Nitartha Digital Library
Tibetan
 
previousཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།next

ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།


KMC011_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས་ཀྱི་ཕྱག་རྒྱ་སོགས་རྣམ་གྲངས་དུ་མར་བཤད་ཀྱང་རྒྱས་གདབ་བྱ་སོགས་དོན་གྱི་སྙིང་པོ་ཀྱེ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ཉིད་ཀྱི་སྐུ་གསུང་ཐུགས་གསལ་བར་མ་གསུངས་པས། དེ་དག་གསལ་བར་མཛད་པའི་ཕྱིར་ལེའུ་བཞི་པ་གསུངས་པའི་དེ་མ་ཐག་ཏུ་ལེའུ་འདི་གསུང་བར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། སྙིང་པོ་ཀྱེ་རྡོ་རྗེ་ཕྱག་བཅུ་དྲུག་པའི་དཀྱིལ་འཁོར་རྩ་སྔགས་དབང་བསྐུར་སོགས་སྟོན་པས་སྨིན་གྲོལ་གཉིས་ཀ་དང་འབྲེལ་ལོ། །ལེའུ་འདི་ཡང་བརྟག་པ་སྔ་མའི་མ་ཚང་བ་ཁ་སྐོང་བའི་དབང་དུ་མཛད་དེ། ལེའུ་དང་པོར་སེམས་དཔའ་བཞི་གསུངས་པའི་རྒྱས་བཤད་གསུམ་པར་ཧེ་རུ་ཀ་གསུམ་གྱི་བསྐྱེད་རིམ་སྒོང་སྐྱེས་དང་མཐུན་པར་གསུངས་ཤིང་། བརྒྱད་པར་ཡུམ་བདག་མེད་མ་གསུངས་ཀྱང་། གཙོ་བོ་སྟོན་པ་འདི་ཉིད་ཀྱི་བསྐྱེད་རིམ་དང་མངལ་སྐྱེས་མ་གསུངས་པས་སྐུའི་ཁ་སྐོང་དང་། ལེའུ་གཉིས་པར་རྩ་བའི་སྔགས་ཨཱཥྚ་མ་གསུངས་པས་གསུང་གི་ཁ་སྐོང་དང་། ལེའུ་བཅུ་པར་ཡབ་ཧེ་རུ་ཀ་ཉིད་ཀྱི་དབང་བསྐུར་མ་གསུངས་པས་དབང་ཡེ་ཤེས་ཡིན་པའི་ཕྱིར། ཐུགས་ཀྱི་ཁ་སྐོང་བའི་དོན་དུ་ལེའུ་འདི་


KMC011_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །འདིར་རྒྱ་དཔེ་ཁ་ཅིག་དང་འགོས་འགྱུར་དུ། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། ཅེས་མཚམས་སྦྱར་བའི་ཚིག་ཡོད་པར་གསུངས་ཤིང་། ནག་པོ་པའི་དཀའ་འགྲེལ་ལས་ཀྱང་འབྱུང་ངོ་། །འདི་ལ་གཉིས། ལེའུའི་གཞུང་བཤད་པ་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། ལྷ་བསྐྱེད་པ། བཟླས་པའི་སྔགས། དབང་བསྐུར་བའོ། །དང་པོ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། ཕྱག་ནི་བཅུ་དྲུག་ཞལ་བརྒྱད་པ། །ཞབས་བཞི་པ་ལ་འཇིགས་པ་པོ། །དཔའ་བོ་ཐོད་པའི་ཕྲེང་བ་ཅན། །བདག་མེད་མས་ནི་སྐུ་ལ་འཁྱུད། །ཕྱག་རྒྱ་ལྔ་ནི་འཛིན་ལྷ་ལ། །བདག་མེད་མ་ནི་ཉིད་ཀྱིས་ཞུས། །བཅོ་ལྔས་ཡོངས་སུ་བསྐོར་བ་ཡི། །བདག་གི་འཁོར་ལོ་ཁྱོད་བཤད་ན། །ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས། །གཙོ་བོ་བདག་གིས་སྔར་མ་འཚལ། །ཅེས་གསུངས་ཏེ། གང་ལ་གསོལ་བ་གདབ་པའི་ཡུལ། དཀྱིལ་འཁོར་གྱི་གཙོ་བོ་རྒྱུ་རྡོ་རྗེ་འཛིན་པ་སློབ་དཔོན་སྦྱང་དཀའ་ཟླ་བ་དང་ནག་པོ་པ་བཞེད་པར་ལྟར། དེ་ཉིད་ཀྱི་སྐུའི་རྣམ་པ་ཡང་། ཕྱག་ནི་སྔར་གསུངས་པའི་སྟོང་ཉིད་བཅུ་དྲུག་དག་པ་དང་། རྣམ་ཐར་བརྒྱད་དག་པའི་ཞལ་བརྒྱད་པ།


KMC011_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ་དངོས་བཞི་རྣམ་པར་དག་པའི་ཞབས་བཞི་པ་དང་། ཆ་བྱད་འཇིགས་པའི་ཉམས་དང་ལྡན་པ་པོ། བདུད་མཐའ་དག་ལས་རྒྱལ་བའི་དཔའ་བོ་སངས་རྒྱས་ལྔ་དང་དབྱངས་གསལ་ལྔ་བཅུ་དག་པའི་ཐོད་པའི་ཕྲེང་བའི་དབུ་རྒྱན་དང་དོ་ཤལ་ཅན། ཡུམ་བདག་མེད་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མས་ནི་ཐབས་སྙིང་རྗེ་ཆེན་པོའི་སྐུ་ལ་འཁྱུད་པ། ཕ་རོལ་ཏུ་ཕྱིན་པ་གཞན་རྣམས་དག་པའི་ཕྱག་རྒྱ་ལྔ་ནི་འཛིན་པའི་ལྷ་སྟེ། དེ་ཝའི་སྒྲ་ལས་རོལ་ཅིང་དང་བ་དང་ཕྲ་བའི་ངོ་བོ་བདེ་བ་ཆེན་པོའི་ལུས་ལས་བྱུང་བའི་ངེས་ཚིག་མངའ་བ་ལ། བཅོམ་ལྡན་འདས་མ་བདག་མེད་མ་ནི་འཁོར་གྱི་གཙོ་མོ་ཉིད་ཀྱིས་ཞུས་པ། དཀྱིལ་འཁོར་གང་ལ་ལྷ་མོ་བཅོ་ལྔ་ཡོངས་སུ་བསྐོར་བ་དང་ལྡན་པ་ཡི། བདག་མེད་མ་བདག་གི་དཀྱིལ་འཁོར་གྱི་འཁོར་ལོ། །རྡོ་རྗེ་འཆང་ཆེན་པོ་ཁྱོད་ཀྱིས་བརྟག་པ་དང་པོར་ལེགས་པར་བཤད་ཟིན་ན། སྒྲུབ་པ་པོ་གཞན་རྗེས་སུ་བཟུང་བའི་ཕྱིར་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ཁྱོད་ཀྱི་དཀྱིལ་འཁོར་ཇི་ལྟར་བསྒོམས་པ་ལགས། གཙོ་བོ་ཞེས་བོས་ནས། བདག་གིས་སྔར་མ་འཚལ་བས་ཞུ་བའི་ལན་བཀའ་སྩལ་དུ་གསོལ། ཞེས་


KMC011_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །གཉིས་པ་ལ་གཉིས། སྟོན་པའི་རྣམ་འགྱུར་དང་། ཞུས་པའི་དོན་བཤད་པའོ། །དང་པོ་ནི། བདག་མེད་ཙུམྦ་ན་མཛད་ནས། །རྡོ་རྗེ་ཐོད་པར་སྩལ་ནས་ནི། །ལྷ་ཡིས་ནུ་མ་མཉེ་མཛད་དེ། །དཀྱིལ་འཁོར་ཡང་དག་རབ་ཏུ་དབྱེ། །ཞེས་གསུངས་ཏེ། དེ་ལ་བཅོམ་ལྡན་འདས་ཀྱི་མངལ་སྐྱེས་ཀྱིས་འདུལ་བའི་སེམས་ཅན་ཆགས་པ་ཅན་རྣམས་རྗེས་སུ་བཟུང་བའི་དོན་དུ། དགའ་བ་དང་། མཆོག་དགའ་དང་། ལྷན་ཅིག་སྐྱེས་དགའི་དོན་མཚོན་པའི་ཕྱིར། ཡུམ་བདག་མེད་མ་ལ་ཙུམྦྷ་ན་སྟེ་འོ་དང་འཁྱུད་པ་མཛད་ནས། རྡོ་རྗེ་ཐོད་པར་སྩལ་བ་སྟེ། བོ་ལ་དང་ཀཀྐོ་ལ་སྦྱར་ནས་ནི་བདེ་བ་ལ་རོལ་པའི་ལྷ་ཡིས་ལྷ་མོ་བདག་མེད་མའི་རྟེན་ནི་ནུ་མ་སྟེ། དེ་ཉེད་པ་ཞེས་བྱ་བའི་སྒྲས་བརྟེན་པ་བདེ་བ་བསྐུལ་བར་མཛད་དེ། བཅོམ་ལྡན་འདས་ཉིད་རང་གི་དཀྱིལ་འཁོར་ཕྱིན་ཅི་མ་ལོག་པ་ཡང་དག་པར་རབ་ཏུ་གསལ་བར་དབྱེ་བར་མཛད་དོ། །གཉིས་པ་རིམ་པ་དང་པོ་གསལ་བར་བཤད་པ་ལ་དྲུགརྟེན་གཞལ་ཡས་ཁང་། རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ། འཁོར་གྱི་ལྷ་མོ་དབྱུང་བ། ཞུ་བ་གླུས་བསྐུལ་བ། འབྲས་བུ་རྡོ་རྗེ་འཛིན་པ་བཞེངས་པ། ལྷ་མོ་བརྒྱད་


KMC011_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་བསྐྱེད་ཆོག་གོ། །དང་པོ་ནི། འཁོར་ལོ་ཇི་ལྟར་སྔར་གསུངས་པ། །དོ་ཤལ་དོ་ཤལ་ཕྱེད་པས་བརྒྱན། །མཚམས་བཞི་པ་ལ་སྒོ་བཞི་པ། །རྡོ་རྗེ་སྲད་བུས་ཡང་དག་བརྒྱན། །ཅེས་གསུངས་ཏེ། ལྷ་བསྐྱེད་པའི་རྟེན་གཞལ་ཡས་ཁང་པ་ནི། སྣ་ཚོགས་རྡོ་རྗེའི་ལྟེ་བར་ཆོས་འབྱུང་གྲུ་གསུམ། དེའི་སྟེང་དུ་སྣ་ཚོགས་པདྨ་དང་སྣ་ཚོགས་རྡོ་རྗེའི་སྟེང་དུ་ས་དང་། ཆུ་དང་། མེ་དང་། རླུང་སྟེ། འབྱུང་བཞི་ལུགས་འབྱུང་ལྡོག་གང་རུང་དང་། འཁོར་ལོ་དང་། ཐིག་ལེ་ནཱ་ད་དང་བཅས་པ་རྣམས་ཞུ་བ་ལས་གཞལ་ཡས་ཁང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བ་དང་བཅས་པ་བསམ་པ་ནི་བརྟག་པ་དང་པོའི་ལེའུ་བརྒྱད་པ་དང་བཅུ་པར་དཀྱིལ་འཁོར་གྱི་འཁོར་ལོ་ཇི་ལྟར་སྔར་གསུངས་པ་བཞིན་ཏེ། རིན་པོ་ཆེའི་གཞལ་ཡས་ཁང་རྩིག་པ་རིམ་པ་ལྔ་ལྡན་ཕ་གུས་མཛེས་པའི་སྟེང་དུ་ཉོན་མོངས་འཇོམས་པ་དག་དོ་ཤལ་དང་དོ་ཤལ་ཕྱེད་པས་བརྒྱན་པ་ནི་དྲྭ་བ་དང་དྲྭ་བ་ཕྱེད་པས་བརྒྱན་པའོ། །ཆོས་ཀྱི་དབྱིངས་མི་མཉམ་པ་མེད་པ་མཚོན་པ་ནི་མཚམས་ཀྱི་གྲུ་བཞི་པ་དྲན་པ་ཉེར་བཞག་བཞི་དག་པ་ལས། དབང་པོའི་སྒོ་བཞི་དག་པའི་བརྡར་ལོགས་བཞིར་སྒོ་བཞི་


KMC011_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

པ། སྐེ་རགས་བཞིའི་སྟེང་གི་གདུང་གི་ཐོག་ལས་མཐུར་དུ་ཤར་བུ་དང་གྱེན་དུ་མདའ་ཡབ་དང་། རྩིག་པའི་ཕྱི་རོལ་གྱི་རྩ་བའི་སྟེགས་བུ་གར་གྱི་སྣམ་བུས་མཛེས་པ། ཆོས་ཀྱི་འཁོར་ལོ་རྒྱུན་མི་འཆད་པར་བསྐོར་བའི་བརྡར། ནང་དུ་ལྷ་སྣམ་གྱི་དབུས་སུ་རྡོ་རྗེའི་སྲད་བུ་ཟླུམ་པོ་ལྟ་བུས་ཡང་དག་པར་བརྒྱན་པ་ནི་རྡོ་རྗེའི་གདུང་ཟླུམ་གྱིས་བསྐོར་བའོ། །ཀ་བ་བརྒྱད་ཀྱིས་བཏེགས་ཤིང་རྡོ་རྗེའི་གདུང་བཞི་མིག་མངས་རིས་སུ་བྲིས་པའི་རེ་མིག་དཀྱིལ་མའི་ཐོག་གི་དབུས་ཕྱུར་བུར་ཏོག་དང་བཅས་པས། སྒོ་བཞི་རྟ་བབས་ལ་སོགས་པའི་གཞལ་ཡས་ཁང་རྒྱན་གྱིས་བརྒྱན་པ་ཡོངས་སུ་རྫོགས་པར་བསྒོམ་པའོ། །གཉིས་པ་ནི། འདོད་ཆགས་ཆེན་པོ་རྗེས་ཆགས་པས། །ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། །ཁྱོད་དང་ལྷན་ཅིག་བཞིན་བཟང་མ། །དེ་ལ་དབུས་སུ་ང་ཡོད་དེ། །ཞལ་བརྒྱད་པ་ལ་ཞབས་བཞི་པ། །ཕྱག་ནི་བཅུ་དྲུག་དག་གིས་བརྒྱན། །བདུད་བཞི་མཉམ་པར་མནན་པ་ཉིད། །འཇིགས་པ་ཡང་ནི་འཇིགས་པ་པོ། །མགོ་བོའི་ཕྲེང་བའི་དོ་ཤལ་མཛད། །ཉི་མར་བཞུགས་ཤིང་རོལ་མོར་བཅས། །ཁ་དོག་ནག་པོ་འཇིགས་པ་པོའི། །སྣ་


KMC011_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྡོ་རྗེ་སྤྱི་བོར་འཛིན། །ཉིད་ཀྱི་ཞལ་ནས་ཧཱུྃ་སྤྲོ་ཞིང་། །ཐལ་བས་ལུས་ལ་བྱུགས་པ་ཉིད། །བདག་མེད་ལྷན་ཅིག་མཉམ་སྦྱོར་ཞིང་། །དགའ་བ་གཉིས་གཉིས་སྙོམས་འཇུག་པས། །རྦ་རླབས་མེད་པའི་བདེ་བ་ཐོབ། །རློམ་སེམས་མེད་པའི་རང་བཞིན་ཅན། །རྩ་བའི་ཞལ་ནི་ནག་པོ་ཆེ། །གཡས་པ་ལ་ནི་ཀུནྡ་མཚུངས། །གཡོན་པ་དམར་ཞིང་ཆེར་འཇིགས་པ། །སྤྱི་བོའི་ཞལ་ནི་གཙིགས་པ་ཅན། །སྤྱན་ནི་ཉི་ཤུ་རྩ་བཞིས་ཆེ། །ལྷག་མའི་ཞལ་ནི་བུང་བ་བཞིན། །ཅེས་གསུངས་ཏེ། མི་འགྱུར་བའི་བདེ་བ་འདོད་ཆགས་ཆེན་པོ་ཟག་པ་མེད་པའི་ཡེ་ཤེས་ཀྱིས་གདུལ་བྱ་ལ་རྗེས་སུ་ཆགས་པའི་ཚུལ་གྱིས། ངོ་བོ་ལྷན་ཅིག་སྐྱེས་དགའི་རང་བཞིན་ལས། རྣམ་པ་བདག་མེད་ཤེས་རབ་མ་ཁྱོད་དང་ལྷན་ཅིག་སྟེ་མཉམ་པར་སྦྱོར་བས། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཀྱི་ངོ་བོས་བཞིན་བཟང་མ་ཞེས་བོས་ཏེ། དེ་ལ་དཀྱིལ་འཁོར་གྱི་དབུས་སུ་འཁོར་ལོའི་བདག་པོ་ཧེ་རུ་ཀ་ཡོད་དེ། རྣམ་ཐར་བརྒྱད་དག་པའི་ཞལ་བརྒྱད་དང་ལྡན་པ་ལ་བསྡུ་དངོས་དག་པའི་ཞབས་བཞི་པ། སྟོང་ཉིད་དག་པའི་ཕྱག་ནི་བཅུ་དྲུག་དག་གིས་གཡས་དང་གཡོན་དུ་


KMC011_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཚན་རེས་བརྒྱན་ཅིང་། ཞབས་ཀྱི་འོག་ཏུ་ཕུང་པོ་འཆི་བདག་ཉོན་མོངས་ལྷའི་བུ་སྟེ་བདུད་བཞི་པོ་མཉམ་པར་མནན་པ་ཉིད་དེ། འཇིགས་པར་སྟོན་པའི་ལྷ་ཆེན་པོ་དང་ལྷ་མིན་ཡང་ནི་འཇིགས་པར་མཛད་པ་པོ། དབྱངས་གསལ་ཡི་གེ་ལྔ་བཅུ་དག་པའི་མགོ་བོ་རློན་པ་བརྒྱ་ཕྱེད་ཀྱི་ཕྲེང་བའི་དོ་ཤལ་མགུལ་དུ་འཕྱང་བར་མཛད་པ། ཤེས་རབ་དག་པའི་ཉི་མར་བདུད་ཀྱི་གདན་ལ་ཞབས་མདུན་མ་གཉིས་གཡས་གཡོན་བརྐྱང་བསྐུམ་གྱིས་བཞུགས་ཤིང་རྒྱབ་མ་གཉིས་ཏཱཎྜ་ཝ་རོལ་མོར་སྟེ་ཕྱེད་སྐྱིལ་གྱི་གར་སྟབས་དང་བཅས་པས་གནས་པ། བྱམས་པའི་ཐུགས་སམ་ཆོས་ཉིད་མི་འགྱུར་བས་སྐུའི་ཁ་དོག་ནག་པོ་དྲག་ཤུལ་གྱི་ཉམས་ཀྱིས་མ་རུངས་པ་རྣམས་འཇིགས་པར་མཛད་པ་པོ། སྟེང་ཞལ་གྱི་སྤྱི་བོར་རྟེན་འབྲེལ་བཅུ་གཉིས་སམ་ཕྲིན་ལས་བཞི་དག་པའི་སྣ་ཚོགས་རྡོ་རྗེ་འཛིན་པ། ཉིད་ཀྱི་ཞལ་ནས་གདུག་པ་ཅན་དངངས་པར་བྱེད་པ་ཧཱུྃ་གི་སྒྲ་སྤྲོ་ཞིང་། སྒྲིབ་པ་ཀུན་བསྲེགས་པས་ཐལ་ཆེན་གྱིས་ལུས་ལ་བྱུགས་པ་ཉིད་བྱང་ཆུབ་ཀྱི་སེམས་ཀུནྡ་མི་ཉམས་པའང་མཚོན་ལ། ཡུམ་བདག་མེད་མ་དང་ལྷན་ཅིག་ཐབས་ཤེས་ཟུང་འཇུག་མཚོན་པས་


KMC011_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་སྦྱོར་ཞིང་འཇིག་རྟེན་ལས་འདས་པའི་དགའ་བ་གཉིས་གཉིས་བཞི་ལ་སྙོམས་པར་འཇུག་པས། རྦ་རླབས་དང་མཚུངས་པའི་ཟག་བཅས་ཀྱི་འགྱུར་བའི་རིམ་པ་དང་བྲལ་བ། ལྷ་མི་བསམ་གཏན་དང་སྙོམས་པར་འཇུག་པའི་བདེ་བ་མཐའ་དག་བསྡུས་པས་བཅུ་དྲུག་གི་ཆར་ཡང་མི་ཕོད་པའི་ཟག་མེད་ཀྱི་བདེ་བ་ཐོབ་ཅིང་རྒྱུད་ལ་ལྡན་པས། མཚན་མར་འཛིན་པའི་རློམ་སེམས་མེད་པའི་རང་བཞིན་ཇི་ལྟ་བ་མངོན་དུ་གྱུར་པ་ཅན། ཞལ་བརྒྱད་ཀྱི་རྩ་བའི་ཞལ་ནི་ཆོས་ཉིད་མི་འགྱུར་བ་མཚོན་པས་ཁ་དོག་ནག་པོ་ཆེ་ནི་ཆེར་གནག་པ་དང་། རང་བཞིན་རྣམ་དག་མཚོན་པས་གཡས་པ་ལ་ནི་ཁ་དོག་མེ་ཏོག་ཀུནྡ་དང་མཚུངས་པ་དཀར་པོ་དང་། སྙིང་རྗེས་ཆགས་པ་མཚོན་པས་གཡོན་པ་མདོག་དམར་ཞིང་ཆེར་འཇིགས་པའི་ཉམས་མངའ་བ་དང་། བདུད་རྣམས་སྐྲག་པར་མཛད་པས་སྤྱི་བོའི་ཞལ་དུད་ཁ་ནི་མཆེ་བ་རབ་ཏུ་གཙིགས་པ་ཅན། ཞལ་རེ་རེ་ལ་དུས་གསུམ་མཁྱེན་པ་མཚོན་པའི་སྤྱན་གསུམ་གསུམ་གྱིས་སྤྲས་པས་ཡོངས་བསྡོམས་ཡུལ་ཉེར་བཞི་དག་པའི་སྤྱན་ནི་ཉི་ཤུ་རྩ་བཞིས་ཕྱེ་བ་སྟེ་བཀྲ་བ། བཞི་པོ་དེའི་ལྷག་མའི་


KMC011_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གཡས་གཉིས་དང་གཡོན་གཉིས་ནི་བདུད་ཀྱི་ཚོགས་འཇོམས་པས་ཁ་དོག་བུང་བའམ་སྟང་ཟིལ་གཅག་པའི་མདོག་བཞིན་ནག་པོར་ཤེས་པར་བྱའོ། །གསུམ་པ་ནི། གྲོང་ཁྱེར་ཉམས་དགར་ཁྱོད་དང་ང་། །དགའ་བས་ཤིན་ཏུ་རོལ་པ་ལས། །དཀར་མོ་དབང་པོའི་ཕྱོགས་ཕྱུང་ནས། །ཤར་གྱི་སྒོ་རུ་ཡང་དག་གནས། །སྲུབ་དང་སྲུབ་པའི་སྦྱོར་བ་ལས། །ཆོམ་རྐུན་མ་ཡང་ཕྱུང་ནས་ནི། །ཕྱུང་ནས་ལྷོ་ཡི་སྒོ་རུ་ནི། །ཆོམ་རྐུན་མ་ནི་སྒོ་སྲུང་མ། །བོ་ལ་ཀཀྐོ་ལ་སྦྱོར་བས། །རོ་ལངས་མ་ཡང་ཕྱུང་ནས་ནི། །ཕྱུང་ནས་ནུབ་ཀྱི་སྒོ་རུ་ནི། །བདུད་འཇོམས་མ་ནི་རྣམ་པར་གནས། །དགའ་བ་ཆེན་པོའི་སྙོམས་འཇུག་ལས། །གྷསྨ་རཱི་ཡང་ཕྱུང་ནས་ནི། །ཕྱུང་ནས་བྱང་གི་སྒོ་ལ་ནི། །འཇིགས་པའི་གཟུགས་ཅན་མ་ཉིད་གནས། །གཉིས་ཀྱིས་བསྐྱོད་པའི་སྦྱོར་བ་ལས། །པུཀྐ་སཱི་ཡང་ཕྱུང་ནས་ནི། །ཕྱུང་ནས་དབང་ལྡན་མཚམས་སུ་ཡང་། །དྲག་པོའི་གཟུགས་ཅན་མ་ཉིད་གནས། །ཡང་ནི་སྲུབ་པའི་སྦྱོར་བ་ཡིས། །འཚེད་པའི་མཚམས་སུ་རི་ཁྲོད་མ། །སྲིན་པོའི་མཚམས་སུ་གདོལ་པ་མོ། །རླུང་གི་མཚམས་སུ་གཡུང་མོ་ཉིད། །ཅེས་གསུངས་ཏེ། གཞལ་ཡས་ཀྱི་


KMC011_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཁང་པ་ཐར་པ་ཆེན་པོའི་གྲོང་ཁྱེར་བདེ་བ་ཆེན་པོའི་ངོ་བོས་ཉམས་དགའ་བར་བདག་མེད་མ་ཁྱོད་དང་དཀྱིལ་འཁོར་གྱི་བདག་པོ་ང་ཉིད། སྙོམས་པར་འཇུག་པའི་ལྷན་སྐྱེས་ཀྱི་དགའ་བས་ཤིན་ཏུ་རོལ་པ་ལས་འོག་ཏུ་གསུང་བར་འགྱུར་བའི་ས་བོན་བརྒྱད་པོ་ཡུམ་གྱི་པདྨར་སྤྲོས་པ་ལྷ་མོ་སོ་སོའི་སྐུའི་རྣམ་འགྱུར་ཇི་ལྟར་སྟོན་པར་འགྱུར་བ་བཞིན་དུ་གསལ་བ་ལས། ལྷ་མོ་དཀར་མོ་ཕྱི་རོལ་ཏུ་འབྱིན་སྔགས་ཀྱིས་དབང་པོའི་ཕྱོགས་སུ་ཕྱུང་ནས་ཤར་གྱི་པདྨའི་འདབ་མ་སྒོའི་ཐད་དུ་སོན་པ་ལའམ། ཤར་སྒོ་རུ་ཡང་དག་པར་གནས་ཤིང་འཁོད་ལ། དེ་བཞིན་དུ་ཡབ་ཡུམ་རྡོ་རྗེ་དང་པདྨ་སྲུབ་པ་དང་སྲུབ་པའི་སྦྱོར་བ་ལས། ཆོམ་རྐུན་མ་ཞེས་བྱ་བའི་ལྷ་མོ་ཡང་ཚུལ་དེས་ཕྱུང་ནས་ནི་ཞེས་པ་དབྱུང་བར་བྱ་བའི་དོན་ཏེ། ཕྱུང་ཟིན་ནས་ལྷོའི་སྒོའི་དེའི་ཐད་ཀའི་འདབ་མ་རུ་ནི་ཆོམ་རྐུན་མ་དེ་ནི་སྒོ་སྲུང་མའི་རྣམ་པ་དང་། ཡབ་ཡུམ་གྱི་བོ་ལ་ཀཀྐོ་ལ་སྦྱོར་བས། ཀཀྐོ་ལ་ནས་རོ་ལངས་མ་ཡང་བྱུང་ཞིང་དབྱུང་བར་བྱས་ནས་ནི། ཕྱུང་ཟིན་ནས་དེ་ནུབ་ཀྱི་སྒོ་རུའམ་འདབ་མར་ནི་བདུད་བཞིའི་ཚོགས་འཇོམས་པར་ནུས་མ་ནི་རྣམ་པར་གནས་པ་དང་། ལྷན་


KMC011_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས་ཀྱི་དགའ་བ་ཆེན་པོའི་སྙོམས་པར་འཇུག་པ་ལས། གྷསྨ་རཱི་སྟེ་ཟ་ཕོད་མ་ཡང་ཕྱུང་ནས་ནི། ཕྱུང་ཟིན་ནས་དེ་བྱང་གི་སྒོའམ་འདབ་མ་ལ་ནི་འཇིགས་པའི་གཟུགས་ཅན་མ་ཉིད་གནས་ཤིང་འཁོད་དོ། །གཙོ་བོ་ཡབ་ཡུམ་གྱི་དབང་པོ་གཉིས་ཀྱི་བསྐྱོད་པའི་སྦྱོར་བ་ལས། པུཀྐ་སཱི་སྟེ་སྤོས་མོ་ཡང་ཕྱུང་ནས་ནི། ཕྱུང་ནས་དེ་དབང་ལྡན་གྱི་གྲྭའི་མཚམས་སུའམ་འདབ་མ་ལ་ཡང་། དྲག་ཅིང་གཏུམ་པོའི་གཟུགས་ཅན་མ་ཉིད་གནས་སོ། །ཡང་ནི་སྔར་བཞིན་སྲུབ་པའི་སྦྱོར་བ་དེ་ཡིས། འཚེད་པ་སྟེ་མེའི་མཚམས་སུ་རི་ཁྲོད་མ་དང་། སྲིན་པོའི་སྟེ་ལྷོ་ནུབ་ཀྱི་མཚམས་སུ་གདོལ་པ་མོ་དང་། རླུང་སྟེ་ནུབ་བྱང་གི་མཚམས་སུ་གཡུང་མོ་ཉིད་རྣམས་དགོད་པར་བྱའོ། །དེ་ལྟར་ལྷ་མོ་བརྒྱད་པོ་དཔལ་ནཱ་རོ་པ་དང་ཤནྟི་པ་སོགས་ཀྱིས་དངོས་བསྟན་ལྟར་སྒོ་མཚམས་སུ་བསྐྱེད་པར་གསུངས་ལ། ཌོམྦི་རྗེས་འབྲང་དང་བཅས་པ་རྣམས་དང་། བོད་ཀྱིས་ས་རྔོག་དག་པདྨའི་འདབ་མ་ལ་འགོད་པར་བཞེད་པས་འགལ་མེད་དུ་འདོད་པར་བྱའོ། །བཞི་པ་ནི། དེ་ནས་རྡོ་རྗེ་ཆགས་ཆེན་ལས། །རིག་མར་བཅས་པ་ཁུ་བར་གྱུར། །སྣ་ཚོགས་གླུ་ཡི་མཆོད་པ་ལས། །དེ་ནས་ལྷ་


