Nitartha Digital Library
Tibetan
 
previousཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།next

ཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།


KMC013_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

མི་མ་ཡིན་པའི་ཐ་སྙད་གྲུབ་པས་དེ་བསད་པ་ལ་ཡང་སྦོམ་པོར་འགྱུར་རོ། །དེས་ན་འདུལ་བ་ལ་བཅས་པ་ཉིད་གཙོ་ཡི་རིགས་པ་མི་གཙོ་བ་ལྟར། སྔགས་ཀྱི་འདུལ་བ་ལ་ཡང་སངས་རྒྱས་ཀྱིས་ཇི་ལྟར་བཅས་པ་དེ་ཉིད་གཙོ་ཡི་མིང་མཐུན་པ་སོགས་ཀྱི་རིགས་པ་མི་གཙོ་ལ། སྤྱིར་ཡང་སྒྲ་བཤད་པ་ཙམ་ལ་ཁྱབ་མཐའ་འཆའ་ན་ཐལ་ཆེས་སོ། །མདོར་ན་སྣོད་མིན་ལ་དབང་གིས་གསང་བ་བསྒྲགས་པ་དང་སྣོད་ལྡན་ལ་བསྐུར་བ་ག་ལ་མཚུངས། དེ་ལྟ་མིན་ན་སྣོད་ལྡན་ལ་དབང་བསྐུར་བ་ན་ཡང་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་ལ་མི་སྨྲ་བར་གདམས་པའི་དམ་ཚིག་དང་འགལ་བར་འགྱུར་རོ། །དེས་ན་དེང་སང་གི་ལྷ་སྡེ་མི་སྡེ་རྣམས་ཀྱི་དཔོན་ཆེན་པོ་རྣམས་ཀྱི་གྲལ་གྱི་བཀད་སར་ངག་གི་རྣམ་པ་བཞི་སྨྲ་བ་ལ་བྱང་བའི་ལྕེ་གཉིས་པ་དུ་མ་འདུག་སྟེ། ཆོས་པ་ཉམ་ཆུང་ངུ་རྣམས་ལ་གཞུང་ལུགས་དབང་མན་ངག་ཅི་ཐོབ་ཅི་ཤེས་དེ་ལ་ཇི་ལྟར་བྱེད་ཀྱི་འདུག་ཞེས་བཞད་གད་དང་བཅས་ཏེ་འདྲི་བར་བྱེད་པ་འདི་ལྟ་བུ་སོགས་ལ་དབང་དེ་ལ་ཁྱད་པར་འདིའོ་འདི་ལྟར་མཛད་དོ་ཅེས་སོགས་དོན་ཇི་བཞིན་པ་སྨྲ་བ་སོགས་ནི་དབང་གི་གསང་སྒྲོགས་དངོས་


KMC013_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ། སྣོད་དང་མི་ལྡན་པར་ཤེས་ཀྱང་རྙེད་པ་དང་བཀུར་སྟི་ལ་ཆགས་པས་དབང་བསྐུར་བ་དང་། སྣོད་དང་ལྡན་མི་ལྡན་མི་བརྟག་པར་ཞུ་མི་བྱུང་བ་ཙམ་ལ་ངོ་མཚར་དུ་བྱས་ནས་བསྐུར་བ་སོགས་ལས་ཕ་རོལ་པོ་སྔགས་ལ་མ་དད་པས་སྤོང་ན་སློབ་དཔོན་ལ་རྩ་ལྟུང་འདིར་འགྱུར་བའོ། །སྣོད་ལྡན་ལ་བསྐུར་བ་ནི་དབང་གི་གསང་སྒྲོགས་ག་ལ་ཡིན་ཏེ་སྔར་གསང་སྒྲོགས་སྤང་བར་གདམས་ཟིན་པའི་སློབ་མ་དེ་ལ་སློབ་དཔོན་གྱི་དབང་བསྐུར་བའི་མཐར་དབང་རྒྱུད་མན་ངག་སྟོན་ལ་སྣོད་ལྡན་རྗེས་སུ་ཟུང་ཅིག་ཞེས་ཉེ་བར་འདོམས་པའི་ཕྱིར་དང་། གཞན་དུ་ན་སྔར་གསང་སྒྲོགས་སྤང་བར་གདམས་ནས་ཕྱིས་གསང་སྒྲོགས་བྱོས་ཅིག་ཞེས་སྨྲས་ན་སློབ་དཔོན་དེའི་ངག་ཇི་ལྟར་ཚད་མར་འགྱུར། དེས་ན་གང་མི་སྒྲག་པའི་གསང་བ་ནི་བཞི་སྟེ། དབང་གི་གསང་བ་དང་། ལམ་གྱི་གསང་བ་དང་། བསྟེན་བྱ་དམ་རྫས་ཀྱི་གསང་བ་དང་། མཚོན་བྱེད་ཡོ་བྱད་ཀྱི་གསང་བའོ། །དེ་ཡང་དགོས་པ་ཁྱད་པར་བ་མེད་པར་དབང་གི་བྱ་བ་བརྗོད་པའམ་སྣོད་མིན་ལ་བསྐུར་བ་ནི་དང་པོའོ། །ལམ་སོ་སོའི་སྣོད་རུང་མ་ཡིན་པ་ལ་དབང་བཞིའི་ལམ་སོ་སོ་སྟེར་བའི་རྩོད་


