣམས་སོ་སོར་བཟུང་བས་བྱེད་པའི་རྣམ་པར་ཤེས་པའི་ཚོགས་རྣམས། ལུས་ཀྱི་མགོ་མཇུག་ཕྱི་ནང་བར་གསུམ་གང་དུ་ཡང་མི་གནས། ལུས་ཀྱི་ཕྱིའི་ཕྱོགས་མཚམས་སྟེང་འོག་གང་དུ་ཡང་མི་གནས་པར། དེ་རྣམས་ལས་གཞན་དུ་ཡང་མི་གནས་པས། མ་རྙེད་པ་དེའི་ངང་ལ་མཉམ་པར་བཞག་གོ །དེ་ལྟར་ན་ཕུང་པོ་ལྔ་པོ་ཡང་རེ་རེ་བཞིན་དཔྱད་ན་གང་ལའང་མ་གྲུབ་པས་ཕུང་པོ་ལྔ་བདག་མ་ཡིན་ནོ། །བདག་ཀྱང་ཕུང་པོ་ལྔ་མ་ཡིན་ཏེ། ཕུང་པོ་ལྔ་ལས་གཞན་དུ་ནི་བདག་མ་གྲུབ་ཅིང་། ཕུང་པོ་ལྔ་ཡང་རང་བཞིན་གྱིས་གྲུབ་པ་མེད། བདག་གང་དུ་ཡང་མ་དམིགས་པ་དེ་ཀའི་ངང་ལ་མཉམ་པར་བཞག་ནས། བདག་རང་བཞིན་གྱིས་མ་གྲུབ་པའི་རྟེན་འབྲེལ་ཤེས་པར་བྱའོ། །དེ་ལྟར་ན་བདག་རྟེན་འབྲེལ་དུ་ཐག་ཆོད་པའི་ངེས་ཤེས་རྣམ་དག་མ་སྐྱེས་བར་དུ་ཡང་དམིགས་པ་རྣམས་བསྐྱར་ནས་བསྒོམ་པར་བྱའོ། །གཉིས་པ་ཆོས་ཀྱི་བདག་མེད་སྒོམ་པ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། འབྱུང་བ་འབྱུང་འགྱུར་དགེ་མི་དགེ །སྣང་སྟོང་འཁོར་འདས་ཆོས་རྣམས་ཀུན། །རྟེན་འབྲེལ་གང་ཡང་གྲུབ་པ་མེད། ཅེས་གསུངས་པས་འདི་ལ་གཉིས། མ་དག་
པ་འཁོར་བའི་ཆོས་རྣམས་ལ་བདག་མེད་པར་བསྒོམ་པ་དང་། དག་པ་མྱ་ངན་ལས་འདས་པའི་ཆོས་རྣམས་ལ་བདག་མེད་པར་བསྒོམ་པའོ། །དང་པོ་ལ་གཉིས། ཡུལ་རང་བཞིན་མེད་པར་བསྒོམ་པ་དང་། ཡུལ་ཅན་རང་བཞིན་མེད་པར་བསྒོམ་པའོ། །དང་པོ་ནི་འབྱུང་བ་ལྔ། འབྱུང་འགྱུར་ལྔ། ཕུང་པོ། ཁམས། སྐྱེ་མཆེད། ལ་སོགས་ཐམས་ཅད་རང་བཞིན་མེད་པར་སྒོམ་པ་ལ། དང་པོ་འབྱུང་བ་ལྔའི་ས་རང་བཞིན་མེད་པར་སྒོམ་པ་ནི། ས་ལས་གྲུབ་པའི་དངོས་པོ་གང་རུང་ཞིག་ལ་དམིགས་ཏེ། དེའི་དབྱིབས་དང་། ཁ་དོག་དང་། རེག་བྱ་སོགས་རེ་རེ་ནས་དཔྱད་པས་སར་གྲུབ་པ་མེད་ཅིང་། ཕྱོགས་ཆ་དང་རྡུལ་ཕྲན་གྱི་ཆ་ནས་དཔྱད་པས་ཀྱང་ས་རུ་གྲུབ་པ་མེད་དེ། ས་རང་བཞིན་མེད་པའི་ངང་ནས་མཉམ་པར་བཞག་གོ །དེ་བཞིན་དུ་ཆུལའང་ཤེས་པར་བྱའོ། །མེ་ནི་གཙུབ་ཤིང་དང་གཙུབ་སྟན་དང་། སྐྱེས་བུའི་ལག་པའི་རྩོལ་བ་རྣམས་ལ་བརྟེན་ནས་འབྱུང་བ་ནི་རེ་རེ་བཞིན་དཔྱད་ན། དེ་གང་ཀྱང་མ་བྱུང་སྟེ། དབྱིབས་ཁ་དོག་རེག་བྱ་སོགས་རེ་རེ་བཞིན་དཔྱད་ནས་མེ་མ་ཡིན་ཏེ། སྔར་བཞིན་མཉམ་པར་བཞག་གོ །རླུང་ལ་དམིགས་ཏེ་ཕྱོགས་མཚམས་སྟེང་འོག་གང་ནས་ཀྱང་མ་བྱུང་། དབྱིབས་བཞིན་རེ་རེ་བཞིན་དཔྱད་ནས་མ་གྲུབ་སྟེ་སྔར་བཞིན། ནམ་མཁའ་ནི་དང་པོ་ཕྱོགས་མཚམས་སོགས་གང་ནས་ཀྱང་མ་བྱུང་། སླར་དེ་དག་གང་དུ་ཡང་མི་འགྲོ། ད་ལྟ་ངོ་བོ་གང་དུ་ཡང་གྲུབ་པ་མེད་པས་འབྱུང་བ་ལྔ་རང་བཞིན་གྱིས་མ་གྲུབ་པ་དེ་ལྟར་
མཉམ་པར་བཞག་གོ །འབྱུང་འགྱུར་ལྔ་རང་བཞིན་མེད་པར་བསྒོམ་པ་ནི། གཟུགས་བུམ་པ་ལྟ་བུ་ཞིག་ལ་དམིགས་ནས། དེའི་དབྱིབས། ཁ་དོག །རེག་བྱ། ཁ། མགྲིན་པ། ལྟོ་བ། ཞབས། ཕྱི་ནང་དེ་རྣམས་རེ་རེ་ཞིང་བུམ་པར་མ་གྲུབ་པས་སྔར་བཞིན་མཉམ་པར་བཞག་གོ །དེ་བཞིན་དུ་སྒྲ། དྲི། རོ། རེག་བྱ་རེ་རེ་བཞིན་དམིགས་ལ་ཕྱོགས་མཚམས་སྟེང་འོག་ཕྱི་ནང་བར་གསུམ་མགོ་མཇུག་དབྱིབས་ཁ་དོག་གི་རྣམ་པར་རེ་རེ་བཞིན་དཔྱད་ནས་སྒྲ་དྲི་རོ་རེག་བྱ་རྣམས་དེ་དག་གང་ལས་ཀྱང་མ་བྱུང་སྟེ། དེ་རྣམས་རང་བཞིན་གྱིས་མ་གྲུབ་པས་དེའི་ངང་ལ་མཉམ་པར་བཞག་གོ །དེ་ལྟར་འབྱུང་བ་ལྔ་འབྱུང་འགྱུར་ལྔས་མཚོན་པའི་ཕུང་པོ། ཁམས། སྐྱེ་མཆེད། སོགས་ཀྱིས་འདུས་བྱས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་པ་དང་བྲལ་པ་དང་། ནམ་མཁས་མཚོན་ཏེ་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་སྤྲོས་པ་དང་བྲལ་བ་དང་། སྤྱིར་ཡང་ཆོས་གཉིས་སྤྲོས་པ་དང་བྲལ་བ་དེ་བཞིན་དུ་ཆོས་ཐམས་ཅད་རང་བཞིན་མེད་པ་སྤྲོས་པ་དང་བྲལ་བ། ཟབ་པ་ཞི་བ། གང་གི་ངོ་བོར་ཡང་རང་བཞིན་གྱིས་གྲུབ་པ་མེད་པར་རྟེན་ཅིང་འབྲེལ་པར་འབྱུང་བར་ཤེས།གཉིས་པ་ཡུལ་ཅན་རང་བཞིན་མེད་པར་བསྒོམ་པ་ནི། མིག་གི་དབང་པོ་དང་། གཟུགས་དང་། སྔ་མའི་ཉེར་ལེན་སོགས་ཚོགས་པ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་སྟེ། དེ་ཡང་དཔྱད་
ནས་སྔ་མའི་ཉེར་ལེན་ཡང་མིག་གི་རྣམ་པར་ཤེས་པ་མིན། མིག་གི་དབང་པོ་དང་། ཡུལ་གཟུགས་གཉིས་པོ་དང་། ཁ་དོག་དང་། དབྱིབས་དང་། རེག་བྱ་དང་། ཕྱི་ནང་བར། ཕྱོགས་མཚམས་སྟེང་འོག །དབུས་ཀྱི་ཕྱོགས་གང་ཡང་མིག་གི་རྣམ་པར་ཤེས་པ་མིན། དེ་དག་གང་རུང་རེ་ལ་གནས་པ་མེད་ཅིང་། དེ་དག་གང་དུ་ཡང་སོང་བ་དང་འོང་བ་མེད་པར། མིག་གི་རྣམ་པར་ཤེས་པའི་རང་བཞིན་མེད་པ་སྟེ། མ་རྙེད་པ་དེ་ཀའི་དང་ལ་མཉམ་པར་བཞག་གོ །དེ་བཞིན་དུ་རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ། རྣམས་རང་རང་གི་དབང་པོ། ཉེར་ལེན་ཡུལ། སྒྲ། དྲི། རོ། རེག་བྱ། ཆོས་རྣམས་ཚོགས་པ་ལ་བརྟེན་ནས་རང་རང་གི་རྣམ་ཤེས་འབྱུང་མོད། རེ་རེ་ནས་དཔྱད་ནས་རང་བཞིན་མེད་པས་གོང་ལྟར་ཤེས་པར་མཉམ་པར་བཞག་གོ །དེ་ལྟར་ན་ཡུལ་དང་ཡུལ་ཅན་གྱིས་བསྡུས་པའི་འཁོར་བའི་ཆོས་ཐམས་ཅད་ནི་རྟེན་འབྲེལ་ལ་དཔྱད་པའི་ངོ་བོར་ཡོད་པ། རང་བཞིན་གྱིས་གྲུབ་པ་མེད་པ། སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུ་ལ་སོགས་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་མྱང་འདས་ཀྱི་ཆོས་རྣམས་རང་བཞིན་མེད་པར་བསྒོམ་པ་ལ་གསུམ། སྐུ་དང་། གསུང་། ཐུགས་རང་བཞིན་མེད་པར་སྒོམ་པའོ། །དང་པོ་ནི། གཟུགས་སྐུ་སྣང་ལ་རང་བཞིན་མེད་པ་སྒོམ་པ་ལ། དེ་བཞིན་གཤེགས་པའི་སྐུ་
