Nitartha Digital Library
Tibetan
ཀཾ་ཚང་མན་ངག་གཅེས་བཏུས།


   
   
   
   
   
   
   
   
བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར།
   
   
   
   
   


 
previousབཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར།next

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར།


KMC010_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར་ཞེས་བྱ་བ་བཞུགས་སོ། །


KMC010_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར་ཞེས་བྱ་བ། །བླ་མ་དང་དཔལ་དགྱེས་པ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཕུང་ཁམས་དྲི་མ་ཀུན་ཟད་ཡེ་ཤེས་ཀྱི། །མེ་ཕུང་དབུས་ན་དཔྱིད་ཐིག་བསྲེག་བླུག་རོལ། །དགའ་བཞིའི་མཐར་སོན་ལས་བཞིའི་གར་མཛད་པ། །མར་སྟོན་ཧེ་རུ་ཀ་དཔལ་ལ་ཕྱག་འཚལ། །ཕྱི་ནང་བསྲེག་བྱ་ལྷ་ཞལ་མེ་ཡི་ལྕེར། །སྟོབས་པས་ལས་དང་དངོས་གྲུབ་ཐོགས་མེད་དུ། །འགྲུབ་འགྱུར་གནད་ཤེས་འཇུག་པའི་ལམ་བཟང་ནི། རྒྱུན་དོན་མན་ངག་བསྡེབས་ཏེ་འཆད་པ་ཡིན། །དཔལ་དགྱེས་པ་རྡོ་རྗེའི་བསྙེན་པ་སྔོན་ཏུ་སོང་བའི་རྣལ་འབྱོར་པས་ལྷག་ཆད་ཁ་སྐོང་ངམ། རབ་གནས་སྒྲུབ་མཆོད་སོགས་སྔགས་ཀྱི་ནུས་པ་འབྱིན་པའི་


KMC010_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཆེད་དུ་སྦྱིན་སྲེག་བྱ་བ་ནི། དཔལ་བརྟག་པ་གཉིས་པ་ལས། ཅི་གསུང་སྦྱིན་སྲེག་བྱས་ནས་ནི། །དཀྱིལ་འཁོར་དམ་པ་བཞེངས་པ་དང་། །ཞེས་སོགས་དང་། རྡོ་རྗེ་གུར་གྱི་རྒྱུད་དོན་གྲུབ་ཆེན་མཚོ་སྐྱེས་སོགས་ཀྱིས་བཀྲལ་བ་མར་རྔོག་གི་མན་ངག་གིས་བརྒྱན་པའི་གཞུང་ལག་ལེན་ཏུ་བསྟར་བ་ལ་དོན་གཉིས་ཏེ། དངོས་དང་འཕྲོས་དོན་ནོ། །དང་པོ་ནི། སྤྱིར་རྒྱུད་སྡེ་རྣམས་ནས་དགུག་པ་དང་། རྨོངས་རེངས་སོགས་ལས་ཀྱི་བྱེ་བྲག་སྒྲུབ་པའི་སྦྱིན་སྲེག་གི་དབྱེ་སྒོ་མང་དུ་གསུངས་པ་རྣམས། ཡེ་ཤེས་ཐིག་ལེ་དང་རྡོ་རྗེ་མཁའ་འགྲོར་རྩ་བའི་དབྱེ་གཞི་ཕྲིན་ལས་བཞིར་བསྡུས་ཏེ་བསྟན་པའི་རྗེས་སུ་ད་ལྟའི་ཕྱག་ལེན་མཁན་རྣམས་འབྲངས་པ་ལྟར་འཆད་པ་སྟེ། དེ་ལ་བཞི། ཞི་བ། རྒྱས་པ།


KMC010_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དབང་། མངོན་སྤྱོད་དོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་ཀྱི་རིམ་པའོ། །དང་པོ་ལ་གསུམ། སའི་ཆོ་ག །བཅས་དང་ཡོ་བྱད། ཆོ་གའི་སྔོན་འགྲོའོ། །དང་པོ་ནི། སྔར་སྦྱིན་སྲེག་མ་བྱས་པ་སོགས་ས་གཞི་མ་དུལ་བ་ཡིན་ན་དཀྱིལ་ཆོག་ནས་འབྱུང་བ་ལྟར་སའི་ཆོ་ག་རྒྱས་པའམ། སྡོོམ་འབྱུང་གི་དགོངས་པ་ལྟར་ས་བདག་ལ་གཏོར་མ་སྦྱིན་ཅིང་། རྩ་བའི་སྔགས་བརྗོད་དེ་སྟོང་ཉིད་དུ་སྦྱང་པ་ཙམ་བྱའོ།། །།གཉིས་པ་ལ་གསུམ། ཐབ་དང་འབྲེལ་བ། རྫས་དང་འབྲེལ་བ། སྒྲུབ་པ་པོ་དང་འབྲེལ་པའོ། །དང་པོ་ནི། འདི་ཉིད་ཀྱི་རྒྱུད་དགོངས་འགྲེལ་དང་བཅས་པ་ལས་བྲུ་ཐབ་དང་བྲི་ཐབ་གཉིས་གསལ་བར་བསྟན་ཅིང་། གཤེད་དམར་རྒྱུད་ལེའུ་བཅུ་དགུ་པ་ནས་བརྩིགས་ཐབས་གསུངས་པས་ལུགས་སྲོལ་གསུམ་ལས་ད་ལྟ་ཕལ་ཆེར་གྱི་ལག་ལེན་བདེ་བའི་དབང་གིས་བྲི་ཐབ་ཁོ་ན་མཛད་པ་ལྟར་ན། སྟེགས་བུ་འཐས་པར་གཅག་ཅིང་ཙནྡན་དཀར་པོ་སོགས་ཀྱིས་བྱུགས་པའི་སྟེང་དུ་ཐིག་ཆེན་བརྒྱད་བཏབ། དབུས་ནས་མཐོ་གང་ཚད་ཀྱིས་ཟླུམ་པོར་བསྐོར་བ་ཐབ་ཀྱི་དངོས་གཞི་དང་། དེའི་ཕྱི་རོལ་སོར་བཞི་བསྐོར་བ་མཆུ། དེ་རྒྱབ་སོར་བཞི་ཁ་ཁྱེར། དེ་དང་ཟུར་ཐིག་འཇོམ་པའི་ས་ནས་སོར་བཞིའི་མཚན་མ་བཏབ་པ་རྩེ་སྦྲེལ་བསྟེགས་བུ། དེའི་ཕྱི་རོལ་དུའང་སོར་བཞི་པའི་གྲུ་བཞི་མཛད་པ་བསྒོམ་དོན་སྟེགས་བུའི་དཔངས་དང་བྲི་ཆར་མིག་


KMC010_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

སྔར་མཛེས་པའི་དོན་ཏུ་བཞེད། ཐབས་ཀྱི་དབུས་སུ་འཁོར་ལོ་སོར་བརྒྱད་པའི་ལྟེ་བར་རྡོ་རྗེ། ཤར་དུ་འཁོར་ལོ། ལྷོར་རིན་ཆེན། ནུབ་ཏུ་པདྨ། བྱང་དུ་རལ་གྲི་རྣམས་སོར་གཅིག་པས་མཚན་པ། ཁ་ཁྱེར་ནང་ངོས་རྡོ་རྗེའི་ཕྲེང་བ་དང་། ཕྱི་ངོས་པད་ཕྲེང་མཚོན་བྱེད། སྟེགས་བུའི་གྲྭ་བཞིར་རྡོ་རྗེ་རྩེ་གསུམ་པ་རེ་རེ་སྟེ། གཞི་ཐམས་ཅད་དཀར་པོ་ལ་བཅད་ཚོན་དམར་སྐྱ་ཁོ་ནས་བྲི། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའམ་སྲོག་ཆགས་མེད་པའིབ་ལང་གི་ལྕི་བ་སྐམ་པོས་ཐབ་ཀྱི་ནང་ཟླུམ་པོར་བརྩིག་ཅིང་ཤར་ལྷོར་མེ་ཚང་བཞག །ཐབ་དང་སྒྲུབ་པ་པོའི་བར་དུ་གདན་གཞི་ལས་གསུངས་པ་ལྟར་མེ་ཡོལ་འཇིམ་པ་སོ་ཕག་སོགས་ལས་བྱས་པའི་གངས་རིའི་གཟུགས་དཀར་པོ་རྒྱར་མཐེབ་སོར་བཅུ་གཉིས། དཔངས་སུ་སྐེད་པར་སླེབ་པ་ཞིག་བཞག་ལ་དངོས་གཞིའི་ཚེ་རི་བོ་གངས་ཅན་བདག་ཉིད་ཀྱི་ཚ་གདུང་སེལ་བའི་ནུས་པ་དང་ལྡན་པར་བསམ་པའམ། གལ་ཏེ་མ་འགྲུབ་ན་མེ་ལྷ་སྤྱན་དྲངས་པའི་རྗེས་སྒྲུབ་པ་པོ་ལ་འཚེ་བའི་ཕྱི་འབྲང་གི་འབྱུང་པོ་ལས་ཐམས་ཅད་པའི་སྔགས་སོགས་ཀྱིས་བསྐྲད་དགོས་པར་གསུངས། སྤོར་བྱེད་མེ་རྒྱུན་བཞག་དང་། དགོན་པའི་མེའམ། འོ་མ་ཅན་གྱི་ཤིང་དང་གཙུབས་ཤིང་ལས་བྱུང་བ་སྣོད་དུ་འདུ་བྱ་ཞིང་འབྲུ་གསུམ་གྱིས་བསྲུངས་ལ་བཞག་གོ །གཉིས་པ་ནི། སྟེགས་བུ་དཀར་པོ་གཉིས་སྒྲུབ་པ་པོའི་