KMC013_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལ་སོགས་པའི་འདུན་སར་ལམ་གྱི་གནད་བྱུང་རྒྱལ་དུ་སྨྲ་བ་ནི་གཉིས་པའོ། །སྣོད་མིན་གྱི་མདུན་དུ་ཚོགས་འཁོར་བྱེད་པ་དང་བསྟེན་བྱའི་དམ་རྫས་བསྟེན་པ་དང་བསྟེན་དགོས་སུ་སྨྲ་བ་སོགས་ནི་བསྟེན་བྱ་དམ་རྫས་ཀྱི་གསང་བ་བསྒྲགས་པའོ། །རྡོར་དྲིལ་བྲིས་སྐུ་གླེགས་བམ་ཅང་ཐོད་རྒྱན་དྲུག་སོགས་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཡོ་བྱད་རྣམས་རྒྱན་ཆའམ་ཕྱུག་ངོམ་གྱི་འདུ་ཤེས་སོགས་ཀྱིས་སྣོད་མིན་ལ་སྟོན་པའི་མི་སྦེད་པ་ནི་མཚོན་བྱེད་ཡོ་བྱད་ཀྱི་གསང་བ་བསྒྲགས་པ་སྟེ། བརྟག་གཉིས་ལས། གླེགས་བམ་དང་ནི་བྲིས་སྐུ་ཉིད། །གལ་ཏེ་སྐལ་མེད་མཐོང་ན་ནི། །སྐྱེ་བ་འདིར་ནི་དངོས་གྲུབ་མེད། །ཅེས་སོ། །འཕགས་ཡུལ་ན་ནི་ཡོ་བྱད་ཤིན་ཏུ་སྦེད་པར་སྣང་ཡང་བོད་ན་ད་ལྟ་ངོམ་པའི་ལག་ཆར་བྱེད་པ་ཡུལ་སྲོལ་དུ་འབྱམས་སྣང་བས་ཅུང་ཟད་སྐྱོན་ཆུང་བར་སྣང་ཡང་ཆེད་དུ་མི་བསྟན་ཞིང་དེ་ཉིད་མི་བཤད་པ་ཡིན་ནོ། །གང་ལ་མི་བསྟན་པའི་ཡུལ་མ་སྨིན་པ་ནི་གཉིས་ཏེ། རྒྱུ་མ་སྨིན་པ་དང་། རྐྱེན་གྱིས་མ་སྨིན་པའོ། །དང་པོ་རྒྱུ་མ་སྨིན་པ་ལ་ཡང་བཞི་ལས། གང་ཟག་ལོག་སྲེད་ཅན་ནི། ཐོགས་མེད་ཞབས་ཀྱིས།