གཅིག་ལ་དམིགས་རྟེན་བྱ་སྟེ། དེ་ཡང་དབུ་དང་ཕྱག་ལ་སོགས་པ་སྐུའི་ཡན་ལག་རྣམས་དང་། སྤྱན་ལ་སོགས་པའི་དབང་པོ་རྣམས་དང་། གཙུག་ཏོར་ལ་སོགས་པའི་མཚན་སོ་གཉིས་དང་། སེན་མོ་ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། བ་སྤུའི་ཚོགས་ཀྱི་བར་བསམས་ནས། རེ་རེ་བཞིན་དཔྱད་པས་གང་ཡང་དེ་བཞིན་གཤེགས་པའི་སྐུར་མ་གྲུབ། དེ་བཞིན་དུ་དེ་དག་ཕྱོགས་མཚམས་སྟེང་འོག་ཕུང་པོ་ཁམས་སྐྱེ་མཆེད་འབྱུང་བ། འབྱུང་འགྱུར། དངོས་པོ། དངོས་མེད། འདུས་བྱས། འདུས་མ་བྱས། སྣང་བ་སྟོང་པ། འཁོར་བ་དང་མྱང་འདས་གང་ལས་ཀྱང་མ་བྱུང་། དེ་ལྟ་དེ་རྣམས་གང་གི་ཡང་ངོ་བོར་གནས་པ་མེད། དེ་དག་གང་དུ་ཡང་མི་འགྲོ་བས་སྤྲོས་བྲལ་རང་བཞིན་མེད་པ་དེ་ལ་མཉམ་པར་བཞག་གོ །གཉིས་པ་གསུང་ལ། དམིགས་རྟེན་དུ་འབྲུ་གསུམ། ཨཱ་ལི་ཀཱ་ལི་རྣམས་བསམ་བཞིན་དུ་དག་ཏུ་བརྗོད་ནས། གསུང་དབྱངས་ཡན་ལག་དྲུག་ཅུ་དང་བཅས་པ་ནི། སྒྲ་གྲགས་སྟོང་བྲག་ཆ་ལྟ་བུ་རང་བཞིན་མེད་པ་སྟེ། སྒྲ་དེ་མགྲིན་པ། ལྕེ་སོ། ཤ་རུས་པ། ཁྲག །ལུས་ཀྱི་ཕྱི་ནང་བར་གསུམ། ཕྱོགས་མཚམས་སྟེང་འོག་གང་ནས་བྱུང་། ད་ལྟ་གར་གནས། དེ་ནས་གར་འགྲོ་དཔྱད་པས། དེ་དག་གང་དུ་མ་བྱུང་། མི་གནས་མི་འགྲོ་བར་ཤེས་པར་བྱ་སྟེ། མཉམ་པར་བཞག་གོ །གསུམ་པ་ནི། རྡོ་རྗེ་ལ་སོགས་པ་ཕྱག་མཚན་གང་རུང་ཞིག་ལ་དམིགས་རྟེན་བྱས་ནས། དེ་དག་གི་ཕྱི་
ནང་བར་གསུམ་ཆ་ཆེན་ཆ་ཆུང་ཕྱོགས་མཚམས་སྟེང་འོག །དབྱིབས། ཁ་དོག་སོགས་རེ་རེ་ནས་དཔྱད་པས་གང་ཡང་རྡོ་རྗེ་སོགས་མ་ཡིན་ཏེ། གང་གིས་རང་བཞིན་དུ་མ་གྲུབ་པ་སྤྲོས་པ་ཐམས་ཅད་དང་བྲལ་བ། ནམ་མཁའ་ལྟ་བུར་གྱུར་པ་ཡིན་པས། མཉམ་པར་བཞག་གོ །དེ་ལྟར་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྟེན་ཅིང་འབྲེལ་པར་འབྱུང་བ། མ་དཔྱད་པའི་ངོ་བོ་གྲུབ་པ། རིག་པས་དཔྱད་པའི། མཉམ་གཞག་གི་ངོ་བོར་ནི་གང་གི་རང་བཞིན་དུ་ཡང་མ་གྲུབ་པ་སྤྲོས་བྲལ་སྨྲ་བསམས་ཀྱི་ཡུལ་ལས་འདས་པ། དཔེ་གང་གིས་ཡང་མཚོན་པར་མི་ནུས་པ། ཕྱོགས་མཐའ་ཐམས་ཅད་དང་བྲལ་བ་བཞིན་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཤེས་པར་བྱ་སྟེ། ཐམས་ཅད་ཀྱི་རང་བཞིན་ལ་དབྱེར་མེད་ཅིང་རང་བཞིན་གཅིག་པས་བླང་དོར་དང་དགག་སྒྲུབ་དང་། གཟུང་འཛིན་དང་ཡུལ་ཡུལ་ཅན་གྱི་མཚན་མ་ཐམས་ཅད་ལས་འདས་པ་ལན་མ་ཤེས་པ་ན། མྱང་ངན་འདས་པ་ཟབ་ལ་ཞི་བ་ཐོབ་པར་ཤེས་པར་བྱ་སྟེ། དེ་ལྟར་མ་ཤེས་ཀྱི་བར་དུ་བསྒོམ་པར་བྱའོ། །དེ་ཡང་གང་ཟག་གི་བདག་མེད་སྒོམ་པའི་སྔོན་དུ་གང་ཟག་ཚོལ་བ་དང་། ཆོས་ཀྱི་བདག་མེད་སྒོམ་པའི་སྔོན་དུ་གཟུགས་སོགས་གང་རུང་ཞིག་ལ་བཀར་ནས་བཙལ་བ་དང་། མྱང་འདས་རང་བཞིན་མེད་པར་སྒོམ་པའི་སྔོན་དུ་དེ་བཞིན་གཤེགས་པའི་སྐུ་ཚོལ་བ་དང་། དམིགས་པ་རེ་རེ་བཞིན་དུ་དྲི་བ་དང་། བསླབ་བྱ་དང་། ཁྱད་པར་ཅན་དུ་ཡང་ལྷག་མཐོང་གིས་དམིགས་པའི་སྐབས་སུ་དམིགས་
པ་རེ་རེ་བཞིན་དུ་ལུང་རིགས་དང་བཅས་པས་ཆོས་ཉིད་རྟེན་འབྲེལ་རང་བཞིན་མེད་པ་ཡིན་པའི་སྒྲུབ་བྱེད་ཚོལ་བ་གལ་ཆེ་སྟེ། ནང་ནས་རྟེན་འབྲེལ་དུ་ཐག་ཆོད་པའི་ངེས་ཤེས་མ་སྐྱེས་བར་དུ་ལྷག་མཐོང་གི་ཉམས་མྱོང་སྐྱེ་བའི་སྐབས་མེད་པའི་ཕྱིར་རོ། །འདིར་ནི་རང་ལུགས་ལུང་རིགས་དང་བཅས་པའི་རྒྱས་པ་མེད་ནའང་། ངོ་སྤྲོད་ཀྱི་སྐབས་སུ་ཆ་ཙམ་འཆད་ཅིང་། གཞན་ཡང་ངེས་དོན་གྱི་གསུང་རབ་དང་། བསྟན་བཅོས་རྣམ་དག་གི་ལུང་རིགས་དང་སྦྱར་ནས། རྒྱས་པ་ཤེས་པར་བྱའོ། །གསུམ་པ་ངོ་སྤྲོད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། རྟེན་འབྲེལ་གང་ལ་རང་བཞིན་མེད་ཅེས་གསུངས་པས་རྟེན་འབྲེལ་ནི་རྒྱུས་བྱས་པ་དང་། ཕན་ཚུན་ལྟོས་པའི་རྟེན་འབྲེལ་ལོ། །དང་པོ་བུམ་པ་ལྟ་བུ་ཞིག་ཡིན་ན། དང་པོ་འཇིམ་པ་དང་སྐྱེས་བུའི་ལག་པའི་རྩོལ་བ་སོགས་རྒྱུ་རྐྱེན་ཐམས་ཅད་ཚོགས་པ་ལ་བརྟེན་ནས་བུམ་པ་འབྱུང་མོད་ཀྱང་། རེ་རེ་བཞིན་དུ་དཔྱད་ན་འཇིམ་པ་རྐྱང་པ་ལས་ཀྱང་མ་བྱུང་། དེ་བཞིན་དུ་གཞན་རྣམས་ལས་ཀྱང་རེ་རེ་དཔྱད་ན་གང་ལས་ཀྱང་མ་བྱུང་བས་རང་བཞིན་མེད་པ་ཡིན་ལ། རྒྱུ་རྐྱེན་དེ་རྣམས་ཚོགས་པ་ལ་བརྟེན་ནས་འབྱུང་བས་རྟེན་འབྲེལ་མ་ཡིན་ནོ། །ཕན་ཚུན་ལྟོས་པའི་རྟེན་འབྲེལ་ནི་བུམ་པ་ནི་ཁ་དང་མགྲིན་པ། ལྟོ་བ། མཆུ། ཞབས་ཕྱི་ནང་ཐམས་ཅད་ཚོགས་པ་ལ་བརྟེན་ནས་བུམ་པའི་བྱ་བ་བྱེད་ནུས་པའི་རྟེན་འབྲེལ་ཡིན་ལ། དེ་རྣམས་རེ་རེ་བཞིན་དཔྱད་ན་གང་ཡང་བུམ་པ་མ་ཡིན་ཞིང་། དེ་བཞིན་དུ་ཁ་རྐྱང་པས་བུམ་པའི་བྱ་བ་བྱེད་ནུས་