KMC010_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཡོན་ཏུ་བཞག་པའི་གཡས་སུ་དངུལ་ཤེལ་དུང་སོགས་དཀར་ཞིང་ཟླུམ་པའི་སྣོད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཟླུམ་གཏོར་དཀར་པོ་གཉིས། མེ་ཏོག །བདུག་སྤོས། དྲི་ཆབ། ཞལ་ཟས། མར་མེ་སྟེ་མཆོད་རྫས་རྣམས་དང་། འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་བཅུ་གཉིས་པའི་རྩེ་གཉིས་སྤྲད་འོ་མ་མར་ཁུས་ཞུགས་པ། མར་དཀར་ཁུ་བ། ཏིལ་ནག །འབྲས་མ་གྲུགས་པ། ཟས་མཆོག་སྟེ་ཞོ་བག་ཕྱེ་བུ་རམ་གསུམ་བསྲེས་པའི་རིལ་བུ། འབྲས་སོ་བ། ནས། མོན་སྲན་གྲེའུ། གྲོ། དཱུརྦ་དང་ཀུ་ཤ་མ་ཉམས་པ། འོ་མ་ཅན་གྱི་ཤིང་སྔར་མོས་པའི་ཡམ་ཤིང་ཚོ་ལྔ། ཁྱད་པར་རྫས་ཤིང་ཏོག །བདུད་རྩི་ལྔ། གོས་ཟུང་། གྲངས་འཛིན་བསངས་ཆུ་བཅས་རིམ་པར་བཞག །གཡོན་དུ་ཆུ་གསུམ། མདུན་ཏུ་བཟེད་ཞལ། ནང་མཆོད། རྡོར་དྲིལ་བར་དུ་དགངས་གླུགས་པ་སྦྱར་བ་བཅས་བཞག །སོ་སོར་ཕྲལ་ན་བར་ཆད་ཀྱི་ཆོས་ཡིན་གསུངས། ཐམས་ཅད་ཀྱང་དངོས་སམ་མོས་པས་བརྟགས་ཏེ་ཁ་དོག་དཀར་པོ་འབའ་ཞིག་པའོ། །གསུམ་པ་ནི། སྒྲུབ་པ་པོ་དར་རས་དཀར་པོའི་གོས་དང་ཤེལ་དཀར་སོགས་ཀྱི་རྒྱན་གྱིས་སྤྲས་ལ་སྲོད་དམ་དགོངས་ཀའི་དུས་སུ་ཞི་བའི་བསམ་པས་ཁ་ཤར་དུ་ཕྱོགས་ཏེ་འཇམ་པའི་སྟན་ལ་པདྨའི་སྐྱིལ་ཀྲུང་གིས་འཁོད་ཅིང་ཕྲིན་ལས་ལ་འཇུག །དེའང་དོན་དམ་པར་ཕྱོགས་མེད་པས་གནས་


KMC010_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

སྐབས་རྟེན་འབྲེལ་དབང་གིས་ཕྱོགས་སུ་རྟོག་པས་བཞག་པ་སྟེ། དཀྱིལ་འཁོར་དང་འབྲེལ་ན་དེའི་ཤར་དུ་ཐབ་བཅའ་ཞིང་། སྒྲུབ་པ་པོ་དཀྱིལ་འཁོར་གྱི་ཤར་ལ་ཁ་ཕྱོགས་ཏེ་ཐབ་དང་ཞལ་སྤྲོད་བྱ་བ་དང་། དུས་གཞན་ཏུ་འབྱུང་བའི་ཤར་ལ་ཁ་ཕྱོགས་པའི་མདུན་ཏུ་ཐབ་ཀྱི་ཁ་ཚུར་བསྟན་ཏུ་བྱ་དགོས་སོ།། །།གསུམ་པ་ཆོ་གའི་སྔོན་འགྲོ་ནི། རྗེ་མར་རྔོག་ཡབ་སྲས་ཀྱི་ཕྱག་བཞེས་ཏེ་སྒྲུབ་མཆོད་དང་འབྲེལ་ན་བདག་མདུན་བུམ་སྒྲུབ་བདག་ཉིད་འཇུག་པ་ཟིན་པའི་རྗེས་སུ་ཁྲུས་དང་བགེགས་སྦྱང་ནས་སྦྱིན་སྲེག་ལ་འཇུག །སྦྱིན་སྲེག་གྲུབ་རྗེས་ཚོགས་འཁོར་མན་ཆད་མཐར་དབྱུང་བ་ཡིན་ལ། འདི་ཉིད་སྒེར་དུ་བྱ་བའི་ཚེ། བདག་ཉིད་ལས་ཀྱི་ཧེ་རུ་ཀ་སོགས་ནང་མཆོད་བྱིན་གྱིས་བརླབ་ཅིང་མྱང་བ་ནས་རྡོར་སེམས་བསྒོམ་བཟླས་ཡན་གྲུབ་པ་དང་། རྣམ་རྒྱལ་དང་ལས་བུམ་བསྒྲུབ་འོད་ཞུ་སོགས་ཟིན་ནས་རྣམ་རྒྱལ་བུམ་པའི་ཆུས་དཀྱིལ་འཁོར་ངམ། རས་བྲིས་ལ་ཁྲུས་གསོལ་སྦྱི་མཐུན་བྱས་པའི་ཆུ་དེས་སྒྲུབ་པ་པོ་རྣམས་ལ་ལས་སྔགས་བཟླས་ཏེ་ཁྲུས་བྱ་ཞིང་། གནས་ཁང་དང་ཡོ་བྱད་ལའང་བསངས་གཏོར་བྱ། དེ་ནས་ཡུངས་ཀར་དང་བསྲེས་པའི་ཟན་གྱི་ཆངས་བུས། ལས་སྔགས་བཟླས་ཏེ་རང་དང་གྲོགས་ལ་བསྐོར། ལུས་ངག་ཡིད་ཀྱི་ཉེས་པ་ཐམས་ཅད་བསྡུས་ཏེ་ཆངས་བུ་ལ་ཐིམ་པར་མོས། གྱོ་མོ་ལ་སོགས་པའི་སྣོད་