KMC013_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བའི་སྐྱོན་རྣམས་མཐོང་ཡང་སྐྱོ་བ་ཅུང་ཟད་མེད། །སངས་རྒྱས་ཡོན་ཏན་ཐོས་ཀྱང་ངན་པ་ཅུང་ཟད་མེད། །ཁྲེལ་མེད་ངོ་ཚ་མེད་ཅིང་སྙིང་རྗེ་ཅུང་ཟད་མེད། །སྡིག་པ་ལྷག་པར་སྤྱོད་ལ་འགྱོད་པ་ཅུང་ཟད་མེད། །མེད་དྲུག་འཛོམ་ལ་སངས་རྒྱས་སྐལ་བ་མེད། །ཅེས་གསུངས་པ་ལྟ་བུ་གནས་སྐབས་པའི་རིགས་ཆད་ཀྱི་གང་ཟག་སྟེ། དེ་ནི་དམ་ཆོས་ཀྱི་མིང་ཙམ་ཐོས་པའི་རྟགས་ཅན་ཙམ་མཐོང་བས་ཀྱང་སེམས་འཁྲུག་ཞིང་ཞེ་སྡང་བར་འགྱུར་བའི་མི་འཁྲུག་ཏུ་ཟིན་ཡང་སངས་རྒྱས་སྟོང་དང་ཕྲད་ཀྱང་ཇི་སྙམ་པའི་བློ་ཡང་མི་སྐྱེ་བའི་ཕྱིར་རེ་ཞིག་ལ་ཆོས་ཀྱི་བསམ་པ་སྐྱེ་བའི་སྐབས་མེད་པ་ཡིན་ལ། ཐེག་པ་ཆེན་པོ་ལ་རབ་ཏུ་སྡང་ཞིང་ཆོས་མ་ཡིན་པར་འཛིན་པས་ཁོང་ཁྲོ་བར་བྱེད་པ་རྣམས་ཀྱང་ལོག་སྲེད་ཅན་ཞེས་བྱ་སྟེ། ཐེག་ཆེན་སྤོང་བ་འདི་ནི་ཉན་རང་གི་ཐེག་པ་པར་ཁས་འཆེ་བའི་རབ་བྱུང་གི་རྟགས་ཅན་མང་སྟེ། རྔ་བོ་ཆེ་ལ་སོགས་པའི་མདོར། རྒྱ་གར་གྱི་ཡུལ་དབུས་དང་ལྷོ་ཕྱོགས་ལ་སོགས་པ་དུ་མར་ངའི་ཉན་ཐོས་སུ་ཁས་འཆེ་བ་སངས་རྒྱས་ཀྱི་ཐེག་པ་སྤོང་བ་དམྱལ་བ་ཆེན་པོར་གཞོལ་བ་མང་དུ་འབྱུང་ངོ་། །དེས་ང་ངོ་ཚ་བར་


KMC013_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རོ། །ཞེས་གསུངས་པ་ལྟ་བུའོ། །རིགས་ཆད་ནི། སྤྱིར་ཁྱིམ་པ་ལ་གཙོ་བོར་འབྱུང་བར་བཤད་མོད་ཀྱང་དེང་སང་ནི་བསྟན་པ་སྙིགས་ཆེས་པས་བོད་འདིར་ནི་རབ་བྱུང་གི་གཟུགས་ཙམ་འཛིན་པ་གནས་སྐབས་ཀྱི་རིགས་ཆད་ཀྱིི་བློ་ཅན་ཆེས་མང་བར་དོགས་སོ། །བདག་ཏུ་ལྟ་བ་ནི། ཕྱི་རོལ་པ་དང་། སྲིད་པས་སྐྲག་པ་ནི་ཉན་ཐོས་དང་། གཞན་དོན་ལ་ལྟོས་པ་མེད་པ་ནི་རང་རྒྱལ་ཏེ། གནས་སྐབས་སུ་ལམ་དེ་དག་ཏུ་རིགས་ངེས་པས་དེ་ལས་ཟློག་པར་དཀའ་བའོ། །དེས་ན་ཐེག་ཆེན་གྱི་ལམ་གྱི་ངོ་བོ་ནི། ཐེག་ཆེན་ལ་མོས་པ་དང་། བདག་མེད་པར་རྟོགས་པའི་ཤེས་རབ་དང་། སྲིད་ཞི་མཉམ་པའི་ཏིང་འཛིན་དང་། སེམས་ཅན་མི་འདོར་བའི་སྙིང་རྗེ་སྟེ་བཞི་ལྡན་ཡིན་ལ། དེའི་འབྲས་བུ་ནི་མ་རིག་བག་ཆགས་ཀྱིས་སྤངས་པའི་གཙང་བ་དང་། སྒྲོ་སྐུར་གྱི་མཐའ་སྤངས་པའི་བདག་དང་། འཆི་འཕོ་བ་མེད་པའི་རྟག་པ་དང་། སྡུག་བསྔལ་གྱི་རྒྱུ་ལོག་པའི་བདེ་བ་སྟེ་བཞི་ལྡན་ཡིན་ལ། ལམ་དང་འབྲས་བུ་དེ་ལ་གེགས་བྱེད་པ་ནི་ཆོས་སྤོང་སོགས་བཞི་པོ་དེ་ཡིན་ཞིང་། དེ་དག་ལོག་སྲེད་ཅན་སོགས་གང་ཟག་བཞི་པོ་ལ་རིམ་པས་