པ་མ་ཡིན། རྡུལ་ཕྲན་རེ་རེ་བཞིན་དུ་བྱེད་པས་བུམ་པའི་ཕྱོགས་ཆ་གང་ཡང་མ་ཡིན། རྡུལ་དེའི་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས་དཔྱད་ན་བུམ་པའི་རང་བཞིན་མ་གྲུབ་སྟེ། དེ་ལྟར་ཆོས་ཐམས་ཅད་ཀྱི་རྟེན་འབྲེལ་རང་བཞིན་མེད་པར་ཤེས་པར་བྱའོ། །གལ་ཏེ་རང་བཞིན་གྱིས་གྲུབ་ན་གང་ལ་ཡང་ལྟོས་མི་དགོས་པར་རྟག་པ་ཐེར་ཟུག་པ། ཐམས་ཅད་དུ་ཅུང་ཟད་ཀྱང་འགྱུར་བ་མེད་པ། གང་གིས་ཀྱང་ཕན་པ་དང་གནོད་པ་བྱེར་མེད་པ། འདུས་མ་བྱས་པ། དངོས་པོའི་རང་བཞིན་དུ་མ་གྲུབ་པ་ཞིག་དགོས་ཏེ། དེ་ལྟ་བུའི་རྟེན་འབྲེལ་ནི་མི་སྲིད་པས། ཆོས་ཉིད་རྟེན་ཅིང་འབྲེལ་པར་འབྱུང་བ་ལས་གཞན་དུ་གྲུབ་པ་མེད་དེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་པ་མ་གཏོགས་པར། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །མདོ་ལས་ཇི་ལྟར་ཤིང་དང་རྒྱུད་ལ་བརྟེན་བྱས་ཤིང་། །ལག་པའི་རྩོལ་བ་བྱས་པ་གསུམ་ཚོགས་པ། །སྒྲོ་འདོགས་བྱེད་པའི་པི་ཝཾ་གླིང་བུ་སོགས། །དེ་དག་ལ་བརྟེན་སྒྲ་ཡང་འབྱུང་བར་འགྱུར། །དེ་ནི་གང་ནས་འབྱུང་ཞིང་གར་
འགྲོ་ཞེས། །དེ་དག་མཁས་པ་ལ་ལས་བརྟག་བྱས་ན། །སྒྲ་ཡིས་འོང་བ་སོང་བ་རྙེད་མི་འགྱུར། །དེ་ལྟར་རྒྱུ་དག་དང་ནི་རྐྱེན་རྣམས་ལ། །འདུས་བྱས་གྱུར་པ་ཐམས་ཅད་འབྱུང་བ་སྟེ། །འདུས་བྱས་སྟོང་པ་གཡོ་བ་མེད་པར་ནི། །དེ་ཉིད་མཐོང་བའི་རྣལ་འབྱོར་པ་ཡིས་ཤེས། །ནང་ཡང་སྟོང་ལ་ཕྱི་རོལ་དག་ཀྱང་སྟོང་། །སེམས་ཅན་བདག་གིས་སྟོང་ཞིང་གནས་མེད་པར། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། ཅེས་དང་། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པ་དེས་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདས་མི་འགྱུར། །མཁས་རྣམས་ནམ་ཡང་སྤྲོས་པ་མི་འདོད་ཅེས་སོགས་གསུངས་སོ། །གཉིས་པ་རྒྱས་བཤད་ལ་བདེན་པ་གཉིས་ངོས་བཟུང་བ་དང་། ཆོས་ཐམས་ཅད་རྟེན་འབྲེལ་དུ་བཤད་པའོ། །དང་པོ་ལ། ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའོ། །དང་པོ་ཀུན་རྫོབ་ཀྱི་བདེན་པ་ནི། དོན་དམ་པའི་བདེན་པ་རྟོགས་པའི་ཐབས་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་ཀྱང་ཐོག་མར་འཇིག་རྟེན་གྱི་ཆགས་འཇིག་དང་། ཕུང་པོ་དང་། ཁམས་དང་། སྐྱེ་རྒ་ལ་སོགས་དང་། དགེ་བ་དང་མི་དགེ་བའི་ཕན་ཡོན་དང་། ཉེས་དམིགས་ལ་སོགས་གསུངས་ཏེ། སྟོང་པ་ཉིད་ཀྱི་སྣོད་དང་ལྡན་པ་ན་དོན་དམ་པའི་བདེན་པ་སྟོན་པའི་གསུང་རབ་བླ་ན་མེད་པ་རྣམས་བསྟན་ནས་གདུལ་
བྱ་རྣམས་མྱ་ངན་ལས་འདས་པའི་ས་ལ་འགོད་པར་མཛད་དོ། །དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་དོན་དམ་པའི་བདེན་པ་སྟོན་པར་བྱ་དགོས་ཤིང་། བདེན་གཉིས་ཀྱི་དབྱེ་བ་ལ་མི་མཁས་ན་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་མི་ཤེས་ཏེ། རང་བཞིན་གྱི་དོན་མི་འགྲུབ། ཐབས་ལ་མི་མཁས་པས་སླར་རྟག་ཆད་གང་རུང་གི་གྲུབ་མཐའ་ངན་པར་ལྟུང་བའི་རྒྱུར་འགྲོ་བ་ན། བདེན་གཉིས་ཀྱི་རྣམ་དབྱེ་ལ་མ་རྨོངས་པ་གལ་ཆེའོ། །ཡབ་སྲས་མཇལ་བའི་མདོ་ལས་ཀྱང་། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱི་ནི་དབྱེ་བ་མཛད། །གང་དག་ཀུན་རྫོབ་ཀྱི་ནི་བདེན་པ་དང་། །གང་དག་དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པ་དང་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོ་དེ་ཉིད་རྣམ་མི་ཤེས། །ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་ཤིང་། འཕགས་པ་ཨཱརྱ་དེ་བས་ཀྱང་། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །འདུལ་བར་མི་འགྱུར་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་རྟོགས་པར། །འཇིག་རྟེན་
གདུལ་བར་འགྱུར་མ་ཡིན། ཅེས་གསུངས་པ་བཞིན་དུ། འདིར་ཡང་དོན་དམ་པའི་བདེན་པ་ཡང་དག་པའི་ལྟ་བ་མཐོང་གི་རང་བཞིན་རྟོགས་པར་བྱ་བའི་ཐབས་ནི་ཐབས་སྐྱབས་འགྲོ་སེམས་བསྐྱེད་ནས། ཞི་གནས་ཀྱི་ཉམས་ལེན་གྱི་བར་རྣམས་ཀྱིས་ནི་ཀུན་རྫོབ་ཀྱི་རིམ་པ་བསྟན་པ་ཡིན་ལ། ཞི་གནས་རང་ངོ་སྤྲོད་པར་བྱེད་པ་ལ་གསུམ་སྟེ། ཞི་གནས་ཀྱི་ངོ་བོ་དང་། དབྱེ་བ་དང་། དབྱེ་བ་དང་། དེའི་མི་མཐུན་ཕྱོགས་བསྟན་པའོ། །དང་པོ་ནི་ཏིང་ངེ་འཛིན་གྱི་རྣམ་པ་དགེ་བ་ལ་རྩེ་གཅིག་པའོ། །གཉིས་པ་ངོ་བོའི་སྒོ་ནས་དབྱེ་བ་དང་། གྲངས་ཀྱི་སྒོ་ནས་དབྱེ་བའོ། །དང་པོ་ནི་ཏིང་ངེ་འཛིན་གྱི་བདེ་བས་ཁམས་རྒྱས་ནས་ལུས་བདེ་བ་སོགས་ཀྱི་བདེ་བ་དང་། རིག་པ་ཤིན་ཏུ་དྭངས་པ་ལ་བརྟེན་ནས་སྔ་ཕྱིའི་མངོན་ཤེས་སོགས་ངེས་པའི་གསལ་བ་དང་། ཏིང་ངེ་འཛིན་ལ་བཞག་པའི་ཚེ། དམིགས་པ་གཞན་གྱི་བར་མ་ཆོད་པའི་མི་རྟོག་པ་རྣམས་སོ། །གཉིས་པ་ནི་བསམ་གཏན་བཞི་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་རྣམས་ཏེ། གནས་བྱ་རྐྱང་པ་ནི་ཇི་ལྟར་བཟང་ཡང་ཁམས་གོང་མའི་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་ཞི་གནས་ཀྱི་ངོ་བོ་ཉིད་མིན་ཏེ། དེའི་རྒྱུ་འདོད་པའི་སེམས་རྩེ་གཅིག་ཡིན་ནོ། །གསུམ་པ་དེའི་མི་མཐུན་ཕྱོགས་ནི། བྱིང་རྨུགས་དང་རྒོད་པ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྐྱོན་རྣམས། གཞན་ཡང་བདེ་གསལ་མི་རྟོག་པའི་ཉམས་འགའ་ཞིག་དང་ལྷག་མཐོང་གཉིས་