KMC010_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བཅུག་ཏེ་རོལ་མོའི་སྒྲ་དང་བཅས་ཕྱི་རོལ་དུ་དོར་རོ།། །།གཉིས་པ་དངོས་གཞི་ལ་གསུམ། ལྷའི་རྣལ་འབྱོར་བསྒོམ་པ། འཇིག་རྟེན་པའི་མེ་ལྷ་མཆོད་པ། དཀྱིལ་འཁོར་པ་མཆོད་པའོ། །དང་པོ་ནི། སྒྲུབ་མཆོད་སྔོན་ཏུ་སོང་ན་སྐབས་འདིར་མི་དགོས་ཀྱང་། གཞན་ཏུ་བླ་མ་དག་པ་ནས་བརྩམ། རྡོ་རྗེ་པདྨ་བྱིན་གྱིས་བརླབ་པའི་བར་གྱིས་ཆོག་པའི་སྐབས་ཀྱང་ཡོད་མོད་ཀྱི། དཀྱུས་སུ་བཟླས་པ། དག་དྲན། བསྡུ་རིམ་གྱི་བར་དུ་བཏང་ལ་རང་ཉིད་གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་གྱིས་གནས་པར་བྱའོ། །གཉིས་པ་ནི། ལས་བུམ་གྱི་ཆུ་བསྲེས་པའི་བསངས་ཆུ་ཀུ་ཤས་འཐོར་ལ། བསངས་སྦྱང་། སྒྲུབ་ཐབས་ལྟར་མཆོད་པ་བྱིན་རླབས་བྱ། བསྲེག་རྫས་རྣམས་བསངས་སྦྱང་། བདུན་རྩི་ལྟར་བྱིན་བརླབས། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་རྣམས་པ་བསྲེག་རྗས་སོ་སོར་གྱུར། དགང་བླུགས་ཁ་སྦྱར་བས་རེག་ལ། ༀ་སྭཱ་ཧཱ། རྫས་བཀྲུ་བའི་སྔགས་སོ། །ༀ་ཨཱཿསྭཱ་ཧཱ། ཡམ་ཤིང་དང་། ༀ་ཤྲིཾ་སྭཱ་ཧཱ། ཞུན་མར་དང་། ༀ་ཛྲིཾ་སྭཱ་ཧཱ། འབྲུ་དང་། ༀ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་ལྷག་མ་སྦྱར་བའི་སྔགས་ཏེ་དེ་རྣམས་ལན་གསུམ་གསུམ་བརྗོད། དམ་པ་ཁ་ཅིག་གིས། རང་གི་ལག་པ་གཉིས་ཀྱི་ནང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་སྟེ་བར་ཧཱུྃ་གིས་མཚན་པ། དེ་


KMC010_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འོད་འཕྲོས་ནས་རྫས་རྣམས་ལ་ཕོག་པས། རྗས་རྣམས་ཀྱི་སྐྱོན་ཐམས་ཅད་དག་ནས་དྭངས་ཤིང་ཐོགས་པ་མེད་པ་ལས་བསྒྲུབ་པའི་ནུས་པ་དང་ལྡན་པར་བསམས། ལག་པ་གཉིས་རྡོ་རྗེ་ཁུ་ཚུར་ལས་གུང་མོ་གཉིས་གཤིབ་ལ་བརྐྱང་སྟེ། ༀ་ཤྲཱིཾ་སྭཱ་ཧཱ། ཞེས་སོགས་ཀྱིས་བསྲེག་རྫས་སྦྱང་ཞེས་བཤད། མེ་ཐབ་བསངས་སྦྱང་། སྟོང་པའི་ངང་ལས། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དང་ཨཾ་ལས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ། ཞལ་བརྒྱད་པ། ཕྱག་བཅུ་དྲུག་པ། ཞབས་བཞི་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཡུམ་བདག་མེད་མ་དང་མཉམ་པར་སྦྱོར་བ། ཡབ་ཡུམ་སྙོམས་པར་ཞུགས། འོད་དུ་ཞུ་བ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་ཡངས་ཤིང་རྒྱ་ཆེ་ལ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། མེ་གཡས་བསྐོར་གྱིས་སྦར་ཞིང་། ༀ་ཛྭ་ལ་ཛྭ་ལ་ཧཱུྃ། ཞེས་བརྗོད། རླུང་གཡབ་གཡོབ་ལ། ༀ་ཨཱཿཧཱུྃ། ཞེས་བརྗོད། སྙིང་པོའི་སྔགས་དང་ལས་སྔགས་ཀྱིས་མར་ཁུ་དགང་བླུགས་གསུམ་མམ་བདུན་འབུལ། ཀུ་ཤའི་ཆུན་པོ་མ་གྲུགས་པ། ཤིན་ཏུ་རིང་བ་མ་ཡིན་པ་ཟུང་དུ་བྱས་


KMC010_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

པ་དག་རིམ་པས་བླངས་ཏེ། ༀ་ཀུ་ཤ་འདི་ནི་གཙང་ཞིང་དགེ །ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་མཆོག་གསུམ་པོ་མཉེས་བྱེད་པ། །ས་ལས་སྐྱེས་འདི་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་དང་། ༀ་བཛྲ་ས་ཏྭ་ཨཱཿ ཞེས་ཆུན་པོ་གཅིག་ཐབ་ཀྱི་སྟེང་དུ་བཞག་པ་མེ་ལྷའི་གདན་ཏུ་བསམ་མོ། །ཆུན་པོ་གཞན་དག་ནི་ཐབ་ཀྱི་གཡས་རང་གི་གཡོན་ནས་གཡས་བསྐོར་དུ་རྩེ་མོ་ཤར་དང་། ལྷོ་དང་། ནུབ་དང་། བྱང་དུ་ལྟ་བ་སྔ་མའི་རྩེ་དང་། ཕྱི་མའི་རྟིང་བ་སྤྲོད་པའི་ཚུལ་གྱིས་སྟེགས་བུ་གཡོགས། མེ་ལྷ་བསྐྱེད་པ་ནི། ཐབས་ཀྱི་དབུས་སུ། པདྨ་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཧཱུྃ་དང་ༀ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དང་། གྲི་གུག་ༀ་གྱིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སོགས་སྔར་ལྟར་ལ། འོད་དུ་ཞུ་བ་ལས། རཾ་དང་ཛཿལས་མེ་ལྷ་སྐུ་མདོག་དམར་པོ། ཞལ་བཞི་དང་ལྡན་པའི་རྩ་ཞལ་དམར་པོ། གཡས་ཞལ་ནག་པོ། རྒྱབ་ཞལ་


KMC010_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

སེར་པོ། གཡོན་ཞལ་དཀར་བའི་ཞལ་རེ་རེ་ལ། སྤྱན་གསུམ་གསུམ་དང་ལྡན་པ། རལ་པའི་ཐོར་ཚུགས་ཆེན་པོ་འཆང་བ། ལྟོ་བ་འཕྱང་ཞིང་། མེའི་དཀྱིལ་འཁོར་གྲུ་གསུམ་གྱི་ལྟེང་དུ་པདྨ་དང་ཉི་མའི་གདན་ལ་བཞུགས་པ། འོད་ཟེར་འབར་བས་བརྒྱན་པ། ཕྱག་བཞིའི་གཡས་དང་པོས་མཆོག་སྦྱིན། གཉིས་པས་བགྲང་ཕྲེང་། གཡོན་དང་པོས་རིལ་བ་སྤྱི་བླུགས། གཉིས་པས་དབྱུ་ུགུ་འཛིན་པ། རང་སྣང་གི་རིག་མ་ལ་འཁྱུད་ཅིང་། །དྲང་སྲོང་གི་ཚོགས་ཀྱིས་བསྐོར་བར་གྱུར། ལག་པ་གཡས་པའི་ཐལ་མོ་བརྐྱང་པའི་མཐེ་བོང་གཡབ་ཅིང་། ༀ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ། །འདོད་པ་ཐམས་ཅད་རབ་སྒྲུབ་པ། །སྙིང་རྗེས་ཐམས་ཅད་དོན་གྲུབ་མཛད། །འདིར་ནི་ཉེ་བར་མཛད་དུ་གསོལ། །ༀ་ཨེ་ཧྱེ་ཧི། མ་ཧཱ་བྷཱ་ཏ་དེ་ཝ་རྀ་ཥི་དི་ཛ་སཏྟ་མ་གྲྀ་ཧཱི་ཏྭཱ་ཨཱ་ཧཱུ་ཏི་མ་ཧཱ་ཨ་སྨིན་སནྣི་ཧི་ཏོ་བྷ་ཝེ། ཞེས་ཡེ་ཤེས་ཀྱི་མེ་ལྷ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། ཧཱུྃ་བརྗོད་ཅིང་བསང་གཏོར་གྱི་ཆུས་བགེགས་བསྐྲད་ནས། ༀ་བཛྲ་པུཥྤེ་ཨཱཿཧཱུྃ་