KMC011_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མོ་རྣམས་ཀྱིས་བསྐུལ། །ཤློ་ཀ་གཅིག་གིས་མཚམས་སྦྱར་བ་དང་། རྗེ་བཙུན་སྙིང་རྗེའི་ཡིད་བཞེངས་ཤིག །པུཀྐ་སཱི་ནི་བདག་ལ་སྐྱོབས། །སྟོང་པའི་རང་བཞིན་ཉིད་སྤངས་ལ། །བདག་ལ་བདེ་ཆེན་སྦྱོར་བཞེད་མཛོད། །ཁྱོད་མེད་ན་ནི་བདག་འགུམ་པས། །ཀྱེ་ཡི་རྡོ་རྗེ་ཁྱོད་བཞེངས་ཤིག །སྟོང་པའི་རང་བཞིན་ཉིད་སྤངས་ལ། །རི་ཁྲོད་མ་འབྲས་གྲུབ་པར་མཛོད། །དགའ་གཙོ་འཇིག་རྟེན་མགྲོན་གཉེར་བ། །སྟོང་པ་ཉིད་ལ་བཞུགས་སམ་ཅི། །ཁྱོད་མེད་ཕྱོགས་ནི་མི་འཚལ་བས། །གདོལ་པ་མོ་བདག་ཞུ་བར་བགྱིད། །བདག་གིས་ཁྱོད་ཀྱི་ཐུགས་འཚལ་གྱིས། །མིག་འཕྲུལ་མངའ་བ་ཁྱོད་བཞེངས་ཤིག །གཡུང་མོ་བདག་ཉིད་དྲན་ཉམས་པས། །སྙིང་རྗེ་རྒྱུན་ཆད་མ་མཛད་ཅིག །ཅེས་པའི་བར་གྱིས་གླུས་བསྐུལ་བ་དངོས་ཉིད་བསྟན་ཏེ། འཁོར་གྱི་ལྷ་མོ་སྤྲོས་ཟིན་པ་དེ་ནས་བཅོམ་ལྡན་འདས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཆགས་པ་ཆེན་པོས་སྙོམས་པར་ཞུགས་པས་བསྐུལ་ཏེ། བར་སྲིད་ཀྱི་རྣམ་ཤེས་མཚོན་བྱེད་ནམ་མཁར་སྔར་ནས་གནས་པའི་ཡི་གེ་གསུམ་ལ་སོགས་པའམ། ནཱ་ད་ཆ་ཕྱེད་གང་རུང་ཡབ་ཀྱི་ཞལ་དུ་ཞུགས་ནས།


KMC011_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཆེན་པོའི་མེས་བདེ་བའི་ངོ་བོར་གྱུར་པ་རྡོ་རྗེ་ནས་པདྨར་བབས་པ་ལས། ཧེ་རུ་ཀ་རིག་མར་གནས་པའི་བདག་མེད་མ་དང་བཅས་པ་ཞུ་བ་ཐིག་ལེའི་རྣམ་པའི་ཁུ་བར་གྱུར་པ་ན། པུཀྐ་སཱི་ལ་སོགས་པ་རྣམས་ཀྱིས་མཐོང་ནས་ཡིད་གདུངས་ཏེ་སྣ་ཚོགས་པའི་གླུ་དྲུག་སྐྱེས་གདངས་ཀྱི་འགྱུར་བའི་ཁྱད་པར་རྣམས་ཀྱིས་ཉེ་བར་མཆོད་པ་ལས་བཞེངས་སུ་གསོལ་བར་སེམས་ཏེ། དེ་ནས་མཚམས་གྱི་ལྷ་མོ་བྱམས་པ་སོགས་ཚད་མེད་པའི་རང་བཞིན་ཅན་རྣམས་ཀྱིས་བཅོམ་ལྡན་འདས་ཡབ་ཡུམ་གཟུགས་ཀྱི་རྣམ་པར་བཞེངས་པར་བསྐུལ་བ་ན། ཐོག་མར་པུཀྐ་སཱིས། རྗེ་བཙུན་ཞེས་པ་འགྲོ་བ་ཐམས་ཅད་ཀྱིས་མཆོད་ཅིང་རྗེད་པར་བྱ་བའི་གནས་སུ་གྱུར་པ། མི་འགྱུར་བའི་བདེ་བ་སྙིང་རྗེ་ཆེན་པོའི་ཡིད་མངའ་བ་རྒྱུ་རྡོ་རྗེ་འཛིན་པ་ཁྱོད་བཞེངས་ཤིག །དགོས་པ་གང་གི་ཆེད་དུ་ཞེ་ན། བྱམས་པའི་ངོ་བོ་ཉིད་པུཀྐ་སཱི་ཞེས་བྱ་བའི་ལྷ་མོ་ནི་བདག་ལ་བཅོམ་ལྡན་འདས་ཁྱོད་ཀྱིས་སྐྱོབས་པའི་ཆེད་དུའོ། །ཚུལ་ཇི་ལྟར་སྐྱོབ་ན། སྟོང་པའི་རང་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ་གནས་པ་སྤོང་ལ། བདག་ལ་དགྱེས་པར་གྱུར་པ་ལས་གདུལ་བྱ་རྣམས་བདེ་བ་


KMC011_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོའི་གོ་འཕང་ལ་སྦྱོར་བའི་བཞེད་པ་གྲུབ་པར་མཛོད་ཅིག རི་ཁྲོད་མས་བསྐུལ་བ་ནི། གཙོ་བོ་ཁྱོད་མེད་ན་ནི། སྙིང་རྗེ་ཆེན་པོའི་ངོ་བོ་ཉིད་ཀྱི་ཤ་བ་རཱི་བདག་གིས་གཞན་གྱི་དོན་བྱེད་པའི་མཐུ་འགུམ་པ་ལྟར་ནུས་མེད་དུ་གྱུར་པས། ཐབས་ཤེས་གཉིས་སུ་མེད་པའི་ཀྱེའི་རྡོ་རྗེ་ཁྱོད་སྔར་ལྟར་བཞེངས་ཤིག གང་ལས་ཞེ་ན། སྟོང་པའི་རང་བཞིན་ཞི་བའི་ཏིང་ངེ་འཛིན་ཉིད་དུ་ཞུགས་པ་སྤོང་ལ། རི་ཁྲོད་མ་བདག་གི་སྙིང་རྗེ་བསྐྱེད་པའི་ཡུལ་གྱི་འགྲོ་བ་རྣམས། མཆོག་གི་དངོས་གྲུབ་ཀྱི་འབྲས་བུ་གྲུབ་པར་མཛོད་ཅིག གདོལ་པ་མས་བསྐུལ་བ་ནི། ཟག་མེད་ཀྱི་དགའ་བ་རྣམས་ཀྱི་གཙོ་བོ་ལྷན་སྐྱེས་ཀྱི་བདག་ཉིད། འཇིག་རྟེན་གསུམ་གྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་མགྲོན་དུ་གཉེར་བ་ཐུགས་བསྐྱེད་པར་མཛད་ནས། དེའི་སྟོབས་མངའ་བཞིན་དུ་འགྲོ་དོན་མི་མཛད་པར་སྟོང་པ་ཉིད་སྤྲོས་བྲལ་གྱི་ཏིང་ངེ་འཛིན་ལ་བཞུགས་སམ་ཅི་ཞེས་དགོངས་གང་ཡིན་འདྲི་བའི་ཐ་ཚིག་གོ། །མགོན་པོ་ཁྱོད་མེད་པས་སེམས་ཅན་རྣམས་མ་རིག་པས་བསྒྲིབས་ཏེ་ལམ་དང་ལམ་མ་ཡིན་པའི་ཕྱོགས་ནི་མི་འཚལ་ཏེ་མཚོན་མི་ནུས་པས།


KMC011_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བའི་རང་བཞིན་གདོལ་པ་མོ་བདག་ཁྱོད་བཞེངས་ཤིག་ཅེས་ཞུ་བར་བགྱིད་དོ། །གཡུང་མོས་བསྐུལ་བ་ནི། བཏང་སྙོམས་ཀྱི་རང་བཞིན་ཌོམྦི་ནི་བདག་གིས་ཁྱོད་ཀྱི་ཐུགས་རྗེ་ཆེན་པོས་སྐུ་སྣ་ཚོགས་སུ་སྟོན་པར་འཚལ་གྱིས། ངོ་བོ་གཅིག་ལ་རྣམ་པ་མང་པོར་འཆར་བའི་མིག་འཕྲུལ་དང་མཚུངས་པའི་ཏིང་ངེ་འཛིན་མངའ་བ་ཁྱོད་ཞི་བ་བརྙེས་པ་ལས་བཞེངས་ཤིགམ་བཞེངས་ན་གཡུང་མོ་བདག་གི་ཡིད་ཀྱི་དྲན་པ་ཉམས་པས་བརྒྱལ་བ་ལྟར་འགྱུར་བ་དེས་ན་འགྲོ་བ་ལ་སྙིང་རྗེ་རྒྱུན་ཆད་པར་མ་མཛད་ཅིག་ཅེས་པས་བཞེངས་སུ་གསོལ་ལོ། །ཞེས་བྱ་བའོ། །གླུས་བསྐུལ་བའི་ངེས་དོན་དཔལ་ནཱ་རོ་པས། བྱང་ཆུབ་ཀྱི་སེམས་བརྟན་པར་རྡོ་རྗེ་ནོར་བུའི་རྩེ་མོར་གནས་པ་དེ་ལས་སྟེང་དུ་གཤེགས་པའི་དོན་དུ་གླུས་བསྐུལ་བས། ལྟེ་བར་རྒྱུད་མཐུན་པ་ཉིད་ཀྱི་དོན་དུ་པུཀྐ་སཱིས་རབ་ཏུ་སད་པར་མཛད་དོ། །སྙིང་གར་རི་ཁྲོད་མས་རྣམ་པར་སྨིན་པའི་དོན་དུའོ། །མགྲིན་པར་གཏུམ་མོས་སྐྱེས་བུ་བྱེད་པའི་དོན་དུའོ། །མགོ་བོར་གཡུང་མོས་དྲི་མ་མེད་པ་ཉིད་ཀྱི་དོན་དུའོ། །འདི་ལྟ་བུ་ལ་སོགས་པ་རྣམས་ཀྱིས་བཞེངས་སུ་འཇུག་པར་བྱེད་དོ། །ཞེས་


KMC011_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དཔལ་རང་བྱུང་ཞབས་ཀྱིས། འདི་དག་ཀྱང་མངལ་སྐྱེས་ཀྱི་འབྱུང་བ་ལ་སོགས་པ་དག་པར་བྱེད་པའོ། །ཞེས་གསུངས་སོ། །ལྔ་པ་ནི། གླང་པོ་རྟ་བོང་གླང་རྔ་མོ། །མི་དང་ཤ་ར་བྷ་བྱི་ལ། །གཡས་པའི་ཐོད་པ་བརྒྱད་པོ་ལ། །གཉིས་འཐུང་ལ་སོགས་རིམ་ཤེས་བྱ། །ས་དང་ཆུ་དང་རླུང་དང་ནི། །མེ་དང་ཟླ་བ་ཉི་མ་ཉིད། །མཐར་བྱེད་དང་ནི་ནོར་སྦྱིན་ཉིད། །གཡོན་པའི་ཐོད་པ་བརྒྱད་ནའོ། །སྒེག་ཅིང་དཔའ་བོ་མི་སྡུག་པ། །རྒོད་ཅིང་དྲག་ཤུལ་འཇིགས་རུང་བ། །སྙིང་རྗེ་རྔམ་དང་ཞི་བ་ཡིས། །གར་དགུའི་རོ་དང་ལྡན་པ་ཉིད། །ཨོཾ་དང་ཧཱུྃ་གིས་རྡོ་རྗེ་ཆེ། །ཁུ་བའི་གཟུགས་ལས་བཞེངས་ནས་ནི། །ཞབས་རྣམས་ས་ལ་རྡེབས་པ་དང་། །ལྷ་དང་ལྷ་མིན་བསྡིགས་པར་མཛད། །ཅེས་གསུངས་ཏེ། འདིར་ཨཾ་དང་སོགས་ཚིག་རྐང་གཉིས་ཐོག་མར་དྲངས་ཏེ། དེ་ལྟར་གླུས་བསྐུལ་བའི་མོད་ལ། བཅོམ་ལྡན་འདས་ཞུ་བའི་རྣམ་པ་ཅན་དེས་སྔོན་གྱི་སྨོན་ལམ་དྲན་ནས་འབྲས་བུའི་ཧེ་རུ་ཀར་བཞེངས་པ་ལ། བཞེངས་ཚུལ་རྒྱུད་ཀྱི་དངོས་བསྟན་ལྟར་ན། ཨོཾ་དང་ཧཱུྃ་ཡིག་གིས་རྡོ་རྗེ་འཛིན་པའི་སྐུར་བཞེངས་པ་སྟེ། དེའང་ཁུ་བའི་གཟུགས་ལས་ས་


KMC011_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

བོན། དེ་ལས་ཧེ་རུ་ཀའི་སྐུར་བཞེངས་པ། ཞེས་པའི་དོན་དང་། གྲུབ་ཆེན་རྣམས་ཀྱི་མན་ངག་ལྟར་ན། ཨོཾ་ལས་གྲི་གུག་དང་ཧཱུྃ་གིས་རྡོ་རྗེ་རྩེ་དགུ་ཆེན་པོ་ས་བོན་དེ་དག་གིས་མཚན་པ་ལས། ཁུ་བའི་གཟུགས་ལས་འབྲས་བུའི་རྡོ་རྗེ་འཛིན་པ་ཡུམ་བདག་མེད་མ་དང་ལྡན་པ་བཞེངས་ནས་ནི་ཞལ་བརྒྱད་པ་ལ་ཞབས་བཞི་པ་ཕྱག་བཅུ་དྲུག་སོགས་སྔ་མ་ལྟ་བུའི། ཕྱག་བཅུ་དྲུག་གིས་སྙིང་རྗེ་བཅུ་དྲུག་གི་རང་བཞིན་ཐོད་པ་བརྒྱད་བསྣམས་པའི་གཡས་པ་བརྒྱད་ན་རིམ་པ་བཞིན་དུ། གླང་པོ་དམར་སྐྱ། རྟ་ལྗང་སྔོན། བོང་བུ་དཀར་པོ། གླང་དུད་ཁ། རྔ་མོ་སེར་སྐྱ། མི་དམར་སེར་དང་། ཤ་ར་བྷ་དཀར་པོ། བྱི་ལ་གྭ་པ་རྣམས་ཕྱག་གཡས་པའི་ཐོད་པ་བརྒྱད་པོ་ལ་གནས་པ་སྟེ་གློ་ལ་སོགས་པའི་ནད་བརྒྱད་སེལ་བ་ལ་གཉིས་འཐུང་སྟེ་གླང་པོ་དང་ལ་སོགས་པས་རྟ་ནས་བྱི་ལའི་བར་རིམ་པ་བཞིན་དུ་གསུངས་པར་ཤེས་པར་བྱའོ། །གླང་པོ་སོགས་བརྒྱད་ཀྱིས་སེལ་བར་བྱ་བའི་ནད་བརྒྱད་ནི། མགུར་ལས། གློ་དང་དབུགས་དང་དེ་བཞིན་སྨྱོ། །ཁོང་སྐམ་མཛེ་དང་རྐང་ཤུ་དང་། །མཆིན་པ་མཚེར་བའི་ནད་རྣམས་ལ། །གླང་པོ་ལ་སོགས་རིམ་ཤེས་བྱ། །


KMC011_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་གསུངས་སོ། །དེ་བཞིན་དུ་གཡོན་པ་བརྒྱད་ན། ས་ལྷ་སེར་པོ་དང་། ཆུ་ལྷ་དཀར་པོ་དང་། རླུང་ལྷ་སྔོན་པོ་དང་ནི། མེ་ལྷ་དམར་པོ་དང་། ཟླ་བ་དཀར་པོ་དང་། ཉི་མའི་ལྷ་དམར་པོ་དང་། མཐར་བྱེད་དེ་གཤིན་རྗེ་ནག་པོ་དང་ནི། ནོར་སྦྱིན་སེར་པོ་ཉིད་ནི་རྣམ་སྲས་སོ། །དེ་རྣམས་རིམ་པ་བཞིན་ཕྱག་གཡོན་པའི་ཐོད་པ་བརྒྱད་ན་བསྣམས་པ་ནི་དབང་ཕྱུག་གི་ཡོན་ཏན་བརྒྱད་སྟེར་བའོ། །དབང་ཕྱུག་བརྒྱད་ནི། སྒྲོན་གསལ་ལས། སྐུའི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་དུ་ནི་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་ཏུ་འགྲོ་བའི་དབང་ཕྱུག་དང་། །ཅི་འདོད་ཕྲིན་ལས་ཡོན་ཏན་བརྒྱད་པའོ། །ཞེས་སོ། །དེའང་རིམ་པ་བཞིན་སྐུ་སྣ་ཚོགས་སུ་སྟོན་པ་དང་། འགྲོ་བ་སོ་སོའི་སྐད་དུ་ཆོས་གསུང་བ་དང་། སེམས་ཅན་ཀུན་གྱི་སེམས་ཤེས་པ་དང་། འབར་ཞིང་སྣང་བ་སོགས་དང་། གཟུགས་གཅིག་གིས་ཐམས་ཅད་ཁྱབ་པ་དང་། འགྲོ་བ་ཅི་འདོད་ཀྱི་དོན་སྒྲུབ་པ་དང་། འགྲོ་དོན་དུ་གཟུགས་སྣ་ཚོགས་པར་སྤྲུལ་པ་དང་། སྟོབས་དང་མི་འཇིགས་པ་སོགས་ཀྱི་ཡོན་ཏན་རྣམས་ལ་བཤད་དོ། །དེས་ན་འགྲོ་བའི་ནད་


KMC011_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སོགས་པ་བསྡུས་ནས་སེལ་བའི་མཚོན་བྱེད་དུ་གཡས་པའི་སྲོག་ཆགས་རྣམས་ཁ་ནང་དུ་བལྟ་བ་དང་། འགྲོ་བ་ལ་དབང་ཕྱུག་བརྒྱད་སྩོལ་བའི་མཚོན་བྱེད་དུ་གཡོན་པའི་ལྷ་རྣམས་ཁ་ཕྱིར་བལྟ་བ། བདག་མེད་མ་དང་ལྷན་ཅིག་རོལ་པས་སྒེག་ཅིང་། དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་བཞུགས་ནས་དཔའ་བོ། ཁྲོ་གཉེར་དང་མཆེ་བ་གཙིགས་པས་མི་སྡུག་པ་སྟེ་སྐུའི་གར་གསུམ་དང་། གད་མོ་བཅུ་གཉིས་འཆད་འགྱུར་ལྟ་བུས་རྒོད་ཅིང་ཞལ་ནས་ཧཱུྃ་སྤྲོ་ཞེས་པ་ལྟར་དྲག་ཤུལ་གྱི་ང་རོ། དེ་ཉིད་འབྲུག་གི་སྒྲ་བཞིན་དུ་སྒྲོག་པ་འཇིགས་སུ་རུང་བ་སྟེ་གསུང་གི་གར་གསུམ། སེམས་ཅན་རྗེས་སུ་བཟུང་བ་དུས་ལས་མི་ཡོལ་བས་སྙིང་རྗེ། གཞན་གྱི་དོན་ལ་ཐུགས་སྤྲོ་བས་ངོམ་པའི་རྔམས་པ་དང་། སྤྲོས་པའི་རྣམ་རྟོག་ཐམས་ཅད་ཞི་བ་ཡི་ཐུགས་ཀྱི་གར་གསུམ་སྟེ། གར་དགུའི་རོ་སྟེ་ཉམས་དང་ལྡན་པ་ཉིད་དོ། །ཞབས་རྣམས་ཀྱི་གདན་བདུད་བཞི་ས་ལྟར་མི་གཡོ་བར་གནས་པ་ལ་རྡེགས་པའི་གར་སྟབས་དང་བཅས་པས་ལྷ་མཐུ་བོ་ཆེ་རྣམས་དང་ལྷ་མིན་རྣམས་ཀྱང་བསྡིགས་ནས་སེམས་བརྟན་པ་དང་བྲལ་བར་མཛད་པའོ། །དྲུག་པ་ལྷ་མོ་


KMC011_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཀྱི་བསྐྱེད་ཆོག་བཤད་པ་ལ་གཉིས། ས་བོན་བཅུ་ཕྱོགས་གཅིག་ཏུ་བསྟན་པ། ལྷ་མོ་བརྒྱད་རྒྱས་པར་བསྐྱེད་པའོ། །དང་པོ་ནི། གྃ་ཙྃ་བྃ་གྷྃ་པྃ་ཤྃ་ལྃ་ཌྃ། །འདི་ཡིས་ས་བོན་ཕྱུང་བ་དང་། །བདག་པོའི་ས་བོན་དག་གིས་ནི། །ཨོཾ་ཧཱུྃ་སྔོན་པོ་འབར་འཇིགས་པས། །མ་མོའི་འཁོར་ལོ་གྲོང་ཉམས་དགར། །ཁ་དོག་ནག་པོ་འཇིགས་ཆེན་པོ། །བདག་མེད་བདེ་བ་སྦྱིན་པ་པོ། །གཙོ་བོ་འདི་ལྟར་བསྒོམ་པ་ཉིད། །ཅེས་གསུངས་ཏེ། གཾ་ཞེས་པ་གཽ་རཱིའི་མིང་ཡིག་ཐོག་མ་ག་ལ་ཡེ་ཤེས་ཀྱི་བདག་ཉིད་ཐིག་ལེས་བརྒྱན་པ་ལྟར་གཞན་དྲུག་ཀྱང་དེས་མཚོན་ནས། ཙཾ་བཾ་གྷཾ་པཾ་ཤཾ་ཌཾ་ཞེས་པ་ཡིན་ལ། གཏུམ་མོའི་མིང་གི་མཐའ་མ་ལཾ་སྟེ། འདིའི་ས་བོན་རྣམས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གྱིས་ཕྱུང་བ་དང་། རྒྱུ་འབྲས་གཉིས་ཀའི་དཀྱིལ་འཁོར་གྱི་བདག་པོའི་ས་བོན་དག་གིས་ནི་ཧེ་རུ་ཀ་ཡབ་ཡུམ་བསྐྱེད་དགོས་པས། ས་བོན་ཡང་ཡུམ་གྱི་ཨཾ་དབྱངས་དང་པོ་ཐིག་ལེ་ཅན་དང་ཡབ་ཀྱི་ཧཱུྃ་སྔོན་པོ་འོད་འབར་ཞིང་འཇིགས་པས་བསྐྱེད་པ་ཡིན་ལ། དེའང་འགྲོ་བ་རྣམས་སྐྱེད་ཅིང་སྐྱོང་བའི་མ་མོའི་ཚོགས་ཀྱིས་བསྟན་པའི་འཁོར་ལོ་ཐར་པ་བླ་ན་


KMC011_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་གྲོང་བདེ་བ་ཆེན་པོའི་ངོ་བོར་གྲུབ་པས་ཉམས་དགའ་བར་གྱུར་པའི་དབུས་སུ་སྔར་བསྟན་པ་ལྟར་ཁ་དོག་ནག་པོ་འཇིགས་པ་ཆེན་པོའི་སྐུ་དང་ལྡན་ཞིང་། བདག་མེད་མ་ལ་ལྷན་ཅིག་སྐྱེས་པའི་བདེ་བ་སྦྱིན་པར་མཛད་པ་པོའི་བཅོམ་ལྡན་འདས་གཙོ་བོ་བརྗོད་མ་ཐག་པ་སྟེ་ཧེ་རུ་ཀ་འཁོར་དང་བཅས་པའི་དཀྱིལ་འཁོར་འདི་ལྟར་བསྒོམ་པ་ཉིད་དོ་ཞེས་པའོ། །དེ་ལ་རྒྱུ་དང་འབྲས་བུའི་རྡོ་རྗེ་འཛིན་པའི་ངེས་དོན་མདོར་བསྡུས་པ་ནི། ཞལ་དང་སྐུ་མདོག་ཕྱག་མཚན་ལ་སོགས་པའི་རྣམ་པར་དག་པ་སངས་རྒྱས་ཆོས་སྐུ་དང་ལོངས་སྤྱོད་རྫོགས་པའི་ཡོན་ཏན་གྱི་རང་བཞིན་དང་། རྒྱུ་རྡོ་རྗེ་འཆང་ཆོས་ཀྱི་སྐུའི་ངོ་བོར་བཞུགས་པ་ལ་སྤྲུལ་པའི་སྐུའི་རྣམ་པར་ཚད་མེད་བཞིའི་ཐུགས་རྗེས་བསྐུལ་བའི་ངོར་བཞེངས་པ་སྐུ་གསུམ་གྱི་བདག་ཉིད་ཅན། ལོངས་སྤྱོད་རྫོགས་སྐུ་ཁོ་ན་ལས་དབྱེ་བའི་སྐུ་གསུམ་ཡིན་པའང་ཁོང་དུ་ཆུད་པར་བྱ་བ་སྟེ། དཔལ་གསང་བ་འདུས་པར། སྤྲུལ་སྐུ་རྡོ་རྗེ་སེམས་དཔའ་སོགས་ཀྱི་སྐུ་གསུམ་གསུངས་པ་བཞིན་ནོ། །དེས་ན་སྐུ་གསུམ་ལམ་དུ་ཁྱེར་བའི་བསྐྱེད་རིམ་རྗེ་མར་པའི་དགོངས་པར་བཤད་པ་དང་ཡང་ཤིན་ཏུ་འབྲེལ་


KMC011_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཉིད་དོ། །བསྐྱེད་རིམ་སྐོར་གྱི། སྦྱང་བྱ། སྦྱོང་བྱེད། སྦྱངས་འབྲས། དག་སྦྱོར་རྒྱས་པ་སྤྱན་སྔ་ཐམས་ཅད་མཁྱེན་པས་མཛད་པའི་བསྐྱེད་རིམ་གྱི་རྣམ་བཤད་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། དཀར་མོ་གཡས་ན་གྲི་གུག་སྟེ། །དེ་བཞིན་གཡོན་ན་རོ་ཧི་ཏ། །ཆོམ་རྐུན་མ་གཡས་ཅང་ཏེའུ་སྟེ། །གཡོན་པའི་ཕྱག་ན་ཕག་པ་ཉིད། །རོ་ལངས་མ་གཡས་རུས་སྦལ་ཏེ། །གཡོན་པ་ཡིས་ནི་པདྨའི་སྣོད། །གྷསྨ་རཱི་ཡི་གཡས་ན་སྦྲུལ། །གཡོན་པས་རྣལ་འབྱོར་ལྷུང་བཟེད་ཉིད། །པུཀྐ་སཱི་གཡས་སེང་གེ་སྟེ། །གཡོན་པས་དགྲ་སྟྭ་དེ་བཞིན་ནོ། །རི་ཁྲོད་མ་གཡས་དགེ་སློང་སྟེ། །གཡོན་ན་གསིལ་བྱེད་དེ་བཞིན་ནོ། །གདོལ་པ་མོ་གཡས་འཁོར་ལོ་སྟེ། །གཡོན་པས་ཐོད་པ་དེ་བཞིན་ནོ། །གཡུང་མོའི་གཡས་ན་རྡོ་རྗེ་ཉིད། །གཡོན་ན་སྡིགས་མཛུབ་དེ་བཞིན་ནོ། །སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས། །དཀར་མོ་ལ་སོགས་ཕྱག་གཉིས་བརྗོད། །སྤྱན་གསུམ་སྐྲ་ནི་གྱེན་དུ་སྟེ། །ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །གཽ་རཱི་ཁ་དོག་ནག་མོར་འགྱུར། །ཆོམ་རྐུན་མ་ནི་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བཙོས་བཞིན། །གྷསྨ་རཱི་ནི་མརྒད་


KMC011_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

མཚུངས། །པུཀྐ་སཱི་ནི་དབང་སྔོན་མཚུངས། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའི་སྔོ་བསངས་མ། །གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །ཚངས་པ་དབང་པོ་ཉེ་དབང་དྲག །གཤིན་རྗེ་དང་ནི་ནོར་བདག་དང་། །བདེན་བྲལ་དང་ནི་ཐག་བཟང་རིས། །གཽ་རཱི་ལ་སོགས་པ་ཡི་གདན། །ཅེས་གསུངས་ཏེ། ཤར་ལ་སོགས་པའི་སྒོ་བཞིའི་པདྨའི་འདབ་མར་གནས་པའི་ལྷ་མོ་སྔར་བསྟན་པ་ལས་དེ་དག་གི་ཕྱག་མཚན་ནི། ལྷ་མོ་དཀར་མོ་ཕྱག་གཡས་ན་ལོག་ལྟ་གཅོད་པའི་གྲི་གུག་ཕྱར་བ་སྟེ། དེ་བཞིན་དུ་གཡོན་པའི་ཕྱག་ན་རོ་ཧི་ཏ་ཉའི་བྱེ་བྲག་བོད་སྐད་དུ་འཕེལ་བ་ཁ་དོག་དཀར་པོའམ་དམར་པོ་ནད་ཆེན་པོའི་སྨན་ཟོས་པ་ཙམ་གྱིས་ནད་ཞི་བར་བྱེད་པ་ཞིག་ཏུ་བཤད་པ་དེ་ཉིད་འཁོར་བའི་བག་ཆགས་ཉམས་པར་བྱེད་པའི་བརྡར་འཛིན་པ། ཆོམ་རྐུན་མ་གཡས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་རྟོགས་བྱེད་ཅང་ཏེའུ་སྒྲོག་པ་སྟེ། གཡོན་པའི་ཕྱག་ན་གཏི་མུག་གཞོམ་པའི་ཕག་པ་ཉིད་བསྣམས་པ། རོ་ལངས་མ་གཡས་སྟོང་ཉིད་རྣམ་པར་མི་རྟོག་པ་མཚོན་པའི་རུས་སྦལ་ཏེ། གཡོན་པ་ཡིས་ནི་པདྨའི་སྣོད་ཐོད་པ་སྙིང་རྗེའི་རང་བཞིན་བཅུད་


KMC011_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྡན་པ་འཛིན་པ་གྷསྨ་རཱིའི་གཡས་ན་ཞེ་སྡང་དག་པའི་སྦྲུལ། གཡོན་པས་རྣལ་འབྱོར་པའི་ལྷུང་བཟེད་ཅེས་པ་མིའི་ཐོད་པ་བདུད་རྩིས་གང་བ་ཤེས་རབ་དང་ཐབས་ཁོང་དུ་ཆུད་པའི་མཚོན་བྱེད་ཉིད་དུ་ཐོགས་པའོ། །མཚམས་ཀྱི་འདབ་མའི་གྲྭ་བཞིར། པུཀྐ་སཱི་གཡས་ང་རྒྱལ་དག་ཅིང་བདུད་སྡེ་འཇོམས་པའི་སེང་གེ་སྟེ། གཡོན་གཉིས་སུ་འཛིན་པ་གཅོད་པས་དགྲ་སྟ་དེ་བཞིན་དུ་འཛིན་ནོ། །རི་ཁྲོད་མ་གཡས་ཡེ་ཤེས་ལྔ་རྟོགས་བྱེད་དགེ་སློང་སྟེ། གཡོན་ན་གཉིས་སུ་མེད་པའི་ཡེ་ཤེས་ཁོང་དུ་ཆུད་པར་སྟོན་པའི་སིལ་བྱེད་དེ་མཁར་གསིལ་དེ་བཞིན་དུ་འཛིན་ནོ། །གདོལ་པ་མོ་གཡས་ཐེ་ཚོམ་གཅོད་པའི་འཁོར་ལོ་སྟེ། གཡོན་པས་མི་ཤེས་པའི་ཐ་རྒོད་རློག་པའི་ཐོད་པ་སྟེ་ཐོང་གཤོལ་དེ་བཞིན་འཛིན་ནོ། །གཡུང་མོའི་གཡས་ན་མི་ཕྱེད་པའི་ཡེ་ཤེས་རྟོགས་པའི་རྡོ་རྗེ་ཉིད་དང་། གཡོན་ན་སྡིགས་མཛུབ་ཀྱིས་གདུག་པ་ཅན་མ་ལུས་པ་བསྡིགས་པར་མཛད་པ་དེ་བཞིན་དུ་ཤེས་པར་བྱ་བ་ཡིན་ནོ། །ཕྱག་མཚན་འདི་རྣམས་ཀྱི་དག་པ་རྡོ་རྗེ་སྙིང་འགྲེལ་ལས་འབྱུང་བ་ནི་དྲི་མེད་འོད་འགྲེལ་བཤད་དང་བཅས་པ་ལས་གསལ་བ་ལྟར་རོ། །རྣལ་