ནོར་སོ་ཆེ་བས་ཁྱད་པར་ཤེས་པར་བྱའོ། །གཞན་ཡང་ཀུན་རྫོབ་ཀྱི་བདེན་པ་ལ་དབྱེ་ན་གཉིས་ཏེ། ཀུན་རྫོབ་ཀྱི་བདེན་པ་དང་། ཀུན་རྫོབ་ཙམ་བའོ། །ཀུན་རྫོབ་ཀྱི་བདེན་པ་ནི། གཏི་མུག་གིས་ཡང་དག་པའི་དོན་ལ་སྒྲིབ་པས་ན་ཀུན་རྫོབ་སྟེ། དེའི་ངོ་བོར་བདེན་པར་སྣང་བ་རྣམས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ཡང་ཟླ་གཉིས་དང་དུང་སེར་སོགས་རྣམས་ནི་ཀུན་རྫོབ་ཏུ་ཡང་མི་བདེན་པས་ཀུན་རྫོབ་ཙམ་པའོ། །ཀུན་རྫོབ་བདེན་པ་དེ་ཡང་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་ནི་ཀུན་རྫོབ་ཙམ་དུ་སྣང་ལ། ཀུན་རྫོབ་བདེན་པ་ནི་སྣང་སྟེ། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་བདེན་མེད་དུ་རྟོགས་ཤིང་བདེན་པར་མངོན་པར་རློམ་པ་མེད་པའི་ཕྱིར་རོ། །ཡང་མཐོང་བ་ཡང་དག་པ་འཕགས་པའི་མཉམ་གཞག་གི་ཡུལ་གང་ཡིན་པ་དེ་དོན་དམ་པའི་བདེན་པ་དང་། མཐོང་བ་རྫུན་པ་སོ་སོ་སྐྱེ་བོའི་དབང་པོ་ལ་གནོད་པ་མེད་པའི་ཡང་དག་ཤེས་པའི་ངོར་སྣང་བ་རྣམས་ལ་ཀུན་རྫོབ་བདེན་པ་དང་། དབང་པོ་ལ་གནོད་པ་ཡོད་པའི་འཁྲུལ་ཤེས་ཀྱི་ཡུལ་གང་ཡིན་པ་དེ་ཀུན་རྫོབ་ཙམ་ཡིན་ནོ། །དཔལ་ལྡན་ཟླ་བ་གྲགས་པས་ཀྱང་། ཀུན་རྫོབ་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །གང་གིས་དེ་གཉིས་རྣམ་དབྱེ་མི་ཤེས་པ། །དེ་དག་རྣམ་རྟོག་ངན་པའི་ལམ་ངན་ཞུགས། ཞེས་དང་། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་
ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །མཐོང་བ་རྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ཅན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལ་ལོག་པར་རྣམ་པར་བཞག །ཅེས་གསུངས་སོ། །གཉིས་པ་དོན་དམ་པའི་བདེན་པ་ནི། དོན་དམ་པའི་བདེན་པ་དང་། ཆོས་ཉིད་དང་། སྟོང་པ་ཉིད་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། གདོད་ནས་ཞི་བ་དང་། མ་སྐྱེས་པ་དང་། མ་འགགས་པ། མི་གནས་པར་རང་བཞིན་གྱིས་མྱ་ངན་ལས་འདས་པ། དོན་དམ་པའི་བདེན་པ་དང་། ཆོས་ཉིད་དང་། སྟོང་པ་ཉིད་དང་། མཆོག་ཏུ་མི་འགྱུར་པའི་བདེ་བ་ཆེན་པོ་དང་། གདོད་ནས་ཞི་བ་དང་། མ་སྐྱེས་པ་དང་། མ་འགགས་པ། མི་གནས་པར་རང་བཞིན་གྱིས་མྱ་ངན་ལས་འདས་པ། ཆོས་ཐམས་ཅད་ཀྱི་གནས་ལུགས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ། ཟབ་མོ་དབུ་མའི་ལམ། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ནི་མིང་གི་རྣམ་གྲངས་ཏེ། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་སྟོང་པ་ཉིད་ཡིན་ནོ། །དེ་ཡང་བུམ་པ་ལྟ་བུ་ལ་
མཚོན་ནས་འཇིམ་པ་དང་སྐྱེས་བུའི་རྩོལ་བ་སོགས་རྒྱུ་རྐྱེན་རྣམས་ཚོགས་པ་ལ་བརྟེན་ནས་འབྱུང་བ་དེས་བུམ་པའི་དོན་བྱེད་ནུས་ཤིང་། བུམ་པ་རྟེན་འབྲེལ་གྲུབ་པས་ཆད་པའི་མཐའ་སྤངས་ཤིང་བུམ་པ་མེད་པ་རང་ཡང་མ་ཡིན། ཡང་འཇིམ་པ་སོགས་རྒྱུ་རྐྱེན་ལ་རེ་རེ་བཞིན་དུ་དཔྱད་ན་གང་ལས་ཀྱང་འབྱུང་བ་མེད་པ་དང་། ཁ་དང་མགྲིན་པ་སོགས་རྣམས་ལ་རེ་རེ་བཞིན་དཔྱད་ན་གང་ཡང་བུམ་པ་མ་ཡིན་ནོ། །རང་བཞིན་མེད་ཅིང་བུམ་པ་གང་གིས་ཡང་ངོ་བོར་མ་གྲུབ་པ་ལ་ཡོད་པ་མ་ཡིན་པས་རྟག་པའི་མཐའ་དང་བྲལ་བའོ། །དེ་ལྟར་རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་བ་དེ་བུམ་པའི་ཆོས་ཉིད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ལ་ཤེས་པར་བྱའོ། །དེ་བས་རྟེན་འབྲེལ་གྱི་ངོ་བོ་དེ་ལྟར་རྟག་ཆད་ཀྱི་མཐའ་དང་བྲལ་བའོ། །འདིར་ནི་མེད་པའི་དོན་སྟོང་པ་ཉིད་ཅེས་མི་སྨྲ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དེ་ཉིད་ལ་སྟོང་པ་ཉིད་དུ་བརྗོད་པ་ཡིན་ནོ། །ཇི་སྲིད་ཆོས་ཐམས་ཅད་རྟེན་འབྲེལ་དུ་ཤེས་པའི་ཚེ་གནས་ལུགས་མཐོང་ཞིང་བདག་འཛིན་གྱི་རྩ་བ་འཆད་དེ། མདོ་ལས། གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེས་མཐོང་བ་དེ་ནི་སངས་རྒྱས་དང་ཆོས་དང་། དགེ་འདུན་མཐོང་བར་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་ཆོས་ཐམས་ཅད་རྟེན་འབྲེལ་དུ་བཤད་པ་ནི། གང་ཟག་གི་བདག་མེད་པ་དང་། ཆོས་ཀྱི་བདག་མེད་པ་སྟོན་པའོ། །དང་པོ་ནི། ཕུང་པོ་ལྔ་ལ་བརྟེན་ནས་འབྱུང་བའི་སེམས་ལ། གང་ཟག་