KMC010_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། སོགས་ཉེར་སྤྱོད་ལྔས་མཆོད་དོ། །གཽ་རཱི་ཛཿ སོགས་ཀྱིས་དགུག་གཞུག་བཅིང་མཉེས་བྱས་ཏེ། ལག་པ་གཡས་རྡོ་རྗེ་དང་བཅས་པའི་མཐེ་བོང་གིས་མཐེའུ་ཆུང་མནན་ཞིང་། སོར་མོ་གཞན་གསུམ་བསྒྲེང་བའི་རྩེ་གསུམ་གྱི་ཕྱག་རྒྱ་བསྟན་ལ། ༀ་བཛྲ་ཨ་ན་ལ་མ་ཧཱ་བྷཱུ་ཏ་ཛྭ་ལ་ཡ་སརྦ་བྷ་སྨཱི་ཀུ་རུ་སརྦ་དུཥྚཱཾ་ཧཱུྃ་ཕཊ། དྲྀ་ཤྱ་ཛཿཧཱུྃ་བཾ་ཧོཿ། ས་མ་ཡ་སྟྭཾ་ཨ་ཧཾ། ཞེས་གུར་ལས་གསུངས་པའི་སྔགས་ཀྱིས་དམ་ལ་གཞག་ཅིང་། ལག་པ་གཉིས་ཁུ་ཚུར་ཁ་སྦྱར་བ་ལས། གུང་མོ་གཉིས་རྩེ་སྤྲད། མཐོ་བོང་གཤིབས་པའི་སྟེང་དུ་མཛུབ་མོ་གཉིས་བཀུག་ལ་བཞག་པ་རིན་པོ་ཆེའི་ཕྱག་གྱིས། ༀ་རཏྣ་ཨ་བྷི་ཥིཉྩ་མཱཾ། ཞེས་བརྗོད་དེ། རིན་པོ་ཆེའི་དབུ་རྒྱན་གྱིས་དབང་བསྐུར་བ་དང་ལྡན་པར་གྱུར། དེ་ནས་བསྲེག་བླུགས་འབུལ་བ་ནི། ༀ་སརྦ་སཾ་ཤོ་དྷ་ནིའི་སྔགས་ཀྱིས་བསང་གཏོར་དང་། ༀ་པྲ་ཝ་ར་སཏྐཱ་རཾ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་མཆོད་ཡོན་དང་། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲཱ་ཡ་བཛྲ་སྟྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱས་ཞབས་བསིལ་དབུལ་ཏེ། སྔགས་ཕྱི་མ་དག་གུར་ལས་བྱུང་བའོ། །གཞན་ཡང་ཉེར་སྤྱོད་ལྔ་དང་ༀ་དྷཱཾ་དྷཱཾ་ཞེས་པའི་མཐར། ཨི་དཾ་བ་ལིཾ་སོགས་བཏགས་པས་གཏོར་མ་ཡང་ཕུལ་ལ། གླུ་བླང་བ་སྔོན་ཏུ་འགྲོ་


KMC010_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བས་སྒེག་སོགས་བརྒྱད་ཀྱིས་མཆོད་ཅིང་། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཌཱ་ཀིས་དབང་བསྐུར་བ། ཤེས་རབ་མཆོག་གིས་ཉོན་མོངས་མ་ལུས་བསྲེག །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །ཅེས་བསྟོད། དམ་བཞག་གི་སྔགས་མཐར། ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། ཞེས་བཏགས་པའི་སྔགས་ཀྱིས་ཡམ་ཤིང་ཟུང་དུ་བྱས་པ་དག་ག ཡས་པའི་གུང་མཐེབ་ཀྱིས་བཟུང་ལ་གྱེན་ཏུ་བསྐོར་ནས་མཆོག་སྦྱིན་གྱི་ཚུལ་གྱིས་ཉི་ཤུ་རྩ་གཅིག་སོགས་འབུལ་མཐར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་དུ་གཅོད་པ་ཐམས་ཅད་ཤཱ ནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ་ཚིག་སྦྱར། དེ་བཞིན་ཏུ་ལག་པ་གཡོན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཁ་སྟེང་དུ་བསྟན་པས་དགང་གཟར་མར་ཁུས་གང་བ་དང་། ལས་པ་གཡས་ཕྱག་རྒྱ་དེ་ཉིད་འོག་ཏུ་ཕྱོགས་པས་བླུག་གཟར་ཁ་གྱེན་བསྟན་བཟུང་ལ། དགང་བླུགས་ཀྱི་ཁ་ལ་རང་གི་ལྷའི་ས་བོན་ཡི་གེ་གསུམ་གྱི་བར་དུ་སྦེལ་བའམ། ཧཱུྃ་འོད་ཟེར་དང་བཅས་པ་དང་། མེ་ལྷའི་ཞལ་དུ་རཾ་གྱིས་མཚན་པར་གྱུར་པར་བལྟས་ལ་དགང་བླུགས་ཁ་སྦྱར་ཏེ་ལག་པ་གཉིས་པུས་མོ་


KMC010_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཕྱིར་མི་འདའ་བར་གཡོན་སྐོར་གྱིས། སྔགས་མཐར། ༀ་ཨཱགྣ་ཡེ་ཧཱུྃ། ཞེས་བཏགས་པས་མར་ཁུ་འབུལ་ཞིང་འདོད་གསོལ་སོགས་འགྲེའོ། །དེ་ནས། ༀ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་བཛྲ་སྟྭ་སྱ་སརྦ་པཱ་པཾ་ད་ཧ་སྭཱ་ཧཱ། ཏིལ་ལོ། །ༀ་བཛྲ་པུཥྚཱ་ཡ་སྭཱ་ཧཱ། འབྲས་མ་ཆག་པའོ། ༀ་སརྦ་སམྤ་དེ་སྭཱ་ཧཱ། ཟས་མཆོག་གོ །ༀ་བཛྲ་བཱི་ཛཱ་ཡ་སྭཱ་ཧཱ། འབྲས་སོ་བའོ། །ༀ་མ་ཧཱ་བེ་ག་ཡ་སྭཱ་ཧཱ། ནས་སོ། །ༀ་མ་ཧཱ་བ་ལཱ་ཡ་སྭཱ་ཧཱ། མོན་སྲན་གྲེའུ་འོ། །ༀ་བཛྲ་གྷསྨ་རི་སྭཱ་ཧཱ། གྲོའོ། །ༀ་བཛྲ་ཨཱ་ཡུ་ཥེ་སྭཱ་ཧཱ། དཱུརྦའོ། །ༀ་བཛྲ་ཨ་པྲ་ཏི་ཧ་ཏ་བཛྲཱ་ཡ་སྭཱ་ཧཱ། ཀུ་ཤའོ། །ༀ་བཛྲ་ཡ་ཛྙཱ་ཡ་སྭཱ་ཧཱ། ཨུ་དུམྦ་རའོ། །ༀ་བོ་དྷི་བྲྀཀྵཱ་ཡ་སྭཱ་ཧཱ། བྱང་ཆུབ་ཤིང་ངོ་། །ༀ་བཛྲ་ལ་ཏཱ་ཡ་སྭཱ་ཧཱ། པཱཀྵའོ། །ༀ་བཛྲ་ཀུ་བེ་རཱ་ཡ་སྭཱ་ཧཱ། ནྱ་གྲོ་དྷའོ། །ༀ་ས་ཧཱ་ཀ་རཱ་ཡ་སྭཱ་ཧཱ། ཨ་མྲ་སྟེ་ཤིང་ལྔ་པོ་དངོས་སུ་མི་འབྱོར་བས་འོ་མ་ཅན་ཤིང་གང་ཡང་རུང་བ་དེ་དག་ཏུ་མོས་ནས་འབུལ། རྫས་དེ་རྣམས་ལས་འབྲུ་ལ་སོགས་པ་ནི་བླུགས་གཟར་གྱིས་དབུལ་ལོ། །དེ་ཡང་ཞུ་བའི་རྫས་རྣམས་ཞལ་དུ། ཡམ་ཤིང་བདུག་སྤོས་སོགས་འོད་ཀྱི་དཀྱིལ་འཁོར་ལ། ཏིལ་ལ་སོགས་པ་ཕྱག་ཏུ། མེ་ཏོག་དབུལ། དྲི་ཐུགས་ཀར། མར་མེ་དང་