KMC013_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པས་ན་གང་ཟག་དེ་བཞི་ཐེག་ཆེན་གྱི་སྣོད་མིན་དུ་འཇོག་པ་སྟེ། རྒྱུད་བླར། ཆོས་ལ་ཁོང་ཁྲོ་བདག་ལྟ་དང་། །འཁོར་བའི་སྡུག་བསྔལ་གྱིས་སྐྲག་དང་། །སེམས་ཅན་དོན་ལ་ལྟོས་མེད་པ། །འདོད་ཆུང་མུ་སྟེགས་ཉན་ཐོས་དང་། །རང་བྱུང་རྣམས་ཀྱི་སྒྲིབ་རྣམ་བཞི། །ཞེས་གསུངས། འདི་དག་ཡང་ཚེ་དེར་རང་ལྟ་དེ་ལས་མི་ལྡོག་པ་རྣམས་རྩ་ལྟུང་གི་ཡུལ་ཡིན་ཏེ། གུར་ལས། དེ་ཉིད་སྐལ་མེད་ལ་མི་སྐྲག །ཅེས་དང་། སྙིང་རྒྱན་ལས། སྣོད་མི་རུང་ལ་གསང་བ་བསྟན། །ཞེས་སོ། །གལ་ཏེ་ལྡོག་ནུས་ན་ནི་རིམ་གྱིས་སྣོད་དུ་རུང་བ་སྲིད་པ་ཙམ་མོ། །གཉིས་པ་རྐྱེན་གྱིས་མ་སྨིན་པ་ལ་ཡང་ལྔ་སྟེ། སྣོད་མ་ཡིན་པ་དང་། ཆོ་གས་དང་། ཆོ་ག་མ་རྫོགས་ནས་དང་། རྫོགས་ཀྱང་ཟབ་མོ་ལ་འཇིགས་པས་དང་། ཉམས་པས་མ་སྨིན་པའོ། །དང་པོ་ནི། སྤྱིར་སྣོད་དུ་རུང་བའི་རིགས་ཅན་ཡིན་ནའང་གནས་སྐབས་ན་ཚོད་གཞོན་ཆེས་པ་སོགས་ཤེད་མ་བྱ་བས་བརྡ་མི་འཕྲོད་པ་དང་། རིམ་འཇུག་དགོས་པའི་རིགས་ཅན་དག་སྡོམ་པ་དང་རྒྱུད་སྡེ་འོག་མས་རྒྱུད་མ་སྦྱངས་པ་ལྟ་བུའོ། །གལ་ཏེ་སྣོད་མ་སྨིན་པ་ལ་དབྱེ་ན་བཞིར་འགྱུར་བ་མ་ཡིན་ནམ། དེ་ལྟ་ན་དབྱེ་གཞི་


KMC013_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེ་བའི་ཡ་གྱལ་དུ་བགྲངས་པའི་ཉེས་པས་རེག་གོ་ཞེ་ན། སྐྱོན་མེད་དེ་སྣོད་མ་རྫོགས་པས་མ་སྨིན་པ་ཅེས་པའི་དོན་ཡིན་ལ། དེ་ནི་དབྱེ་གཞིར་མི་རུང་བའི་ཕྱིར་རོ། །ཆོ་གས་མ་སྨིན་པ་ནི། སྣོད་རྫོགས་ཀྱང་དབང་གིས་མ་སྨིན་པ་སྟེ། སངས་རྒྱས་ཐོད་པའི་རྒྱུད་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ལས་མར་མེད་བཞིན། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་སྐྱེ། །ཞེས་པས་དེ་གཉིས་ནི་དབང་རྒྱུད་ལམ་གསུམ་གའི་གསང་སྒྲོག་གི་རྩ་ལྟུང་གི་ཡུལ་ཙམ་མོ། །དབང་བར་མ་གཉིས་དང་བཞི་པ་མ་ཐོབ་པ་ནི་ཆོ་ག་རྫོགས་པས་མ་སྨིན་པ་སྟེ། སངས་རྒྱས་ཐོད་པར། དཔེར་ན་པི་ཝཾ་འབྱོར་ཚོགས་ཀུན། །རྒྱུད་དང་བྲལ་ན་རྡུང་མི་ནུས། །དེ་བཞིན་དབང་བསྐུར་དང་བྲལ་ནི། །ཡེ་ཤེས་ཀུན་གྱིས་སྟོང་པར་འགྱུར། །དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པར་འགྱུར། །དེ་བཞིན་དབང་བསྐུར་དང་བྲལ་ན། །ཡེ་ཤེས་ཀུན་གྱིས་སྟོངས་པར་འགྱུར། །ཞེས་གསུངས་པ་ལ་དཔལ་ས་ར་ཧས་དེའི་འགྲེལ་