དང་སྐྱེས་བུ། བདག །ཤེད་ཅན། ཤེད་བདག །སྲོག་ཆགས་དང་། འགྲོ་བ་ཞེས་མིང་གི་རྣམ་གྲངས་སུ་བཏགས་པ་དེ་འདིར་དཔྱད་པར་བྱ་སྟེ། བདག་སྟེ་ཕུང་པོ་ལྔ་ཡིན་ནམ། །ཕུང་པོ་ལྔ་ལས་གཞན་དུ་ཡིན། །གལ་ཏེ་ཕུང་པོ་བདག་ཡིན་ན། །བདག་གང་ཟག་གཅིག་པོ་ཡང་མང་པོ་དག་ཏུ་འགྱུར་ཏེ། གཟུགས་ཕུང་གི་དབྱིབས། ཁ་དོག །རེག་བྱ། རྡུལ་ཕྲ་རབ་ཀྱི་གྲངས་སོགས་དང་། དེ་བཞིན་དུ་ཚོར་བ་ནས་རྣམ་པར་ཤེས་པའི་ཕུང་པོའི་བར་དུ་རབ་ཏུ་དབྱེ་བ་མང་བའི་ཕྱིར་དང་། གཞན་ཡང་སངས་རྒྱས་པའི་ཚེ། བདག་ཆད་ཅིང་གཏན་ནས་མེད་པར་འགྱུར་ཏེ། ཕུང་པོ་བདག་ཡིན་པའི་ཕྱིར་དང་། དེར་ནི་ཕུང་པོ་རྣམས་རྒྱུན་ཆད་པའི་ཕྱིར་རོ། །གལ་ཏེ་སངས་རྒྱས་པའི་ཚེ། བདག་རྒྱུན་ཆད་མེད་པར་འདོད་ན། འོ་ན་དེ་ཐོབ་པའི་ཆེད་དུ་བསགས་སྦྱངས་སོགས་ལམ་ལ་འབད་པ་དོན་མེད་དུ་འགྱུར་ལ། ཐར་པ་དེའང་རྒྱུ་མེད་དུ་འགྱུར་ཏེ། ཐར་པ་ཐོབ་བྱེད་ཀྱི་བདག་དེ་དེའི་ཚེ། རྒྱུན་ཆད་ནས་མེེད་པའི་ཕྱིར་རོ། །གཞན་གྱིས་བྱས་པའི་ལས་གཞན་གྱིས་མྱོང་བར་ཡང་འགྱུར་རོ། །དེ་དག་འདོད་ན་ནི་འཇིག་རྟེན་གྱི་ཐ་སྙད་རྒྱུ་འབྲས་སོགས་ཐམས་ཅད་འཇིག་པར་འགྱུར་ཞིང་ཐུག་མེད་དུ་ཐལ་བའི་སྐྱོན་དུ་འགྱུར་བས་ཕུང་པོ་བདག་ཡིན་པར་མི་རིགས་སོ། །གལ་ཏེ་ཕུང་པོ་ལས་གཞན་དུ་བདག་འདོད་ན་ནི། དེའང་མི་འཐད་དེ། ཕུང་པོ་མཚན་ཉིད་རྣམས་མེད་པར་གཟུགས་
སུ་རུང་བ་དང་། ཉམས་སུ་མྱོང་བ། ཡུལ་རིག་པ། ཡུལ་ལ་མཚན་མར་འཛིན་པ། ཡུལ་ལ་སོ་སོར་རྣམ་པ་གང་གིས་རིག་པར་འགྱུར་ཏེ། རིག་མཁན་དེ་ཉིད་རྣམས་ལས་གཞན་ཡིན་པའི་ཕྱིར་རོ། །བདག་དང་ཕུང་པོ་རྣམས་འབྲལ་བ་མེད་བཞིན་དུ་ཕུང་པོ་རྣམས་ཀྱི་མཚན་ཉིད་ཡོད་པར་འདོད་ན་ནི། བྱེད་པ་པོ་མེད་པའི་བྱ་བ་དང་། ལས་དག་ཀྱང་ཡོད་པར་འགྱུར་རོ། །དེ་ཡང་འདོད་ན། རྒྱུ་མེད་ལས་འབྲས་བུ་འབྱུང་དགོས་ཏེ། ཐུག་མེད་ཀྱི་སྐྱོན་དུ་འགྱུར་རོ། །དེའི་ཕྱིར་ཕུང་པོ་ལས་གཞན་དུའང་བདག་མེད་ཅིང་། ཀླུ་སྒྲུབ་ཀྱིས་ཀྱང་། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། ཞེས་གསུངས་སོ། །དེ་ལྟར་ཕུང་པོ་ལྔ་ལ་བརྟེན་ནས་ངར་འཛིན་སྐྱེ་བར་འགྱུར་རོ། །གཉིས་པ་ཆོས་ཀྱི་བདག་མེད་བསྟན་པ་ནི་ཆོས་རྣམས་སྐྱེ་མེད་དུ་བསྟན་པ་དང་། སྐྱེ་མེད་ཀྱི་གནས་ལུགས་ལ་མི་བཟོད་པའི་ལོག་ལྟ་བསལ་བ་དང་། ཐུགས་རྗེས་འགྲོ་བའི་ཀུན་རྟོག་གཞོམས་ནས་ཐར་པ་ལ་འགོད་པའི་ཕྱིར། ཡང་དག་པའི་དོན་གྱི་ཡིན་མིན་གྱི་དགག་སྒྲུབ་ཀྱིས་མཛད་ཀྱང་། རང་ལུགས་ལ་ཁས་ལེན་མེད་པར་བསྟན་པའོ། །དང་པོ་ནི། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། གྲངས་ཅན་པ་འདོད། མདོ་སྡེ་པ་དང་བྱེ་བྲག་པ་འདོད། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་
ཡང་ཡོད་མ་ཡིན། ཞེས་ཏེ་འཁོར་འདས་ཀྱིས་བསྡུས་པའི་ཆོས་རྣམས་ནི་གང་ཡང་རང་བཞིན་གྱིས་སྐྱེ་བ་མི་འཐད་དེ། དེ་ཡང་བདག་ལ་བདག་སྐྱེ་ན་ནི། མདུན་གྱི་བུམ་པ་དེ་ལས་ནི་བུམ་པ་དེ་སྐྱེ་བར་འགྱུར་རོ། །གལ་ཏེ་དེ་ལྟར་བདག་ལས་བདག་སྐྱེ་ན་ནི། འབྲས་བུ་འབྱུང་བའི་ཕྱིར་རྩོམ་པ་ཐམས་ཅད་ཀྱང་དོན་མེད་དུ་འགྱུར་ཞིང་། གཞན་གྱིས་ཕན་པ་དང་གནོད་པའི་རྐྱེན་ལ་ཅི་ཞིག་ལྟོས་ཏེ། དེ་ལས་དེ་ཐུག་མེད་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་བུམ་པ་དེ་འཇིམ་པ་དང་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བར་འདོད་ན་ནི། གང་བདག་ལ་སྐྱེ། གལ་ཏེ་འཇིམ་པ་སོགས་དང་བུམ་པ་དེ་གཅིག་ཏུ་འདོད་ན་ནི་འཇིག་པས་བུམ་པའི་དོན་བྱེད་ནུས་ཏེ། སྐྱེས་བུའི་རྩོལ་བ་སོགས་དོན་མེད་དུ་འགྱུར་ཞིང་། ཡང་ནི་བུམ་པ་དེ་ཡང་སྔར་གྱི་འཇིམ་པའི་རང་བཞིན་གྱི་དུས་བཞིན་དུ་བུམ་པའི་དོན་བྱེད་མི་ནུས་པར་འགྱུར་རོ། །ཡང་གཞན་ལས་སྐྱེ་ན་ནི། མུན་ནག་ལས་མེ་འོད་འབྱུང་བ་སོགས་ཐམས་ཅད་སྐྱེ་བར་འགྱུར་ཏེ། སྐྱེད་བྱེད་མ་ཡིན་པ་རྣམས་ཀྱང་གཞན་ཡིན་པར་མཚུངས་པའི་ཕྱིར་རོ། །དེ་སྐྱོན་དུ་མི་འགྱུར་ཏེ། རྒྱུ་འབྲས་གཉིས་པོ་གཞན་ཡིན་པས་གཞན་ཡིན་ལ། གཞན་སྐྱེ་སྨྲ་བ་ཡིན་སྙམ་ན། དེ་ཡང་མི་འཐད་དེ། གཞན་ཞེས་པ་ནི་འཇིག་རྟེན་ན་ཡང་ཕན་ཚུན་དུས་མཉམ་དུ་གྲུབ་པ་རྣམས་ལ་ཟེར་ན། རྒྱུ་འབྲས་གཉིས་པོ་ནི་དེ་ལྟར་དུས་མཉམ་དུ་གྲུབ་པ་ཡང་མ་ཡིན་ཏེ། རྒྱུ་དེ་ཡོད་པའི་དུས་དེའི་འབྲས་བུ་དེ་ཡོད་དམ་མེད། ཡོད་
ན་ནི་རྒྱུ་དེ་དེའི་རྒྱུ་མ་ཡིན་པར་འགྱུར་ཏེ། རྒྱུ་འབྲས་དུས་མཉམ་དུ་ཡོད་པའི་ཕྱིར་རོ། །མེད་ན་ཡང་རྒྱུ་དེ་རྒྱུ་མ་ཡིན་པར་འགྱུར་ཏེ། ཁྱོད་ཀྱི་འབྲས་བུ་མེད་པའི་ཕྱིར་རོ། །དེ་སྐྱོན་དུ་མི་འགྱུར་ཏེ། ཁྱོད་ཀྱི་རྒྱུ་མེད་པའི་ཕྱིར་རོ། །ཡང་རྒྱུ་མེད་ཀྱང་འབྲས་བུ་ཡིན་པ་དང་། འབྲས་བུ་མེད་ཀྱང་རྒྱུ་ཡིན་པ་ལ་སྐྱོན་མེད་སྙམ་ན། མ་ཡིན་ཏེ། བྱེད་པ་པོ་མེད་པའི་བྱ་བ་ལས་ཡོད་པར་འགྱུར་རོ། །དེ་འདོད་ན་ནི་ཐུག་མེད་ཀྱི་སྐྱོན་དུ་འགྱུར་བས་མི་རིགས་སོ། །ཡང་རྒྱུ་འབྲས་གཉིས་པོ་གཞན་ཡིན་ན། དེ་གཉིས་ཡོད་དམ་མེད། ཡོད་ན་ནི། རྒྱུ་འབྲས་གཉིས་མ་ཡིན་པར་འགྱུར་ཏེ། དུས་མཉམ་དུ་ཡོད་པའི་ཕྱིར་རོ། །མེད་ན་ནི། གཞན་མ་ཡིན་པར་འགྱུར་ཏེ། མོ་གཤམ་གྱི་བུ་དང་བུ་མོ་བཞིན་ནོ། །ཡང་རྒྱུ་འགགས་ནས་འབྲས་བུ་དེ་འབྱུང་ན་ནི། འབྲས་བུ་དེ་རྒྱུ་མེད་པ་ལས་འབྱུང་བར་འགྱུར་ཏེ་ཁྱོད་རྒྱུ་འགགས་ནས་མེད་པ་ལ་འབྱུང་བ་ཡིན་པའི་ཕྱིར་རོ། །རྒྱུ་དེེ་མ་འགགས་པ་ལས་འབྲས་བུ་དེ་འབྱུང་ན་ནི། ཁྱོད་ཀྱི་རྒྱུ་དེ་རྟག་པ་ཡིན་པར་འགྱུར་ཏེ། རྒྱུ་དེས་འབྲས་བུ་བསྐྱེད་ཚར་ནས་ཀྱང་མ་འགགས་པར་གནས་པ་ཡིན་པའི་ཕྱིར་རོ། །ཡང་རྒྱུ་དེས་འབྲས་བུ་ཡོད་པ་ཞིག་བསྐྱེད་དམ་མེད་པ་ཞིག་བསྐྱེད། ཡོད་པ་བསྐྱེད་ན་ནི་རྒྱུ་དེས་འབྲས་བུ་དེ་གསར་དུ་བསྐྱེད་པ་ལ་དགོས་པ་ཅུང་ཟད་ཀྱང་མེད་དེ། ཁྱོད་ཀྱི་འབྲས་བུ་དེ་སྔར་ནས་གྲུབ་ཟིན་ནས་ཡོད་པའི་ཕྱིར། འབྲས་བུ་མེད་པ་སྐྱེད་ན་ནི། རྒྱུ་དེས་རི་ཕོང་གི་རྭ་ལ་སོགས་ཀྱང་སྐྱེད་