KMC011_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་མ་དེ་རྣམས་ལས་ཀྱང་ཕྱོགས་སུ་གནས་པ་བཞི་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་དང་། མཚམས་མ་བཞི་ས་ཆུ་མེ་རླུང་གི་ཁམས་བཞི་རྣམ་པར་དག་པ། བྱང་སེམས་ཀྱི་རྐང་པ་ཐོབ་པ་དག་པས་ཐམས་ཅད་ཀྱིས་སྐྱིལ་ཀྲུང་ཕྱེད་པའི་གར་ཡང་གཡོན་བརྐྱང་བའི་མཐིལ་གྱིས་གདན་སོ་སོ་བརྫིས་ཤིང་། གཡས་བསྐུམ་པའི་མཐིལ་ཞབས་གཡོན་པའི་བརླ་ལ་རེག་པའི་གར་སྟབས་ཀྱིས་གནས་པ་ལ། དཀར་མོ་ལ་སོགས་པ་བརྒྱད་ཐབས་ཤེས་མཚོན་པའི་ཕྱག་གཉིས་མར་བརྗོད་ཅིང་། དེ་བཞིན་ཉིད་ཀྱི་ཞལ་གཅིག་པ་རྡོ་རྗེ་གསུམ་གྱི་སྤྱན་གསུམ་མངའ་བ་སངས་རྒྱས་ཀྱི་ཡོན་ཏན་གོང་དུ་རྒྱས་པ་མཚོན་པས་དབུ་སྐྲ་ནི་མདོག་དམར་སེར་གྱེན་དུ་བརྫེས་པ་སྟེ། སངས་རྒྱས་ལྔ་དག་པའི་འཁོར་ལོ་རྣ་ཆ་ནོར་བུ་ལག་གདུབ་སྐ་རགས་ཏེ་རུས་པའི་ཕྱག་རྒྱ་ལྔ་ཡིས་སྐུ་ལ་རྣམ་པར་བརྒྱན་པ་ཅན་ནོ། །དང་པོའི་བརྒྱད་པར་བདག་མེད་མའི་མངོན་རྟོགས་གསུངས་ཟིན་པས་འདིར་མ་གསུངས་ལ། དེར་སྟག་ཤམ་དང་ཁ་ཊཱཾ་བཤད་པ་ནི་འདིར་འདོར་དགོས་ཏེ་གཽ་རཱི་སོགས་ལ་མ་གསུངས་པའི་ཤེས་བྱེད་ཀྱིས་སོ། །དེ་ལྟ་ན་ལྷ་མོ་འདི་རྣམས་ཀྱི་ཁ་དོག་ཇི་ལྟ་བུ་


KMC011_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

ཞེ་ན། གཽ་རཱི་མ་ནི་སེམས་ཅན་བདུད་ཀྱི་དབང་དུ་སོང་བ་འདུལ་བར་མཛད་པས་ཁ་དོག་ནག་མོར་འགྱུར་ལ། ཆོམ་རྐུན་མ་འདོད་ཆགས་ཅན་འདུལ་བས་བཙོད་ཀྱི་ཁ་དོག་དང་མཚུངས་པ་སྟེ་དམར་བ། རོ་ལངས་མ་ནི་རྒྱས་པའི་ལས་ཀྱིས་འདུལ་བས་གསེར་བཙོས་པའི་མདོག་བཞིན་དམར་སེར། གྷསྨ་རཱི་ནི་མངོན་སྤྱོད་ཀྱིས་འདུལ་བས་ནོར་བུ་མ་རྒད་དེ་མ་ར་ཀ་ཏ་མཚུངས་པས་ལྗང་གུ། པུཀྐ་སཱི་ནི་རྨུགས་པའི་ལས་ཀྱིས་འདུལ་བས་དབང་སྔོན་ཏེ་ཨིནྡྲ་ནཱི་ལ་དང་མཚུངས་པའི་སྔོན་མོ། །རི་ཁྲོད་མ་ནི་ཞི་བའི་ལས་ཀྱིས་འདུལ་བས་ཟླ་ནོར་ཏེ་ཟླ་བའི་ནོར་བུ་ཙནྡྲ་མ་ཎིའི་འོད་དང་འདྲ་བའི་དཀར་མོ། །གཏུམ་མོ་རེངས་པའི་ལས་ཀྱིས་འདུལ་བས་ནམ་མཁའ་སྒྲིབ་བྱེད་དང་བྲལ་བ་ལྟར་སྔོ་བསང་མ། གཡུང་མོ་ཕྲིན་ལས་སྣ་ཚོགས་ཀྱིས་གདུལ་བྱ་འདུལ་བས་ཁ་དོག་སྣ་ཚོགས་པ་རྡོ་རྗེ་ལས་ལྟ་བུའམ། ཉ་ཕྱིས་ཀྱི་ཁ་དོག་ལྟ་བུའམ། ཚོན་སྣ་ལྔ་འདྲེས་པ་ལྗང་གུ་ལ་ཉེ་བས་རྡོ་རྗེ་མགུར་གྱི་བཤད་པ་བཞིན་མདངས་སྣ་ཚོགས་འཆར་བའི་ལྗང་གུ་གང་རུང་ཞེས་བརྗོད་དོ། །དེ་ལྟ་ན་གཙོ་འཁོར་འདི་རྣམས་ཀྱི་གདན་སྔར་མ་བཤད་པས་གང་སྙམ་ན།


KMC011_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་པདྨ་དང་ཉི་མའི་སྟེང་དུ་བདུད་བཞིའི་ངོ་བོ་ཚངས་པ་དང་དབང་པོ་སྟེ་བརྒྱ་བྱིན་དང་ཉེ་དབང་སྟེ་ཁྱབ་འཇུག་དང་དྲག་པོ་སྟེ་དབང་ཕྱུག་རྣམས་མགོ་གཡོན་བསྟན་ཀུན་གཞི་དང་ལྡན་པ་འགྱེལ་ནས་བཀྲམ་སྟེ་གནས་པ་རྔོག་པ་ཡབ་སྲས་བཞེད་ཅིང་། ཕྱོགས་བཞིར་ཡང་མདུན་ནས་གཡས་བསྐོར་གྱིས་ཚངས་པ་སོགས་བཞི་དང་། མཚམས་ཀྱི་བྱང་ཤར་གཤིན་རྗེ་དང་། ཤར་ལྷོར་ནོར་བདག་དང་། ལྷོ་ནུབ་ཏུ་བདེན་བྲལ་སྟེ་སྲིན་པོ་དང་ནི། ནུབ་བྱང་དུ་ལྷ་མིན་དབང་པོ་ཐག་བཟང་རིས་རྣམས་རིམ་པ་བཞིན་ལྷ་མོ་གཽ་རཱི་ལ་སོགས་པའི་གདན་ཡིན་ལ། དེ་དག་གི་རྣམ་དག་ཀྱང་ཚངས་པ་ནས་རིམ་བཞིན། གཏི་མུག །ང་རྒྱལ། ཞེ་སྡང་། འདོད་ཆགས། འཆི་བདགཞེན་པ། ཁྲོ་བོ། དྲེགས་པ་སྟེ། དེ་དག་གདན་དུ་བྱས་པ་ནི་ཉོན་མོངས་དེ་དག་འཇོམས་པར་བྱེད་པའི་མཚོན་དོན་དུ་ཉིན་མོའི་འབྱུང་གནས་ཀྱིས་བཤད་ལ། འདོད་ཆགས་དང་། རིག་མ་དང་། འཛག་པ་དང་། །བཏུང་བ་དང་། བཟའ་བ་དང་། གཉིད་དང་། རྟོག་གེ་དང་། དད་པ་རྣམས་ཀྱི་མངོན་ཞེན་གཅོད་པ་དག་པའོ་ཞེས་སྒྲ་གཅན་གསང་བས་བཤད་དོ། །ལྷ་མོ་རྣམས་ཀྱི་ངེས་


KMC011_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཁ་སྦྱོར་དྲི་མེད་ལས། དཀར་མོ་གཏི་མུག་དག་པ་དགའ་བའི་ཡེ་ཤེས། ཆོམ་རྐུན་མ་སེར་སྣ་དག་པ་མཆོག་དགའི་ཡེ་ཤེས། རོ་ལངས་མ་འདོད་ཆགས་དག་པ་དགའ་བྲལ་གྱི་དགའ་བའི་ཡེ་ཤེས། གྷསྨ་རཱི་ཕྲག་དོག་དག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། མེ་ལོང་ལྟ་བུ་སོགས་ཡེ་ཤེས་ལྔ་རྣམ་པར་དག་པ་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་སྒོ་ནས་སྐྱོང་བར་བྱེད་པ་བཞིའོ། །པུཀྐ་སཱི་སོགས་ཀྱང་དགའ་བ་བཞི་དང་དབང་པོ་དང་ཡུལ་འོད་གསལ་དུ་ཐིམ་པ་ཟླ་ཉི་དག་པ་དང་། གཙོ་བོའི་སྤྱན་ཉེར་བཞི་གནས་རྣམས་དག་པ་སོགས་རྒྱས་པར་བཤད་དོ། །རྔོག་པའི་གསུང་རྒྱུན་དུ་མངོན་རྟོགས་ཡན་ལག་དྲུག་ལྡན་ཚང་བར་འཆད་པས་རྒྱལ་བ་རང་བྱུང་ཞབས་ཀྱིས་རྒྱུད་ཚིག་གོང་འོག་བསྡེབས་ནས་འཆད་པར་མཛད་ཀྱང་མངོན་རྟོགས་ཀུན་ལ་གྲགས་པས་རྒྱུད་ཚིག་ཤེས་ན་དེ་དང་སྦྱོར་སླ་ཞིང་། རྒྱུད་ཚིག་གོང་འོག་དཀྲུགས་པ་དེ་འཆད་ཉན་མཁན་པོ་བློ་དམན་པས་འབྲུ་སྦྱོར་དགའ་བས་འདིར་འཆད་ཚུལ་གྱི་གོ་རིམ་རྒྱུད་ཚིག་ནར་འདེད་དུ་བྱས་པའོ། །གཉིས་པ་བཟླས་པའི་སྔགས་བཤད་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི།


KMC011_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

བོ་ལ་གཞིབ་པར་མཛད་ནས་ནི། །དམ་འཁྱུད་ཙུམྦ་ན་མཛད་ནས། །བཅོམ་ལྡན་གུས་པས་མཆོད་ནས་ནི། །བདག་མེད་མ་ཡི་སྔགས་ཞུས་སོ། །ཞེས་འབྱུང་སྟེ། ཡུམ་གྱི་ཀཀྐོ་ལས་གཙོ་བོའི་བོ་ལ་གཞིབ་པར་མཛད་ནས་ནི་ཟག་པ་མེད་པའི་བདེ་བ་རྒྱས་པའི་ཆེད་དུ། སྐུ་ལ་མི་ཕྱེད་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་གིས་དམ་དུ་འཁྱུད་ཅིང་རྗེས་སུ་ཆགས་པས་ཙུམྦ་ན་མཛད་དེ་ཁ་སྦྱོར་གྱི་བདེ་ཆེན་བསྐུལ་ནས། བཅོམ་ལྡན་འདས་ལ་གུས་པས་གསང་བ་དང་དེ་ཁོ་ན་ཉིད་ཀྱི་མཆོད་པས་མཉེས་པར་གྱུར་ནས་ནི། རྗེས་འཇུག་གིས་སྔགས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་དང་སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བའི་དོན་དུ་ཡུམ་བདག་མེད་མས་ནི་སྔར་མ་གསུངས་པའི་རྩ་བའི་སྔགས་སྟོན་པར་གསོལ་བ་བཏབ་ཅིང་ཞུས་སོ། །གཉིས་པ་ལ་གསུམ། ཉན་པར་གདམས་པ། ལས་དང་དགོས་པ་བསྟན་པ། རྩ་སྔགས་བཤད་པ་དངོས་སོ། །དང་པོ་ནི། བུད་མེད་རྣམས་ཀྱི་དབང་བྱེད་སྔགས། །དེ་བཞིན་གདུག་པ་བསྡིགས་པ་དང་། །ཀླུ་རྣམས་སྡིག་པར་བྱེད་པ་ཉིད། །ལྷ་དང་ལྷ་མིན་རྣམས་ཉེད་པ། །དེ་ནི་ང་ཡིས་བཤད་བྱ་ཡིས། །ལྷ་མོ་བདེ་བ་སྦྱིན་མ་ཉོན། །སངས་


KMC011_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་བྱང་ཆུབ་སེམས་དཔའ་ལ། །བདག་གིས་གཞན་དུ་མ་བསྟན་ཏོ། །འདི་ཡི་སྔགས་ཀྱིས་གང་བྱུང་དང་། །རྡོ་རྗེ་སེམས་དཔས་གང་མཛད་པ། །ལྷ་མོ་ཤིན་ཏུ་འཇིགས་པ་སྟེ། །ངོ་མི་ཆོག་པས་ཁྱོད་ལ་བཤད། །ཅེས་གསུངས་ཏེ། རྣལ་འབྱོར་པ་གང་གིས་རིགས་དང་ལྡན་པའི་བུད་མེད་རྣམས་ཀྱི་སྒོ་གསུམ་དབང་དུ་བྱེད་པའི་སྔགས་ཀྱང་ཡིན་ལ། དེ་བཞིན་དུ་གཞན་ཡང་། ལས་ངན་པར་སྤྱོད་པའི་གདུག་པ་ཅན་བསྡིགས་པ་ལས་སྲོག་དང་བྲལ་བར་དོགས་ནས་བྲེད་པར་འགྱུར་བ་དང་། ཀླུ་རིགས་བཞིའི་ཚོགས་རྣམས་བསྐྱོད་ཅིང་སྡིག་པར་བྱེད་པ་ཉིད་དང་། འདོད་པ་དང་གཟུགས་ཀྱི་ལྷ་དང་འདོད་ཁམས་ཀྱི་ལྷ་མིན་རྣམས་ཉེད་པ་སྟེ་འདུལ་བའམ་ལས་གང་ལ་བསྐུལ་བ་དེ་ཡང་ནས་ཡང་དུ་བྱེད་དུ་འཇུག་པས་རྣམ་པར་ཉེད་པ། དེ་ལྟ་བུའི་ཕན་ཡོན་དང་ལྡན་པ་ནི་རྡོ་རྗེ་འཛིན་པ་ང་ཡིས་བཤད་པར་བྱ་ཡིས། ལྷ་མོ་ཞེས་བོས་ཏེ། མི་འགྱུར་བའི་བདེ་བ་སྦྱིན་མ་ཁྱོད་ཉོན་ཅིགརྩ་བའི་སྔགས་འདི་ཤིན་ཏུ་རྙེད་པར་དཀའ་བས། མི་སློབ་པའི་སངས་རྒྱས། སློབ་བཞིན་པའི་བྱང་ཆུབ་སེམས་དཔའ་སྔགས་འདི་དོན་དུ་གཉེར་བ་


KMC011_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་བདག་གིས་རྒྱུད་སྡེ་གཞན་དུ་མ་བསྟན་ཏོ། །འདིའི་སྔགས་ཀྱི་བདེན་པའི་མཐུ་གང་བྱུང་བར་གྱུར་པ་དང་། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔས་སྔོན་བྱུང་ཕྲིན་ལས་གང་མཛད་པ། ལྷ་མོ་ཞེས་སྙན་གཏད་པར་བསྐུལ་ནས། ཤིན་ཏུ་འཇིགས་པ་སྟེ་བྱིན་རླབས་ཆེ་བ་དེ་འདྲ་བ་ཡོད་པའང་གསོལ་བ་འདེབས་པའི་ངོ་མི་ཆོག་པས་ཁྱོད་ལ་བཤད་པར་བྱའོ། །ཞེས་ཞལ་གྱིས་བཞེས་པའོ། །གཉིས་པ་ནི། འབར་བའི་ཕྲེང་བ་འཁྲུགས་པ་ཡིས། །དཀྱིལ་འཁོར་རབ་ཏུ་བཞེངས་ནས་ནི། །རྡོ་རྗེ་སྙིང་པོ་དབང་སྦྱིན་ཕྱིར། །ཐིག་ལེ་མཆོག་ནི་བཀུག་པ་ཉིད། །བཟླས་པ་ཁྲི་ཡིས་གསལ་བ་དང་། །སྒྲ་རིང་བ་དང་བཟང་བ་ཡིས། །ཀྱེ་ཡི་རྡོ་རྗེ་སྦྱོར་ལྡན་པས། །བཙུན་མོ་ཐམས་ཅད་དགུག་པར་བྱ། །བཟླས་པ་འབུམ་གྱིས་རྣལ་འབྱོར་བདག །ཀྱེ་ཡི་རྡོ་རྗེའི་རྣལ་འབྱོར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་ནི། །འདི་ཡིས་ལས་རྣམས་ཐམས་ཅད་བྱེད། །ཅེས་གསུངས་ཏེ། སྔོན་བྱུང་རྡོ་རྗེ་སེམས་དཔས་སྤྲུལ་པའི་སྟོབས་ཀྱིས་ཕྱི་རོལ་དུ་འོད་ཟེར་ལྔ་འབར་བའི་ཕྲེང་བ་འཁྲུགས་པའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་རབ་ཏུ་བཞེངས་ཤིང་སྐད་ཅིག་གིས་


KMC011_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པར་གྱུར་ནས་ནི་སེམས་དཔའ་ཆེན་པོ་རྡོ་རྗེ་སྙིང་པོ་ལ། འདི་ཉིད་ཀྱི་དབང་བཞི་བྱིན་པའི་ཤེས་རབ་ཡེ་ཤེས་ཀྱི་རིག་མའི་ཕྱིར། ལྷའི་བུ་མོ་ཐིག་ལེ་མཆོག་མ་ཞེས་བྱ་བ་སྔོན་ལྷ་རྣམས་ཀྱི་ལུས་ལས་གཟི་བརྗིད་ཏིལ་འབྲུ་ཙམ་ཕྱོགས་གཅིག་ཏུ་བསྡུས་པ་ལས་བྱུང་བར་གྲགས་པ་བརྒྱ་བྱིན་གྱི་མ་ནི་སྔགས་འདིས་བཀུག་པ་ཉིད་དོ། །སྔར་བྱུང་བའི་རྗེས་སུ་སློབ་པ་རྣམས་ཀྱིས། སྔགས་འདིའི་བསྙེན་པ་སྔོན་དུ་སོང་ནས་ལས་ཀྱི་སྦྱོར་བ་ལ་བཟླས་པའི་གྲངས་ཁྲི་ཡིས་འགྲུབ་པ་སྟེ། དེའང་བཟླ་ཚུལ་སྔགས་ཀྱི་ཚིག་གསལ་བ་དང་སྐད་ཀྱི་སྒྲ་རིང་ཐུང་ཕྱེད་པ་དང་བཟླ་ཚུལ་གྱི་སྐྱོན་གཞན་ཡང་མེད་པར་ཡིད་དུ་འོང་བས་བཟང་བ་ཡིས་སོ། །དེ་ལ་སྔོན་དུ་བསྙེན་པའི་དུས་སུ་དང་སྐབས་འདིར། རང་ཉིད་ཀྱེའི་རྡོ་རྗེ་རིགས་བཞི་པོ་གང་རུང་བསྒོམ་པའི་སྦྱོར་བ་དང་ལྡན་པས། བཙུན་མོ་སྟེ་ལས་རྒྱ་ལྷ་མོ་ལ་སོགས་པ་ཐམས་ཅད་དགུག་པར་བྱའོ། །གཞན་ཡང་བཟླས་པ་འབུམ་གྱིས་རྣལ་འབྱོར་པ་བདག་ཉིད་ཀྱེའི་རྡོ་རྗེའི་བསྐྱེད་རིམ་གྱི་རྣལ་འབྱོར་གྱིས་ཏེ། དེ་དང་ལྡན་པས་འགྲུབ་བམ་མི་འགྲུབ་ཅེས་དོགས་པ་མེད་པའི་སེམས་ཀྱིས་བཟླས་


KMC011_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

ན་ནི། རྩ་སྔགས་འདི་ཡིས་ཞི་རྒྱས་སོགས་ཅི་འདོད་པའི་ལས་རྣམས་ཐམས་ཅད་འགྲུབ་པར་བྱེད་པར་འགྱུར་རོ། །གསུམ་པ་ནི། རིག་བྱེད་རྣམས་ཀྱི་དང་པོ་སྦྱིན། །ཟླ་ཕྱེད་ཐིག་ལེས་རྣམ་པར་བརྒྱན། །དེ་ནས་ཨཥྚཱ་ན་ནཱ་ཡ། པིངྒ་ལོརྡྷ་ཀེ་ཤ་ཝརྟ་མ་ནེ། ཙ་ཏུར་བིཾ་ཤ་ཏི་ནེ་ཏྲཱ་ཡ། དེའི་རྗེས་ལ་ཥོ་ཌ་ཤ་བྷུ་ཛཱ་ཡ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ་ཀ་པཱ་ལ་མཱ་ལ་ཨ་ནེ་ཀནྡྷཱ་རི་ཎེ། ཨཱདྷྨཱ་ཏ་ཀྲཱུ་ར་ཙིཏྟཱ་ཡ། ཨརྡྷེནྡུ་དཾ་ཥྚི་ཎེ། ཨོཾ་མཱ་ར་ཡ་མཱ་ར་ཡ། ཀཱ་ར་ཡ་ཀཱ་ར་ཡ། གརྫ་ཡ་གརྫ་ཡ། ཏརྫ་ཡ་ཏརྫ་ཡ། ཤོ་ཥ་ཡ་ཤོ་ཥ་ཡ། སཔྟ་སཱ་ག་རཱ་ན། བནྡྷ་བནྡྷ། ན་ག་ཨཥྚ་ཀཱ་ན། གྲྀཧྣ་གྲྀཧྣ། ཤ་ཏྲཱུཾ་ན། ཧ་ཧཱ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿཕཊ་སྭཱ་ཧཱ། ཞེས་གསུངས་ཏེ། དེ་ལ་རྩ་སྔགས་གང་ཞེ་ན། རིག་བྱེད་རྣམས་ཀྱི་དང་པོ་སྟེ་འདི་ལ། རྒྱན་འདྲ་དང་ཟིན་བྲིས་ཆེན་མོར་ཨ་ཡིག་རྐྱང་པ་ལ་བཞེད་པ་དང་། རང་བྱུང་ཞབས་ཀྱིས་རིག་བྱེད་རྣམས་ཀྱི་དང་པོ་ཨོཾ་ཡིག་སྦྱིན་གསུངས་པ་ལས་རྣམ་དབྱེ་མ་གསུངས་ཀྱང་། ངེས་བརྗོད་ལ་ཨོ། སྙན་དངགས་ལ་ཨུ། སྲིད་སྲུང་ལ་ཨཾ། མཆོད་སྦྱིན་ལ་ཨཿསྟེ་རིག་བྱེད་བཞི་པོ་ཡི་གེ་བཞིའི་བརྡས་བསྟན་པར་བཤད་པས་རིག་བྱེད་རྣམས་ཀྱི་དང་པོ་ཡི་གེ་ཨོ་ཡིག་


KMC011_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་པའི་སྟེང་དུ་ཟླ་ཕྱེད་དང་ཐིག་ལེས་རྣམ་པར་བརྒྱན་པ་སྟེ། རྗེ་བཙུན་གྲགས་རྒྱལ་ཞབས་ཀྱིས་དག་ལྡན་དུ་ལེགས་པར་བཤད་པ་དང་ཡང་མཐུན་ནོ། །དེའང་དོན་མང་པོ་ལ་འཇུག་པ་ལས། འདིར་ཕྱག་འཚལ་བའི་དོན་ཅན་ནོ། །ཨཥྚ་བརྒྱད་དང་། ཨཱ་ན་ན་ཞལ་ལ་འཇུག་པས། ཊའི་སྲོག་ཏུ་ཨཱ་མཚམས་སྦྱར། ན་ཕྱི་མ་ལ་གཅིག་ཚིག་ངེ་བྱིན། ངེ་ཡའོ་ཞེས་པས་དེ་ཡར་བསྒྱུར། ཨ་ཡིག་སྒྲ་ལྡན་ལ་རིང་པོ་ཞེས་པས་ན་ཕྱི་མའི་སྲོག་གི་ཨ་རིང་པོར་གྱུར་པས། ཨཱཥྚཱན་ནཱ་ཡ་ཞེས་པར་གྲུབ་སྟེ། ཞལ་བརྒྱད་པ་ལ་ཞེས་པའི་དོན་ཅན་ནོ། །པིངྒ་དམར་སེར། ཨཱུརྡྷ་གྱེན་དུ། དེ་གཉིས་མཚམས་སྦྱར་བས་པིངྒརྡྷ། ཀེ་ཤ་དབུ་སྐྲ། ཀྲྀཥྞ་ཝརྟྨ་ན་བྱུར་བའམ་བརྫེས་པའོ། །ནའི་འགྲེང་བུ་ནི་བཞི་པ་སྟེ། ངེ་བྱིན། ང་ཕྱིས། ཨེ་བཞག་པ་ན་དང་སྦྱར་བས་ནེ་ཞེས་གྱུར་པས། བྷིངྒོརྡྷ་ཀེ་ཤ་ཝརྟྨ་ནེ་ཞེས་པ་གྲུབ་སྟེ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ་ལ་ཞེས་པའི་དོན་ཅན་ནོ། །ཙ་ཏྭཱ་ར་བཞི་དང་། བིཾ་ཤ་ཏི་ཉི་ཤུ། ནེ་ཏྲ་སྤྱན། ངེ་བྱིན་པས་རིང་ཆ་དང་ཡ་དང་བཅས་པ་སྦྱར་བས། ཙ་ཏུརྦིཾ་ཤ་ཏི་ནེ་ཏྲཱ་ཡ། གྲུབ་པ་ནི་སྤྱན་ཉེར་བཞི་པ་ལ་ཞེས་པའི་དོན་ཅན་ནོ། །ཥོ་


KMC011_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ད་ཤ་བཅུ་དྲུག་དང་། བྷུ་ཛ་ཕྱགརིང་ཆ་ཡ་དང་བཅས་པ་སྔར་བཞིན་བྱས་པས། ཥོ་ད་ཤ་བྷུ་ཛཱ་ཡ། གྲུབ་པ་ནི་ཕྱག་བཅུ་དྲུག་པ་ལ་ཞེས་པའི་དོན་ཅན་ནོ། །ནག་པོའམ་གནག་པ། ཛཱི་མཱུ་ཏ་ཆར་སྤྲིན། ཝ་པུས་སྐུ། དེ་ལ་ངེ་བྱིན། ང་ཕྱིས། ཨེ་བཞག །ནཱ་མི་དང་ཞེས་སོགས་ཀྱིས་ས྄་སྲོག་མེད་ཥ྄་སྲོག་མེད་དུ་བསྒྱུར་ཏེ། གསལ་བྱེད་དབྱངས་མེད་དྲངས་པས་ཝ་པུ་ཥེ་སྟེ། ཀྲྀཥྞ་ཛཱི་མཱུ་ཏ་ཝ་པུ་ཥེ། ཞེས་གྲུབ་པ་ནི། ཆར་སྤྲིན་ནག་པོ་ལྟ་བུའི་སྐུ་ལ་ཞེས་པའི་དོན་ཅན་ནོ། །ཀ་པཱ་ལ་ཐོད་པ། མཱ་ལ་ཕྲེང་བ། ཨ་ནེ་ཀ་མང་པོ། དེ་གཉིས་མཚམས་སྦྱར། དྷཱ་རིན྄་འཛིན་པ་ཅན། དེ་ལ་ཆེད་ཀྱི་བཞི་པ་བྱིན། ར་ཥ་རིའི་ཡི་གེ་ལས་ན་ཎར་འགྱུར་བས་དྷ་རི་ཎེ་སྟེ། ཀ་པཱ་ལ་མཱ་ལཱ་ནེ་ཀ་དྷཱ་རི་ཎེ། ཞེས་པ་ནི། ཐོད་པ་མང་པོའི་ཕྲེང་བ་འཛིན་པ་ཅན་ལ་ཞེས་པའི་དོན་ཅན་ནོ། །ཨཱདྷྨཱ་ཏ་ཁོང་ངམ་ནང་། ཀྲཱུར་འཁྲུགས་པའམ་ཁྲོས་པའམ་མ་རུངས་པའོ། །ཙིཏྟ་ཐུགས། རིང་ཆ་ཡ་དང་བཅས་པ་བཞི་པ་སྟེ། ཨཱདྷྨ་ཏ་ཀྲུར་ཙིཏྟཱ་ཡ། ཞེས་གཏིང་ནས་ཁྲོས་པའི་ཐུགས་ལ་ཞེས་པའི་དོན་ཅན་ནོ། །ཨཱརྡྷ་ཕྱེད། ཨིནྡུ་ཟླ་བ། མཚམས་སྦྱར་བས་ཨརྡྷེནྡཱ། དཾཥྚ་ལ་དེ་ཕན་གྱི་རྐྱེན་ཨིན་བྱིན་པས།


KMC011_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

དཾཥྚི་ན་ནི་མཆེ་བ་ཅན། དེ་ལ་ངེ་བྱིན། ང་ཕྱིས། ཨེ་གཞག་པ་ནྲ་ལ་དྲངས་ཏེ། ར་ཥ་རི་སོགས་ཀྱིས་ཎར་བསྒྱུར་བས། ཨརྡྷེནྡུ་དཾཥྚི་ཎེ་སྟེ། ཟླ་བ་ཕྱེད་པ་ལྟ་བུའི་མཆེ་བ་ཅན་ལ། ཞེས་པའི་དོན་ཅན་ནོ། །འདི་ཡན་ཆད་མངོན་རྟོགས་ཀྱི་སྒོ་ནས་བསྔགས་ཤིང་ཕྱག་འཚལ་བའོ། །དེའི་ཕྱིར་མཁས་པ་ཕལ་ཆེ་བས་རྐང་པ་རེ་རེའི་མཐར་ཕྱག་འཚལ་ལོ་ཞེས་པ་དོན་གྱིས་ཐོབ་པ་དང་། འདི་ནས་ལས་ལ་བསྐུལ་བའི་སྔགས་སུ་བཞེད་པས། ཨོཾ་མཱ་ར་ཡ་མཱ་ར་ཡའི་ཨོཾ་ནི་སྐབས་འདིར་ངེས་པ་ཁོ་ན་དང་། མཱ་ར་ཡ་གཉིས་ནི་སོད་ཅིག་སོད་ཅིག་སྟེ་སྐུལ་ཚིག་འདི་རྣམས་ཐམས་ཅད་ཏི་སོགས་མཐའ་ཅན་གྱི་ཚིག་ཏུ་གྲུབ་པའོ། །ཀཱ་ར་ཡ་ཀཱ་ར་ཡ་ནི་མཛོད་ཅིག་མཛོད་ཅིག་གམ། བྱེད་དུ་ཆུག་གཉིས་སོ། །གརྫ་ཡ་གརྫ་ཡ་ནི་སྒྲོགས་ཤིག་སྒྲོགས་ཤིགཏརྫ་ཡ་ཏརྫ་ཡ་ནི་སྡིགས་ཤིག་སྡིགས་ཤིགཤོ་ཥ་ཡ་ཤོ་ཥ་ཡ་ནི་སྐོམས་ཤིག་སྐོམས་ཤིགལས་དེ་རྣམས་གང་ལ་བྱ་བའི་ཡུལ་ནི། སཔྟ་སཱ་ག་རཱ་ན་ནི་རྒྱ་མཚོ་བདུན་རྣམས་ཏེ། སཔྟ་བདུན། སཱ་ག་ར་རྒྱ་མཚོ། ཨན་ནི་གཉིས་པའི་མང་ཚིག་ཤས་བྱིན། ཤ་ཡིག་ནི་ཤས྄་ལ་ཏེ་ས྄འི་ཡང་ན྄འོ་ཞེས་