KMC013_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

པར་དབང་གི་གོ་རིམ་འདི་ལྟར་དུ་སྦྱར་ཏེ། བུམ་དབང་མ་ཐོབ་ན་རྒྱུད་མཉན་དུ་མི་རུང་བ་དང་པི་ཝང་རྒྱུད་མེད་ན་བརྡུང་མི་ནུས་པ་ལྟར་དབང་བར་མ་གཉིས་མ་ཐོབ་ན་རྫོགས་རིམ་སྒོམ་མི་ནུས་པ་དང་། བུ་ཚ་མེད་པའི་ཁྱིམ་ཤི་བས་སྟོངས་པ་ལྟར་དབང་བཞི་པ་མེད་ན་ཡེ་ཤེས་ཀྱིས་སྟོངས་པར་བཤད་དོ། །དེས་ན་དབང་གང་དང་གང་གིས་མ་སྨིན་པ་དེ་དང་དེའི་སྨིན་གྲོལ་གྱི་གསང་བ་མི་སྒྲག་པའོ། །གལ་ཏེ་དབང་རྫོགས་པར་བསྐུར་ཡང་སློབ་དཔོན་ལ་དབང་བསྐུར་བའི་ནུས་པ་མེད་པའམ་ཡོད་ཀྱང་ཡན་ལག་གང་རུང་ཞིག་མ་ཚང་བའི་སློབ་མ་འདོད་པའི་བདེ་བ་ལ་ཆགས་པས་དབང་གསུམ་པའི་ཡེ་ཤེས་ངོས་མ་ཟིན་པའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ་ལ་སྐྲག་པས་དབང་བཞི་པའི་ཡེ་ཤེས་མ་རྟོགས་པ་ལྟ་བུ་ནི་རྫོགས་ཀྱང་ཡན་ལག་མ་ཚང་བའི་ཕྱིར་མ་སྨིན་པ་སྟེ། འདི་ལ་དབང་གི་ལས་མཐོང་ཟིན་པའི་ཕྱིར་དབང་གི་གསང་སྒྲོགས་སུ་མི་འགྱུར་ལ། རྫོགས་རིམ་སྤྱི་ཙམ་གྱི་ཡང་གསང་སྒྲོགས་ཀྱི་ཡུལ་མ་ཡིན་མོད་ཀྱང་དེའི་སྤྱོད་ཡུལ་དུ་མི་ཆུད་པའི་ཡེ་ཤེས་དང་གནད་ཁྱད་པར་བ་རྣམས་བསྒྲག་པར་མི་བྱའོ། །དབང་རྫོགས་ཀྱང་རྩ་ལྟུང་