ནུས་པར་འགྱུར་ཏེ། རྒྱུ་དེས་མེད་པར་མ་གྲུབ་པའི་འབྲས་བུ་སྐྱེད་ནུས་པའི་ཕྱིར་རོ། །འཕགས་པའི་ཞལ་ནས་ཀྱང་། གང་ལ་བརྟེན་ནས་གང་འབྱུང་བ། །དེས་ནི་རེ་ཞིག་དེ་ཉིད་ཡིན། །དེ་ལས་གཞན་པ་མ་ཡིན་ཕྱིར། །ཆད་མིན་རྟག་མིན་མཚན་ཉིད་དོ། །ཞེས་གསུངས་སོ། །གཉིས་ལས་སྐྱེ་བ་ཡང་མི་འཐད་དེ། གོང་གི་སྐྱོན་དེ་དག་འཇུག་པར་འགྱུར་རོ། །རྒྱུ་མེད་ལས་སྐྱེ་བ་ཤིན་ཏུ་ཐ་ཆད་པས་མི་འཐད་དེ། སྲན་མ་ཟླུམ་པོ་སོགས་ས་གཞི་ལ་སྐྱེ་བ་བཞིན་དུ་ནམ་མཁའ་སྟོང་པ་ལའང་སྐྱེ་བར་འགྱུར་ཏེ། རྒྱུ་མེད་པར་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་དེའི་ཁྱེད་ཀྱི་སྒྲུབ་བྱེད་ཀྱི་དཔེ་བསྒྲུབ་བྱར་སོང་སྟེ་མ་གྲུབ་པས། བསྒྲུབ་བྱའི་དོན་དངོས་པོ་རྣམས་རྒྱུ་མེད་ལ་སྐྱེ་བར་འདོད་པ་འདི་ནི་རང་ཉིད་འབའ་ཞིག་སླུ་བར་བྱེད་ཅིང་མི་འདོད་པ་ཐམས་ཅད་ཐོག་ཏུ་འོང་། འཁོར་བའི་རྒྱུ་བྱེད་པས་རྒྱུ་མེད་ལས་སྐྱེ་བ་ཤིན་ཏུ་མི་འཐད་དོ། །གཉིས་པ་སྐྱེ་མེད་ཀྱི་གནས་ལུགས་མི་བཟོད་པའི་ལོག་རྟོག་བསལ་བ་ནི། སྐྱེ་མེད་ཀྱི་གནས་ལུགས་ལ་མི་བཟོད་པའི་རྩོད་པ་དང་། དེའི་ལོག་རྟོག་བསལ་བས་ལན་བཏབ་དངོས་པོ། །དང་པོ་ནི། ཆོས་ཐམས་ཅད་མ་གྲུབ་པས་སྟོང་པ་ཡིན་ན། འཇིག་རྟེན་གྱི་འབྱུང་བ་དང་འཇིག་པ་ནས་བཟུང་སྟེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མི་བདེན་པར་འགྱུར་ཞིང་། སངས་རྒྱས་ཐོབ་པའི་འབད་པ་སོགས་དོན་མེད་དུ་འགྱུར་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་སྟེ། སྟོང་
པ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཆོས་ཐམས་ཅད་སྟོང་པ་རང་བཞིན་མེད་པར་སྨྲ་བའི་དབུ་མ་པའི་ལུགས་འདི་ནི། ཤིན་ཏུ་མི་འཐད་དོ། །གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་སྟེ་ཡོད་ན། འཇིག་རྟེན་འབྱུང་འཇིག་སོགས་ནས་སངས་རྒྱས་ཀྱིས་བར་གྱི་ཆོས་རྣམས་བདེན་པས་རྣལ་འབྱོར་པ་རྣམས་ཀྱིས་ལམ་སྒྲུབ་པའི་འབད་པ་རྣམས་ཀྱང་དོན་མེད་པར་འགྱུར་བས། ཆོས་ཐམས་ཅད་སྟོང་པ་མ་ཡིན་ཏེ་རང་བཞིན་གྱིས་གྲུབ་ནས་ཡོད་པ་མིན་ཟེར་རོ། །གཉིས་པ་ལོག་རྟོག་བསལ་བའི་ལན་བཏབ་པ་དངོས་ནི། གལ་ཏེ་དེ་ལྟར་ཆོས་ཐམས་ཅད་སྟོང་པ་མ་ཡིན་ཏེ། རང་བཞིན་གྱིས་གྲུབ་ནས་ཡོད་པ་ཡིན་ན། གང་རང་བཞིན་གྱིས་གྲུབ་ནས་ཡོད་པ་ཡིན་ན། དེ་ནི་སྟོང་པ་མ་ཡིན་པས་ལས་དང་བྱེད་པ་པོ་གང་ཡང་མེད་པས། འཇིག་རྟེན་གྱི་འབྱུང་འཇིག་སོགས་ནས་སངས་རྒྱས་ཀྱི་བར་གྱི་ཐམས་ཅད་ཁྱོད་རང་ལ་མི་བདེན་པར་འགྱུར། དེ་བཞིན་དུ་རིགས་དྲུག་གི་གནས་གང་དུ་སྐྱེས་པའི་སེམས་ཅན་ཐམས་ཅད་ཀྱང་འཆི་འཕོ་དང་སྐྱེ་བ་ལ་སོགས་མེད་ཅིང་དེ་ཁོ་ནར་རྒྱུན་དུ་གནས་པར་འགྱུར་ཏེ། དེ་རྣམས་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་སྡུག་བསྔལ་མྱོང་བ་རྣམས་ཀྱང་དེ་ལས་ཐར་བའི་སྐབས་མེད་དོ། །སྡུག་བསྔལ་དེ་རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་པ་ལམ་སྒྲུབ་པ་པོ་རྣམས་ཀྱི་སྤངས་རྟོགས་སོགས་ཀྱི་ཡོན་ཏན་འཐོབ་པ་མི་འཐད་དེ། དེ་རྣམས་
རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། །གལ་ཏེ་འབྱུང་འཇིག་འཕོ་སོགས་དང་། སྤངས་རྟོགས་སོགས་ཀྱི་ཡོན་ཏན་མངོན་དུ་བྱེད་པར་འདོད་ན་ནི། ཁྱོད་ཀྱི་རང་བཞིན་གྱིས་གྲུབ་པ་དང་འགལ་ཏེ། དེ་རྣམས་རྟེན་འབྲེལ་རང་བཞིན་མེད་པའི་ཕྱིར་རོ། །དེ་ལྟར་ན་གང་སྟོང་པ་ཉིད་རང་བཞིན་མེད་པ་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ཉིད་ལ་དགེ་མི་དགེ་ལུང་མ་བསྟན་ཐམས་ཅད་འཐད་པ་ཡིན་ནོ། །འཕགས་པས་ཀྱང་གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པར་བརྟག །ཅེས་དང་། ཁྱོད་ཀྱིས་རང་གི་སྐྱོན་རྣམས་ནི། །ང་ལ་ཡངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་པ་བཞིན། །ཅེས་གསུངས་སོ། །དེ་བས་ན་ཁྱོད་ནི་ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་འབའ་ཞིག་གི་དབང་གིས་དོན་མེད་པའི་གླན་ཀ་སྨྲ་བ་འདི་ནི་མི་འཐད་དེ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་གང་ཡིན་པ་དེ་ནི་མེད་པ་ཡང་མ་ཡིན་ཏེ། མེ་ལ་བརྟེན་ནས་དུ་བ་འབྱུང་བ་བཞིན་ནོ། །གང་མེད་པ་དེ་ནི་བརྟེན་ནས་ཀྱང་མི་འབྱུང་སྟེ། རི་བོང་གི་རྭ་བཞིན་ནོ། །གང་བརྟེན་ནས་འབྱུང་བ་དེ་ནི་རང་བཞིན་གྲུབ་ནས་ཡོད་པ་ཡང་མ་ཡིན་ཏེ། སྒྱུ་མ་མཁན་ལ་