KMC011_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དོན་ནོ། །དེ་ཉིད་ཀྱི་ཕྱིར་རྟགས་མཐའི་ཨ་རིང་པོ་དང་རྣམ་དབྱེ་མཐའི་ས྄་ན྄ར་སོང་། མཚམས་སྦྱར་བས་སཱ་ག་རཱ་ན྄་གྲུབ་པའོ། །དེས་ན་རྒྱ་མཚོ་བདུན་སྐོམས་ཤིག་པའི་དོན་ཅན་ནོ། །སྐོམས་ནས་ཅི་བྱེད་ན་བནྡྷ་བནྡྷ་ནི་ཆིངས་ཤིག་ཆིངས་ཤིགགང་འཆིང་ན་ནཱ་གཱཥྚ་ཀཱན྄་ནི་ཀླུ་བརྒྱད་པོ་རྣམས་ཏེ། ནཱ་ག་ཀླུ། ཨཥྚ་བརྒྱད། དེ་མཚམས་སྦྱར་བས་ནཱ། དེ་ཕན་གྱི་རྐྱེན་ཀ་བྱིན། དེ་ལ་གཉིས་པའི་ཤས་བྱིན་ཏེ། རྣམ་དབྱེ་སོགས་མཚམས་སྦྱར་བས་ནཱ་གཱཥྚ་ཀཱན྄་གྲུབ་བོ། དེས་ན་ཀླུ་བརྒྱད་ཀྱི་ཚོགས་རྣམས་ནི་འཆིང་བར་བྱའོ་ཞེས་པའོ། །གྲིཧྞ་གྲིཧྞ་ནི་ཟུངས་ཤིག་ཟུངས་ཤིགགང་གཟུང་ན། ཤཏྲཱུན྄་ནི་དགྲ་བོ་སྟེ། བླ་མའི་སྐུ་དགྲ་དང་། དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང་། སྔགས་དང་རྒྱུད་ལ་བཞད་གད་དུ་བྱེད་པའོ། །ཧ་ཧཱ་ཧི་ཧཱི་ལ་སོགས་པ་བཅུ་གཉིས་ཀྱི་དོན་ལ། སྨན་ལུད་པ་ཡི་གེ་དང་པོ་བཞི་ལ། དགའ་བ་རོལ་པའི་གདངས་བཞི་དང་། དེ་ནས་བཞི་ལ་སྐད་ཅིག་རོལ་པའི་གདངས་བཞི་དང་། དེ་ནས་བཞི་ལ་དབང་རོལ་པའི་གདངས་བཞི་ཞེས་ཟེར་རོ། །བླ་མ་ལྷོ་པའི་བཞེད་པས། རྟེན་འབྲེལ་བཅུ་གཉིས་དག་པའམ། གད་མོ་བཅུ་གཉིས་


KMC011_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་དུ་སྒྲོགས་ཤིག་པའོ། །ཞེས་གསུངས་པའི་དོན་ནི། གསལ་བྱེད་ཧ་ཡིག་གི་ལུས་ལ་དབྱངས་ཡིག་མ་ནིང་གི་ཡི་གེ་རྀ་རཱྀ་ྀ་ྀ་སྤངས་པའི་དབྱངས་བཅུ་གཉིས་ཀྱིས་བསྒྱུར་བའི་ལུས་སྲོག་ཚོགས་པ་བཅུ་གཉིས་ཀྱི་གདངས་ནི་གད་མོ་ཆེན་པོ་བཅུ་གཉིས་ཏེ། དཔེར་ན་ཧའི་གད་རྒྱངས་དང་། ཧཱའི་གད་རྒྱངས་དང་། དེ་བཞིན་དུ་ཧི་ཧཱི་ཧུ་ཧཱུ་ཧེ་ཧཻ་ཧོ་ཧཽ་ཧཾ་ཧཿརྣམས་ཀྱི་གད་མོ་ཆེན་པོ་བཅུ་གཉིས་བསྒྲགས་པས་བཤད་མ་ཐག་པའི་རྒྱ་མཚོ་བདུན་དང་བླ་མའི་སྐུ་དགྲ་སོགས་བསྡིགས་པར་མཛད་པའི་དོན་ཅན་ཏེ། སྔར་གར་དགུའི་སྐབས་སུ་བཤད་པའི་གད་མོ་བཅུ་གཉིས་ཀྱང་འདི་དག་གོ། །ཕཊ་ནི་གཏོར་བའམ་འགེམས་པའི་དོན་དང་། སྭཱ་ཧཱ་ནི་གཞི་ཚུགས་ཤིག་པའམ། སྡིག་པ་ཞི་བའམ། དགེ་ཚོགས་འཕེལ་བ་གསུམ་གང་རུང་ལ་སྦྱར་རོ། །འདིའི་ངེས་པའི་དོན་ཡང། ཁ་སྦྱོར་དྲི་མེད་ལས། རིག་བྱེད་རྣམས་ཀྱི་དང་པོ་མེ་ལོང་ལྟ་བུ་ལ་སོགས་པ་ཡེ་ཤེས་ལྔ་པོ་རྣམས་ཀྱི་ཉེར་ལེན་དུ་གྱུར་པ་སྟེ། ཟླ་ཕྱེད་རླུང་། ཐིག་ལེ་ཟླ་བ། ཞལ་བརྒྱད་ཡེ་ཤེས་ལྔ་དང་སྐུ་གསུམ། ཀེ་ཤ་བདེ་བའི་དབང་པོ། པིངྒ་ཉི་མ། ཐབས་ཤེས་ཀྱི་ལམ་དེས་


KMC011_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་དུ་བརྫེས་པ། ཙ་ཏུར་བིཾ་ཤ་སོགས་རྡོ་རྗེ་གསུམ་གྱི་སྤྱན་ཉེར་བཞི་གནས་ཀྱི་རང་བཞིན། ཥོ་ཌ་སོགས་དགའ་བ་བཅུ་དྲུག །ཀྲྀཥྞ་སོགས་ཆོས་ཀྱི་སྐུ་འགྱུར་མེད། ཀ་པཱ་ལ་སོགས་མཐའ་ཡས་པའི་ཡེ་ཤེས་བྱང་ཆུབ་ཀྱི་རང་བཞིན། ཨཱདྡྷཱ་ཏ་ཀུན་རྫོབ་ཀྱི་བདེན་པ། ཀྲུ་ར་དོན་དམ་པའི་བདེན་པ། ཙིཏྟ་ཟུང་འཇུགཨརྡྷེནྡུ་གསལ་བྱེད་སོ་བཞི་ལ་ཡི་གེ་དྲུག་བསྣན་པས་བཞི་བཅུ་མཆེ་བ་སོགས་ཚེམས། ཞེས་སྔགས་རྐང་པ་བརྒྱད་ཀྱི་དག་པ་དང་། མཱ་ར་ཡ་སོགས་ཤེས་རབ་ཐབས་དབྱེར་མེད་ཁ་སྦྱོར་གསལ་བའི་ཕྱིར་ཞེས་དང་། རྀ་ྀའི་དབྱངས་བཞིའི་སྦྱོར་བ་མ་བསྟན་ཏེ་མ་ནིང་ཉིད་ཀྱི་ཕྱིར་རོ། །ཞེས་རྒྱས་པར་བཤད་དོ། །མཱ་ར་ཡ་སོགས་ལ་སྦྱར་བཤད་རྒྱ་འགྲེལ་རྣམས་སུ་མེད་ཀྱང་། བོད་པ་ཁ་ཅིག་རང་གིས་རྟོག་པས་སྦྱོར་བ་ལྟར་མི་རིགས་ཀྱི། རྣམ་རྟོག་སོད་ཅིགཅེས་མི་རྟོག་པས་དང་། ཉོན་མོངས་ཉམས་པར་བྱེད་པས་གཉེན་པོས་དང་། བདག་མེད་སྒྲོག་པ་ལམ་ཐུན་མོང་བ་དང་། བདུད་སྡེ་བསྡིགས་པ་བསྐྱེད་རིམ་གྱིས་དང་། ང་རྒྱལ་བདུན་སྐེམ་པ་དང་། རྣམ་ཤེས་ཚོགས་བརྒྱད་གཡོ་མེད་དུ་འཆིང་བ་དང་། གདུལ་དཀའི་ཕྱི་ནང་གི་དགྲ་བོ་


KMC011_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཟུང་ལ་ནུས་མེད་དུ་བྱེད་པ་རྫོགས་རིམ་གྱིས་ཏེ། ཧ་སོགས་རྟེན་འབྲེལ་བཅུ་གཉིས་དག་པ་ཉིད་རྒྱུད་ཀྱི་དགོངས་པར་འགྱུར་རོ། །ཞེས་དཔལ་ཆོས་ཀྱི་གྲགས་པས་གསུངས་སོ། །གསུམ་པ་དབང་བསྐུར་བ་བསྟན་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་ལྷ་མོ་དེ་དགྱེས་ནས། །བསྲུབ་དང་བསྲུབ་པའི་སྦྱོར་བ་ལས། །དམ་འཁྱུད་ཙུམྦ་ན་བྱེད་པས། །དཀྱིལ་འཁོར་ཡིད་དུ་འོང་བ་ཞུས། །ཞེས་གསུངས་ཏེ། རྩ་བའི་སྔགས་གསུངས་པ་དེ་ནས་ལྷ་མོ་བདག་མེད་མ་དེ་དགྱེས་ནས། ཐབས་ཤེས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྐྱེད་པའི་མཁའ་གསང་བསྲུབ་པ་དང་བསྲུབ་པའི་སྦྱོར་བ་ལས། མི་ཕྱེད་པའི་རང་བཞིན་གྱིས་དམ་དུ་འཁྱུད་པ་དང་ཙུམྦ་ན་བྱེད་པས་སྔར་མཆོད་ནས། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚུལ་རྣལ་འབྱོར་ཅན་རྣམས་ཀྱི་ཡིད་དུ་འོང་བ་གདུལ་བྱའི་ཆེད་དུ་བསྟན་པར་ཞུས་སོ། །གཉིས་པ་ལ་གཉིས། མདོར་བསྟན། རྒྱས་བཤད་དོ། །དང་པོ་ནི། དེ་ལ་སྟོན་པ་ཡེ་ཤེས་ཆེ། །རྡོ་རྗེ་པདྨ་མཉམ་སྦྱར་ནས། །དགྱེས་པའི་ཐུགས་ཀྱིས་མཉམ་གཞག་པས། །ཉིད་ཀྱི་དཀྱིལ་འཁོར་བྲི་


KMC011_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད། །ཅེས་གསུངས་ཏེ། སྔོན་བྱུང་གི་གདུལ་བྱ་ལ་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པས་ན་སྟོན་པ། དངོས་པོའི་དེ་ཁོ་ན་ཉིད་རྟོགས་པས་ཡེ་ཤེས་ཆེན་པོ། རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བས་ནི་གཉིས་སུ་མེད་པ། དགྱེས་པའི་ཐུགས་ཀྱིས་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བ་དེ་ཁོ་ན་ཉིད་མཉམ་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་པའི་ངང་ནས་རང་ཉིད་ཀྱི་དཀྱིལ་འཁོར་བྲི་བས་མཚོན་ནས་དཀྱིལ་འཁོར་གྱི་ལས་རྣམས་བཤད་པར་མཛད་པའོ། །རྗེས་འཇུག་གི་ཉམས་ལེན་ནི། བླ་མ་ཉིད་ཕྱིན་ཅི་མ་ལོག་པའི་ལམ་སྟོན་པ་ཡེ་ཤེས་ཆེན་པོ་རྟོགས་པ། སྔགས་སྐྱེས་ལ་སོགས་པའི་ཕྱག་རྒྱ་དང་མཉམ་པར་སྦྱར་བས་ཡན་ལག་དྲུག་གི་རྣམ་ཐར་ལ་མཉམ་པར་གཞག་པ་དང་། དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་བྲི་བ་ལ་སོགས་པ་མཛད་པའི་དོན་ནོ། །གཉིས་པ་ལ་གཉིས། དཀྱིལ་འཁོར་གྱི་བྱ་བ། དབང་བསྐུར་བའོ། །དང་པོ་ལ་གཉིས། དཀྱིལ་འཁོར་བྲི་བ། བུམ་པ་འགོད་པའོ། །དང་པོ་ནི། འཕར་མ་གཅིག་དང་སྒོ་བཞི་པ། །སྣ་ཚོགས་འོད་ཀྱིས་ཡང་དག་འཁྲུགས། །རྟ་བབས་བཞི་དང་ཡང་དག་ལྡན། །རྡོ་རྗེ་


KMC011_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

སྲད་བུས་རྣམ་པར་བརྒྱན། །རེ་ཁཱ་ལྔ་དང་ཡང་དག་ལྡན། །དེ་ནས་བུམ་པ་བརྒྱད་པོ་བྲི། །རིན་ཆེན་ལྔ་ཡི་ཕྱེ་མའམ། །ཡང་ན་འབྲས་ལ་སོགས་པ་ཡིས། །དུར་ཁྲོད་ཀྱི་ནི་སོ་ཕག་གམ། །དེ་བཞིན་དུར་ཁྲོད་སོལ་བ་ཡིས། །དེ་དབུས་པདྨ་འདབ་མ་ནི། །བརྒྱད་པ་ཟེ་བར་བཅས་པ་བྲི། །སྙིང་པོར་སྐྱེས་པའི་ཐོད་པ་ཉིད། །མདོག་དཀར་ཆ་གསུམ་པ་ནི་བྲི། །དབང་ལྡན་དུ་ནི་ཤ་ར་བྷ། །མེ་ཡི་མཚམས་སུ་དགེ་སློང་བྲི། །བདེན་བྲལ་དུ་ནི་འཁོར་ལོ་བྲི། །རླུང་དུ་རིགས་ཀྱི་བདག་པོ་བྲི། །ཤར་སྒོར་དེ་བཞིན་གྲི་གུག་ཉིད། །ལྷོ་རུ་ཅང་ཏེའུ་བྲི་བ་ཉིད། །ནུབ་ཏུ་རུས་སྦལ་བྲི་བ་ཉིད། །ལྟོ་འཕྱེ་བྱང་དུ་དེ་བཞིན་ནོ། །ལྷ་མོ་ཁ་དོག་དབྱེ་བ་ཡིས། །ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས། །དབུས་སུ་ཐོད་པ་དཀར་པོ་ཡང་། །སྣ་ཚོགས་རྡོ་རྗེས་མཚན་པ་བྲི། །ཞེས་གསུངས་ཏེ། ལྷའི་རྣལ་འབྱོར་ས་ཆོག་ཐིག་ལེགས་པར་གདབ་པ་སྔོན་དུ་སོང་ནས་དཀྱིལ་འཁོར་འབྲི་བ་ན། འཕར་མ་སྟེ་འཁོར་གྱི་ལྷ་གནས་པདྨ་འདབ་མ་བརྒྱད་པའི་རིམ་པ་གཅིག་དང་ཕྱོགས་བཞིར་སྒོ་བཞི་པ་སྣ་ཚོགས་པའི་འོད་ལྔ་དང་ལྡན་པའི་འོད་ཀྱིས་ཡང་དག་པར་འཁྲུགས་པ་སྒོ་


KMC011_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་རྟ་བབས་བཞི་དང་ཡང་དག་པར་ལྡན་ཞིང་རྡོ་རྗེའི་སྲད་བུས་ཏེ་མཉམ་པའི་ཐིག་གིས་རྣམ་པར་བརྒྱན་པ། པཉྩ་རེ་ཁཱ་སྟེ་རྩིག་པའི་རིམ་པ་ལྔ་དང་ཡང་དག་པར་ལྡན་པ། དེ་ནས་ཁྱམས་ཀྱི་ཕྱོགས་བཞིར་བཀྲ་ཤིས་ཀྱི་བུམ་པ་བརྒྱད་པོ་རྣམས་ཀྱང་ཕྱོགས་རྣམས་སུ་གཉིས་གཉིས་ཀྱིས་མཚན་པ་བྲི་བར་བྱའོ། །དེའང་སྤྱི་རྒྱུད་ལས། རྒྱལ་བ་དང་ནི་བཀྲ་ཤིས་ཤེས། །བྱ་བར་ཤར་གྱི་ཕྱོགས་སུ་ཡིན། །ལྷོ་རུ་དངོས་གྲུབ་སྲུང་བ་སྟེ། །ནུབ་ཏུ་གྲུབ་པ་རྫུ་འཕྲུལ་ཡིན། །བྱང་དུ་རྒྱལ་བ་རྣམ་པར་རྒྱལ། །ཞེས་བཤད་པ་ལྟར་རོ། །དེ་དག་འབྲི་བའི་ཚོན་ནི་འབྲིང་པོ་རིན་ཆེན་སྣ་ལྔའི་ཕྱེ་མ་སྔར་བཤད་པ་དེའམ། ཡང་ན་ཐ་མ་འབྲས་ཁ་བསྒྱུར་བ་དང་ལ་སོགས་པའི་ཁོངས་ནས་རྡོའི་ཁམས་ཀྱི་ཕྱེ་མ་ཁ་བསྒྱུར་བ་ཡིས་ཀྱང་རུང་སྟེ། རབ་ནི་དུར་ཁྲོད་ཀྱི་ནི་སོ་ཕག་གིས་དམར་པོ་དང་། དེ་བཞིན་དུ་དུར་ཁྲོད་ཀྱི་སོལ་བ་ཡིས་ནག་པོ། དུར་ཁྲོད་ཀྱི་རུས་པའི་ཕྱེ་མས་དཀར་པོ་ལ་སོགས་པའི་ཚོན་གྱིས་དཀྱིལ་འཁོར་དེའི་དབུས་སུ་པདྨ་འདབ་མ་ནི་བརྒྱད་པ་ཟེ་བ་སྟེ་ཟེའུ་འབྲུར་བཅས་པ་བྲི། པདྨའི་སྙིང་པོ་སྟེ་ལྟེ་བར་སྐྱེས་པར་གྱུར་པའི་ཐོད་པའི་གཟུགས་ཉིད་


KMC011_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དཀར་པོ་ཆ་ཤས་ཀྱི་དུམ་བུ་གསུམ་པ་ནི་བྲིའོ། །འཁོར་རྣམས་ཀྱི་གནས་དབང་ལྡན་དུ་ནི་ཤ་ར་བྷ་སྟེ་སེང་གེ་སྔོན་པོའམ་རྭ་ཅན་དང་། མེའི་མཚམས་སུ་དགེ་སློང་བྲི་ཞིང་བདེན་བྲལ་དུ་ནི་འཁོར་ལོ་བྲི་བ་དང་། རླུང་དུ་རིགས་ཀྱི་བདག་པོའི་རྡོ་རྗེ་བྲིའོ། །ཤར་སྒོའི་ཐད་དུ་དེ་བཞིན་དུ་གྲི་གུག་ཉིད་དང་། གཡས་སུ་སྟེ་ལྷོར་ཅང་ཏེའུ་བྲི་བ་ཉིད་དོ། །ནུབ་ཏུ་ནི་རུས་སྦལ་བྲི་བ་ཉིད་དང་། བྱང་དུ་ལྟོ་འཕྱེ་སྟེ་སྦྲུལ་བྲི་བ་དེ་བཞིན་ནོ། །ཕྱག་མཚན་དེ་རྣམས་ཀྱི་ཁ་དོག་ནི་ལྷ་མོའི་ཁ་དོག་གི་དབྱེ་བ་དང་མཚུངས་ཏེ། ཕྱག་མཚན་བརྒྱད་དུ་རབ་ཏུ་གྲགས་སོ། །དབུས་སུ་བཀོད་པའི་ཐོད་པ་དཀར་པོ་དེ་ཡང་སྟེང་དུ་སྣ་ཚོགས་རྡོ་རྗེས་མཚན་པ་བྲི་བར་བྱའོ། །འདིའི་རྣམ་དག་ནཱ་རོ་པ་དང་སྒྲ་གཅན་གསང་བ་སོགས་ཀྱིས་རྒྱས་པར་བཤད་པའི་དོན་བསྡུས་པ། གྲུ་བཞི་ཉིད་དང་རྡོ་རྗེའི་ཐིག་ནི་དབང་པོ་ལྔ་རྣམ་པར་དག་པའོ། །སྒོ་བཞི་ནི་དྲན་པ་ཉེ་བར་བཞག་པ་བཞི། རྟ་བབས་བཞི་ནི་ཡང་དག་པར་སྤོང་བ་བཞི། སྟེགས་བུ་བཞི་ནི་རྫུ་འཕྲུལ་གྱི་རྐང་པ་བཞི། གྲྭ་བཞི་དང་དོ་ཤལ་ཕྱེད་པ་སྟོབས་ལྔ། ཀ་བ་བརྒྱད་འཕགས་ལམ་ཡན་ལག་


KMC011_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད། སྒོ་ལོགས་དང་། མདའ་ཡབ་དང་། གདུགས་དང་། རྔ་ཡབ་དང་། བླ་རེ་དང་། དྲིལ་བུ་དང་། བ་དན་རྣམས་བྱང་ཆུབ་ཡན་ལག་བདུན་དག་པ་དང་། དུར་ཁྲོད་བརྒྱད་ཚོགས་བརྒྱད་དག་པ། དེའི་ནང་གི་ཕྱོགས་སྐྱོང་འཇིག་རྟེན་ཆོས་བརྒྱད་དག་པ་སོགས་ལ་རྒྱ་ཆེར་སྦྱར་བ་འབྱུང་ངོ། །ངེས་དོན་ཁ་སྦྱོར་དྲི་མེད་ལས་རིམ་པ་གཅིག་པ་གཉིས་སུ་མེད་པ། སྒོ་བཞི་དགའ་བ་བཞི། སྣ་ཚོགས་འོད་ཟེར་འཁྲིགས་པ་མངོན་པར་ཤེས་པ་དྲུག་གི་ཡོན་ཏན་དང་ལྡན་པ། རྟ་བབ་བཞི་ཡང་དགའ་བ་བཞིའམ། བསམ་གཏན་བཞི་དག་པ། རྡོ་རྗེའི་སྲད་བུ་ཨ་ཝ་དྷུ་ཏཱི། རེ་ཁཱ་ལྔ་ཡེ་ཤེས་ལྔ། བུམ་པ་བརྒྱད་ཡེ་ཤེས་ལྔ་དང་སྐུ་གསུམ་ཆོས་ཉིད་ཀྱི་རང་བཞིན་རྒྱུར་གྱུར་པ། པདྨ་འདབ་བརྒྱད་མཐའ་ཡས་པའི་ཡེ་ཤེས། ཟེ་བ་ལ་ཀེ་ཤ་ཟླ་བ། ར་ཉི་མ་ལྷན་ཅིག་གྱུར་པས་ཀེ་ཤ་ར། ཐོད་པར་ཆ་གསུམ་ཟླ་ཉི་ས་བོན་གསུམ། དཀར་བ་འོད་གསལ་བ་ལ། ཆོས་འབྱུང་བདག་མེད་མ། སྣ་ཚོགས་རྡོ་རྗེ་ཀྱེའི་རྡོ་རྗེ། ལྷ་མོའི་ཁ་དོག་གི་ཕྱག་མཚན་བརྒྱད་ཡེ་ཤེས་ལྔ་དང་སྐུ་གསུམ་འབྲས་བུའི་ངོ་བོར་བཤད་དོ། །གཉིས་པ་ནི། དེ་ནས་རྣམ་རྒྱལ་བུམ་པ་ཉིད། །ཡལ་


KMC011_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གའི་རྩེ་མོ་གོས་བཟང་ཅན། །ལྟོ་བ་རིན་ཆེན་ལྔས་གང་བ། །སཱ་ལུ་སྐྱེས་པས་ཡོང་གང་བཞག །མང་དུ་རབ་ཏུ་བརྗོད་པས་ཅི། །ཇི་ལྟར་དེ་ཉིད་བསྡུས་པ་ཡི། །དཀྱིལ་འཁོར་ཆོ་ག་དེ་བཞིན་བྱ། །ཞེས་གསུངས་ཏེ། དེ་ལྟར་དཀྱིལ་འཁོར་བྲིས་པའི་རྗེས་དེ་ནས་བུམ་པ་འགོད་པར་བྱ་སྟེ། དེ་ཡང་རྣམ་པར་རྒྱལ་བའི་བུམ་པ་ཉིད་ནི། ཡལ་གའི་རྩེ་མོ་མེ་ཏོག་དང་འབྲས་བུར་བཅས་པས་ཁ་བརྒྱན་ལ། མགྲིན་པ་ནི་དར་རམ་རས་ཀྱི་གོས་བཟང་པོའི་མགུལ་ཆིངས་བྱས་པ་ཅན་ཏེ། ལྟོ་བའི་ནང་དུ་ནི་རིན་པོ་ཆེ་ལྔ་དང་དེས་མཚོན་ནས་སྨན་ལྔ་འབྲུ་ལྔ་དྲི་ལྔ་སྙིང་པོ་ལྔས་གང་བ་དང་། སཱ་ལུ་ལས་སྐྱེས་པ་ནི་ཤ་ཆེན་པོ་སྟེ། དེས་མཚོན་ནས་ཤ་ལྔ་བདུད་རྩི་ལྔའི་རིལ་བུ་དང་སྦྱར་བས་ཡོངས་སུ་གང་བ་བཞག་གོ། །མདོར་ན་དཀྱིལ་ཆོག་མང་དུ་རབ་ཏུ་བརྗོད་པས་ཅི་ཞིག་བྱ། ཇི་ལྟར་ན། དེ་ཉིད་བསྡུས་པ་ནི། སང་གྲ་ཧ་ཞེས་པ་རྣལ་འབྱོར་གྱི་རྒྱུད་དེའམ། ཡང་ན་འདི་ཉིད་ཀྱི་དེ་ཉིད་བསྡུས་པ་རྡོ་རྗེ་གུར་ལས་གསུངས་པའི་དཀྱིལ་འཁོར་གྱི་ཆོ་ག་དེ་ཁོ་ན་བཞིན་དུ་བྱ་སྟེ། དཀྱིལ་འཁོར་བརྒྱན་པ་དང་། སློབ་མ་སྟ་གོན་དང་འཇུག་པའི་ཆོས་རྣམས་ཀྱང་དེ་


KMC011_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་བྱ་བར་དགོས་པའོ། །གཉིས་པ་དབང་བསྐུར་བ་ལ་གསུམ། དབང་རྟེན་རིག་མའི་བྱ་བ་བཤད། དཀྱིལ་འཁོར་དུ་འཇུག་པ་སོགས་མདོར་བསྟན། དབང་དོན་དགའ་བཞི་བཤད་པའོ། །དང་པོ་ལ་གཉིས། མཚན་ཉིད་དང་། བྱ་བའོ། །དང་པོ་ནི། བཅུ་གཉིས་བརྒྱད་གཉིས་ལོན་པ་ཡི། །རིག་མ་བདེ་ཆེན་བརྒྱད་པོ་ཉིད། །དོ་ཤལ་རྐང་གདུབ་ཀྱིས་བརྒྱན་ནས། །དཀྱིལ་འཁོར་དུ་ནི་རབ་ཏུ་གཞུག །མ་དང་སྲིང་མོ་ཉིད་དང་ཡང་། །བུ་མོ་སྲིང་མོའི་བུ་མོ་དང་། །དེ་བཞིན་ཞང་པོའི་ཆུང་མ་དང་། །མ་ཡི་སྤུན་དང་སྒྱུག་མོ་དང་། །དེ་བཞིན་ཕ་ཡི་སྲིང་མོ་ཉིད། །རིག་མ་བརྒྱད་དུ་རབ་ཏུ་གྲགས། །ཞེས་གསུངས་ཏེ། དཀྱིལ་འཁོར་སྒྲུབ་པ་དང་དབང་བསྐུར་བ་ལ་ཉེ་བར་མཁོ་བའི་བུ་མོ་ལོ་བཅུ་གཉིས་སམ་བརྒྱད་ཚན་གཉིས་ཏེ་བཅུ་དྲུག་ལོན་པ་ཡི། རིག་མ་བདེ་ཆེན་ལྷན་སྐྱེས་སྐྱེད་ནུས་པ་བརྒྱད་པོ་ནི་མགུལ་བར་མུ་ཏིག་ལ་སོགས་པའི་དོ་ཤལ་དང་རྐང་གདུབ་ཀྱིས་མཚོན་པའི་རྒྱན་ཇི་ལྟར་འོས་པས་བརྒྱན་ནས། རྡུལ་ཚོན་དང་བསམ་གཏན་གྱི་དཀྱིལ་འཁོར་ཇི་ལྟར་འོས་པར་རབ་ཏུ་གཞུག་པར་བྱ་སྟེ། དེ་ལ་བརྒྱད་ནི། ནག་པོ་པས་འདི་དག་འཇིག་རྟེན་


KMC011_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་འབྲེལ་པས་མ་ཡིན་གྱི། བླ་མའི་འབྲེལ་པས་ཡིན་ནོ། །ཞེས་སོགས་བཤད་པ་ལྟར། མ་ནི་སློབ་དཔོན་གྱི་རིག་མ་གང་ཡིན་པ་སློབ་མའི་མར་འགྱུར་བའི་ཚུལ་སོགས་སྔར་བཤད་པ་ལྟར་རམ་རྣམ་པ་གསལ་བའི་བཤད་སྲོལ་ཕལ་མོ་ཆེ་ལྟར་ན། རང་གིས་གསང་དབང་ཐོབ་དུས་ཀྱི་བླ་མའི་ཕྱག་རྒྱ་ནི་མ་དང་། བླ་མ་ལ་དབང་རང་དང་མཉམ་དུ་ཐོབ་པ་ནི་སྲིང་མོ་ཉིད་དང་། ཡང་རང་གིས་དབང་བསྐུར་བའི་བུད་མེད་ནི་བུ་མོ་དང་། གོང་གི་སྲིང་མོས་དབང་བསྐུར་བའི་བུད་མེད་ནི་སྲིང་མོའི་བུ་མོ་དང་། གོང་གི་མ་དང་དུས་མཉམ་དུ་དབང་ཐོབ་པའི་རྣལ་འབྱོར་པའི་ཕྱག་རྒྱ་ནི་ཞང་པོའི་ཆུང་མ་དང་། གོང་གི་མ་དང་དུས་གཅིག་དབང་ཐོབ་པའི་བུད་མེད་ནི་མའི་སྤུན་དང་། བླ་མས་གསང་དབང་ཐོབ་དུས་ཀྱི་བླ་མ་དེའི་ཕྱག་རྒྱ་ནི་སྒྱུག་མོ་དང་། བླ་མ་དང་དུས་མཉམ་དུ་དབང་ཐོབ་པའི་བུད་མེད་ནི་ཕའི་སྲིང་མོ་ཉིད་དེ་རིག་མ་བརྒྱད་དུ་བླ་ན་མེད་པའི་རྒྱུད་སྡེ་རྣམས་ལ་རབ་ཏུ་གྲགས་སོ་གཞན་ཡང་འདི་ལ་འཆད་ཚུལ་མང་ཞིང་། མ་བྲམ་ཟེ་མོ། སྲིང་མོ་གར་མ། བུ་མོ་གཡུང་མོ། སྲིང་མོའི་བུ་མོ་ཚོས་མཁན་མ། ཞང་པོའི་ཆུང་མ་རྗེའུ་མོ། མའི་