KMC010_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཡོན་མདུན་ཏུ། ཞབས་བསིལ་ཞབས་ལ། བསངས་གཏོར་སྐུ་ཐམས་ཅད་ལ་ཕུལ་བར་མོས་པར་བྱ། ཁྱད་པར་རྫས་ཤིང་ཏོག །བདུད་རྩི་ལྔ། གོས་ཟུང་སོགས་ཀྱང་འབུལ་ཞིང་སྔགས་ནི་དམ་བཞག་གི་སྔགས་ཀྱིས་སོ། །སྐབས་འདི་དག་ཏུ་མེ་པྲ་བརྟགས་ལ་ངན་ན་བསངས་གཏོར་དང་དགང་བླུགས་འབུལ། མཐར་སྤྱན་སྔ་སོགས་ཀྱིས་མ་གསུངས་ཀྱང་ཨགྣ་ཡེས་དགང་བླུགས་ཀྱང་འབུལ་ལོ། །གསུམ་པ་ནི། བུད་ཤིང་ཁ་གསོས། མེ་ལྷ་ཡབ་ཡུམ་མེ་ཕུང་འབར་བའི་རྣམ་པར་གྱུར་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁང་པ་བརྩེགས་པ་ནས། ཨ་ན་ལའི་སྔགས་ཀྱིས་རྒྱས་གདབ་པའི་བར་བྱ། རྡུལ་ཚོན་དང་འབྲེལ་བའི་ཚེ་སློབས་མས་དཀྱིལ་འཁོར་གྱི་དྲུང་ནས་མེ་ཏོག་སྔགས་བརྗོད་པས་སྤྱན་དྲངས། སློབ་དཔོན་ལ་ཕུལ་ཏེ་ཐབ་ཏུ་རིམ་བཞིན་སྔགས་བཟླ་ཞིང་དོར་བ་ཕྱག་བཞེས་སོ། །དབུས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་དང་ཨཾ་སྔོན་པོ་ལས་རྡོ་རྗེ་དང་གྲི་གུག་ཧཱུྃ་དང་ཨཾ་གིས་མཚན་པ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ནས། གཡས་བསྐུམ་པས་ཡབ་ལ་འཁྱུད་པ། འདབ་མ་བརྒྱད་ལ་གཾ་ཙཾ་བཾ་གྷཾ་པཾ་ཤཾ་ཙཾ་ཌོཾ་རྣམས་


KMC010_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཡོངས་སུ་གྱུར་པ་ལས། ཤར་དུ་གོ་རཱི་ནག་མོ་གཡས་གྲི་གུག་སོགས་མདུན་བསྐྱེད་སྐབས་ལྟར། སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པའོ། །བཅོམ་ལྡན་འདས་ཀྱི་ཐུགས་ཀར་སོགས་སྐྱེ་མཆེད་གནས་གསུམ་བྱིན་རླབས་ནས། མདུན་གྱི་ནམ་མཁར་སྤྱན་དྲངས། རིན་ཆེན་འབར་བ་ལས་བཤད་པ་ལྟར། དམིགས་མེད་མཁའ་ལྟར་དག་ཅིང་ཁྱབ་པ་ཡི། །ཆོས་སྐུ་ནམ་མཁའ་ལྟ་བུར་དབྱེར་མེད་ཀྱང་། །ཐབས་དང་ཤེས་རབ་གཟུགས་བརྙན་སྐུར་སྟོན་པའི། །བཅོམ་ལྡན་འཁོར་བཅས་འདིར་ནི་གཤེགས་སུ་གསོལ། །ཧཱུྃ་ཧཱུྃ་ཧཱུྃ་གིས་བསངས་གཏོར་བྱ་བ་ནས། ཨ་བྷི་ཥེ་ཀ་ཏེའི་སྔགས་ཀྱིས་རྒྱས་གདབ་པ་ཡན་སྒྲུབ་ཐབས་ལྟར་བྱ། དཀྱིལ་ཆོག་ལྟར་མཆོད་བསྟོད་རྒྱས་པའམ། མི་ལྕོགས་ན་མདོར་བསྡུས་སྐྱོར་ཞིང་སྒྲུབ་ཐབས་ལྟར། བྱིན་རླབས་སྔོན་ཏུ་འགྲོ་བའི་ལྷ་རྣམས་ཀྱི་ལྗགས་སོགས་བདུད་རྩི་ཕུལ། དེ་ནས་བསྲེག་རྫས་གཙོ་འཁོར་སོ་སོ་ལ་འབུལ་དགོས་པས། ཐོག་མར་གཙོ་བོའི་སྙིང་པོའི་མཐར། བོ་དྷི་བྲྀཀྵ་བཏགས་ལ་ཡམ་ཤིང་འབུལ་བ་ནས། སྙིང་པོར་འབྲུ་གསུམ་བཏགས་པས། གོས་ཟུང་བར་འཇིག་རྟེན་པའི་སྐབས་ལྟར་ཕུལ། དེ་ནས་གཽ་


KMC010_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

རཱི་སོགས་སོ་སོའི་སྔགས་དང་རྫས་སྔགས་སྤེལ་བས་ལྷ་མོ་བརྒྱད་རེ་རེ་བཞིན་འབུལ་བ་རྗེ་བཙུན་ཞེ་སྡང་རྡོ་རྗེའི་བཞེད་པ་བཞིན་ཕྱག་ལེན་ཏུ་བྱའོ། །དེའང་ལས་བྱེ་བྲག་པ་སྒྲུབ་པའི་ཚེ་སོ་སོའི་ཁྱད་པར་གྱི་རྫས་བུང་བསྐྱེད། བསྙེན་པའི་ཁ་སྐོང་ལྟ་བུར་འཇིག་རྟེན་པར་བདུན། གཙོ་བོར་ཉེར་གཅིག །འཁོར་རྣམས་ལ་བདུན་རེས་མཚན་མང་ཉུང་སྐབས་བསྟུན་འབུལ་བའི་མཐར། གཙོ་བོའི་སྙིང་པོའི་མཐར། ས་པ་རི་བཱ་ར་ༀ་ཨཱཿཧཱུྃ་བཏགས་པས་རྫས་བསྡུས་ཕུལ་བས་བཅུ་ཆའི་གྲངས་གསོག་པ་ཉིད་ད་ལྟའི་ཕྱག་རྒྱུན་ཏུ་སྣང་ངོ། །མཐར་གཏོར་མ་བསངས་སྦྱང་བྱིན་རླབས་གཏོར་སྔགས་འཇིག་རྟེན་པའི་སྐབས་ལྟར་གསུམ་མམ་བདུན་བརྗོད་པས་འབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་དང་། དཀར་མོ་རི་དྭགས་ཀྱིས་མཆོད། ཁྱོད་ནི་རྣལ་འབྱོར་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱི་མཐར། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་གནས་སྐབས་སུ་འགལ་རྐྱེན་བར་ཆད་ཞི་བ་དང་། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་ནས། བླ་ན་མེད་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །ཞེས་གསོལ་བ་བཏབ། བཟོད་གསོལ་དང་། ཡིག་


KMC010_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱས་ལྷག་ཆད་བསྐང་། ༀ་ཁྱེད་ཀྱི་སེམས་ཅན་སོགས་དང་། གུར་གྱི་ཡིག་བརྒྱ་ལ་མུཿ བཏགས་པས་ཡེ་ཤེས་པ་གཤེགས་སུ་གསོལ། རྡུལ་ཚོན་སོགས་ལ་ཚོམ་བུ་ཕྱག་ལེན་ལྟར་གཤེགས། དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ་པར་གྱུར། ཞེས་མོས། གསུམ་པ་རྗེས་ཀྱི་བྱ་བ་ནི། དགང་བླུགས་ཕུལ་ལ། སླར་ཡང་མེ་ལྷ་འབར་བའི་རྣམ་པ་ལས་བཞེངས་ཏེ་ཞལ་ཕྱག་ཡོངས་སུ་རྫོགས་པར་གསལ་བར་གྱུར། གཏང་རག་ཏུ་ཡམ་ཤིང་དང་མར་ཁུ་སོགས་བསྲེག་རྫས་ཚང་ལ་ལན་གསུམ་ལ་སོགས་པ་འབུལ། ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད་ཅིང་། བསྟོད་པ་གོང་ལྟར་བྱ། བཟོད་པར་གསོལ་ནས། བདག་གི་དོན་དང་གཞན་གྱི་དོན། །བསྒྲུབས་ཀྱིས་བསྲེག་བྱ་ཟ་བ་གཤེགས། ཇི་ལྟའི་དུས་བཞིན་སླར་བྱོན་ཏེ། །བདག་གི་དངོས་གྲུབ་ཐམས་ཅད་བསྒྲུབས། །ཞེས་པས། མེ་ལྷ་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་ཧ་བཛྲ་ཡབ་ཡུམ་དུ་གྱུར་པ་རང་གི་ཐུགས་ཀར་ཐིམ་པར་གྱུར། ཞེས་མོས། མེ་དེ་ལོང་ཡོད་ན་མ་ཤིའི་བར་དུ་དཀྲུག་བརྡལ་མི་བྱ་བར་བཞག །ལོང་མེད་ན་འོ་མ་དང་དྲིའི་ཆུ་ལ་སོགས་པས་