བརྟེན་ནས་འབྱུང་བ་དང་བུད་མེད་བཞིན་ནོ། །གསུམ་པ་ཐུགས་རྗེས་འགྲོ་བའི་ཀུན་རྟོག་གཞོམས་ནས་ཐར་པ་ལ་འགོད་པའི་ཕྱིར། ཡང་དག་གི་དོན་ཡིན་མིན་གྱི་དགག་སྒྲུབ་མཛད་ཀྱང་རང་ལུགས་ལ་ཁས་ལེན་མེད་པར་བསྟན་པ་ནི། དྲི་བ་དང་ལན་ནོ། །དང་པོ་ནི། དེ་ཁྱོད་དབུ་མ་པ་རྣམས་ཀྱི་ཆོས་ཐམས་ཅད་སྟོང་པ་སྤྲོས་བྲལ་རང་བཞིན་མེད་པར་སྒྲུབ་པར་བྱེད་དེ། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་ཐག་ཆོད་པའི་ངེས་ཤེས་དེ་རྒྱུ་རྐྱེན་གང་དང་གང་ལས་སྐྱེས་ཀྱང་རུང་། ངོ་བོ་གང་དུ་སྐྱེས་ཀྱང་རུང་སྟེ་རང་བཞིན་གྱིས་གྲུབ་པ་ཉིད་དུ་འགྱུར་བས་དེ་དང་མཚུངས་པར་ཆོས་ཐམས་ཅད་ཀྱང་རང་བཞིན་གྱིས་གྲུབ་པ་ཉིད་དུ་འགྱུར་ཏེ་ཁྱོད་ཀྱིས་རང་བཞིན་མེད་པའི་དགག་སྒྲུབ་ཐམས་ཅད་དོན་དམ་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཁྱོད་རང་ལ་དེ་ལྟ་བུའི་ངེས་ཤེས་མེད་ན་ནི། རང་གིས་མ་ངེས་པའི་ཕྱིར་གཞན་ལ་ངེས་ཤེས་སྐྱེད་པར་མི་ནུས་པས། དེ་ལྟ་བུའི་དགག་སྒྲུབ་དང་། བསྟན་བཅོས་རྩོམ་པ་ཐམས་ཅད་ཀྱང་དོན་མེད་པར་འགྱུར་རོ། །དེའི་ཕྱིར་འཐད་པ་དང་བྲལ་བས་དབུ་མ་པའི་ལུགས་འདི་མི་འཐད་དོ། །ཞེས་ཟེར་རོ། །གཉིས་པ་ལ་ནི། དབུ་མ་པ་ལ་མ་ངེས་པའམ། ཐེ་ཚོམ་མམ། ཐག་མ་ཆོད་པ་མེད་པའི་ཕྱིར། དེ་ལ་ལྟོས་པའམ། དེའང་གསུམ་པོའི་ངེས་ཤེས་སམ། ཐག་ཆོད་དམ། ཁས་ལེན་གང་ཡང་ཡོད་པ་ག་ལ་འགྱུར། ཆོས་ཐམས་ཅད་གང་གིས་རང་བཞིན་དུ་ཡང་གྲུབ་པ་ཅུང་ཟད་
ཙམ་ཡང་མེད་དོ། །སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར། བློས་ཀྱང་གང་གི་རང་བཞིན་དུ་མ་དམིགས་ཏེ་བློ་ཡང་སྤྲོས་བྲལ་དང་དབྱེར་མེད་དུ་གྱུར་པས། ཡུལ་ཡུལ་ཅན་ཤེས་བྱ་ཤེས་བྱད་ཀྱི་མཚན་མ་ནི་ནམ་ཡང་མེད་པས། ངེས་པའམ། ཐག་ཆོད། ཁས་ལེན་ནམ་འདི་ཡིན་གྱི་འཛིན་པ་མེད་པས་ན། ངེས་ཤེས་ཀྱི་རྒྱུ་རྐྱེན་འདི་ལ་སྐྱེས་པ་དང་། ངོ་བོ་འདི་ལྟ་བུ་གྲུབ་པ་ཡིན་མ་ཡིན་ཏེ། རི་བོང་གི་རྭ་མ་དམིགས་པས་དེའི་རྒྱུ་རྐྱེན་དང་། ངོ་བོ་མ་དམིགས་པ་བཞིན་ནོ། །འཕགས་པས་ཀྱང་ང་ནི་སྐྱོན་མེད་ཁོ་ན་སྟེ། །ང་ལ་ཁས་ལེན་གཅིག་ཀྱང་མེད། །གལ་ཏེ་ང་ལ་ཁས་ལེན་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །གལ་ཏེ་མངོན་སུམ་ལ་སོགས་ཀྱིས། །དོན་གྱི་འགའ་ཞིག་དམིགས་ནས་ནི། །བསྒྲུབ་པའམ་ཟློག་པར་བྱས་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །གསུངས་སོ། །སློབ་དཔོན་ཨཱརྱ་དེ་བས་ཀྱང་། ཡོད་མེད་ཡོད་མེད་ཅེས་བྱ་བ། ཕྱོགས་ནི་གང་ཡང་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ཡང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་གསུངས་པ་བཞིན་དུ། དབུ་མ་པ་ནི་རང་ལུགས་ཀྱི་ཁས་ལེན་མེད་ཀྱང་། སེམས་ཅན་རྣམས་ཡོད་མེད་ཡིན། །རྟག་ཆད་སྣ་ཚོགས་པ་ལ་སོགས་པར་རྟོགས་པ་དེ་བསལ་བའི་དགོས་པ་ཅན་དུ་ནི་ཡོད་མེད་དང་ཡིན་མིན་དང་། སྟོང་པ་དང་སྟོང་པ་མིན་པ་དང་། བདག་དང་བདག་མེད་པ་དང་། སྤྲོས་པ་
དང་བྲལ་མ་བྲལ་དང་། སྣང་བ་དང་། སྟོང་པ་དང་། དོན་དམ་དང་། ཀུན་རྫོབ་དང་། འཁོར་བ་དང་མྱ་ངན་ལས་འདས་པ་སོགས་སྣ་ཚོགས་གསུངས་པ་ལ་བརྟེན་ནས། སེམས་ཅན་རྣམས་ཀྱིས་ཆོས་རྣམས་སྤྲོས་བྲལ་དུ་ཤེས་པ་དང་། ཀུན་རྟོགས་ཞིང་གི་དབང་ལས་ཉོན་དག་སྟེ། འཁོར་བའི་སྡུག་བསྔལ་ལས་གྲོལ་ཐར་པ་དང་། ཐམས་ཅད་མཁྱེན་པ་ཉིད་ལ་འགོད་པ་ནི་ཉིད་དགོས་དག་སྟེ། འཕགས་པས་སྟོང་ངོ་ཞེས་ཀྱང་མི་བྱ་ལ། མི་སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པར་དོན་དུ་བརྗོད་པར་བྱ། །ཞེས་དང་། བདག་གོ་ཞེས་ཀྱང་བརྟགས་འགྱུར་ཞིང་། །བདག་མེད་ཅེས་ཀྱང་བརྟན་པར་འགྱུར། །སངས་རྒྱས་རྣམས་ཀྱི་བདག་དང་ནི། །བདག་ནི་འགག་མེད་ཅེས་ཀྱང་བསྟན། ཞེས་དང་། བརྗོད་པར་བྱ་བ་ལོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལོག་པའོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །ཞེས་གསུངས་པ་བཞིན་དུ་ཡིན་པས། དབུ་མ་པའི་དགག་སྒྲུབ་ཀྱི་རྩོད་པ་གང་མཛད་ཀྱང་། རང་གི་བསྒྲུབ་བྱའི་ཆོས་དང་། གཞན་ཕྱོགས་དགག་བྱའི་ཆོས། གང་ཡང་མེད་པས་མ་དམིགས་ཀྱང་། སེམས་ཅན་གྱི་ཀུན་རྟོགས་ཞི་བའི་དགོས་པ་ཅན་གྱི་རྩོད་པ་དང་དགག་སྒྲུབ་ཡིན་ནོ། །དེ་ལྟ་མ་ཡིན་པ་རང་གི་བསྒྲུབ་བྱའི་ཆོས་ལ་མ་ཡིན་པར་སྒྲུབ་པ་དང་གཞན་
ཕྱོགས་དགག་བྱའི་ཆོས་ལ་སྡང་བའི་རྩོད་པ་དང་། དགག་སྒྲུབ་ཅན་གྱིས་ནི་རང་གི་ཀུན་རྟོག་འཕེལ་བའི་རྒྱུ་བྱེད་པའི་ཕྱིར། དགོས་པ་ཆེན་པོ་ཅན་དུ་ག་ལ་འགྱུར།མདོ་ལས་ཀྱང་། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་པ་དང་ལྷན་ཅིག་མི་རྩོད་དོ། །གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི། །ང་ཡང་ཡོད་པར་འདོད་དོ། །གང་འཇིག་རྟེན་མེད་པར་འདོད་པ་དེ་ནི། ང་ཡང་མེད་པར་འདོད་དོ། །ཞེས་གསུངས་ཤིང་། འཕགས་པ་ལྷས་ཀྱང་། ཆོས་འདི་སངས་རྒྱས་རྣམས་ཀྱིས་ནི། །རྩོད་པ་མཛད་ཕྱིར་གསུངས་པ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་བཞིན། །འདིས་ནི་ཕས་ཀྱི་རྒོལ་བ་འཇོམས། ཞེས་གསུངས་ཤིང་། དཔལ་ལྡན་ཟླ་བ་གྲགས་པས་ཀྱང་། བསྟན་བཅོས་ལས་དཔྱོད་རྩོད་ལ་ཆགས་པར་ཕྱིར། །མ་ཡིན་རྣམ་པར་གྲོལ་བའི་ཕྱིར་དུ་གསུངས། །འོན་ཀྱང་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །རང་ཕྱོགས་ལྟ་ལ་ཆགས་ཤིང་དེ་བཞིན་དུ། །གཞན་ཕྱོགས་ལྟ་ལ་སྡང་བ་རྣམས་རྟོགས་ཏེ། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམས་བསལ་ཏེ། །རྣམ་དཔྱོད་པ་རྣམས་མྱུར་དུ་གྲོལ་བར་འགྱུར་ཞེས་དང་། གལ་ཏེ་དབུ་མ་པ་ཡིན་ན་ནི་རང་རྒྱུད་ཀྱི་དམ་བཅའ་བར་མི་བྱ་སྟེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་དང་། ཁོ་བོ་ཅག་ནི། མེད་པར་འདོད་པ་ཡང་མ་ལགས་ཏེ། གཞན་