KMC011_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྤུན་རྒྱལ་རིགས་མོ། སྒྱུག་མོ་དམངས་རིགས་མོ། ཕའི་སྲིང་མོ་གདོལ་པ་མོར་བཤད་པ་ཡེ་ཤེས་ཐིག་ལེའི་རྒྱུད་ཀྱི་དགོངས་པར་སྣང་བས་ལེགས་པར་རྟོགས་སོ། །སྦས་དོན་རྡོ་རྗེ་སྙིང་འགྲེལ་ལས། ལོ་བཅུ་གཉིས་ཉི་མའི་ཁམས། བཅུ་དྲུག་ཟླ་བའི་ཆ། རིགས་མ་བརྒྱད་དགའ་བ་བཅུ་དྲུག་གཉིས་གཉིས་སུ་བསྡེབས་པ། དོ་ཤལ་སོགས་ཀྱིས་བརྒྱན་པ་བདེ་བའི་ཐིག་ལེ་འཛིན་པ་ལ་བཤད་ཅིང་། གཞན་ཡང་། ངེས་པའི་དོན་དུ་སྙིང་གའི་ཐིག་ལེ་རིག་མ་བརྒྱད་ཀྱི་རང་བཞིན་ཁ་གྱེན་དུ་བལྟས་པའི་ཐིག་ལེ་ནི་ངེས་པའོ། །ཞེས་འབྱུང་ངོ་། །གཉིས་པ་ནི། དམ་འཁྱུད་ཙུམྦ་ན་བྱེད་པས། །འདི་རྣམས་རྣལ་འབྱོར་པ་ཡིས་མཆོད། །དེ་ལས་ག་བུར་བཏུང་བ་ཉིད། །དེས་ནི་དཀྱིལ་འཁོར་བསང་གཏོར་བྱ། །དེ་རྣམས་རྣལ་འབྱོར་པས་བཏུང་བྱ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དེ་ལ་ཆང་ཡང་བཏུང་བ་དང་། །ཤ་དང་སཱ་ལུ་སྐྱེས་པ་བཟའ། །དེ་ཡང་གོས་དང་བྲལ་བྱས་ནས། །བྷ་གར་ཙུམྦ་ཡང་ཡང་བྱེད། །དེས་ཀྱང་བོ་ལ་གཞིབ་པར་བྱ། །གར་བྱ་གླུ་ཡང་བླང་བར་བྱ། །བོ་ལ་ཀཀྐོ་ལ་སྦྱར་ནས། །དེ་ལ་རྩེད་མོ་རྩེ་བར་བྱ། །ཞེས་གསུངས་ཏེ།


KMC011_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྒྱ་དེ་རྣམས་བསྟེན་ཚུལ་ཇི་ལྟར་བྱ་ཞེ་ན་དཀྱིལ་འཁོར་དུ་བཅུག་ནས་འདུ་ཤེས་གསུམ་དང་ལྡན་པས་ཐབས་ཤེས་ཕན་ཚུན་དམ་དུ་འཁྱུད་པ་དང་ཙུམྦ་ན་བྱེད་པས་འདི་རྣམས་སྙོམས་འཇུག་གིས་རྣལ་འབྱོར་པ་ཡིས་མཆོད་ཅིང་། དེ་ལས་བྱུང་བའི་དཀར་ཆ་ག་བུར་མི་སྤངས་པར་པདྨ་ནས་རྡོ་རྗེས་བཏུང་བ་ཉིད་དུ་བྱ་བ་དང་། བྱང་སེམས་པདྨའི་སྣོད་དུ་བཞག་ནས་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དེས་ནི་དཀྱིལ་འཁོར་ལའང་བསང་གཏོར་བྱ་ཞིང་། ལྷག་མ་དེ་རྣམས་རྣལ་འབྱོར་པས་བཏུང་བར་བྱས་པས། མཆོག་གི་དངོས་གྲུབ་བདེ་བ་ཆེན་མོ་མི་ཉམས་པར་མྱུར་དུ་འཐོབ་པའི་རྒྱུར་འགྱུར་རོ། །ཚོགས་ཀྱི་འཁོར་ལོ་དང་དབང་གོང་མ་གཉིས་འབྲེལ་བའི་སྐབས་རིག་མ་བསྟེན་པ་དེ་ལ་སྔོན་དུ་བྱང་སེམས་འཕེལ་བའི་ཆེད་དུ་རང་དང་རིག་མ་གཉིས་ཀས་ཆང་བཟང་པོ་ཡང་མ་མྱོས་པར་བཏུང་བ་དང་། ཁ་ན་མ་ཐོ་བ་མེད་པའི་ཤ་སྣ་ཚོགས་དང་ཁྱད་པར་དུ་སཱ་ལུ་སྐྱེས་པ་ཞེས་པའི་བརྡ་མིའི་ཤ་བཟའ་ཞིང་ལོངས་སྤྱད་ནས། ཕྱག་རྒྱ་དེ་ཡང་གོས་དང་བྲལ་བར་བྱས་ནས། བྷ་གར་བོལླས་ཙུམྦ་ན་ཡང་ཡང་བདེ་བ་བསྐུལ་བའི་ཆེད་དུ་བྱེད་


KMC011_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། རིག་མ་དེས་ཀྱང་རྣལ་འབྱོར་པའི་བོ་ལ་ཀཀྐོ་ལས་གཞིབ་པར་བྱའོ། །ཚོགས་ཀྱི་འཁོར་ལོ་ལ་གར་བྱ་བ་དང་རྡོ་རྗེ་གླུ་ཡང་གོང་དུ་གསུངས་པ་ལྟར་བླང་བར་བྱ་ལ། ཐབས་ཀྱི་བོལླ་དང་ཤེས་རབ་ཀྱི་ཀཀྐོ་ལ་སྦྱར་ནས། བདེ་སྟོང་གི་ཉམས་མྱོང་དེ་ལ་རོལ་ཞིང་དགའ་བ་བཞིའི་རྩེད་མོ་ལུགས་འབྱུང་ལྡོག་ཏུ་རྩེ་བར་བྱའོ། །འདི་ལ་སྙིང་འགྲེལ་ལས། ངེས་པའི་དོན་དུ་སྲོག་གི་རླུང་བརྒྱད་པོ་གཡས་ཀྱི་ལམ་ལས་བགྲོད་དེ་ཡེ་ཤེས་ཀྱི་བདུད་རྩི་དགུག་པས་ལུས་ཀྱི་དཀྱིལ་འཁོར་དུ་བསང་གཏོར་བྱས་པས་ངེས་པ་ཁོ་ནར་དངོས་གྲུབ་ཐོབ་པར་འགྱུར་པ་ནི་དེ་བཞིན་གཤེགས་པའི་གདམས་ངག་གོ། །ཞེས་དང་། བུམ་པ་སོགས་འདི་དག་གི་ངེས་དོན་ཁ་སྦྱོར་དྲི་མེད་ལས། རྣམ་རྒྱལ་བུམ་པ་ཉོན་མོངས་པའི་བག་ཆགས་མ་ལུས་པའི་དགྲ་ལས་རྣམ་པར་རྒྱལ་བ་སྟེ་བུམ་པ་ཡེ་ཤེས་སོ། །རིན་ཆེན་ལྔ་གཤེགས་པའི་རང་བཞིན། གོས་བཟང་ལྷའི་བདག་ཉིད། སཱ་ལུ་སྐྱེས་པ་ཡུལ་ལྔ་རྣམ་པར་དག་པ། རིག་མ་བརྒྱད་པོ་དགའ་བཞི་ཟག་བཅས་ཟག་མེད་བཞི་ཚན་གཉིས་དག་ཅིང་། དཀྱིལ་འཁོར་ཡང་དག་པའི་ཡེ་ཤེས་སུ་གཞུག་པ། འདུས་པ་རྣམ་པར་དག་པའི་


KMC011_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

དོན་དུ་བསང་གཏོར་བྱ་བ་སོགས་འཆད་དོ། །གཉིས་པ་དཀྱིལ་འཁོར་དུ་འཇུག་པ་སོགས་མདོར་བསྟན་པ་ནི། དེ་ནས་ཐུན་ཚོད་གཉིས་པ་ལ། །གོས་ཀྱིས་མིག་ནི་བཀབ་ནས་སུ། །དེར་ནི་སློབ་མ་གཞུག་པ་ཉིད། །ཕྱི་ནས་དཀྱིལ་འཁོར་རབ་ཏུ་བསྟན། །མཚན་མོ་སྐྱེ་བོ་མེད་ཁྱིམ་དུ། །སློབ་དཔོན་ལ་སོགས་རབ་ཕྱེ་ནས། །དབང་ནི་ཇི་ལྟར་གསུངས་པ་ཉིད། །དེ་ལ་དབང་ནི་སྦྱིན་པར་བྱ། །ཇི་ལྟར་མཆོད་དང་བསྟོད་བཤད་པ། །སློབ་མ་བཟང་པོས་སྔར་ཤེས་བྱ། །ཞེས་གསུངས་ཏེ། དེའི་རྗེས་ནས་དཀྱིལ་འཁོར་སྒྲུབ་པ་ལ་ལྟོས་པའི་ཐུན་ཚོད་གཉིས་པར་བབས་པའམ། སློབ་དཔོན་གྱིས་དཀྱིལ་འཁོར་སྒྲུབ་མཆོད་ཚོགས་འཁོར་བདག་ཉིད་འཇུག་པ་སོགས། མཚན་མོ་ལ་ཐུན་བཞི་ཡོད་པའི་ཐུན་དང་པོ་ལ་གྲུབ་པར་བྱས་པའི་རྗེས་དེ་ནས་ཐུན་ཚོད་གཉིས་པ་ལ་བབས་པའི་ཚེ། དབང་འདོད་པ་རྣམས་གོས་ལས་ཀྱི་ཁ་དོག་དང་མཐུན་པར་མིག་ནི་བཀབ་ནས་སུ། རྡུལ་ཚོན་གྱི་དཀྱིལ་འཁོར་དེར་ནི་སློབ་མ་ཡོལ་བའི་ཕྱི་དང་ནང་དང་ཡེ་ཤེས་དབབ་བརྟན་མེ་ཏོག་དོར་བས་གཞུག་པའི་ཆོ་ག་རྒྱས་པ་ཉིད་ཀྱི་རྗེས་སུ་སྟེ་ཕྱི་ནས་དཀྱིལ་


KMC011_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་རྟེན་དང་བརྟེན་པ་རབ་ཏུ་བསྟན་ལ། མཚན་མོའི་དུས་དེ་ཉིད་དུ་མ་དད་པའི་སྐྱེ་བོ་མེད་པའི་ཁྱིམ་དཀྱིལ་འཁོར་གྱི་ཁང་པ་དག་ཏུ། རིག་པའི་དབང་ལྔ་སློབ་དཔོན་ལ་སོགས་པའི་ཁོངས་སུ་རྗེས་གནང་ལུང་བསྟན་དབུགས་དབྱུང་གཟེངས་བསྟོད་གསང་བ་ཤེས་རབ་ཡེ་ཤེས་བཞི་པའི་ཚིག་དོན་རབ་ཏུ་ཕྱེ་ནས་སོ་སོའི་ཆ་ལག་དང་བཅས་པའི་དབང་རྣམས་ནི། རྒྱུད་འདིའི་གོང་འོག་དང་བཤད་རྒྱུད་ཀྱིས་ཇི་ལྟར་གསུངས་པ་ཉིད་ཀྱི་ཆོ་གས། སློབ་མ་དེ་ལ་དབང་ནི་རྫོགས་པར་སྦྱིན་པར་བྱ་སྟེ། དབང་གོང་མའི་སྐབས་སུ་ཇི་ལྟར་མཆོད་པ་དང་བསྟོད་པ་ཕྱི་མའི་ལེའུ་གསུམ་པར་བཤད་པ་བཞིན་དུ་སློབ་མ་བཟང་པོས་སྔར་བསྟན་པ་འདིར་སྦྱོར་ཤེས་པར་བྱའོ། །འདིའི་ངེས་པའི་དོན་ཡང་། དོན་དམ་པའི་རིམ་པས་དཀྱིལ་འཁོར་གྱི་འཁོར་ལོ་དང་། དེ་ཁོ་ན་ཉིད་མཚོན་པར་བྱེད་པའི་ཡེ་ཤེས་དབབ་པ་དང་། རིགས་དང་རིགས་ཅན་ཐ་མི་དད་པའི་ངོ་བོར་གྲུབ་པའི་ཚུལ་གྱིས་རྟོགས་པར་འགྱུར་བ་འཇུག་པ་དང་། ལུས་ངག་ཡིད་ཀྱི་དྲི་མ་འཁྲུད་པ་ལས་དགའ་བ་བཞིའི་དབང་དོན་དྲི་བཅས་དྲི་མེད་ཇི་ལྟར་རྒྱུད་ལ་སྐྱེས་པ་དེ་དང་དེ་ལ་དབང་ཐོབ་པའི་ངེས་པར་


KMC011_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་བ་ཡིན་ནོ། །གསུམ་པ་དབང་དོན་དགའ་བཞི་བཤད་པ་ལ་གཉིས། ཆགས་ཅན་དང་། ཆགས་བྲལ་ལ་མཚོན་པའོ། །དང་པོ་ལ་གཉིས། གསུམ་པ་ལས་སྐྱེས་པའི་དེ་ཁོ་ན་ཉིད་དང་། དེ་ཉིད་ཞུས་ལན་གྱིས་རྒྱས་བཤད་དོ། །དང་པོ་ནི། དེ་ཉིད་དེ་ལ་བསྟན་པ་ནི། །དགའ་བྲལ་དང་པོ་མཆོག་མཐའ་ཅན། །ཐམས་ཅད་རྒྱུད་དུ་སྦས་པ་སྟེ། །མཐའ་ཡི་མཐའ་རུ་ཕྱེ་བ་ཉིད། །ཅེས་གསུངས་ཏེ། དབང་གསུམ་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཁོ་ན་ཉིད་ཀྱི་དོན་སློབ་མ་དེ་ལ་བསྟན་པ་ནི་དགའ་བྲལ་གྱི་དང་པོ་མཆོག་དགའི་མཐའ་མར་ཁྱད་དགས་མཚོན་པ་ཅན་གྱི་ལྷན་ཅིག་སྐྱེས་པའི་དགའ་བ་ཉམས་སུ་མྱོང་བ་ཅན་ནོ། །དོན་དུ་ན། རྒྱུད་སྡེ་འོག་མ་ཐམས་ཅད་དུ་སྦས་པའི་ཐབས་ཏེ། དེ་ནི་མཐའི་མཐའ་རུ་ཕྱེ་བ་ཉིད་དེ་མཆོག་དགའ་དང་དགའ་བྲལ་གྱི་ཡང་ཡ་མཐའ་དང་མ་མཐའ་གཉིས་ཀྱིས་ཕྱེ་བ་ཞེས་སམ། རྒྱུད་རྣམས་ཀྱི་མཐའི་རྒྱུ་བླ་ན་མེད་པའི་ཡང་མཐའ་རྣལ་འབྱོར་མའི་རྒྱུད་འདི་རུ་གསལ་བར་ཕྱེ་བ་ཉིད་དུ་ཤེས་པར་བྱའོ། །གཉིས་པ་ནི། རྡོ་རྗེ་མཆོད་པ་རབ་སྦྱར་ནས། །དེ་ལ་ལྷ་མོ་དེས་ཞུས་པ། །ལྷ་དེའི་སྐད་ཅིག་


KMC011_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་ལགས། །གཙོ་བོ་ཆེན་པོས་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །འདི་ནི་མཆོག་ཏུ་བདེ་ཆེན་ཉིད། །བདག་མེད་གཞན་ཡང་མེད་པ་ཉིད། །ཅེས་གསུངས་ཏེ། རྡོ་རྗེ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཆོད་པ་ནི་དེ་ཁོ་ནའི་མཆོད་པ་རབ་ཏུ་མཉམ་པར་སྦྱར་ནས་ཧེ་རུ་ཀ་དེ་ལ་ལྷ་མོ་བདག་མེད་མ་དེས་ཞུས་པ། བདེ་ཆེན་ལ་རོལ་པས་ལྷ་ཞེས་བོས་ནས། དེའི་ཚེ་ཉམས་སུ་མྱོང་བའི་ལྷན་ཅིག་སྐྱེས་པའི་སྐད་ཅིག་གི་རང་བཞིན་ཇི་ལྟར་ལགས། དཀྱིལ་འཁོར་གྱི་གཙོ་བོ་ཆེན་པོས་སེམས་ཅན་གྱི་དོན་དུ་བཤད་དུ་གསོལ། ཞེས་ཞུས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་སྐྱེས་ཀྱི་སྐད་ཅིག་དབང་བཞི་པའི་ངོ་བོར་གྱུར་པ་དེ་ནི་ཐོག་མ་འདི་ནས་སྐྱེས་ཞེས་བྱ་བ་ཐོག་མའི་མཐའ་མེད་པར་དུ་འདིར་གནས་པ་དབུས་ཀྱི་མཐའ་དང་། མཐའ་མ་འདིར་འགག་ཅེས་པ་མཐའ་མའི་མཐའ་མེད་པས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བ། སྲིད་པ་ནི་དགའ་བ་དང་མཆོག་དགའི་རྟོག་པ་སྟེ་དེ་མེད་ལ། མྱ་ངན་ལས་འདས་པ་ནི་


KMC011_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་བྲལ་གྱི་རྟོག་པ་སྟེ། དེ་ཡང་མེད་པས་རོ་མཉམ་པའི་ཡེ་ཤེས་སོ། །ཡང་ན་སྲིད་པ་འཁོར་བ་སྟེ། དེ་ཡོད་ན་དེ་སྤངས་པའི་མྱང་འདས་ཡོད་དགོས་པ་ལ། སྲིད་པ་མེད་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཀ་ཡང་མེད་ཅིང་མི་དམིགས་པ་འདི་ནི་མཚན་མ་དང་བྲལ་བས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ཉིད་ཡིན་ལ། དེ་ལ་ནི་བདག་མེད་པས་དེ་ལ་ལྟོས་པའི་གཞན་ཡང་མེད་པའི་ཟུང་འཇུག་ལྷན་ཅིག་སྐྱེས་པ་ཉིད་ཡིན་ནོ། །གཉིས་པ་ཆགས་བྲལ་ལ་མཚོན་པ་ནི། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལ། །རང་གི་གཡས་དང་ལག་གཞན་གྱི། །མཐེ་བོང་དང་ནི་སྲིན་ལག་གིས། །དེས་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ནས་ཡེ་ཤེས་སྐྱེ་བར་འགྱུར། །དེ་ལས་ཅི་ཞིག་སྐྱེ་ཞེ་ན། །གཞོན་ནུའི་དགའ་བ་ཇི་ལྟའམ། །ལྐུགས་པའི་རྨི་ལམ་ཇི་ལྟའོ། །མཆོག་གི་མཐའ་དང་དགའ་བྲལ་དབུས། །སྟོང་དང་སྟོང་མིན་ཧེ་རུ་ཀ ། ཞེས་གསུངས་ཏེ། དེའང་གསུམ་པའི་སྐབས་སུ་དགེ་སློང་ལ་སོགས་པ་ལ་རྣམ་པར་མི་རྟོག་ཐབས་གཞན་གྱིས་མཚོན་པའི་དོན་དུ་མགྲིན་པ་ལོངས་སྤྱོད་ཀྱི་ནི་འཁོར་ལོའི་རྦ་རླབས་ཀྱི་རྩ་རྩེའུ་ཆུང་གཉིས་ལ།


KMC011_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

རང་གི་ལག་པ་གཡས་པ་དང་ལག་པ་གཞན་གཡོན་གྱི་མཐེ་བོང་དང་ནི་སྲིན་ལག་གིས་རྩ་དེ་དག་ནི་རྣལ་འབྱོར་པ་ཡིས་རེས་འཇོག་ཏུ་བཙིར་བས། དེ་ནས་དཔེའི་ཡེ་ཤེས་རྗེས་མཐུན་པ་མི་རྟོག་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །དེ་ལས་ཉམས་སུ་མྱོང་བ་ཅི་ལྟ་བུ་ཞིག་སྐྱེ་ཞེ་ན། གཞོན་ནུ་དང་གཞོན་ནུ་མ་སྔར་འདོད་པ་མ་སྤྱད་པས་འདོད་པའི་དགའ་བ་ཐོག་མར་མྱོང་བ་ཇི་ལྟའམ། ལྐུགས་པའི་རྨི་ལམ་ཇི་ལྟ་བར་རང་གིས་ཉམས་སུ་མྱོང་ཡང་ཚིག་གིས་བརྗོད་མི་ཤེས་པ་ལྟ་བུའོ། །དེ་ཡང་མཆོག་གི་དགའ་བའི་མཐའ་ཁྱད་དགའི་ཉམས་མྱོང་དང་། ཁུ་བ་འཕོས་ནས་དགའ་བྲལ་གྱི་དགའ་བའི་དབུས་ཏེ་བར་དུ་མྱོང་བ་ལྟ་བུ་གཟུང་འཛིན་གྱི་དངོས་པོ་ཐམས་ཅད་དང་བྲལ་བས་སྟོང་པ་དང་། རང་གིས་རིག་ཅིང་ཉམས་སུ་མྱོང་བས་སྟོང་མིན་ཏེ་ཤྲཱི་ཧེ་རུ་ཀའི་དོན་ཅན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །ཞེས་པ་ནི་སེམས་འགྲེལ་གྱི་དགོངས་པ་སྟེ་གྲུབ་ཆེན་མཚོ་སྐྱེས་་དང་ཤཱནྟི་པ་སོགས་ཀྱིས་གཞུང་འདིའང་ཕྱག་རྒྱའི་ལམ་ལ་སྦྱར་ནས་བཤད་དོ། །གཉིས་པ་ལེའུའི་མཚན་ནི། ཀྱེའི་རྡོ་རྗེ་ལས་ཀྱེ་རྡོ་རྗེ་མངོན་པར་འབྱུང་བ་ཞེས་བྱ་


KMC011_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ལེའུ་སྟེ་ལྔ་པའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེ་སོགས་ཏེ་ཟུང་འཇུག་ཀྱེའི་རྡོ་རྗེ་ལས། ཐབས་ཤེས་ཐ་མི་དད་པའི་རིམ་པ་དང་པོ་དབང་བསྐུར་བ་དང་བཅས་པའི་ཐབས་རྒྱུད་ཀྱི་ཀྱེའི་རྡོ་རྗེའི་ལམ་ལས་སྣོད་ལྡན་རྣམས་རིམ་གཉིས་ཀྱི་མཐུས། འབྲས་བུའི་རྒྱུད་མངོན་སུམ་དུ་རྟོགས་པ་ཉིད་མངོན་པར་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་ལྔ་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།ལེའུ་དྲུག་པ་བྲིས་སྐུའི་ཆོ་ག་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། གོང་དུ་རྒྱན་དྲུག་དང་བསྐྱེད་རིམ་གསུངས་ཀྱང་རྒྱན་དྲུག་གི་དགོས་པ་དང་བསྐྱེད་རིམ་གྱི་དམིགས་པ་གསལ་བའི་རྐྱེན་བྲིས་སྐུ་མ་གསུངས་པས། ལེའུ་དེའི་དེ་མ་ཐག་ཏུ་དེ་དག་སྟོན་པའི་ལེའུ་འདི་འཆད་པ་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། ལྷའི་གསལ་སྣང་སྒྲུབ་པའི་ཐབས་དང་རྒྱན་ཆའི་དགོས་པ་སྟོན་པས་གཙོ་བོར་བསྐྱེད་རིམ་དང་འབྲེལ་བའོ། །དེས་ན་འདི་ནི་ལེའུ་དྲུག་པར་གསུངས་པའི་རྒྱན་དྲུག་གི་ཁ་སྐོང་དང་ལེའུ་གསུམ་པ་དང་བརྒྱད་པ་དང་ཕྱི་མའི་ལྔ་པ་སྟེ་བསྐྱེད་རིམ་གསུངས་པའི་ལེའུ་རྣམས་ཁ་སྐོང་བའི་དོན་དུ་གསུངས་སོ། །འདི་ལ་གསུམ། ཕྱག་རྒྱ་ལྔའི་དག་པ། བྲིས་སྐུ་ཇི་ལྟར་བྱ་


KMC011_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས། ལེའུའི་མཚན་བསྟན་པའོ། །དང་པོ་ལ་གཉིས། མཚམས་སྦྱར་གྱིས་མདོར་བསྟན། དེ་རྒྱས་པར་བཤད་པའོ། །དང་པོ་ནི། ལྷ་མོ་ལ་ནི་དམ་འཁྱུད་ཅིང་། །བོ་ལ་ཐོད་པར་བཅུག་ནས་ནི། །དམ་དུ་ཀུ་ཙ་བཟུང་མཛད་ནས། །སྐྱེས་པའི་མཐའ་ནི་གཞིབས་ནས་ཀྱང་། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །མཆན་ཁུང་སེན་མོས་རྨ་མཛད་དེ། །མཉམ་སྦྱར་བདེ་བ་མྱོང་མཛད་ནས། །ཕྱག་རྒྱ་ལྔ་ནི་རྣམ་ཕྱེ་བ། །ཞེས་གསུངས་ཏེ། སྟོན་པ་ཧེ་རུ་ཀས་ལྷ་མོ་བདག་མེད་མ་ལ་གཉིས་སུ་མེད་པ་མཉམ་པར་དམ་དུ་འཁྱུད་ཅིང་བོ་ལ་རྡོ་རྗེ་བདེ་བ་སྐྱོང་བའི་ཐོད་པར་བཅུག་སྟེ། བདེ་སྟོང་མཉམ་པར་སྦྱར་ནས་ནི་ཀུ་ཙ་སྟེ་ནུ་མ་ལ་དམ་དུ་བཟུང་ཞིང་ཉེད་པར་མཛད་ནས། སྐྱེས་པའི་མཐའམ་སྣ་ཞེས་པ་པདྨའི་རྩ་ཁྱད་པར་ཅན་དེ་ནི་བོ་ལའི་སྦུབས་ཀྱིས་གཞིབས་ནས་ཀྱང་། གཙོ་བོའི་ཚེམས་ཀྱིས་ཡུམ་གྱི་མ་མཆུ་བཙིར་ནས་ནི་ལྷ་མོའི་མཆན་ཁུང་དུ་སེན་མོས་བཏབ་པས་རྨ་བྱ་བ་ལྟར་མཛད་པ་དེ་རྣམས་ལ་སོགས་པ་བདེ་བ་ཆེན་པོའི་གནས་རྣམས་བསྐུལ་བར་མཛད་པ་སྟེ། འདིའི་ངེས་དོན་ནི། ཆགས་པ་དང་བཅས་པའི་ལྷན་ཅིག་སྐྱེས་པའི་སྦྱོར་བའི་དོན་


KMC011_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་པར་མཛད་པའོ། །དེ་ལྟར་མཉམ་སྦྱོར་ཟུང་འཇུག་གི་རོལ་པས་བདེ་བ་ཆེན་པོའི་རོ་མྱོང་བར་མཛད་ནས་ཕྱག་རྒྱ་ལྔའི་དགོས་པ་ནི་རབ་ཏུ་རྣམ་པར་ཕྱེ་སྟེ་གསལ་བར་གསུངས་སོ། །འདི་ནི་ཁོང་སྡོམ་གསུམ་ལས། ལམ་རྫོགས་རིམ་གྱི་ཡན་ལག་གོ། །དེ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདེ་བའི་དོན་དུ་ཤེས་པར་བྱའོ། །གཉིས་པ་ནི། བླ་མ་སློབ་དཔོན་འདོད་ལྷ་ལ། །ཕྱག་འཚལ་དོན་དུ་འཁོར་ལོ་འཛིན། །བླ་མ་རྡོ་རྗེ་འཛིན་པ་ལ། །སྨོད་ཚིག་མི་ཉན་པ་ཡི་ཕྱིར། །རྣ་བ་དག་ཏུ་རྣ་ཆ་འཛིན། །སྔགས་ཀྱི་བཟླས་པའང་མགུལ་རྒྱན་ཉིད། །གདུ་བུ་སྲོག་ཆགས་གསོད་པ་སྤངས། །ཕྱག་རྒྱ་བསྟེན་པ་སྐ་རགས་ཉིད། །སངས་རྒྱས་ལྔ་ཡི་ཕྱག་རྒྱས་ནི། །རྟག་ཏུ་ལུས་ལ་ཕྱག་རྒྱས་གདབ། །ཅེས་གསུངས་ཏེ། བཤད་པར་དམ་བཅས་པའི་དོན་རུས་པའི་ཕྱག་རྒྱ་ལྔ་འཛིན་པའི་དགོས་པ་ཇི་ལྟ་བུ་ཞེ་ན། ཡོན་ཏན་གྱིས་ལྕི་བའི་བླ་མ་དང་། བསླབ་པ་སྟོན་པས་སློབ་དཔོན་དང་། རང་འདོད་པའི་ཡི་དམ་གྱི་ལྷ་ལ་ཕྱག་འཚལ་བ་མི་བརྗེད་པར་བྱ་བའི་དོན་དུ་སྤྱི་བོར་མི་བསྐྱོད་པ་དག་པའི་རུས་པའི་འཁོར་ལོའི་རྣམ་པ་འཛིན་པ་དང་། བཤད་


KMC011_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐག་པའི་བླ་མ་རྡོ་རྗེ་འཛིན་པ་དང་སློབ་དཔོན་དང་འདོད་ལྷ་ལ་གཞན་གྱི་སྨོད་ཚིག་སྐུར་འདེབས་མི་ཉན་པའི་ཕྱིར་རྣ་བ་དག་ལ་འོད་དཔག་མེད་དག་པའི་རྣ་ཆ་འཛིན་པ་དང་། ཡིད་མཚན་རྟོག་ལས་སྐྱོབ་པའི་ཕྱི་ནང་གི་སྔགས་ཀྱི་བཟླས་པའང་མི་འབྲལ་བར་འཛིན་པའི་དོན་དུ་མགུལ་པར་རིན་འབྱུང་དག་པའི་མགུལ་རྒྱན་ཉིད་འཆང་བ་དང་། རྣམ་སྣང་དག་པའི་གདུ་བུ་ནི་སྲོག་ཆགས་གསོད་པ་སྤངས་པའི་ཚུལ་ཁྲིམས་མཚོན་ལ་དེའི་ཕྱིར་ལག་པ་དང་རྐང་པར་འཛིན་པ་དང་། ཕྱི་ནང་གི་ཕྱག་རྒྱ་བསྟེན་པས་བྱང་ཆུབ་ཀྱི་སེམས་འཆིང་བར་མཚོན་པས་རྐེད་པར་དོན་གྲུབ་དག་པའི་སྐེ་རགས་འཆིང་བ་ཉིད་དེ། རྒྱུ་མཚན་དེའི་ཕྱིར་སངས་རྒྱས་ལྔ་རྣམ་པར་དག་པའི་ཕྱག་རྒྱ་ལྔས་ནི་རྟག་ཏུ་རྣལ་འབྱོར་པའི་ལུས་ལ་ཕྱག་རྒྱས་གདབ་པར་བྱའོ། །འདིའི་ངེས་དོན་ནི་འགྲེལ་ཆེན་ལས་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་རླུང་རྣམ་པ་ལྔ་བཅིངས་པས་བྱང་ཆུབ་ཀྱི་སེམས་འགོག་པར་བྱེད་པའི་དོན་དུ་བཤད་དོ། །གཉིས་པ་བྲིས་སྐུ་བཤད་པ་ལ་གཉིས། མཚམས་སྦྱར་ཞིང་དྲི་བ། ལན་རྒྱས་པར་བསྟན་པའོ། །དང་པོ་ནི། དེ་ནས་རབ་ཏུ་བཞད་མཛད་ནས། །