KMC010_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

མེ་གཞིལ་ཏེ་ཐལ་སོལ་རྣམས་བུམ་པར་བླུགས་ལ། རྒྱ་མཚོར་འབབ་པའི་ཆུ་ཀླུང་དུ་དོར། །བུམ་པ་དེ་ཉིད་ཆུ་གཙང་མས་བཀང་ལ་སླར་ཁྱེར་ནས་སྦྱིན་སྲེག་ཁང་པར་བསངས་གཏོར་བྱ་ཞིང་། ལས་ཀྱི་རྗེས་མི་མངོམ་པར་བྱའོ། །གཉིས་པ་རྒྱས་པའི་སྦྱིན་སྲེག་ནི། ཆོ་གའི་སྤྱི་འགྲོས་ཞི་བའི་སྦྱིན་སྲེག་སོར་བཞག་ལ། ཁྱད་པར་གྱི་ཆོས་ནི། གུར་གུམ་སོགས་ཀྱིས་བྱུགས་པའི་སྟེགས་བུར། ཐབ་དབུས་འཁོར་ལོའི་ལྟེ་བར་རིན་ཆེན། ཤར་དུ་རྡོ་རྗེ། ལྷོར་འཁོར་ལོ་སོགས་དང་། རྡོར་ཕྲེང་ཚབ་རིན་ཆེན་ཕྲེང་བ། གྲྭ་བཞིར་རིན་པོ་ཆེ་འབར་བ། གཞི་སེར་པོ། བཅད་ཚོན་དམར་སེར། བུད་ཤིང་འབྲས་བུ་ཅན་གྱི་ཤིང་གི་དབུས་ཀྱི་ཆ་ལས་བྱུང་བས་གྲུབ་བཞིར་བརྩིག །མེ་དགེ་འདུན་གྱི་བསྲོ་ཁང་དང་རྒྱལ་པོའི་གཡོས་ཁང་ནགས་ཚལ་རིན་པོ་ཆེ་རྣམས་ལས་བྱུང་བ། གདན་དང་ཆས་གོས་རྒྱན་སོགས་སེར་པོ། །སྣོད་ཀྱི་དབྱིབས་དང་གཏོར་མ་གྲུབ་བཞི། ཡམ་ཤིང་བུད་ཤིང་དང་རྒྱུ་འདྲ་བ་ཁྲུ་གང་བ། གུར་གུམ་འོ་མ་མར་གྱིས་སྦགས་པ། མཆོད་བསྲེག་རྗས་གཞན་ཞི་བ་ལྟར་ལ། ཁྱད་པར་རྫས། སཱ་ལི་དམར་པོ། མངར་གསུམ། ཞོ། སྦྲང་རྩི་མར་སྦྱར། བིལྦ། གེ་སར་རྣམ་གསུམ་སོགས་འདུ་བྱ། ཚེ་བསོད་ཕུན་ཚོགས་རྒྱས་པའི་ཆེད་དུ་དགའ་ཞིང་ཚིམས་པའི་བསམ་པས་སྔ་དྲོའི་དུས་སུ་ཁ་བྱང་དུ་ཕྱོགས་ལ་ཁྲིའུའི་སྟེང་དུ་བཟང་པོའི་སྟབས་ཀྱིས་


KMC010_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

འཁོད། ཐབ་བསྐྱེད་སྐབས། རྒྱས་པའི་ཐབ་ཁུང་གྲུབ་བཞི་སེར་པོ་ཞེས་བསྒྱུར། མེ་ལྷ་ལས་བཞི་ཀར་སྐུ་མདོག་དམར་པོ་ལས་བསྒྱུར་མི་དགོས། ཀུ་ཤ་རྩེ་བྱང་བསྟན། སྤེལ་ཚིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་བསོད་དཔལ་འབྱོར་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་པུ་ཥྚིཾ་ཀུ་རུ་པཽ་ཥ་ཊྲ། ཞེས་སྦྱར། དཀྱིལ་འཁོར་པའི་གཏོར་འབུལ་མཇུག་གསོལ་གདབ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱི་གནས་སྐབས་སུ་ཚེ་བསོད་དཔལ་འབྱོར་སྙན་གྲགས་མངའ་ཐང་ཐམས་ཅད་རྒྱས་པ་དང་། ཉམས་དང་རྟོགས་པ་ལེགས་པའི་ཡོན་ཏན་ཐམས་ཅད་གོང་དུ་འཕེལ་ཞིང་། བླ་ན་མེད་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་སྦྱར། རབ་གནས་ཀྱི་སྐབས་ལྟ་བུར་དགེ་ལེགས་ཀྱི་ཡོན་ཏན་མྱུར་དུ་སྐྱེད་པའི་རྟེན་འབྲེལ་དུ་འོ་ཐུག་སྒྲུབ་པའི་ཕྱག་བཞེས་ལྟར་ན། མེ་ལྷའི་རྗེས་ཆོག་སྐབས་རིན་པོ་ཆེའི་སྣོད་གཙང་མ་དྲིས་བྱུགས། མེ་ཏོག་གི་ཕྲེང་བས་བཅིངས་བའི་ནང་དུ་ཧཱུྃ་ཡིག་ལས་བྱུང་བའི་ཞལ་ཟས་རོ་བརྒྱ་ནུས་པ་སྟོང་ལྡན་ཏུ་མོས་ལ། འབྲས་མ་གྲུགས་པ་དང་། མར་། སྦྲང་རྩི། ཀ་ར་རྣམས་འོ་


KMC010_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མ་དང་སྦྱར་བ་བླུགས་གཟར་གྱིས་བླུགས་ལ་ཐབ་ནང་ལྕགས་སྒྱེེད་ལྟ་བུར་བཙུགས་ལ་བསྐོལ། སྙིང་པོའི་མཐར། ༀ་དེ་བྱ་ཨགྣི་ས་མཱ་དྷི་དྷྱ་ན་པྲྀ་ཎ་ནེ་སྭཱ་ཧཱ། ཞེས་བཏགས་པ་བཟླས་ཏེ་མེ་ལྷ་ལ་མཆོད་ཅིང་། རང་གིས་རོལ། གཞན་ལའང་དངོས་གྲུབ་ཏུ་འབྲིམ་པ་ནི་ཙཱ་རུའི་བཟའ་བ་ཞེས་བྱའོ།། །།གསུམ་པ་དབང་གི་སྦྱིན་སྲེག་གི་ཁྱད་ཆོས་ནི། ཙནྡན་དམར་པོ་དང་སིནྡྷུ་རས་བྱུགས་པའི་སྟེགས་བུར། ཐབ་དབུས་འཁོར་ལོའི་ལྟེ་བར་ལྕགས་ཀྱུ། རྩིབས་བཞིར་རྡོ་རྗེ་རིན་ཆེན་པདྨ་རལ་གྲི། ཁ་ཁྱེར་པད་ཕྲེང་། གྲྭ་བཞིར་ཆུ་སྐྱེས་ཀྱིས་མཚན་པའི་ལྕགས་ཀྱུ། གཞི་དམར་པོ། བཅད་ཚོན་སྨུག་ནག །བུད་ཤིང་མངར་ཞིང་སྐྱུར་ལ་འབྲས་བུ་དམར་པོ་ཆགས་པའི་ཡལ་གའི་ཆ་ལས་བྱུང་བས་ཟླ་གམ་དུ་བརྩིག །མེ་ལས་དཀྱིལ་དུ་བྱུང་བའམ་སྨད་ཚོང་མའི་ཁྱིམ་ནས་བྱུང་བས་བྱས། གདན་དང་ཆས་གོས་རྒྱན་སོགས་དམར་པོ། སྣོད་ཀྱི་དབྱིབས་དང་གཏོར་མ་ཟླ་གམ། ཡམས་ཤིང་བུད་ཤིང་གི་རྒྱུ་ལས་སོར་བརྒྱད་པ་དྲི་དང་མར་ཁུས་བྱུགས། ཁྱད་པར་རྫས། ཏིལ་དམར་པོ། པྲི་ཡང་ཀུ། ཨུ་ཏྤལ་སོགས་མེ་ཏོག་དང་འབྲས་བུ་དམར་པོའི་རིགས་ཉེ་བར་བསྡོག །ཆགས་ཤིང་དབང་དུ་སྡུད་པའི་བསམ་པས་དགོངས་མོའི་དུས་སུ་ཁ་ནུབ་ཏུ་ཕྱོགས་ལ་པདྨའམ་རྡོ་རྗེའི་སྐྱིལ་ཀྲུང་གིས་འཁོད། ཐབ་བསྐྱེད་སྐབས། དབང་གི་