ཡོད་པར་འདོད་པའི་ཕྱོགས་བསལ་འདོད་པའི་ཕྱིར་རོ། །ཡོད་པར་འདོད་པ་ཡང་མ་ལགས་ཏེ། གཞན་མེད་པར་འདོད་པའི་ཕྱོགས་བསལ་འདོད་པའི་ཕྱིར་རོ། །ཞེས་གསུངས་ཏེ། འཇིག་རྟེན་གྲགས་སྡེ་འདོད་པའི་དབུ་མ་པ་དང་། རབ་ཏུ་མི་གནས་པའི་དབུ་མ་པ་དག་ནི་མིང་གི་རྣམ་གྲངས་ཏེ། དེ་ལྟ་བུའི་དབུ་མ་པ་ཐལ་འགྱུར་བར་གྲགས་པའི་ལུགས་ལ་ནི། གཞན་སྣང་ལ་འཇིག་རྟེན་ན་ཐ་སྙད་ཇི་ལྟར་ཁས་བླངས་པ་བཞིན་དུ་ཁས་ལེན་པས་ཀྱང་། རང་ལུགས་ལ་དམ་བཅས་ཁས་ལེན་གཅིག་ཀྱང་མེད་པར་ཤེས་པར་བྱའོ། །སྲི་ཞིའི་མཉམ་ཉིད་ལྟ་བའི་ཁྲིད་འདི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མའི་གཞུང་ལུགས་དག་གི་ལུང་དང་རིགས་པས་ཀྱང་ཅུང་ཟད་བརྒྱན་ནས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་བཞིན་དཔའ་བོའི་རྡོ་རྗེས་ཡི་གེར་བཀོད་པའོ། །སྟོན་པའི་གསུང་རབ་ཐམས་ཅད་མདོ་རྒྱུད་གཉིས་སུ་འདུས། མདོའི་བརྗོད་བྱ་ཐམས་ཅད་རིམ་པ་གཉིས་སུ་འདུས། རྒྱུད་ཀྱི་བརྗོད་བྱ་ཐམས་ཅད་རིམ་པ་གཉིས་སུ་འདུས། ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལ་ཕྱི་ཕ་རོལ་ཏུ་ཕྱིན་པ་ནས་བཤད་པ་དོན་དམ་བདེན་པ་དང་། ནང་གསང་སྔགས་ནས་བཤད་པའི་འོད་གསལ་གཉིས་གཅིག་ཏུ་འདོད་པས། བདག་ནི་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཁོ་ན་ལ་དད་ཅིང་། མདོ་རྒྱུད་ཀྱི་དགོངས་པ་བླང་ལུགས་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་སུ་འཇུག་གོ །ཁྲིད་འདིས་
ཀྱང་དབུ་མ་པའི་ལྟ་བ་རྣམ་དག་ཀྱང་སྟོན་མོད་ཀྱི། འོན་ཀྱང་དངོས་གཞི་གསང་འདུས་ཀྱི་འོད་གསལ་གྱི་ཁྲིད་ཡིན་པའི་ཕྱིར། ཞི་གནས་ཀྱི་སྐབས་ལ་རིགས་སྔགས་ཡུམ་བཞི་ལ་བརྟེན་ནས་ཏིང་ངེ་འཛིན་སྒོམ་པའི་ཐབས་ཐུན་མོང་མ་ཡིན་པ་ཡོད་དོ། །ན་མོ་ཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། མཁྱེན་པས་སྲིད་པའི་འཆིང་བ་མཐར་མཛད་ཅིང་། ཐུགས་རྗེས་ཞི་ལ་དགའ་བ་རིང་དུ་དོར། །སྲིད་ཞིའི་མཐའ་ལ་མི་གནས་སྲིད་ཞིའི་མགོན། །རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་འདེབས། །རབ་འབྱམས་ཞིང་གི་རྡུལ་སྙེད་ལས་འདས་པའི། །གྲངས་མེད་རྒྱལ་བ་རྣམས་ཀྱི་མཁྱེན་པའི་གཏེར། །མཐའ་ཡས་གཅིག་ཏུ་བསྡུས་པའི་ཡེ་ཤེས་སྐུ། །མགོན་པོ་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །རླབས་ཆེན་སྨོན་ལམ་རིང་ནས་བཏབ་པའི་མཐུས། །རྗེ་བཙུན་འཇམ་དབྱངས་ཉིད་ཀྱིས་མངོན་སུམ་དུ། །ཐེ་ཚོམ་དྲ་བ་མཐའ་དག་བསལ་གྱུར་པ། །དཔའ་བོ་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཀྱི། །ཡོན་ཏན་ཀུན་གྱི་རྩ་བ་དྲིན་ཅན་རྗེ། །ཡིད་ལ་དྲན་པ་ཙམ་གྱིས་དུས་ཀུན་ཏུ། །མོས་གུས་རྩོལ་མེད་སྐྱེ་བར་བྱིན་གྱིས་རློབས། །འདོད་ཆུང་ཆོག་ཤེས་ཞི་ཞིང་དུལ་བར་གནས། །སྙིང་ནས་ཐར་པ་དོན་གཉེར་གསོད་པོར་སྨྲ། །བག་ཡོད་
ལ་སྦྱོར་གྲོགས་མཆོག་བསྟེན་བྱེད་ཅིང་། །དག་སྣང་ཕྱོགས་མེད་སྐྱེ་བར་བྱིན་གྱིས་རློབས། །འཆི་བར་ངེས་ཤིང་ནམ་འཆི་ཆ་མེད་པར། །ཚིག་ཙམ་མིན་པར་དྲན་ནས་ལོང་མེད་དང་། །རྙེད་བཀུར་ཆོས་ལ་གཏིང་ནས་ཞེན་ལོང་སྟེ། །དགོས་མེད་རྒྱུད་ལ་སྐྱེ་པར་བྱིན་གྱིས་རློབས། །ལུས་ཅན་མཐའ་དག་དྲིན་ཅན་མར་ཤེས་པས། །ཉམ་ཐག་རྣམས་ཀྱི་སྡུག་བསྔལ་དྲན་གྱུར་ནས། །རང་བདེ་འབའ་ཞིག་སྒྲུབ་ལས་ཡིད་ལོག་སྟེ། །སྙིང་རྗེ་རྩོལ་མེད་སྐྱེ་བར་བྱིན་གྱིས་རློབས། །མཐར་འཛིན་ནད་ཀུན་སེལ་བའི་སྨན་གཅིག་པུ། །ཟབ་མོ་རྟེན་འབྲེལ་མཐའ་དང་བྲལ་བའི་དོན། །འཕགས་མཆོག་ཀླུ་སྒྲུབ་ཡབ་སྲས་དགོངས་པ་དག །ཇི་བཞིན་ཁོང་དུ་ཆུད་པར་བྱིན་གྱིས་རློབས། །དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང་། འཁོར་དང་ལོངས་སྤྱོད་རྙེད་དང་བཀུར་སྟིའི་རྒྱུར། །སྐད་ཅིག་ཙམ་ཡང་ནམ་ཡང་མི་སྨིན་པར། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་
ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། རྣམ་དག་སྨོན་པའི་གནས་འདི་འགྲུབ་པར་ཤོག །བྱིན་རླབས་ཉེར་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་འདེབས་པ་དངོས་གྲུབ་ཀྱི་སྙེ་མ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས། གངས་ཅན་གྱི་ཁྲོད་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་པའོ། །དགེའོ། །སྭ་སྟི། རྒྱལ་པད་ཚལ་ཕན་བདེའི་དྲི་བསུང་ཅན། །བཤད་སྒྲུབ་འདར་རྒྱས་རྣམ་གྲོལ་སྦྲང་རྩའི་བཅུད། །འགྲོ་ཀུན་སྤྱོད་ཕྱིར་སྡེ་དགེ་ལྷུན་གྲུབ་སྟེང་། །ཆོས་སྡེ་ཆེ་ནས་ཆོས་སྦྱིན་ཆར་འདི་སྤེལ། །