KMC011_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །ཀྱེ་ཡི་རྡོ་རྗེ་ཞེས་བྱ་བ། །ལྷན་ཅིག་སྐྱེས་པའི་གཟུགས་ཅན་ཉིད། །དེ་ལ་ལྷ་མོ་དེས་ཞུས་པ། །གཙོ་བོ་ཆོ་ག་གང་གིས་དང་། །དེ་བཞིན་བྱ་བ་གང་གིས་ནི། །ཀྱེ་ཡི་རྡོ་རྗེའི་བྲིས་སྐུ་ཡི། །བྱེད་པ་བདེ་བ་ཆེན་པོས་གསུངས། །ཞེས་གསུངས་ཏེ། འདི་ནི་བསྐྱེད་པའི་རིམ་པའི་ཡན་ལག་ཏུ་དེའི་རྟེན་བྲིས་སྐུའི་ཆོ་ག་གསུང་བར་ཞུས་པ་སྟེ། ཕྱག་རྒྱ་ལྔའི་དོན་གསུངས་པ་དེ་ནས་རབ་ཏུ་བཞད་པར་མཛད་པ་ནི་དགྱེས་པའི་དོན་ཏོ། །བཞད་ནས་ཚེམས་ཀྱིས་མ་མཆུ་བཙིར་ནས་ནི་བདེ་བ་ཆེན་པོས་མཆོད་དེ། ཀྱེའི་རྡོ་རྗེ་ཞེས་བྱ་བ་བདེ་ཆེན་ལྷན་ཅིག་སྐྱེས་པའི་གཟུགས་སམ་རང་བཞིན་ཅན་དེ་ཉིད་ལ་ལྷ་མོ་བདག་མེད་མ་དེས་ཞུས་པ། གཙོ་བོ་ཞེས་བོས་ནས། ཆོ་ག་གང་དང་གང་གིས་དང་དེ་བཞིན་དུ་ལུས་ཀྱི་བྱ་བ་གང་གིས་ནི་ཀྱེ་རྡོ་རྗེའི་བྲིས་སྐུའི་བྱ་བ་བྱེད་པའི་ཚུལ་རྣམས་བཅོམ་ལྡན་འདས་བདེ་བ་ཆེན་པོས་གསུང་དུ་གསོལ། ཞེས་ཞུས་པའོ། །གཉིས་པ་ལ་གསུམ། བྲི་བའི་ཐབས། བྱིན་རླབས་ཀྱི་རིམ་པ། བྱིན་གྱིས་བརླབས་པའི་གྲོགས་སོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །འདིར་ནི་


KMC011_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་མཁན་དམ་ཚིག་ཅན། །སྒྲུབ་པོའང་དམ་ཚིག་ཅན་གྱིས་ནི། །བྲིས་སྐུ་འཇིགས་པ་བྲི་བ་ཉིད། །སྐྱེས་པའི་ཐོད་གནས་ཁ་དོག་ལྔས། །རོ་ཡི་སྐྲ་ཡི་པིར་ཉིད་ཀྱིས། །བྲིས་སྐུ་བླ་མ་བྲི་བ་ཉིད། །གང་གང་སྐུད་པ་འཁལ་བ་དང་། །གང་གང་རས་ཡུག་འཐག་པ་ཡང་། །དེ་ཡང་དམ་ཚིག་ཅན་ངེས་པས། །ཞེས་གསུངས་ཏེ། དེའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲིས་སྐུ་འབྲི་བའི་སྐབས་འདིར་ནི་རི་མོ་འབྲི་བར་བྱེད་པའི་འབྲི་མཁན་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་ཅན་དང་དོན་དུ་གཉེར་བའི་སྒྲུབ་པ་པོའང་དམ་ཚིག་མ་ཉམས་ཤིང་། ཅུང་ཟད་ཉམས་ཀྱང་སོར་ཆུད་པ་ཅན་གྱིས་ནི་ཧེ་རུ་ཀ་བཞི་དང་བདག་མེད་མ་སོགས་ཀྱི་བྲིས་སྐུ་གདུག་པ་ཅན་འཇིགས་པར་བྱེད་པའི་ཉམས་དང་ལྡན་པ་བྲི་བ་ཉིད་དོ། །བྲི་བའི་ཡོ་བྱད་ཀྱང་གང་འབྱོར་གྱིས་མི་ཆོག་སྟེ་ཚོན་ཀོང་ཡང་སྐྱེས་པའི་ཐོད་པའི་ནང་དུ་གནས་པའི་ཚོན་ཁ་དོག་ལྔ་པས་བྱ་ཞིང་། མི་རོའི་སྐྲ་ཡི་པིར་ཉིད་ཀྱིས་བྲིས་སྐུ་བྱིན་རླབས་དང་ལྡན་པའམ་རྒྱུད་སྡེའི་ལྷ་རྣམས་ཀྱི་བླ་མར་གྱུར་པ་བྲི་བར་བྱ་བ་ཉིད་དོ། །དེའི་བྲི་གཞིའི་རས་ཀྱང་གང་དང་གང་གིས་རས་བལ་སྐུད་པར་འཁལ་


KMC011_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་དུས་གང་དང་གང་ལ་ཐག་པ་གང་དང་གང་གིས་རས་ཡུག་འཐག་པ་དེ་ཡང་དམ་ཚིག་ཅན་དུ་ངེས་པས་བྱས་ན་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ནི། དམ་ཚིག་བྱིན་རླབས་རྣལ་འབྱོར་པས། །ཟླ་བ་ཟླ་བའི་མར་ངོ་ཡི། །བཅུ་བཞི་པ་ལ་ཁྱིམ་དབེན་པར། །ཕྱེད་ན་མ་རུངས་སེམས་ཀྱིས་ནི། །ཆང་གི་བཏུང་བ་ཅུང་ཟད་ལས། །ལུས་ལ་ནི་རཾ་ཤུ་བསམས་ནས། །དེ་བཞིན་གཅེར་བུར་གྱུར་བས་ཡང་། །འབགས་པ་དང་ནི་མ་དག་པས། །དེ་ནས་དམ་ཚིག་རབ་ཏུ་བཟའ། །ཞེས་གསུངས་ཏེ། དེ་ལྟར་དམ་ཚིག་དང་ལྡན་པའི་རྣལ་འབྱོར་ཅན་གྱིས་བྲིས་སྐུ་འབྲི་བ་དང་། བྱིན་གྱིས་བརླབས་པའི་རིམ་པ་ཡང་དུས་ཁྱད་པར་ཅན་ལ་བྱ་སྟེ། སྤྱིར་རབ་གནས་ཀྱི་རྒྱུད་སོགས་ལས་བཤད་པ་དང་། བྱེ་བྲག་འདི་ཉིད་ཀྱི་དུས་ཁྱད་པར་བ་ནི་ཟླ་བ་ཕྱོགས་གཉིས་དྲིལ་བ་ལ་བཞེད་མོད་ཀྱི། དེ་ལྟ་བུའི་ཟླ་བ་ཡར་གྱི་ངོའམ་ཁྱད་པར་ཟླ་བ་མར་གྱི་ངོའི་ཚེས་བཅུ་བཞི་པ་འཇིག་རྟེན་ན་ཉི་ཤུ་དགུར་གྲགས་པ་ལ་ཁྱིམ་སྟེ་གནས་ཁང་དམ་ཚིག་མེད་པ་དང་མ་དད་པས་དབེན་པར་ཉི་མ་ཕྱེད་དམ་ནམ་ཕྱེད་ནས་མ་རུངས་པ་སྟེ་ཧེ་རུ་ཀའི་


KMC011_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བདུད་འདུལ་བའི་སེམས་ཀྱིས་ནི་ལུས་ལ་ནི་རཾ་ཤུ་སྟེ་རུས་པའི་རྒྱན་དང་ལྡན་པར་བསམ་པའམ་དངོས་སུ་བགོས་པ་དང་། དེ་བཞིན་དུ་ལུས་གཅེར་བུར་གྱུར་པ་ལ་སྟག་ལྤགས་ཀྱིས་སྨད་དཀྲིས་པ་ཡང་བསམ་དུ་རུང་ལ། རྣམ་པར་རྟོག་པ་སྤངས་ཏེ་དམ་ཚིག་གི་རྫས་ཆང་གི་བཏུང་བ་ཅུང་ཟད་ཙམ་དང་བཅས་པ་ལས་མི་གཙང་བ་སོགས་ཀྱིས་འབགས་པ་དང་ནི་མ་དག་པའི་རྣམ་རྟོག་གི་ཉེས་པ་ཐམས་ཅད་སྤངས་ཤིང་བསལ་ཏེ། དེ་ནས་དམ་ཚིག་གི་དགའ་སྟོན་ཚོགས་ཀྱི་འཁོར་ལོ་རབ་ཏུ་བཟའ་ཞིང་བསྒྲུབ་པར་བྱ་བའོ། །རྗེ་མར་པས། རས་ཀྱི་རྒྱུ་འཁལ་པ་ནས་བཟུང་སྟེ་རི་མོ་མཁན་གྱི་བར་དུ་དབང་དང་དམ་ཚིག་དང་ལྡན་པས་ཚོགས་བྱིན་བརླབ་བྱ་སྟེ། འདོད་ཆགས་དང་ཞེ་སྡང་འདྲེས་པའི་སྐུ་བྲིའོ། །ཞེས་ཁྲོ་ཆགས་ཀྱི་ཉམས་ལྡན་བྱ་སྟེ། ཚོགས་ཀྱི་འཁོར་ལོ་ཐབས་ཤེས་ཟུང་དུ་འབྲེལ་དགོས་པ་བསྟན་ཏོ། །གསུམ་པ་ནི། བཞིན་བཟང་སྙིང་རྗེར་ལྡན་པ་དང་། །གཟུགས་དང་ལང་ཚོ་སྐལ་བཟང་མ། །མེ་ཏོག་བཅས་ཤིང་སྒྲུབ་པོར་དགའ། །རང་གི་ཕྱག་རྒྱ་གཡོན་དུ་བཞག །ཅེས་གསུངས་ཏེ། བཞིན་བཟང་ཞིང་སྙིང་རྗེ་ཆེན་པོ་དང་


KMC011_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་གཟུགས་མཛེས་པ་དང་ལང་ཚོ་རྒྱས་པ་ཡོན་ཏན་དང་ལྡན་པས་སྐལ་བ་བཟང་མོའི་གྲོགས་རྡུལ་གྱི་ཁམས་ལྡན་པས་རང་བྱུང་གི་མེ་ཏོག་དང་བཅས་པའམ། ཡང་ན་བཅོམ་ལྡན་འདས་ལ་མེ་ཏོག་ལ་སོགས་པའི་མཆོད་པ་དང་བཅས་ཤིང་སྒྲུབ་པ་པོ་ལ་དགའ་བ་དང་གུས་པའི་ཤེས་རབ་མ་སློབ་དཔོན་རང་གི་ཕྱག་རྒྱ་མོ་གཞོག་གཡོན་དུ་བཞག་ནས་བྲི་བའི་དོན་ཏོ། །འདི་རྣམས་ཀྱི་ངེས་དོན་ཀྱང་། ནཱ་རོ་པས། ཆོས་ཀྱི་འབྱུང་གནས་བྲིས་སྐུ་མཆོག །བྱང་ཆུབ་སེམས་ནི་ལྷ་རྣམས་ཉིད། །བདེ་བ་ཆེན་པོའི་གཟུགས་ཀྱིས་དེ། །རྣལ་འབྱོར་རིག་པས་རྟག་ཏུ་མཆོད། །ཅེས་དང་། ཁ་སྦྱོར་དྲི་མེད་ལས་བྲིས་སྐུ་བླ་མ་ཀུན་རྫོབ་ཀྱི་བདེན་པ། འཇིགས་པ་དོན་དམ་པའི་བདེན་པ་དབྱེར་མེད། ཁ་དོག་ལྔ་ཡེ་ཤེས་ལྔ། ཐོད་པ་ཀཾ་ཡེ་ཤེས། དེའི་ནང་དུ་གནས་པ་ཐིམ་པ། རོའི་སྐྲ་ཆོས་དབྱིངས་ཡེ་ཤེས། པིར་ཐམས་ཅད་རང་བཞིན་གཅིག་ཏུ་གྱུར་པ་སོགས་ལེགས་པར་བཤད་དོ། གསུམ་པ་ལེའུའི་མཚན་བསྟན་པ་ནི། ཀྱེའི་རྡོ་རྗེ་ལས་བྲིས་སྐུའི་ཆོ་གའི་ལེའུ་སྟེ་དྲུག་པའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེ་སོགས་ཏེ་ཐབས་ཤེས་ཟུང་འཇུག་གི་ཀྱེའི་རྡོ་རྗེ་རྗོད་བྱེད་


KMC011_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་རྒྱུད་ལས། ཕྱག་རྒྱ་འཆང་བའི་དགོས་པ་དང་། ཧེ་རུ་ཀ་བཞི་དང་། ཡུམ་གྱི་བྲིས་སྐུའི་ཆོ་ག་ལས་བསྒྲུབ་པའི་བྱ་བ་རིམ་པར་བཅད་པའི་ལེའུ་སྟེ། དྲུག་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།བདུན་པ་བཟའ་བའི་ལེའུ་ཞེས་བྱ་བ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། ལེའུ་དྲུག་པར་སྐུའི་དམ་ཚིག་བྲིས་སྐུ་དང་དེ་ཉིད་ཀྱི་ཚེ་ཚོགས་ཀྱི་འཁོར་ལོ་བྱ་བར་གསུངས་ཀྱང་། གསུང་གི་དམ་ཚིག་གླེགས་བམ་དང་ཚོགས་འཁོར་གྱི་ཆོ་ག་གསལ་བར་མ་གསུངས་པས་དེ་མ་ཐག་ཏུ་འདི་སྟོན་པར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། གླེགས་བམ་ལམ་གྱི་གྲོགས་དང་ཚོགས་འཁོར་ལམ་གྱི་ཡན་ལག་དང་འབྲེལ་ལོ། །ལེའུ་འདིས་བརྟག་པ་དང་པོར་གཞི་དང་རང་བཞིན་དང་འབྲས་བུའི་རྒྱུད་གསུམ་སྟོན་པའི་གླེགས་བམ་ཇི་ལྟར་འབྲི་བ་དང་། བཅུ་པར་དབང་བསྟན་ཀྱང་དེ་དང་འབྲེལ་བའི་དམ་ཚིག་མ་གསུངས་པ་དང་། ལེའུ་བདུན་པར་ཚོགས་ཀྱི་ཡོ་བྱད་དང་བཅུ་གཅིག་པར་དམ་ཚིག་གི་བཟའ་བ་བསྟན་ཡང་ཆོ་ག་མ་གསུངས་པ་འདིར་སྟོན་པ་རྗེ་མར་པས་བཞེད་དོ། །འདི་ལ་གསུམ། གླེགས་བམ། ཚོགས་ཀྱི་འཁོར་ལོ། ལེའུའི་མཚན་བསྟན་


KMC011_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དང་པོ་ལ་གཉིས། ཞུས་ཤིང་ལན་གནང་བ། གླེགས་བམ་འབྲི་ཞིང་འཆང་ཐབས་བསྟན་པའོ། །དང་པོ་ནི། དེ་ནས་དེ་ལ་ལྷ་མོས་ཞུས། །བོ་ལ་ཀཀྐོ་ལ་སྦྱར་ནས། །ཚེམས་ཀྱིས་མ་མཆུ་བཙིར་ནས་ནི། །གླེགས་བམ་ཡང་ནི་ཇི་ལྟར་འགྱུར། །རྡོ་རྗེ་པདྨ་མཉམ་སྦྱར་ནས། །དགྱེས་པས་ལྷ་ཡི་རབ་ཕྱེ་བ། །གླེགས་བམ་ང་ཡིས་བཤད་བྱ་ཡིས། །ལྷ་མོ་སྐལ་པ་ཆེན་མོ་ཉོན། །ཅེས་གསུངས་ཏེ། བྲིས་སྐུ་བསྟན་པའི་རྗེས་དེ་ནས། རྡོ་རྗེ་འཛིན་པ་དེ་ལ། ལྷ་མོ་བདག་མེད་མས་རྒྱུད་ཇི་ལྟར་བྲི་ཞེས་ཞུ་བའི་སྐབས་དབྱེ་བའི་ཕྱིར། བོ་ལ་ཀཀྐོ་ལ་ཐབས་ཤེས་མཉམ་པར་སྦྱར་ནས། ཡུམ་གྱི་ཚེམས་ཀྱིས་ཡབ་ཀྱི་མ་མཆུ་བཙིར་བས་བདེ་ཆེན་ཡེ་ཤེས་བསྐྱེད་ནས་ནི། ཞུ་བ་དངོས་ཀྱང་གང་གི་བྲིས་སྐུར་མ་ཟད་རྒྱུད་འདི་ཉིད་ཀྱི་གླེགས་བམ་ཡང་ནི་ཚུལ་ཇི་ལྟ་བུར་བྲི་བ་དང་བཅང་བར་འགྱུར་བ་ལགས། ཞེས་གསོལ་བ་བཏབ་པ་ལ། མི་ཕྱེད་པའི་སྙིང་རྗེའི་རྡོ་རྗེ། སྟོང་པ་ཉིད་བདག་མེད་པའི་པདྨ། གཉིས་སུ་མེད་པའི་ཡེ་ཤེས་སུ་མཉམ་པར་སྦྱར་ནས། ཐབས་ཤེས་ཟུང་འཇུག་འབྲེལ་བའི་བདེ་སྟོང་གི་རོ་ལ་དགྱེས་པས་ལྷན་ཅིག་སྐྱེས་པའི་ཡེ་


KMC011_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་སུ་རོལ་པའི་ལྷ་དཀྱིལ་འཁོར་གྱི་གཙོ་བོ་ཡིས། གོ་རིམ་རབ་ཏུ་ཕྱེ་བ་དང་བསྟན་པར་ཞལ་གྱིས་བཞེས་པ། རྒྱུད་ཀྱི་གླེགས་བམ་འབྲི་ཚུལ་སྟོན་པ་ང་ཡིས་བཤད་པར་བྱ་ཡིས། ལྷ་མོ་ཞེས་བཟུང་བར་བསྐུལ་ཏེ། དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་མངའ་བས་སྐལ་པ་ཆེན་མོའི་བདག་ཉིད་ཁྱོད་ལེགས་པར་ཉོན་ཅིག་ཅེས་པའོ། །གཉིས་པ་ནི། སྦྲང་ཆེན་སྣག་ཚ་བྱས་ནས་ནི། །མི་ཡི་རུས་པའི་སྨྱུ་གུས་ནི། །གླེགས་བམ་སོར་ནི་བཅུ་གཉིས་པ། །གྲོ་གར་དམ་ཚིག་ཅན་གྱིས་བྲི། །གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་མེད་མཐོང་ན་ནི། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། །འཇིག་རྟེན་ཕ་རོལ་སྤྱོད་ཡུལ་མིན། །ཡང་དག་རབ་སྦྱིན་ལྡན་པ་ལ། །རེས་འགའ་ཙམ་ཞིག་བསྟན་པ་ཉིད། །གླེགས་བམ་ལམ་གྱི་སྤྱོད་ཡུལ་དུ། །སྐྲ་དང་མཆན་ཁུང་ཉིད་དུ་སྦ། །ཞེས་གསུངས་ཏེ། གསང་བའི་གླེགས་བམ་འབྲི་བའི་སྣག་ཚའི་རྒྱུ་སྦྲང་ཆེན་ནི། མིའི་ཚིལ་གྱི་མར་མེའི་དུ་བ་ལ་སྣག་ཚ་བྱས་ནས་ནི། རྗེ་མར་པས། རྒྱ་སྐག་དང་ཨ་རུ་རའི་ཁུ་བ་བསྲེས། ལྕགས་སྣོད་དུ་མཉེ་བར་གསུངས་པ་ལྟར་བྱས་ལ་མིའི་རུས་པ་ལས་བྱས་པའི་སྨྱུ་གུས་ནི་གླེགས་


KMC011_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བམ་དཀྱུས་ལ་རྟེན་འབྲེལ་བཅུ་གཉིས་དག་པའི་སོར་ནི་བཅུ་གཉིས་པ་ཞེང་ཡང་རྗེ་མར་པས་སོར་བཞིར་གསུངས་པ་ལྟར་གྲོ་ག་ལ་སོགས་པའི་གཞིར་ཡིག་མཁན་དམ་ཚིག་དང་ལྡན་པ་ཅན་གྱིས་བྲིས་པའི་གླེགས་བམ་དང་ནི། སྔར་བཤད་པའི་བྲིས་སྐུ་ཉིད་ཀྱང་ཤིན་ཏུ་གསང་བའི་ཚུལ་གྱིས་སྦ་དགོས་ཏེ། གལ་ཏེ་སྔགས་བླ་མེད་ལ་མི་གུས་པ་སོགས་སྐལ་པ་མེད་པའམ་ཡོད་ཀྱང་དབང་བསྐུར་མ་ཐོབ་པས་མཐོང་ན་ནི་གསང་སྒྲོགས་སུ་འགྱུར་བས་སྒྲུབ་པ་པོ་ལ་སྐྱེ་བ་འདིར་ནི་མཆོག་གི་དངོས་གྲུབ་ཐོབ་པ་མེད་ལ། མ་མོས་ན་གཞན་ལ་གནོད་པར་འགྱུར་བ་དེའི་དབང་གིས་འཇིག་རྟེན་ཕ་རོལ་དུ་ཡང་དངོས་གྲུབ་ཀྱི་སྤྱོད་ཡུལ་མིན་ཏེ་དངོས་གྲུབ་མི་རྙེད་དོ། །འོ་ན་སུ་ལའང་མི་སྟོན་ནམ་ཞེ་ན། ཀྱེའི་རྡོ་རྗེའི་དབང་བསྐུར་བ་ཡང་དག་པར་རབ་ཏུ་སྦྱིན་པ་ཐོབ་ཅིང་སྐལ་པ་དང་དམ་ཚིག་ལྡན་པ་ལ་ངེས་པ་བསྐྱེད་པའི་ཕྱིར་ལྐོག་ཏུ་རེས་འགའ་ཙམ་ཞིག་བསྟན་པ་ཉིད་དོ། །རྣལ་འབྱོར་ཅན་གྱིས་འགྲོ་འདུག་སོགས་ཀྱི་ཚེ་ཇི་ལྟར་སྦེད་ཅེ་ན། སྤྱོད་པའི་རྣལ་འབྱོར་ཅན་ལམ་གྱི་སྤྱོད་ཡུལ་དུ་རྒྱུ་བའི་ཚེ་ཐོར་ཚུགས་སོགས་སྐྲའི་ནང་དང་། རབ་བྱུང་


KMC011_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་རལ་པ་མེད་པས་མཆན་ཁུང་ཉིད་དུ་ཐོགས་ཏེ་སྦ་བར་བྱའོ། །འདིའི་ངེས་དོན་དཔལ་ནཱ་རོ་པས། གྲོ་ག་ཞེས་པ་ས་ལ་སོགས་པའོ། །པོ་ཏི་ནི་མཆོག་གི་ཡི་གེ་སྟེ་ཨ་ལི་དང་ཀཱ་ལིའི་རབ་ཏུ་སྦྱོར་བས་བཀླག་པར་བྱའོ། །བཟླས་པའོ་ཞེས་པ་ངེས་དོན་ཏོ། །ཞེས་འབྱུང་བ་ལྔའི་རླུང་རྡོ་རྗེའི་བཟླས་པ་ལ་སྦྱར་ནས་གསུངས་སོ། །གཉིས་པ་ཚོགས་འཁོར་ལ་གཉིས། མཚམས་སྦྱོར་གྱིས་མདོར་བསྟན། དངོས་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། བྷ་གར་ལིངྒ་རབ་སྦྱར་ནས། །ཡང་ཡང་ཙུམྦ་ན་མཛད་ནས། །བདེ་ཆེན་མཉམ་པ་མྱོང་མཛད་དེ། །རྡོ་རྗེ་ཅན་གྱི་བཟའ་བ་བསྟན། །ཚོགས་ཀྱི་དཀྱིལ་འཁོར་བཟའ་བ་ནི། །ཉོན་ཅིག་ལྷ་མོ་མིག་ཡངས་མ། །ཞེས་གསུངས་ཏེ། ཡུམ་གྱི་བྷ་ག་ཤེས་པ་རབ་ཀྱི་རང་བཞིན་དུ། ཡབ་ཀྱི་ལིངྒ་མཚན་མ་ཐབས་བདེ་བ་ཆེན་པོ་རབ་ཏུ་སྦྱར་ནས། ཡང་ཡང་ཁ་སྦྱོར་གྱི་ཙུམྦ་ན་མཛད་ནས་ལྷན་སྐྱེས་ཟག་མེད་ཀྱི་བདེ་བ་ཆེན་པོའི་རོ་ཡབ་ཡུམ་མཉམ་པར་མྱོང་བར་མཛད་ནས། བཅོམ་ལྡན་འདས་རྡོ་རྗེ་ཅན་གྱིས་རྣལ་འབྱོར་པ་རྣམས་ཀྱི་བཟའ་བ་དགོས་པ་ཁྱད་པར་ཅན་དང་ལྡན་པར་བསྟན་པ། ལྷ་ཚོགས་རྣམས་ཀྱི་འཁོར་


KMC011_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ལྟར་འཁོད་པས་སམ་དཔའ་བོ་དཔའ་མོ་འདུས་པའི་ཚོགས་ཀྱི་དཀྱིལ་འཁོར་སྙིང་པོ་ལེན་པའི་ངེས་ཚིག་ཅན་དུ་དམ་ཚིག་གི་བཟའ་བ་ནི་ཇི་ལྟར་ལོངས་སྤྱད་པའི་ཚུལ་ཉོན་ཅིགགང་གིས་མཉན་ཞེ་ན། ལྷ་མོ་བདག་མེད་མ། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པས་མིག་ཡངས་མ། ཞེས་བོས་པའོ། །སྐབས་འདིའི་སྐུའི་རྣམ་འགྱུར་གྱིས་ཚོགས་འཁོར་བྱེད་དུས་ཀྱི་སྤྱོད་པ་མཚོན་པའང་ཡིན་ནོ། །གཉིས་པ་ལ། ཚོགས་འཁོར་གྱི་དགོས་པ། གནས་དང་གདན་གྱི་ཁྱད་པར། གྲོགས་དང་དམ་རྫས་ཀྱི་ངེས་པའོ། །དང་པོ་ནི། གང་དུ་ཟོས་པས་འདོད་དོན་ཀུན། །སྒྲུབ་པ་ཅན་གྱི་དངོས་གྲུབ་འགྱུར། །ཅེས་གསུངས་ཏེ། རྒྱུད་འདིར་གསུངས་པ་ལྟ་བུའི་ཚོགས་ཀྱི་འཁོར་ལོ་གང་དུ་བྱས་ཤིང་དམ་རྫས་ཟོས་པ་ལས། གནས་སྐབས་སུ་འདོད་པའི་དོན་ཀུན་དང་སྒྲུབ་པ་པོ་ལམ་བསྒྲུབ་པ་ལ་གཞོལ་བ་ཅན་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་རོ། །གཉིས་པ་ནི། དུར་ཁྲོད་རི་ཡི་བྱ་སྐྱིབས་དང་། །དེ་བཞིན་མི་མེད་གྲོང་ཁྱེར་དང་། །ཡང་ན་དབེན་པའམ་རྒྱ་མཚོའི་མཐར། །བཟའ་བ་འདི་ནི་རབ་ཏུ་


KMC011_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

བཟའ། །དེ་ལ་གདན་དུ་བརྟག་པ་ནི། །རོ་ཡི་གཟུགས་ཅན་དགུ་དང་ནི། །ཡང་ན་སྟག་གི་པགས་པ་དང་། །དུར་ཁྲོད་རས་ནི་དེ་བཞིན་ནོ། །དབུས་སུ་ཀྱེ་ཡི་རྡོ་རྗེའི་གཟུགས། །ཇི་ལྟར་སྔར་བཞིན་གནས་ཤེས་ནས། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་ཡང་། །དེ་ནས་རྣལ་འབྱོར་མ་རྣམས་དགོད། །ཅེས་གསུངས་ཏེ། ཚོགས་ཀྱི་འཁོར་ལོ་བྱ་བའི་གནས་ནི། གོང་དུ་མི་རོ་བཞི་དོར་བའི་དུར་ཁྲོད་དང་། བྲག་རིའི་ཁོངས་ཀྱི་བྱ་སྐྱིབས་དང་། དེ་བཞིན་མི་མེད་པའི་གྲོང་ཁྱེར་སྟོང་པའམ། གྲོང་ཁྱེར་བྱུང་ཡང་ཕྱིས་འདྲེ་སྲིན་འབྱུང་པོས་བདག་ཏུ་བཟུང་ནས་ནགས་སུ་སོང་བ་དང་། ཡང་ན་མིའི་འགྲོ་བ་གསང་བའི་ཀུན་སྤྱོད་པ་ལ་མི་དད་པས་དབེན་པའམ། ཕྱིའི་རྒྱ་མཚོའི་མཐར་མ་ཟད་མཚོ་དང་ཆུ་བོ་དང་ཆུ་ཀླུང་གི་འགྲམ་དུའང་རུང་སྟེ། གནས་དེ་དག་གང་ཡིན་པར་དམ་ཚིག་གི་རྫས་ཀྱི་བཟའ་བ་འདི་ནི་རྣལ་འབྱོར་དང་ལྡན་པས་རབ་ཏུ་བཟའོ། །དེ་ལ་གནས་དེར་དཔའ་བོ་རྣལ་འབྱོར་མའི་གདན་དུ་རྒྱུད་ཀྱི་ངེས་པས་བརྟག་ཅིང་གསུངས་པ་ནི། མི་རོའི་དབྱིབས་སུ་གྲུབ་པའི་གཟུགས་ཅན་ཏེ་མིའི་གཡང་གཞིའམ་རོའི་གཟུགས་བྲིས་པའི་གདན་ལྷ་མོ་བརྒྱད་