KMC010_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཐབ་ཁུང་ཟླ་གམ་དམར་པོ། ཞེས་བསྒྱུར། ཀུ་ཤ་རྩེ་ནུབ་བསྟན། སྤེལ་ཚིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱིས་ལས་དང་དངོས་གྲུབ་ལྷ་འདྲེ་མི་གསུམ་ཐམས་ཅད་བཱ་ཤཾ་ཀུ་རུ་ཧྲཱིཿཛཿ། ཞེས་སྦྱར། དཀྱིལ་འཁོར་པའི་གསོལ་གདབ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་ལྷ་འདྲེ་མི་གསུམ། ཟས་ནོར་ལོངས་སྤྱོད། ལས་དང་དངོས་གྲུབ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་དབང་དུ་གྱུར་ནས། བླ་ན་མེད་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་སྦྱར་རོ།། །།བཞི་པ་དྲག་པོའི་སྦྱིན་སྲེག་གི་ཁྱད་ཆོས་ནི། དུག་ཁྲག་གིས་བྱུགས་པའི་སྟེགས་བུར་དྲག་པོའི་འཁོར་ལོའི་ལྟེ་བར་རལ་གྲི། ཁ་ཁྱེར་རལ་གྲིའི་ཕྲེང་བ། གྲུ་བཞིར་རལ་གྲི་མེ་འབར། །གཞི་ནག་པོ། བཅད་ཚོན་མཐིང་ག །བུད་ཤིང་ཚེར་མ་ཅན་དང་དུག་ཤིང་གི་རྩ་བའི་ཆ་ལས་བྱུང་བས་གྲུ་གསུམ་དུ་བརྩིག །མེ་དོ་ལྕགས་གཙུབས་པའམ་ཤན་པ་དང་དུར་ཁྲོད་ལས་བྱུང་བ། གདན་དང་ཆས་གོས་སོགས་ནག་པོ། རུས་པ་དང་དུར་ཁྲོད་ཀྱི་རྒྱན་གདག །སྣོད་ཀྱི་དབྱིབས་དང་གཏོར་མ་གྲུ་གསུམ། ཡམས་ཤིང་བུད་ཤིང་གི་རྒྱུ་


KMC010_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སོར་བཅུ་བ་དུག་ཁྲག་ཐལ་ཆེན་གྱིས་བྱུགས་བ། ཁྱད་པར་གྱི་རྫས་ཁྲག་ཆེན་རུས་ཆེན་རྣམ་སྣང་། བོང་བུའི་སྤང་དང་སྤུ། ཁྱིའི་བྲུན་དང་སྤུ་དང་སེན་མོ་འབྲུ་མར་གྱི་བྱུགས་པ། མར་ནག་ཚན་མོ་སོགས་འདུ་བྱ། ངོ་བོ་སྙིང་རྗེ་རྣམ་པ་ཞེ་སྔང་གི་སེམས་ཀྱི་སྲོད་ཀྱི་དུས་དུ་ཁ་ལྷོར་ཕྱོགས་ལ་བསྒྲུབ་བྱའི་གཟུགས་ཀྱི་བྲང་ངམ་དེར་བརྟགས་པའི་སྲ་བའི་སྟན་ལ་ཙོག་པུར་རྐང་པས་རྐང་པ་མནན་ལ་འཁོད། མཆོད་བསྲེག་རྫས་གཡས་གཡོན་གོ་ལྡོག་ཏུ་བཤམ། དགང་བླུགས་བཟུང་སྟབས་སོགས་སྡམ་གསུམ་ལས་གོ་ལྡོག་ཏུ་བྱ། ཐབ་བསྐྱེད། དྲག་པོའི་ཐབ་ཁུང་གྲུ་གསུམ་ནག་པོ། ཞེས་དང་། ཀུ་ཤ་རྩེ་མོ་ལྷོར་བསྟན་གཡོན་བསྐོར། སྤེལ་ཚིག །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཕཊ། ཞེས་སྦྱར། དཀྱིལ་འཁོར་བའི་གསོལ་གདབ། བདག་ཅག་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བ་དང་། ཐར་པ་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་དགྲ་བགེགས་བདུད་བཞི་ལོག་པར་འདྲེན་པ་ཐམས་ཅད་མིང་གི་ལྷག་མ་ཙམ་ཡང་མི་དམིགས་པར་མྱུར་དུ་ཚར་བཅད་པ་དང་།


KMC010_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

བླ་ན་མེད་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། ཞེས་དང་མེ་དུག་ཆུས་བསད། ཐལ་བ་ལམ་རྒྱ་གྲམ་དུ་མནན་པའམ་རླུང་ཆེན་ལ་བསྐུར་རོ། གཞན་ཡང་ལས་བཞི་ཀའི་ལག་ལེན་བཤམ་བཀོད་དམིགས་གནད་སོགས་གསང་བ་སྤྱིའི་ཆོ་ག་ཤེས་པས་འཕྲུལ་ལོ། །གཉིས་པ་འཕྲོས་དོན་ཏུ་སྨོས་པ་ནི། སམྦུ་ཊིའི་རྒྱུད་ཀྱི་དགོངས་པ་རིན་ཆེན་འབར་བ་ལས། ལས་ཐམས་ཅད་པའི་སྦྱིན་སྲེག་ཀྱང་ཞར་བྱུང་དུ་བསྟན་ཏེ། དེའི་ཐབས་ཀྱི་ཚད་དབྱིབས་སོགས་ཞི་བ་དང་མཐུན་ཅིང་། ཁ་ཤར་དུ་ལྟ། བསྲེག་རྫས་འདོད་གསོལ་སོགས་ལས་བཞི་ཀ་སྤེལ་བས་འགྲུབ། ཡབ་བཀའ་དངོས་སུ་བཤད་པ་འདིས། ཡུམ་བཀའ་བདག་མེད་མ་དང་གུར་རིགས་བསྡུས་ལའང་ལྷ་སྔགས་བསྒྱུར་བ་ཙམ་གྱིས་འགྲུབ་པ་ཡིན་ཏེ། དེ་ལྟར་ན་ཕྱིའི་སྦྱིན་སྲེག་ཇི་ལྟར་བྱ་བའི་ཚུལ་བཤད་ཟིན་ཏོ། རྣལ་འབྱོར་པ་རྫོགས་པའི་རིམ་པ་ལ་གཞོལ་བ་རྣམས་ཀྱིས་གཙོ་བོར་ཉམས་སུ་ལེན་པ་དང་། བསྐྱེར་རིམ་པ་དག་གིས་ཀྱང་ཞར་བྱུང་དུ་བགྱིད་པར་བྱ་བ་ནི། །བཟའ་བཏུང་ལ་ལོངས་སྤྱོད་པའི་ཚེ། དེ་ནས་རྣལ་འབྱོར་པ་རྣམས་ཀྱིས། །ཆུ་གནས་སུ་ནི་རཾ་ལས་ཀྱང་། །འབར་བའི་ཁུང་དུ་འོད་འབར་བསམ། དེ་ནང་ཁཾ་ལས་ཆུ་སྐྱེས་གདན། །དེ་སྟེང་ལྷ་ཡི་དཀྱིལ་འཁོར་བསམ། ཁ་ནི་ཧམ་ཁུང་རབ་བསམ་ཏེ། །ལག་གཉིས་ཧཱུྃ་ལས་རྡོ་རྗེ་ཡི། །གཟར་བུ་གཉིས་སུ་ཡང་དག་བསྒོམ། །ཞེས་དང་། གཟར་བུས་བདུད་