KMC011_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོ་དང་དགུའི་སྟན་དང་ནི། ཡང་ན་གདན་ཐམས་ཅད་སྟག་གི་པགས་པ་དང་། དུར་ཁྲོད་དུ་རོ་དཀྲིས་པའི་རས་ཀྱི་སྟན་ནི་སྔ་མ་དབུས་དང་ཕྱོགས་མཚམས་དགུར་བཏིང་བ་དེ་བཞིན་དུ་གདིང་བ་ཡིན་ནོ། །དེ་རྣམས་སུ་ཇི་ལྟར་འཁོད་ཅེ་ན། དབུས་སུ་རྣལ་འབྱོར་པ་ཀྱེའི་རྡོ་རྗེ་རིགས་གང་རུང་བའི་གཟུགས་ཀྱི་ཆས་སུ་ཞུགས་པའམ་ང་རྒྱལ་འཆང་ཞིང་། གདན་ཕྱི་སྐོར་བརྒྱད་དུ་ཇི་ལྟར་སྔར་བསྟན་པ་བཞིན་ལྷ་མོ་བརྒྱད་གནས་སོ་སོར་འཁོད་པའི་སྐུར་བསྒོམ་ཚུལ་ཤེས་པར་བྱས་ནས། ཤར་ལ་སོགས་པའི་ཕྱོགས་བཞི་དང་། ཕྱོགས་གཅིག་ཏུ་བཟུང་བ་དང་བྲལ་བ་གཉིས་ཀྱི་མཚམས་ཀྱི་གདན་དག་ཏུ་ཡང་། དེ་ནས་གཽ་རཱི་ལ་སོགས་པའི་ཚུལ་གྱི་རྣལ་འབྱོར་མ་བརྒྱད་དང་། གཙོ་མོ་སློབ་དཔོན་གྱི་གཡོན་རྣམས་སུ་དགོད་དོ། །འདིའི་ངེས་དོན། གནས་རྣམས་ནི་ལུས་ཀྱི་རྩ་འཁོར་བཞི། རོ་སོགས་ཆོས་དབྱིངས་སྐྱེ་མེད། གདན་དགུའི་གྲངས་ནི་ཕུང་པོ་དང་ཁམས་བཞི། སྟག་ལྤགས་ཕྱི་དོན་གྱི་རྣམ་རྟོག་འཇོམས་པ། དུར་ཁྲོད་རས་མངོན་ཞེན་གཅོད་པ། ཧེ་རུ་ཀ་འཁོར་བཅས་ནི་ཐབས་ཤེས་རང་བཞིན་རྩ་རླུང་ཐིག་ལེར་གདོད་ནས་


KMC011_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་དོན་རྒྱ་འགྲེལ་རྣམས་སུ་བཤད་དོ། །གསུམ་པ་ནི། དམ་ཚིག་མཱ་ལ་ཏིནྡྷ་ནཾ། །སྟག་གི་པགས་པའི་སྟེང་དུ་བཟའ། །འབད་པས་རྒྱལ་པོ་སཱ་ལུ་ཡི། །བཟའ་བ་དེ་ཉིད་བཟའ་བ་ཉིད། །དེར་ནི་ཟོས་ནས་ཟོས་ནས་ཡང་། །དེར་ནི་མ་མོ་མཆོད་པར་བྱ། །སྲིང་མོའི་བུ་མོ་སྒྱུག་མོ་དང་། །གལ་ཏེ་མ་སྲིང་ཡིན་ན་ཡང་། །དེ་རྣམས་རྟག་ཏུ་ལེགས་མཆོད་ན། །ཚོགས་ཀྱི་དཀྱིལ་འཁོར་འགྲུབ་པར་འགྱུར། །སྐྱེས་པའི་ཐོད་ཆེན་ཆ་གཅིག་པར། །ཆང་ནི་བཟང་པོས་ཡོངས་བཀང་སྟེ། །བླ་མ་ལ་དབུལ་སྐལ་ཆེན་མ། །ཕྱག་འཚལ་ནས་ནི་རང་ཡང་བཏུང་། །པདྨའི་ལག་པས་བླང་བ་དང་། །དེ་ཉིད་ཀྱི་ནི་ལག་པས་དབུལ། །ཡང་ནས་ཡང་དུ་རབ་བཏུད་པ། །དེར་ནི་སྒྲུབ་པ་པོ་ཡིས་བྱ། །ཞེས་གསུངས་ཏེ། གསང་སྔགས་ཀྱི་མི་འདའ་བའི་དམ་ཚིག་གི་རྫས་མཱ་ལ་ཏིནྡྷ་ནཾ་ཚོད་མའི་བྱེ་བྲག་གིས་མཚོན་ནས་བཟའ་བཏུང་གི་ཁྱད་པར་རྣམས་ཀྱང་སྟག་གི་པགས་པའི་སྟེང་དུ་གནས་པའི་སྣོད་དུ་བཟའ་ཞིང་། བརྩོན་པ་དང་འབད་པས་བསྒྲུབས་པའི་ཤའི་རྒྱལ་པོ་སཱ་ལུར་བརྡའི་སྐད་ཀྱིས་གསུངས་པ་མིའི་ཤ་ཆེན་དང་སྐྱེ་བ་བདུན་པ་ལ་སོགས་པ་ཡི་བཟའ་བར་


KMC011_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

འོས་པ་དེ་ཉིད་གཙོ་བོར་གྱུར་པའི་ཁ་ཟས་ཀྱི་ཁྱད་པར་མང་པོ་བཟའ་བ་ཉིད་ཡིན་ལ། སྐབས་དེར་ནི་བཟའ་བཏུང་རྣམས་ཟོས་ཤིང་ལེགས་པར་ཟོས་ཟིན་པའི་རྗེས་ནས་སླར་ཡང་། གནས་དེར་ནི་མ་མོ་འགྲོ་བ་སྐྱེད་ཅིང་འཚོ་བ་སྟེ་རྣལ་འབྱོར་མ་རྣམས་མཆོད་པར་བྱ་སྟེ། དེའང་བླ་མ་ལ་རང་དང་དབང་མཉམ་དུ་ཐོབ་པའི་བུད་མེད་ནི་རང་གི་སྲིང་མོ་ཡིན་ལ། དེས་དབང་བསྐུར་བའི་བུད་མེད་ནི་སྲིང་མོའི་བུ་མོ་དང་། སློབ་དཔོན་གྱི་ཕྱག་རྒྱ་དེ་ནི་རང་གི་སྒྱུག་མོ་དང་། གལ་ཏེ་རང་གིས་གསང་དབང་ཐོབ་དུས་ཀྱི་བླ་མའི་ལས་རྒྱ་རང་གི་མ་དང་། གོང་གི་སྲིང་མོ་ལྟ་བུ་རྡོ་རྗེའི་སྤུན་དུ་གྱུར་པ་ཡིན་ན་ཡང་། དེ་རྣམས་སྙོམས་འཇུག་གིས་རྟག་ཏུའི་སྒྲ་ངེས་པར་གྱི་དོན་དུ་འགྱུར་བས་འདུ་ཤེས་གསུམ་ལྡན་མི་འཕོ་བའི་བརྟུལ་ཞུགས་ལ་གནས་ནས་ལེགས་པར་མཆོད་ན། དཔའ་བོ་དང་དཔའ་མོའི་ཚོགས་ཀྱི་ཞེས་པ་དང་། དགའ་བཞི་ལུགས་འབྱུང་ལྡོག་གི་སྙིང་པོ་ལེན་པར་བྱེད་པའི་དཀྱིལ་འཁོར་སྒྲ་དོན་མཐུན་པ་ལས། མཆོག་གི་དངོས་གྲུབ་འགྲུབ་པར་མྱུར་བའི་རྐྱེན་དུ་འགྱུར་ལ། དེའི་ཚེ་ན་བཏུང་བ་ཡང་། སྣོད་སྐྱེས་པའི་ཐོད་པ་ཆེན་པོ་ཆ་


KMC011_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཤས་ཏེ་དུམ་བུ་གཅིག་པར། བཅུད་ཆང་ནི་རོ་དང་ནུས་པ་ཁ་དོག་བཟང་པོས་ཡོངས་སུ་བཀང་སྟེ། ཚོགས་ཀྱི་གཙོ་བོར་གྱུར་པའི་བླ་མ་ལ་དབུལ་ཏེ། དེ་ཡང་དངོས་གྲུབ་ཀྱི་སྐལ་བ་ཆེན་པོ་ཅན་ལས་ཀྱི་ཕྱག་རྒྱས་སོ། །དེ་ལྟར་ཕུལ་ཟིན་ནས་ཕྱག་འཚལ་བ་སོགས་གུས་འདུད་དང་བཅས་ནས་ནི་དེ་ཉིད་ཕྱག་རྒྱ་རང་གི་ཡང་བཏུང་ངོ་། །ལེན་ཅིང་འདྲེན་པའི་དུས་སུ་བླ་མས་པདྨའི་ཕྱག་རྒྱ་བསྐོར་བའི་ལག་པས་བླང་བ་དང་། ཕྱག་རྒྱ་དེས་ཀྱང་ཚུལ་དེ་ཉིད་ཀྱི་ནི་ལག་པ་དང་ལྡན་པས་བཟའ་བཏུང་དབུལ་ཞིང་ཡང་ནས་ཡང་དུ་རབ་ཏུ་སྤྲོ་བས་བཏུད་པ་སྟེ་གུས་པས་འདུད་པར་བྱའོ། །གནས་སྐབས་དེར་ནི་ལམ་སྒྲུབ་པ་པོ་ཡིས་ཚུལ་དེ་ལྟར་དུ་བྱའོ་ཞེས་མཇུག་བསྡུ་བར་མཛད་དོ། །འདིར་བཟའ་བའི་ངེས་དོན་དཔལ་ནཱ་རོ་པས། མཁའ་འགྲོ་མ་རྡོ་རྗེ་མགུར་གྱི་ལུང་དང་སྦྱར་བར་མཛད་པའི་དོན། རྣལ་འབྱོར་ཅན་གྱིས་རྩ་རླུང་བྱང་ཆུབ་སེམས་ཀྱི་སྟོབས་རོ་མཉམ་པར་བྱེད་པའི་ཐབས་གཟུང་འཛིན་གྱི་རྟོག་པ་ཟད་པར་བྱེད་པ་ཡིན་ལ། སྣོད་དང་བཏུང་བའི་ངེས་དོན་ཀྱང་། སྐྱེས་པའི་ཐོད་ཆེན་རྫོགས་པའི་སངས་རྒྱས་ཀྱི་ཡེ་ཤེས། ཆ་གཅིག་པ་གཉིས་སུ་


KMC011_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པའི་རང་བཞིན། ཆང་བཟང་པོ་རྡོ་རྗེ་གསུམ་དབྱེར་མེད་པ། པདྨའི་ལག་པས་བླང་བ་ཡེ་ཤེས་ལྔ་ཀུན་རྫོབ་ཀྱི་བདེན་པའི་བདག་ཉིད། ཕྱག་འཚལ་བ་རིག་པའི་དོན། པདྨའི་ལག་པས་དབུལ་བ་དོན་དམ་པའི་ཡེ་ཤེས་ལྔ། མ་མོ་ཞེས་པ་མིག་རྣ་སྣ་ལྕེ་ལུས་དང་ཡིད་ཀྱི་ཆ། མ་སྲིང་སོགས་སྟོང་གཟུགས་ཕྱག་རྒྱ་ཆེན་མོ་དབང་པོ་ཐམས་ཅད་པའི་དོན་དུ་རྒྱ་འགྲེལ་རྣམས་ལས་བཤད་དོ། །གསུམ་པ་ལེའུའི་མཚན་བསྟན་པ་ནི། ཀྱེའི་རྡོ་རྗེ་ལས་བཟའ་བའི་ལེའུ་སྟེ་བདུན་པའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེ་སོགས་ཏེ་རྒྱུད་གསུམ་གྱི་བདག་ཉིད་ཅན་ཀྱེའི་རྡོ་རྗེ་ལས། གླེགས་བམ་སྔགས་ཀྱི་དེ་ཁོ་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་། དམ་ཚིག་གི་རྫས་ཀྱི་བཟའ་བ་དང་འབྲེལ་བའི་ཚོགས་ཀྱི་འཁོར་ལོ། པ་ཊ་ལཾ་སྦས་པ་དེ་ལེན་ཅིང་འཛིན་པའི་ཕྱིར་ལེའུ་སྟེ་བདུན་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།བརྒྱད་པ་གདུལ་དཀའ་འདུལ་བའི་ལེའུ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། ལེའུ་བདུན་པར་ཚོགས་འཁོར་དང་མ་མོ་མཆོད་པ་གསུངས་ཀྱང་ཕྱག་རྒྱའི་མཚན་ཉིད་མ་གསུངས་པས་དེ་བསྟན་པ་དང་། གཞན་ཡང་མ་ཚང་བའི་ཁ་སྐོང་གཉིས་སྟོན་པའི་


KMC011_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་བདུན་པའི་དེ་མ་ཐག་ཏུ་ལེའུ་འདི་འཆད་པར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། ཕྱག་རྒྱའི་མཚན་ཉིད་རྫོགས་རིམ་དང་། སྨོན་ལམ་ལམ་མཐའ་དག་གདུལ་དཀའ་འདུལ་ཐབས་སྨིན་བྱེད་དང་འབྲེལ་བའོ། །ལེའུ་འདིས་བསྐྱེད་རྫོགས་ཀྱི་ཡན་ལག་ཕྱག་རྒྱ་པདྨ་ཅན་གྱི་མཚན་ཉིད་གསལ་བར་སྟོན་ཞིང་ལེའུ་ལྔ་པར་པདྨ་ཅན་མ་གསུངས་པས་ལེའུ་དེའི་ཁ་སྐོང་བ་དང་། ཐུན་མཚམས་ཀྱི་སྨོན་ལམ་ནི་དམ་ཚིག་གི་ཁོངས་སུ་འདུ་བའི་ཕྱིར་ལེའུ་ཐམས་ཅད་ཀྱི་ཐུན་མོང་དུ་ཁ་སྐོང་ལ། འདིར་ཐེག་པའི་རིམ་འཇུག་གསུངས་པས་ལམ་རིམ་གྱིས་སྦྱོང་བ་དབང་གི་སྔོན་འགྲོ་ཡིན་པའི་ཕྱིར་ལེའུ་བཅུ་པའི་ཐོག་མར་ཁ་བསྐང་བར་བྱ་བའོ། །འདི་ལ་གསུམ། ཞུ་བའི་ཚིག་གིས་མཚམས་སྦྱོར་བ། ལེའུའི་གཞུང་བཤད་པ་དངོས། ལེའུའི་མཚན་ནོ། །དང་པོ་ནི། དེ་ནས་རྣལ་འབྱོར་མས་ཞུས་པ། །ཕྱག་རྒྱ་ཆེན་པོ་ཇི་ལྟ་བུ། །ཀུན་རྫོབ་རྣམ་པའི་གཟུགས་ཀྱིས་ནི། །བདེ་བ་སྦྱིན་པས་བཤད་དུ་གསོལ། །ཅེས་གསུངས་ཏེ། བཟའ་བ་བཤད་ཟིན་པ་དེ་ནས། བཅོམ་ལྡན་འདས་ལ་རྣལ་འབྱོར་མ་བདག་མེད་མས་ཞུས་པ། ཕྱག་རྒྱས་དངོས་གྲུབ་སྒྲུབ་པ་ལན་


KMC011_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

མང་དུ་གསུངས་ན། གང་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་འགྲུབ་པར་འགྱུར་བའི་བུད་མེད་དེ་ཇི་ལྟ་བུ་ལགས། དོན་དམ་མཚོན་བྱེད་ལས་འདས་ཀྱང་ཀུན་རྫོབ་ཏུ་ཧེ་རུ་ཀའི་རྣམ་པའི་གཟུགས་ཀྱིས་ནི་ལྷན་སྐྱེས་ཀྱི་བདེ་བ་རབ་ཏུ་སྦྱིན་པར་མཛད་པས་གདུལ་བྱ་རྣམས་ཀྱི་དོན་དུ་བཤད་དུ་གསོལ། ཞེས་པའོ། །གཉིས་པ་ལ་གསུམ། ཕྱག་རྒྱ་པདྨ་ཅན་གྱི་མཚན་ཉིད། སྨོན་ལམ་ཇི་ལྟར་གདབ་པ། གདུལ་དཀའ་འདུལ་བའི་རིམ་པའོ། །དང་པོ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རིང་མིན་ཐུང་བ་མིན། །གནག་པ་མ་ཡིན་དཀར་བ་མིན། །པདྨའི་འདབ་མའི་རྣམ་པ་འདྲ། །དེ་ཡི་དབུགས་ནི་དྲི་ཞིམ་ལྡན། །རྡུལ་ཀྱང་དྲི་ཞིམ་ལྡན་གྱུར་ཏེ། །རི་དྭགས་ལྟེ་བའི་དྲི་དང་མཚུངས། །པདྨ་ལ་ཡང་དབང་མཆོག་དྲི། །སྐད་ཅིག་པདྨ་ལྟ་བུ་འབྱུང་། །དེ་ཡི་ག་བུར་སིཧླ་དག །མཁས་པས་དྲི་བཟང་མཚོན་པར་བྱ། །ཨུཏྤ་ལ་ཡི་དྲི་འགྱུར་ཞིང་། །ཨ་ཀ་རུ་ནི་ནག་པོ་མཚུངས། །དལ་ཞིང་མི་གཡོ་བ་ཉིད་དང་། །སྙན་པར་སྨྲ་ཞིང་ཡིད་འོང་མ། །སྐྲ་བཟང་དབུས་སུ་གཉེར་མ་གསུམ། །ཕལ་པས་པདྨ་ཅན་དུ་བརྗོད། །ལྷན་ཅིག་སྐྱེས་


KMC011_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་ཅན་མ། །དེ་རྙེད་ན་ནི་དངོས་གྲུབ་འགྱུར། །ཅེས་གསུངས་ཏེ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་པའི་རྫོགས་རིམ་གྱི་སྐབས་སུ་ཕྱག་རྒྱ་རིགས་ལྔ་གསུངས་པ་རྣམས་ཀྱི་གཙོ་བོར་གྱུར་པ་པདྨ་ཅན་གྱི་མཚན་ཉིད་ནི། བདག་མེད་མས་ཞུས་པའི་ལན་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུའི་ཕྱག་རྒྱ་དེ་ནི་ལུས་ཀྱི་བོངས་ཤིན་ཏུ་རིང་བ་མིན་ཞིང་ཧ་ཅང་ཐུང་བའང་མ་ཡིན་པ། མདོག་ཀྱང་གནག་པ་མ་ཡིན་ཞིང་དཀར་བའང་མ་ཡིན་པར་སྔོ་བསངས་མ། མིག་པདྨའི་འདབ་མའི་རྣམ་པ་འདྲ་བ་སྟེ། ཨུཏྤལ་སྔོན་པོའི་འདབ་མ་ལྟར་དཀྱུས་རིང་ཞིང་སྔོ་བ། ཡང་ན་པད་འདབ་བཞིན་དུ་གཞོན་ཤ་ཆགས་ཤིང་ལང་ཚོ་རྒྱས་པ། དེའི་ཁའི་དབུགས་ནི་དྲི་ཞིམ་པོ་དང་ལྡན་ཞིང་ལུས་ཀྱི་རྡུལ་ཀྱང་དྲི་ཞིམ་པ་དང་ལྡན་པར་འགྱུར་ཏེ། དཔེར་ན། རི་དྭགས་གླ་བའི་ལྟེ་བའི་དྲི་དང་ཕྱོགས་མཚུངས་པ་ཅན། དེའི་པདྨ་བྷ་ག་ལའང་དབང་མཆོག་སྟེ་ཙནྡན་ས་མཆོག་གི་དྲི་འདྲ་བ་དང་། ཕྱི་རོལ་དུའང་སྐད་ཅིག་ཙམ་རེར་པདྨ་དཀར་པོའི་དྲི་བསུང་ལྟ་བུ་ཡིད་དུ་འོང་བ་རེས་འགའ་འབྱུང་ཞིང་། དེའི་ག་བུར་ཏེ་དཀར་ཆ་དང་སིཧླ་སྟེ་དམར་ཆ་རྡུལ་དག་ཀྱང་དྲི་ང་བ་


KMC011_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

མེད་ཅིང་ཤིན་ཏུ་དྲི་ཞིམ་པ། མཚན་བརྟག་པ་ལ་མཁས་པས་དྲི་བཟང་གི་རིགས་སོ་སོ་དང་ཆ་མཐུན་པ་ལས་མཚོན་པར་བྱ་སྟེ། དེ་ཡང་མེ་ཏོག་ཨུཏྤལ་ལའི་དྲིར་སྣང་བར་འགྱུར་ཞིང་། ཨ་ཀ་རུ་ནི་ནག་པོ་བསྲེགས་པའི་དྲི་དང་མཚུངས་པ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་འབྱུང་བས་བཅུད་ཀྱིས་ལེན་གྱི་རྫས་ཆེན་པོར་འགྱུར་བའོ། །འདི་ནི་སྤྱོད་ལམ་ཡང་དལ་ཞིང་ཡིད་བརྟན་པས་སྐྱོན་གྱིས་མི་གཡོ་བ་ཉིད་དང་། སྐད་ཀྱི་གདངས་ཀྱང་སྙན་ལ་ངག་འཇམ་པོར་སྨྲ་ཞིང་ཡིད་དུ་འོང་མ། སྐྲ་འཇམ་ཞིང་མཉེན་ལ་དྲི་ཞིམ་པོ་ཅུང་ཟད་ལི་བའི་རྣམ་པས་བཟང་བ། དཔྲལ་བའམ་སྐྱེ་གནས་ཀྱི་དབུས་སུ་གཉེར་མ་ལྟ་བུའི་རི་མོ་གསུམ་དང་ལྡན་པ་འདི་ནི་སྐྱེ་བོ་ཕལ་པས་སམ་འདོད་པའི་བསྟན་བཅོས་ལས་བུད་མེད་མཆོག་པདྨ་ཅན་དུ་བརྗོད་དོ། །དེས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེད་པར་བྱེད་པས་དེའི་གཟུགས་སམ་རང་བཞིན་ཅན་མ་ཞེས་བྱ་ལ་དེ་ལྟ་བུ་རྙེད་ན་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་རྒྱུར་འགྱུར་ཏེ། ནཱ་རོའི་འགྲེལ་ཆེན་ལས། ལྷ་མོ་འདི་ཉིད་གཅིག་པུ་ཉིད། །མཐའ་ཡས་ཡོན་ཏན་སྟེར་བའོ། །དེ་ནི་བྷ་ག་བཟང་མོར་ཤེས། །སྒྲུབ་པ་


KMC011_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཡི་མཆོག་སྟེར་རབ། །ཅེས་གསུངས་སོ། །འདི་ལས་གཞན་པ་རྣམས་ནི། ཡ་མི་ནཱི་དང་སྐྲག་བྱེད་མ། །ནགས་ཚལ་མ་དང་དེ་བཞིན་འཇིགས། །གཟུགས་ཀུན་སྤྱོད་མ་མཛེས་མ་དང་། །བྷ་སུ་མཁའ་འགྲོ་མ་རྣམས་བདུན། །ཞེས་བྱ་བ་ལ་སོགས་པ་བདེ་མཆོག་བསྡུས་པ་ལས་གསུངས་པ་བཞིན་དུ། འདི་དག་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྒྲུབ་པར་བྱེད་པ་རྣམས་ཡིན་ནོ། །འདིའི་ངེས་དོན། ཁ་སྦྱོར་དྲི་མེད་ལས། པདྨའི་མདོག་སྔོ་བསངས་སྒྲོལ་མའི་རང་བཞིན་དབུགས་ནཱ་དའི་ཕྲེང་བ། དྲི་བཟང་ཡེ་ཤེས་གཉིས་དབྱེར་མེད། རྡུལ་རིན་ཆེན་དབང་པོ། པདྨ་མཉམ་པར་སྦྱོར་བའི་སྐད་ཅིག་གི་དྲི་འོད་དཔག་མེད་དག་པ། དབྱིབས་དང་ཁ་དོག་སྤྲུལ་སྐུ། དབུགས་ཀྱི་དྲི་ལོངས་སྐུ། རི་དྭགས་ལྟེ་བའི་དྲི་ཆོས་སྐུ། དེ་བཞིན་དུ། མི་གཡོ་མ་དང་། སྙན་པར་སྨྲ་བ་དང་། ཡིད་འོང་སྐུ་གསུམ་དང་། སྐྲ་བཟང་ངོ་བོ་ཉིད་སྐུ། གཉེར་མ་གསུམ་དེ་རྣམས་དབྱེར་མེད་ཅེས་སོགས་བཤད་པ་བཞིན་ནོ། །གཉིས་པ་སྨོན་ལམ་གདབ་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་རྣལ་འབྱོར་མ་བདག་མེད་མས་གསོལ་བ། བཅོམ་ལྡན་འདས་སྨོན་


KMC011_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཇི་ལྟར་གདབ་པར་བགྱི། ཞེས་འབྱུང་སྟེ། ཕྱག་རྒྱ་མོ་བསྟན་པའི་དེ་མ་ཐག་པ་དེ་ནས། རྣལ་འབྱོར་མ་བདག་མེད་མས་སླར་ཡང་གསོལ་བ། བཅོམ་ལྡན་འདས་ཞེས་མཁྱེན་པར་གསོལ་ནས། བསྐྱེད་རྫོགས་ཀྱི་རིམ་པ་བསྒོམ་པའི་ཐུན་ལས་ལྡང་བའི་དུས་སུ། སྒྲུབ་པ་པོའི་འདོད་པའི་དངོས་གྲུབ་ཀྱི་སྨོན་ལམ་ཚུལ་ཇི་ལྟར་གདབ་པར་བགྱི། ཞེས་ཞུས་པའོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་སུ་སྐྱེ་དང་དམ་ཚིག་ཅན། །སྨྱོ་མེད་ཀྱེ་ཡི་རྡོ་རྗེ་བསྟེན། །བླ་མ་ལ་གུས་སྙིང་རྗེ་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་པས་རྡོ་རྗེ་དྲིལ་བུ་འཁྲོལ། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་མོའི་ཁུ་བ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་དེང་ནས་བཟུང་སྟེ་སྐྱེ་བ་ཀུན་ཏུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ལུགས་ལ་དད་ཅིང་ཁྱད་པར་རྡོ་རྗེ་ཐེག་པ་བླ་ན་མེད་པ་ལ་འཇུག་པའི་རིགས་སུ་སྐྱེ་བ་དང་། དེ་ལ་ཞུགས་ནས་ཀྱང་མི་འདའ་བར་བསྲུང་བའི་དམ་ཚིག་རྩ་བ་དང་ཡན་ལག་མཐའ་དག་ཉམས་པ་མེད་པར་རྒྱུད་ལ་


KMC011_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ་ཅན་དུ་འགྱུར་བ་དང་། སྨྱོ་བ་ནི་སྒོ་གསུམ་གྱི་སྤྱོད་པ་མ་བསྡམས་པར་གྱ་ཚོམས་སུ་བྱེད་པ་དང་། རིགས་རུས་ང་རྒྱལ་གྱིས་ཁེངས་པས་སེམས་རྣལ་དུ་མི་གནས་པ་སྟེ་དེ་དག་རྒྱུད་ལ་མེད་པ་དང་། བདེན་གཉིས་ཟུང་འབྲེལ་ལམ་གྱི་རྒྱུད་ཀྱེ་རྡོ་རྗེ་དང་དེ་སྟོན་པའི་བླ་མ་གདམས་ངག་གི་བཀའ་མ་ཉམས་པ་དང་འཕྲད་ཅིང་དེ་ལ་མཆོག་ཏུ་གུས་པ་དང་། སེམས་ཅན་ལ་སྙིང་རྗེ་རྣམ་པ་གསུམ་རྩོལ་མེད་ཅན་དུ་སྲིད་པར་སྐྱེ་ཞིང་སླར་ཡང་སྐྱེ་བར་འགྱུར་བ་རྣམས་སུ་དེ་ལྟར་འགྱུར་བར་ཤོག་ཅིག །དེ་ཁོ་ན་ཉིད་ཤེས་པའི་ལག་པས་རྡོ་རྗེ་ནི་བྱང་ཆུབ་ཀྱི་སེམས་ཀྱི་བརྡ་དང་དྲིལ་བུ་འཁྲོལ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲ་སྒྲོག་པའི་བརྡ་དང་། དེ་དག་མཚོན་པའི་རྟགས་ཀྱི་རྡོར་དྲིལ་ཡང་འཆང་བ་དང་ཟབ་མོའི་ཆོས་ནི་ཀྱེ་རྡོ་རྗེའི་རྒྱུད་དེ། དེ་ཀློག་པ་དང་ཉན་པ་དང་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་གཞན་ལ་འཆད་པར་ཤོག་ཅིག་ཅེས་པའོ། །བཙུན་མོ་ལ་གཉིས་ལས། དོན་དམ་པའི་བཙུན་མོ་ནི་སྟོང་པ་ཉིད་དོ། །དེའི་ཁུ་བ་ནི་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེ་ལྟར་སྟོང་ཉིད་ཀྱི་བདུད་རྩི་ལ་རང་གཞན་ཐམས་ཅད་


KMC011_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པར་ཟས་སུ་ཟ་ཞིང་ལོངས་སྤྱོད་པ་ཅན་དུ་སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག་ཅིག་ཅེས་པའོ། །ཀུན་རྫོབ་ལ་ཡང་གཉིས་ལས། གཞན་ལུས་ཀྱི་བཙུན་མོ་ནི་སྔགས་སྐྱེས་མ་ལ་སོགས་པ་སྟེ། དེའི་ཁུ་བ་ནི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དཀར་དམར་རོ། །མཉམ་ཟས་ཅན་ནི་རླུང་གི་སྟོབས་ཀྱིས་དྭངས་མ་དེ་འདྲེན་ཅིང་ལེན་པར་ཤོག་ཅིག་ཅེས་པའོ། །རང་ལུས་ཐབས་ལྡན་གྱི་བཙུན་མོ་ནི་འཁོར་ལོ་བཞིའི་རྩ་སུམ་ཅུ་རྩ་གཉིས་སམ་ཨ་ཝ་དྷུ་ཏིའོ། །ཁུ་བ་ནི་དེ་ལས་འཛག་པའི་ཉམས་སུ་མྱོང་བའི་བདེ་བའོ། །མཉམ་ཟས་ཅན་ནི་དེ་ལ་རྟག་ཏུ་ལོངས་སྤྱོད་པར་ཤོག་ཅིག་ཅེས་པའོ། །རྡོ་རྗེ་དྲིལ་བུ་བུམ་དབང་སློབ་དཔོན་དུ་གྱུར་པ་དང་། ཆོས་ཀློག་པ་གསང་དབང་ངག་ལ་བསྐུར་བ་དང་། ཤུ་ཀྲ་མཉམ་པའམ་ལེན་པ་ཤེས་རབ་ཡེ་ཤེས་ཀྱི་རྟོགས་པ་སྐྱེ་བ་དང་འབྲེལ་བར། བདག་གི་བླ་མས་གསུངས་པ་ཤིན་ཏུ་ལེགས་སོ། །དེས་ན་སྨོན་ལམ་དྲང་ངེས་སྤེལ་ཏེ་བཤད་དོ། །ཞེས་སྤྱན་སྔས་གསུངས་སོ། །གསུམ་པ་གདུལ་དཀའ་འདུལ་བའི་རིམ་པ་ལ་གཉིས། ཞུས་པ་དང་། ལན་ནོ། །དང་པོ་ནི། དེ་ནས་ལྷ་མོ་དེ་མཉེས་ནས། །ཚིག་ནི་འདི་ཉིད་


KMC011_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ཞུས་པ། །སྐལ་མེད་སེམས་ཅན་གདུལ་དཀའ་བ། །གང་གིས་འདུལ་བར་འགྱུར་བ་ལགས། །དེ་ལྟར་རང་གཞན་གྱི་དོན་གྲུབ་པའི་སྨོན་ལམ་མཛད་པ་དེ་ནས་ལྷ་མོ་བདག་མེད་མ་དེ་མཉེས་པར་གྱུར་ནས་བཅོམ་ལྡན་འདས་ལ་ཞུ་བའི་ཚིག་ནི་འདི་ཉིད་སླར་ཡང་ཞུས་པའོ། །གང་ཞུས་ན་ཀྱེ་རྡོ་རྗེའི་ལམ་འདིར་ཐོག་མ་ཉིད་ནས་འཇུག་པའི་སྐལ་བ་མེད་པའི་སེམས་ཅན་གདུལ་བར་དཀའ་བ་རྣམས་ཐབས་གང་དང་ལམ་གང་གི་རིམ་པས་འདུལ་བར་འགྱུར་བ་ལགས་ཞེས་སོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །སློབ་མས་གུས་པས་བླངས་ན་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་ཏེ། དེའི་ལན་བཅོམ་ལྡན་འདས་ཀྱིས་བདག་མེད་མ་ལ་བཀའ་སྩལ་པ། ཐེག་པའི་རིམ་པ་རྣམས་ལ་གོ་རིམ་བཞིན་དུ་འཇུག་དགོས་


KMC011_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གདུལ་བྱ་སྐལ་དམན་དེ་ལ་དང་པོར་འཁོར་བ་ལས་བློ་ལྡོག་ཅིང་མྱ་ངན་ལས་འདས་པ་ལ་འདུན་པར་བྱ་བའི་ཐབས་སུ་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་སོགས་བསྟན་པས་བློ་བཅོས་ནས་ཐོག་མར་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་སྦྱིན་པར་བྱའོ། །དེ་ཚུལ་བཞིན་དུ་བསྒྲུབ་ནུས་པ་ན་དེའི་རྗེས་སུ་བསླབ་པའི་གནས་བཅུ་པོ་ཉིད་དང་ལྡན་པའི་དགེ་ཚུལ་ལམ། ཡང་ན་དགེ་བསྙེན་སོགས་མི་དགེ་བཅུ་སྤོང་གི་བསླབ་པའི་གནས་བཅུ་ཅི་རིགས་པ་རིམ་གྱིས་སྦྱིན་པར་བྱའོ། །དེ་ལྟར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་སོ་སོ་ཐར་པ་དང་ལྡན་པར་བྱས་པ་དེ་ལ་ལྟ་བ་བསྟན་པ་ནི། ཐེག་དམན་གྱི་གྲུབ་མཐའ་དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བའི་ལུང་རིགས་ཀྱི་སྒོ་ནས་ཐོགས་བཅས་རྡུལ་ཕྲན་ཆ་མེད་དེ་བསགས་པ་སོགས་ཀྱིས་ཤེས་བྱ་གཞི་ལྔ་པོ་གཏན་ལ་འབེབས་པའི་ཐོས་སོགས་གསུམ་ལ་སྦྱོར་བ་བསྟན་པར་བྱའོ། །དེ་ནས་མདོ་སྡེ་ཉིད་སྒྲ་ཇི་བཞིན་པར་ཁས་ལེན་པའི་གྲུབ་མཐའ་གཟུང་བ་རྡུལ་ཕྲན་དང་འཛིན་པ་སྐད་ཅིག་ཆ་བཅས་ཆ་མེད་ལ་སློབ་པའི་ཚུལ་ཡང་སྔ་མ་དེ་བཞིན་ནོ་སྟེ། སྔ་མ་དང་སློབ་པའི་


KMC011_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་མཚུངས་པར་བསྟན་ཏོ། །དེའི་འོག་ཏུ་དེ་ནས་རྣལ་འབྱོར་སྤྱོད་པ་ནི་སེམས་ཙམ་པ་སྟེ། ཆོས་ཐམས་ཅད་སེམས་ཙམ་ལ་སོགས་པ་བསྟན་པར་བྱ་བ་ཉིད་དོ། །དེའི་རྗེས་སུ་དབུ་མ་ནི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བས་ན་དེ་དག་བསྟན་པར་བྱའོ། །དེ་ལྟར་ཕ་རོལ་ཏུ་ཕྱིན་པའི་ཕྱོགས་ལ་བརྟེན་པའི་ཐེག་པ་མཐའ་དག་ཁོང་དུ་ཆུད་པར་གྱུར་ནས། བྱ་བ་དང་སྤྱོད་པ་དང་རྣལ་འབྱོར་དང་བླ་མེད་དེ་གསང་སྔགས་སྤྱིའི་ལམ་གྱི་རིམ་པ་དང་རྣམ་བཞག་ཀུན་ཤེས་པར་བྱས་ནས། དེ་ཐམས་ཅད་ཀྱི་རྗེས་སུ་ཀྱེ་རྡོ་རྗེ་སྟོང་པ་དང་སྙིང་རྗེ་ཟུང་དུ་འཇུག་པའི་ཐབས་རྒྱུད་འདི་ཉིད་བསྟན་པར་བྱའོ། །དེ་ལྟ་བུའི་རིམ་པ་ཇི་ལྟ་བ་བཞིན་དུ་སློབ་མས་གུས་པས་བླངས་ནས་ཕྱིན་ཅི་མ་ལོག་པར་བསླབས་པ་ལས་ནི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་མྱུར་དུ་འགྲུབ་པར་འགྱུར་བ་འདི་ལ་ནི་ཐེ་ཚོམ་མེད་དོ་ཞེས་སོ། །འདིའི་དོན་རྒྱས་པ་རྗེ་བཙུན་ས་སྐྱ་པས་མངོན་རྟོགས་ལྗོན་ཤིང་གིས་འཆད་ལ། ནཱ་རོ་པ་དང་མར་རྔོག་རྣམས་ངོ་སྐལ་ཙམ་ལས་རྒྱས་པ་མི་གསུངས་པར་གྲགའོན་ཀྱང་འདི་དོན་ཅུང་ཟད་རྒྱས་པ་ནི་སྤྱི་དོན་དུ་འབྱུང་ངོ་། །གསུམ་པ་ལེའུའི་མཚན་ནི།


KMC011_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེའི་རྡོ་རྗེ་ལས་འདུལ་བའི་ལེའུ་སྟེ་བརྒྱད་པའོ།། །། ཞེས་གསུངས་ཏེ། ཀྱེའི་རྡོ་རྗེ་སོགས་ཏེ་ཟུང་དུ་འཇུག་པའི་ཀྱེའི་རྡོ་རྗེའི་རྒྱུད་གསུམ་སྟོན་པ་ལས། འདུལ་བ་ཞེས་པ་བརྗོད་བྱའི་གཙོ་བོ་ཡིན་པས་སྨོས་ཏེ། བློ་དམན་གདུལ་དཀའ་བ་འདུལ་བའི་ཐབས་དང་། དེའི་ཡན་ལག་ཕྱག་རྒྱ་ཆེན་པོ་དང་སྨོན་ལམ་བསྟན་པའི་ལེའུ་སྟེ། བརྒྱད་པའི་ཚིག་དོན་གྱི་རྣམ་པར་བཤད་པའོ།། །།དགུ་པ་སྔགས་བཏུ་བའི་ལེའུ་འབྱུང་སྟེ། དེ་ལ་ལེའུའི་འབྲེལ་ནི། ལེའུ་བརྒྱད་པར་གདུལ་དཀའ་བ་རྣམས་རིམ་གྱིས་བསླབ་པའི་རིམ་པས་འདུལ་བར་གསུངས་ཀྱང་། མངོན་སྤྱོད་ཀྱིས་འདུལ་བ་མ་གསུངས་པས། དེའི་དེ་མ་ཐག་ཏུ་ཁ་སྦྱོར་དབྱེ་བས་འདུལ་བ་སོགས་སྟོན་པའི་ལེའུ་འདི་གསུང་བར་འབྲེལ་ལོ། །ལེའུའི་མངོན་རྟོགས་ནི། མངོན་སྤྱོད་རྣམ་དག་སྔགས་བཏུ་རྣམས་བསྟན་པས་གཙོ་བོར་བསྐྱེད་རིམ་དང་འབྲེལ་ལོ། །འདིའང་སྔ་མའི་བདུན་པ་བརྡའི་ལེའུར་གདུག་པ་ཅན་གཞུག་པར་གསུངས་པ་ལ། བསྒྲལ་བའི་ཡུལ་དང་སྒྲོལ་བའི་ཆོ་ག་མ་གསུངས་པས། དེ་དག་ཁ་སྐོང་བའི་ཕྱིར་ཁ་སྦྱོར་དབྱེ་བ་དང་། དགུ་པར་ཕྱག་བཅུ་དྲུག་པའི་སྤྱན་ལ་སོགས་པའི་དག་པ་རྒྱས་


KMC011_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

པར་མ་གསུངས་པས། དེའི་ཁ་སྐོང་བའི་ཕྱིར་དེའི་རྣམ་པར་དག་པ་དང་། སྔགས་ཀྱི་ལེའུར་སྔགས་བཏུ་བ་མ་གསུངས་པས་གསང་སྔགས་དག་པར་བྱེད་པའི་ཕྱིར་སྔགས་བཏུ་བ་ཁ་སྐོང་བ་རྣམས་གསུངས་ཏེ། འདི་ལ་གཉིས། ལེའུའི་གཞུང་དང་། ལེའུའི་མཚན་ནོ། །དང་པོ་ལ་གསུམ། ཁ་སྦྱོར་དབྱེ་བ། རྣམ་དགསྔགས་བཏུ་བའོ། །དང་པོ་ལ་གཉིས། དམ་བཅའ་བ་དང་། བཤད་པ་དངོས་སོ། །དང་པོ་ནི། དེ་ནས་ཁ་སྦྱོར་འབྱེད་པ་ཡི། །མཚན་ཉིད་ཡང་དག་རབ་ཏུ་བཤད། །གང་གིས་རྣམ་པར་ཤེས་ཙམ་གྱིས། །སྒྲུབ་པོས་དངོས་གྲུབ་ཐོབ་འགྱུར་བ། །ཞེས་གསུངས་ཏེ། དེ་ལྟར་གདུལ་དཀའ་བ་བསླབ་པས་འདུལ་བར་གསུངས་པའི་དེ་མ་ཐག་པ་ནས་ཞི་བས་འདུལ་དུ་མ་འཚལ་བ་རྣམས་དྲག་པོས་འདུལ་བའི་ཕྱིར་དུ་ཕྱི་རོལ་དུ་ལུས་དང་སེམས་ལྷན་ཅིག་འདུས་ནས་ཁ་སྦྱོར་བ་ལྟར་སྣང་བ་སོ་སོར་དབྱེ་བའམ། ནང་དུ་སེམས་དང་ཉོན་མོངས་ཀྱི་ཁ་སྦྱོར་འབྱེད་པའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཡང་དག་རབ་ཏུ་བཤད་པར་བྱ་སྟེ། རྣལ་འབྱོར་པ་གང་གིས་ཡུལ་གང་ལ་གང་བྱ་བའི་ལས་འདི་རྣམ་པར་སྟེ་རྒྱས་པར་ཤེས་པ་ཙམ་གྱིས་སྒྲུབ་པ་


KMC011_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

པོས་མངོན་སྤྱོད་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་བ་ཡིན་ནོ། །གཉིས་པ་ལ་གསུམ། ཏིང་ངེ་འཛིན་གྱི་ཁ་སྦྱོར་དབྱེ་བ། བསྒྲལ་བའི་ཡུལ་དང་སྒྲོལ་ཐབས། ཆེ་བ་བརྗོད་པའོ། །དང་པོ་ནི། བསྒྲུབ་བྱའི་ལྟེ་བའི་རྩ་བ་ལ། །བརྟུལ་ཞུགས་ཅན་གྱི་ལག་པས་གདོན། །ཧེ་རུ་ཀ་མཉམ་རྣལ་འབྱོར་གྱིས། །ནང་གི་མ་རུང་སེམས་ཀྱིས་ནི། །འདི་ནི་བསྒོམས་པ་ཙམ་གྱིས་ནི། །སངས་རྒྱས་ཀྱང་ནི་ངེས་པར་འཇིག །ཅེས་གསུངས་ཏེ། ཐབས་ལུས་དང་ཤེས་རབ་རྣམ་ཤེས་ཏེ་དེ་དག་འདུས་པ་ཁ་སྦྱར་ལ། འབྱེད་པ་ལུས་ལས་རྣམ་ཤེས་འབྱེད་པ་སྟེ། ཇི་ལྟར་འབྱེད་སྙམ་ན། རང་ཧེ་རུ་ཀར་གསལ་བའི་མདུན་དུ། བསྒྲུབ་བྱའི་གཟུགས་འོག་ནས་སྟོན་པ་ལྟ་བུ་འདར་ཞིང་སྐྲ་བཤིག་པ་དམིགས་པའི་ལྟེ་བའི་རྩ་བ་ལ། གདུག་པ་དེ་ཚར་བཅད་ཅིང་རྗེས་སུ་འཛིན་པའི་བསམ་སྦྱོར་དང་ལྡན་པའི་བརྟུལ་བཞུགས་ཅན་གྱིས་སྤྲུལ་པའི་ལས་བྱེད་སྤྲོས་པའི་ལག་པས་ལྟོ་བ་བྲལ་ཏེ། ལུས་ལས་གཞན་དུ་རྣམ་པར་ཤེས་པའི་རྟེན་དོན་སྙིང་ལ་སོགས་པ་ཕྱིར་གདོན་ཅིང་དབྱུང་ངོ་། །དབྱུང་བའི་ཚུལ་ཡང་། ཐོག་མར་རང་ཧེ་རུ་ཀ་དང་མཉམ་ཞིང་ཐ་མི་དད་


KMC011_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྣལ་འབྱོར་གྱིས། ནང་གི་མ་རུངས་པའི་སེམས་ཏེ་གདུག་ཅན་དེའི་སྲོག་བཅད་ཅིང་གནས་སྤོར་བའི་ཡིད་ཀྱིས་ནི། ལས་ལ་སྦྱར་བ་འདི་ནི་བསྒོམ་པ་ཙམ་གྱིས་ནི། བསྒྲུབ་བྱ་སངས་རྒྱས་ལྟ་བུ་ཡིན་ཀྱང་ངེས་པར་འཇིག་པར་འགྱུར་ན་གཞན་ལྟ་ཅི་སྨོས་ཞེས་པའམ་རྣམ་ཤེས་རང་གི་ངོ་བོ་གདོད་མའི་སངས་རྒྱས་ཀྱང་ནི་ངེས་པར་ཏེ་ཡང་དག་པར་ལུས་སེམས་ཚོགས་པ་གྱེས་པ་འཇིག་པའི་དོན་ཏོ། །འདིའི་ཚུལ་ཞིབ་པར་དེ་ཁོ་ན་ཉིད་བཅུ་པ་དང་། ནག་པོ་པས་ཀྱང་ཅུང་ཟད་བཤད་དོ། །གཉིས་པ་ནི། བསྟན་ལ་གནོད་པ་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་ནི། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་བསད་པར་བྱ་བ་ཉིད། །ཇི་ལྟར་ཕྱུགས་ཀྱི་གཟུགས་མཐོང་ནས། །ཁྲག་ནི་སྐྱུག་པ་ཉིད་དང་ཡང་། །འདར་ཞིང་མགོ་སྐྱེས་གྲོལ་བ་དང་། །ཁ་ནི་འོག་ཏུ་རྣམ་པར་བསྒོམ། །དེ་ཡི་ལམ་དུ་ཁབ་ནི་མེའི། །གཟུགས་ཅན་འཇུག་པར་རབ་བསམས་ཏེ། །སྙིང་གར་བྱིན་ཟའི་ས་བོན་ཉིད། །དམིགས་ནས་སྐད་ཅིག་གསོད་པར་བྱེད། །ཅེས་གསུངས་ཏེ། དེ་ལྟར་བྱ་དགོས་པའི་ཡུལ་ཡང་། སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པ་ནི། གཙུག་


KMC011_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ཁང་དང་དགེ་འདུན་གྱི་སྡེ་བརླག་པ་དང་། འདུ་བའི་ཡོ་བྱད་འཇོམས་པ་ལ་སོགས་པ་དང་། རང་གི་བླ་མ་དམ་པ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་འཇིག་པས་མཚོན་ནས། མཚམས་མེད་བྱེད་པ་རྣམས་སོ། །སྒྲོལ་བའི་ཚུལ་དང་ཆོ་ག་ཇི་ལྟར་བྱེད་ན། བླ་མ་དང་ཐུབ་པ་སྟེ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ལ་དངོས་སུ་གནང་བ་ཞུ་བའམ་ཡིད་ཀྱིས་མདུན་གྱི་ནམ་མཁར་དམིགས་ཏེ་དམྱལ་བར་འགྲོ་བའི་སེམས་ཅན་འདི་ནི་འདོན་པར་འཚལ་བས་བསྒྲལ་བའི་མཐུ་བསྐྱེད་པར་ཞུས་ནས། སྦྱོར་བའི་དུས་སུ་དགྲ་བོ་འདི་ལས་ངན་འདི་ལྟར་སྤྱད་པས་ངན་སོང་དུ་ལྷུང་ན་མི་རུང་སྙམ་དུ་སྙིང་རྗེའི་སེམས་དང་ལྡན་པས་དངོས་གཞི་ལས་སྒྲུབ་པའི་དམིགས་པས་བསད་པར་བྱ་བ་ཉིད་དོ། །ཇི་ལྟར་རྨོངས་པ་ཕྱུགས་དང་མཚུངས་པ་ཉིད་ཀྱིས་མི་དགེ་བ་ཁམ་པོ་ཆེ་སྤྱོད་པའི་གཟུགས་མཐོང་ནས། ཞེས་པ་འགྱུར་འདིའི་དོན་དུ་གནས་ཀྱང་། དེ་གཟུགས་ཇི་བཞིན་བལྟས་ནས་སུ། །ཞེས་འགྱུར་གཞན་ལས་འབྱུང་བ་ལྟར། རང་ལྷར་གསལ་བའི་མདུན་དུ་གདུག་པ་ཅན་དེ་གཟུགས་བྱད་


KMC011_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟ་བར་དམིགས་པའི་དོན་དུ་འགྱུར་བ་དང་། ནག་པོ་པས། སངས་རྒྱས་རྣམས་ལ་གསོལ་བའི་འོག་ཏུ། དེའི་ལུས་ངག་ཡིད་ལ་གནས་པའི་ལྷ་ཚོགས་རང་གི་ལུས་ངག་ཡིད་ལ་བཅུག་ནས་ལུས་ཁྱིམ་སྟོང་ལྟར་བྱས་པ། ཞེས་བཤད་པ་ལྟར་བསྒོམས་ལ། བསྒྲུབ་བྱའི་གཟུགས་ཀྱི་ཁ་ནས་ཁྲག་ནི་སྐྱུག་པ་ཉིད་དང་། ཡང་ལུས་འདར་ཞིང་མགོ་སྐྱེས་སྐྲ་གྲོལ་བ་སྟེ་གཟིངས་པ་དང་། མགོ་ཐུར་དུ་བསྟན་ཅིང་ཁ་འོག་ཏུ་ཕྱོགས་པ་རྣམ་པར་བསྒོམ་པ་དང་། དེའི་བཤང་ལམ་དུ་ཁབ་ནི་མེའི་གཟུགས་ལྟར་འབར་ཞིང་བསྲེག་པ་ཅན་འཇུག་པར་རབ་ཏུ་བསམས་ཏེ། སྙིང་གར་བྱིན་ཟའི་ས་བོན་རཾ་ཉིད་ཀྱང་དམིགས་ནས་དེ་དང་ལྷན་ཅིག་ཏུ་འབར་བས་སྲོག་གི་རྟེན་ཐིག་ལེ་ཙམ་ཡང་མ་ལུས་པར་བསྲེག་པར་མོས་པས་སྐད་ཅིག་ལ་དགྲ་བོ་གསོད་པར་བྱེད་དོ། །ཤི་བའི་འོག་ཏུ་རྣམ་ཤེས་མི་བསྐྱོད་པའི་ཞིང་དུ་སྐྱེས་པར་བསམ་ན་སྔགས་ལ་སོགས་པའི་མཐུས་འགྲུབ་པར་བཤད་དོ། །གསུམ་པ་ནི། རྒྱུད་འདི་ལ་ནི་བསྲེག་བླུགས་མེད། །ཕྱག་རྒྱ་བཅིང་དང་བྱ་བའང་མེད། །རྒྱུད་ཆེན་བཀླགས་པས་འགྲུབ་པ་ཉིད། །བསམ་གཏན་ཙམ་གྱིས་འགྲུབ་པར་འགྱུར། །


KMC011_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་ཏེ། དེ་ལྟར་བསྒྲལ་བའི་ལས་རྒྱུད་ཀྱི་དངོས་བསྟན་འདི་ལས་ནི་གཞན་པའི་བསྲེགས་བླུགས་ཀྱང་མེད་ལ། ལག་པའི་ཕྱག་རྒྱ་འཆིང་བ་དང་། ཆོ་གའི་བྱ་བ་མེད་དེ་རྒྱུད་ཆེན་པོའི་ལས་སྦྱོར་དངོས་བསྟན་བཀླགས་པ་ལྟར་བྱས་པས་འགྲུབ་པ་ཉིད་ཀྱི་ཕྱིར་བསམ་གཏན་གྱི་རིམ་པ་བསམ་པ་ཙམ་གྱིས་ལས་འགྲུབ་པར་འགྱུར་རོ། །འདིའི་ངེས་དོན། རྒྱ་འགྲེལ་རྣམས་ལས་མང་དུ་འབྱུང་ཡང་། སེམས་འགྲེལ་གྱི་དགོངས་པ་ལྟར་ན། ལྟེ་བའི་རྩ་བ་ནི་དེའི་རྩ་འདབ། བཤང་ལམ་མེ་ཁབ་འཇུག་པ་ནི་དབུ་མའི་ལམ་ནས་གཏུམ་མོ་སྦར་བ། ཁ་འོག་ཏུ་ལྟ་བ་ནི་ཧཾ་ལས་བྱང་སེམས་འབབས་པ། འདར་བ་སོགས་ནི་བདེ་བས་རྒྱུད་གང་བ། སྙིང་གའི་རཾ་ནི་མི་ཤིགས་པའི་ས་བོན། གསོད་པ་རྣམ་རྟོག་འགགས་པ་སོགས་ལ་སྦྱར་བ་དང་། ཕྱིའི་སྲེག་བླུགས་དང་ཕྱག་རྒྱ་འདོན་ཟློས་སོགས་ཀྱིས་འགྲུབ་པ་མ་ཡིན་ཏེ། འཕོ་བ་མེད་པའི་མེ་ལྷ་སེང་གེ་རྣམ་རོལ་གྱི་ཕྱག་རྒྱ་བཅིངས་ཏེ། ནང་གི་རྒྱུད་སྲོག་གི་འདོན་ཟློས་བྱེད་ཅིང་ནམ་མཁའ་ལྟ་བུའི་བསམ་གཏན་གྱིས་འགྲུབ་པར་འགྱུར་བར་བཤད་དོ། །གཉིས་པ་རྣམ་དག་ལའང་གཉིས། དམ་


KMC011_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་བ། བཤད་པ་དངོས་སོ། །དང་པོ་ནི། རྟོག་མེད་དངོས་གྲུབ་སྦྱིན་པ་པོ། །སྲིད་པ་སྦྱོང་བ་ཉམས་དགའ་བ། །གསང་བ་མཆོག་ནི་བཤད་བྱ་ཡིས། །ཉོན་ཅིག་ལྷ་མོ་བཞིན་བཟང་མ། །ཞེས་གསུངས་ཏེ། ཉོན་ཅིག་ཅེས་བཤད་གཞིར་དྲངས་ཏེ། ལྷན་སྐྱེས་ཀྱི་ལུས་ལས་བྱུང་བའི་ལྷ་མོ། རྣམ་པ་ཐམས་ཅད་པའི་ཤེས་རབ་ཀྱི་བཞིན་བཟང་བ་དང་ལྡན་མ་ཞེས་བསྔགས་ནས། གང་འཆད་ཅེ་ན། སྒྲ་དོན་ཅན་གྱི་རྣམ་རྟོག་མེད་པའི་ཡེ་ཤེས་མི་རྟོག་པ་འོད་གསལ་ལྷན་ཅིག་སྐྱེས་པ་རྒྱུད་ལ་སྐྱེད་པའི་དངོས་གྲུབ་མཆོག་སྦྱིན་པར་བྱེད་པ་པོ། བདེ་འགྲོ་དང་ངན་འགྲོའི་སྲིད་པ་གསུམ་གྱི་ལས་དང་ཉོན་མོངས་སྦྱོང་བ། སྤང་བྱ་ལམ་གྱི་ཐབས་མཁས་པས་གཉེན་པོར་གྱུར་པས་ཉམས་དགའ་བ། ཉན་ཐོས་རང་རྒྱལ་གྱི་རིགས་ཅན་དང་བྱང་སེམས་ལས་དང་པོ་པ་རྣམས་སྐྲག་པའི་གནས་ཡིན་པས་གསང་བ་གསང་ཆེན་གྱི་ངོ་བོ་ཉིད་ཀྱི་མཆོག་ནི་ཁྱོད་ལ་གསལ་བར་བཤད་པར་བྱ་ཡིས། ཞེས་པར་འབྲེལ་ལོ། གཉིས་པ་ལ་གཉིས། ཐབས་ཀྱིས་ཟིན་མ་ཟིན་གྱི་ཁྱད་པར། རྣམ་དག་བཤད་པ་དངོས་སོ། །དང་པོ་ནི། རིན་ཆེན་གཟི་བརྗིད་འབར་བ་ཡི། །


KMC011_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་འཁྲུགས་པ་ལྷ་མོ་ལྟོས། །མ་ཕུག་པས་ནི་སྦྱོར་བྲལ་འགྱུར། །ཕུག་པས་དགའ་བ་སྦྱིན་པ་པོ། །དེ་ལྟར་འཁོར་བ་འདོད་པ་ཡི། །ཡོན་ཏན་ལྔ་ལྡན་རིན་ཆེན་ཉིད། །མ་དག་པས་ནི་དུག་ཏུ་འགྲོ། །དག་པས་བདུད་རྩི་ལྟ་བུར་འགྱུར། །ཅེས་གསུངས་ཏེ། ཇི་ལྟར་ན་འཇིག་རྟེན་དུ་རིན་ཐང་ཆེ་བའི་རིན་ཆེན་གཟུགས་ཀྱི་གཟི་བརྗིད་མདངས་དང་འོད་འབར་བའི་ཕྲེང་བ་ཁ་དོག་སྣ་ཚོགས་པ་འཁྲུགས་པའི་དཔེ་ལ་ལྷ་མོ་ཁྱོད་ཀྱིས་ལྟོས་ཤིགརིན་ཆེན་དེའང་མིག་མ་ཕུག་པས་ནི་རྒྱན་ཕྲེང་གི་སྦྱོར་བ་དང་བྲལ་བར་འགྱུར་ལ། མིག་ཕུག་ནས་གསེར་དང་དངུལ་ལ་སོགས་པའི་སྲད་བུར་བརྒྱུས་པས་ཕྲེང་བར་གྱུར་ནས་ཅི་འདོད་པའི་རྒྱན་གྱི་བྱ་བ་བྱས་ཏེ་སེམས་ཚིམས་པའི་དགའ་བ་སྦྱིན་པ་པོར་འགྱུར་རོ། །དཔེ་དེ་ལྟར་འཁོར་བའི་ཚུལ་གཟུགས་སྒྲ་དྲི་རོ་རེག་བྱའི་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་རིན་ཆེན་ལྟ་བུ་དེ་ཉིད། ཀུན་རྫོབ་ལྷའི་མངོན་རྟོགས་དང་དོན་དམ་དེ་ཁོ་ན་ཉིད་ལ་སོགས་པས་དག་པའི་ཐབས་མི་ཤེས་པར་མ་དག་པར་བསྟེན་པས་ནི་འབྲས་བུ་སྡུག་བསྔལ་བསྐྱེད་པས་དུག་ཟོས་པ་བཞིན་དུ་འགྲོ་ལ། ཐབས་ལ་


KMC011_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པས་ཀུན་རྫོབ་དང་དོན་དམ་གྱི་དག་པས་འདོད་ཡོན་བསྟེན་ན་བདུད་རྩིའི་ཟས་ཀྱིས་དགའ་བདེ་སྐྱེད་པ་ལྟ་བུར་རྣམ་གྲོལ་གྱི་བདེ་ཆེན་བསྐྱེད་པར་འགྱུར་རོ། །གཉིས་པ་ནི། འཁོར་བའི་རྣམ་པས་ཧེ་རུ་ཀ ། འགྲོ་བ་སྒྲོལ་བའི་གཙོ་བོ་ཉིད། །གང་གིས་གཟུགས་ཀྱིས་གྱུར་པ་ཉིད། །དེ་ནི་ང་ཡིས་སྨྲ་ཡི་ཉོན། །སྙིང་རྗེའི་སྤྱན་ནི་དམར་པོ་ལ། །བྱམས་པའི་ཐུགས་ལ་ཡན་ལག་གནག །བསྡུ་བའི་དངོས་པོ་བཞི་ཡིས་ནི། །ཞབས་ནི་རྣམ་པ་བཞི་ཞེས་བརྗོད། །ཞལ་བརྒྱད་རྣམ་པར་ཐར་པ་བརྒྱད། །ཕྱག་ནི་སྟོང་པ་བཅུ་དྲུག་ཉིད། །གུག་བཀྱེད་ཀྱིས་ནི་སངས་རྒྱས་ལྔ། །གདུག་པ་འདུལ་ཕྱིར་ཁྲོ་བོ་ཉིད། །ཤ་ཡིས་པུཀྐ་སཱི་རུ་བྱ། །དེ་བཞིན་ཁྲག་གིས་རི་ཁྲོད་མ། །གདོལ་པ་མོ་ནི་ཁུ་བར་བརྗོད། །གཡུང་མོ་རྐང་དང་ཚིལ་བུ་དག །ལྤགས་པ་བྱང་ཆུབ་ཡན་ལག་བདུན། །རུས་པ་བདེན་པ་བཞི་པོ་ཉིད། །ཅེས་གསུངས་ཏེ། དེས་ན་འཁོར་བའི་རང་བཞིན་རྣམ་པར་དག་པས་འདོད་ཡོན་དང་ལྡན་པའི་འཁོར་བའི་རྣམ་པར་བསྟན་པ་དཔལ་ཧེ་རུ་ཀ་དེ་ནི་འགྲོ་བ་རྣམས་སྲིད་པའི་འཇིགས་པ་ལས་སྒྲོལ་བའི་གཙོ་བོ་གཅིག་པུ་ཉིད་ཡིན་ལ། གང་གི་སྐུ་ཕྱག་བཅུ་


previousཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།next