KMC010_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་བླངས་ནས་ནི། འབར་བའི་ནང་དུ་བསྲེགས་པར་བྱ། །ཞེས་ཌོམྦི་པས་གསུངས་པ་ལྟར་བསྒོམས་ཏེ་ནང་གི་སྤྱིན་སྲེག་གོ །དཔལ་སམྦུ་ཊིའི་ལེའུ་དྲུག་པའི་རབ་ཏུ་བྱེད་པ་གསུམ་པ་ལས། མགོ་བོའི་ཐོད་པ་ཉིད་ཀྱང་ནི། །བསྲེག་རྫས་ཀྱི་ནི་སྣོད་དུ་གསུངས། །བླུགས་གཟར་རོ་མར་བཤད་པ་སྟེ། །སྙིང་གའི་འཁོར་ལོ་རྐྱང་མ་དག །དགའ་གཟར་ཞེས་བྱར་ཡང་དག་བརྗོོད། །ཐབ་ཁུང་ལྟེ་བའི་དཀྱིལ་འཁོར་དུ། །ལས་ཀྱིས་རླུང་གིས་བསྐྱོད་པ་ཡི། །ཚངས་པའི་མེ་ནི་སུམ་མདོར་གནས། །ཞེས་གཏུམ་མོ་འབར་འཛག་གི་ཚུལ་ལ་སྦྱིན་སྲེག་ཏུ་གསུངས་པ་དང་། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ཀྱི་ལེའུ་བཅུ་གཅིག་པ་ལས། ལྟེ་བའི་གནས་ན་ཚུལ་ཡོད་ལ། །ཚུལ་གྱི་མཐའ་ན་གསང་པང་ངོ་། །དེ་རུ་རང་འབར་གྱི་ནི་རླུང་། །བསྐོར་བ་བྱས་ནས་ངལ་བསོ་སྟེ། །དབང་པོ་གཉིས་ནི་སྦྱོར་བ་ཡིས། རླུང་གི་མེ་ནི་སྦར་བའོ། །མར་ཡོད་པ་ནི་སྟེང་འཁོར་ལོ། དེ་ནི་མར་སྣོད་ཅེས་སུ་དྲན། །ཧཾ་ནི་བླུགས་གཟར་ཞེས་སུ་བཤད། །དགང་གཟར་འདི་རུ་རྡོ་རྗེ་བསྟན། །ཧོཾ་ཁུང་བྷ་ག་ཞེས་སུ་བཤད། །འབྲུ་ནི་དབང་པོ་ལྔ་རུ་དྲན། ཡམས་ཤིང་ཕུང་པོ་ཞེས་བྱར་བསྟན། །བྱང་ཆུབ་སེམས་ནི་མར་དུ་བསྲེག །ཅེས་ལས་རྒྱའི་རྣལ་འབྱོར་གྱི་སྲེག་བླུགས་བྱ་བར་གསུངས་པ་དག་ཉམས་སུ་ལེན་པ་ནི་གསང་བའི་སྦྱིན་སྲེག་གོ །དཔལ་བདེ་བ་དམ་པ་རྟོག་པའི་རྒྱུད་ལས། རྣམ་པར་མི་རྟོག་སེམས་ཉིད་གང་། །ཐབ་ཀྱི་


KMC010_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་ཡིས་མཚན་པ་ཡིན། །རྣམ་པར་དབེན་པའི་མེད་བུས་སུ། །གཟུགས་ལ་སོགས་པའི་ཕུང་པོ་ལྔ། སེམས་ཉིད་བུད་ཤིང་གྱུར་པ་ཡིས། མ་ལུས་པ་རྣམས་སྦྱིན་སྲེག་བྱ། །གཟུགས་ལ་སོགས་པའི་དངོས་རྣམས་གང་། །བུད་ཤིང་དུ་ནི་རབ་ཏུ་བཤད། །མར་ནི་འདི་ཡི་ཟླ་བའི་རྒྱུན། །ཕུང་པོ་ཁམས་དང་སྐྱེ་མཆེད་སོགས། ཁམས་གསུམ་མ་ལུས་གཉིས་སུ་ནི། །དབྱེར་མེད་ཤེས་རབ་མེ་ལ་ནི། །དགང་བླུགས་སྦྱིན་སྲེག་དབུལ་བར་བྱ། །ཞེས་རྒྱས་པར་གསུངས་པའི་དོན་ལ་རྣལ་འབྱོར་དུ་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་སྦྱིན་སྲེག་སྟེ་དེ་དག་གི་དགོས་པ་ནི། རྡོ་རྗེ་གུར་ལས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་མཐའ་དག་ཆོ་ག་འདིས་ཚིམས་པའི་ཚུལ་ཤིན་ཏུ་རྒྱས་པར་གསུངས་པ་དང་། ཁ་སྦྱོར་ལས། སྦྱིན་སྲེག་གིས་ནི་ལྷ་རྣམས་ཚིམས། །ཚིམས་པར་གྱུར་ལས་དངོས་གྲུབ་སྩོལ། །གང་ཞིག་སྔགས་ཀྱི་ལྷག་ཆད་དག །དེ་ཀུན་སྦྱིན་སྲེག་གིས་ནི་དགང་། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། དེ་བས་ཀུན་ནས་འབད་པ་ཡིས། །རྣམ་པ་ཐམས་ཅད་མཆོག་གི་རྒྱུར། །མཆོད་སྦྱིན་སྦྱིན་སྲེག་གཏོར་མ་བྱ། །བསོད་ནམས་ཚོགས་ནི་འཕེལ་ཕྱིར་དང་། །སེམས་ཅད་ཕན་འདོད་དེ་དག་བྱ། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དེ་ཡིས་མཁའ་འགྲོ་མ་རྣམས་དང་། །གཞན་ཡང་རྣལ་འབྱོར་མ་མོ་རྣམས། །གང་ཞིག་ཡིད་ལ་ཅི་བསམ་པ། །དངོས་གྲུབ་ཆེན་པོ་མཐའ་ཡས་སྟེར། །རེ་བ་ཐམས་ཅད་འགྲུབ་བྱེད་པ། །དེ་ལྟའི་སྦྱིན་སྲེག་


KMC010_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་གསུངས། །ཞེས་འབྱུང་ངོ་། །གདུག་པའི་འབྱུང་པོ་བརྔན་ཏེ་འཕྲལ་རྐྱེན་གྱི། །སྐྱབས་སུ་རེ་བ་མུར་འདུག་གྲུབ་མཐའ་ཡིན། །རྡོ་རྗེ་འཆང་གིས་རྒྱུད་ལས་རབ་གསུངས་པ། །འདི་ཙམ་ལག་ལེན་བགྱིད་པའི་སྐལ་དམན་པ། །ད་ལྟའི་སྐྱེ་ངན་ཕལ་ཆེར་བྱ་སླ་བའི། །དོན་ཆེན་བོར་ནས་བྱ་དཀའ་དོན་ཆུང་བ། འབད་པས་སྒྲུབ་པའི་བློ་ངག་སྤངས་ནས་ཀྱང་། །འཁྲུལ་མེད་ལུགས་བཟང་འདི་ལ་འཇུག་པར་ཤོག །དཔལ་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་གི་རིམ་པ་རྒྱུད་དང་རིན་ཆེན་འབར་བ་སོགས་རྒྱ་གཞུང་གི་དགོངས་དོན། མར་རྔོག་གི་གདམས་ངག་གིས་བརྒྱན་པ་སྤྱན་སྔ་བ་ཐམས་ཅད་མཁྱེན་པས་རྩ་བར་མཛད་པ་ཉིད་ལག་ལེན་དང་འདོན་བྱ་གསལ་བར་ཕྱེས་ཏེ། དཔལ་སྤུངས་ཀྱི་གཙུག་ལག་ཁང་དུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བྲིས་པ་དགེ་ལེགས་འཕེལ།། ༈ །།མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །ཅེས་པ་འདིའང་རྫོགས་ཆེན་དཔོན་སློབ་ཀརྨ་ངེས་དོན་གསུང་རབ་བསྟན་པའི་རྒྱལ་མཚན་དུ་འབོད་པ་དེས་ཐུན་སེང་ཞིག་ལ་མཁའ་ལྡིང་ཕུག་ཏུ་བྲིས་པ་དགེ་ལེགས་འཕེལ།། །།སརྦ་མངྒ་ལཾ།། །།


previousབཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་ལས་བཞིའི་སྦྱིན་སྲེག་ཕྲིན་ལས་འོད་འབར།next