KMC013_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་སྟེ་བཤགས་བསྡམས་མ་བྱས་པ་ནི་ཉམས་པས་མ་སྨིན་པ་སྟེ། དེ་ཉིད་ཀྱི་རྡོ་རྗེ་སློབ་དཔོན་གྱིས་ལྟུང་བ་ལས་མ་བསླང་གི་བར་དུ་དེ་ལ་སུས་ཀྱང་སྨིན་གྲོལ་གྱི་ལམ་མི་སྟེར་བའི་ཕྱིར་ཏེ་ཆད་པའི་དབང་གིས་ལྟུང་བའི་ཡུལ་དུ་བཞག་གོ། །བསམ་པ་ནི། ཉོན་མོངས་ཅན་གྱིས་ཆེད་དུ་སྒྲོགས་པར་འདོད་པའོ། །དངོས་གཞི་ནི། ལུས་ཀྱི་རྣམ་འགྱུར་རམ་ངག་གི་རིག་བྱེད་ཀྱིས་དངོས་སུ་བསྒྲགས་པ་དང་དམ་རྫས་དེའི་མངོན་སུམ་དུ་བསྟེན་ཞིང་ཡོ་བྱད་བསྟེན་པ་སོགས་ཀྱིས་མ་དད་པར་བྱས་པའོ། །དུས་ནི། ཕ་རོལ་པོས་དོན་གོ་ཞིང་རྒྱུ་དེས་སྔགས་ལ་ཆོས་ལོག་ཏུ་འཛིན་པའི་བློའམ་རྣལ་འབྱོར་པ་ལ་གཡོན་ཅན་དང་གདོལ་པ་ལྟ་བུར་འཛིན་པའི་བློ་སྐྱེས་པ་ནའོ། །ལྟུང་བར་འགྱུར་ཚུལ་ནི། སྤྱི་ལྟར་ལ་བསམ་པ་ཉོན་མོངས་ཆེན་པོ་མེད་ཀྱང་བག་མེད་དང་རྗེ་རས་པ་སོགས་དང་སྣོད་མིན་དུ་མ་ཤེས་པ་སོགས་དང་སྙིང་རྗེའི་དབང་གིས་བསྒྲགས་ན་ཅུང་ཟད་ཡང་བར་འགྱུར་ལ། བསྒྲག་བྱ་ཡང་གསང་དབང་དང་དབང་གསུམ་པའི་དངོས་ཀྱི་བྱ་བ་དང་དངོས་ཀྱི་ལམ་དང་བཞི་པའི་ཡེ་ཤེས་དངོས་དང་དེའི་ལམ་གྱི་གསང་བ་བསྒྲགས་ན་ཆེས་ལྕི་


KMC013_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

ལ། དབང་དང་ལམ་གྱི་ཡན་ལག་ཕྲ་མོའི་གསང་བ་བསྒྲགས་ན་ཉེས་བྱས་ལ་སོགས་པའོ། །དེ་བཞིན་དུ་དགྲ་བོའི་རཱུ་པ་སོགས་ལ་དྲག་པོའི་བསྒྲལ་ལས་བྱེད་པ་དང་སྟང་སྟབས་ཀྱི་རིམ་པ་གར་འཕྱམས་དང་སྦྱིན་སྲེག་དང་དཀྱིལ་འཁོར་སྒྲུབ་མཆོད་སོགས་ཀྱང་སྐྱེ་བོ་མཐའ་དག་བསགས་ཏེ་ལྟད་མོའི་དོན་དུ་སེམས་ཆགས་པ་དང་ང་རྒྱལ་གྱི་ཟིལ་གྱིས་ནོན་པས་བྱེད་པ་ལ་ཡང་ཕ་རོལ་པོ་འགའ་ཞིག་རྒྱུ་དེས་ལམ་མམ་རྣལ་འབྱོར་པ་ལ་མ་དད་ན་རྩ་ལྟུང་དང་། གཞན་དུ་གསང་བ་བསྒྲགས་པའི་སྦོམ་པོ་དང་། ཉོན་མོངས་ཅན་གྱི་ལྟུང་བ་དང་། ཤེས་བཞིན་མེད་པའི་ཉེས་བྱས་སོགས་དུ་མ་ཞིག་དུས་མཚུངས་པར་འབྱུང་ངོ་། །དེ་ཐམས་ཅད་དུ་ཡང་སྣོད་མིན་དུ་ཤེས་བཞིན་དུ་ཁྱད་དུ་བསད་དེ་བསྒྲགས་ན་ནི་ཁྱད་དུ་བསད་པའི་ཆ་ནས་རྩ་ལྟུང་གཉིས་པ་དང་གསང་སྒྲོགས་ཀྱི་ཆ་ནས་བདུན་པ་འདི་འབྱུང་ངོ་། །ལྟུང་མེད་ནི། མངོན་པར་ཤེས་པས་ཕ་རོལ་པོ་ཆོས་དེའི་ལས་འཕྲོ་ཅན་དུ་མཐོང་བ་དང་། རྣལ་འབྱོར་པ་གཞན་གྱི་གསང་བའི་སྤྱོད་པ་མཐོང་ནས་མ་དད་པ་ཅིག་རང་ཉིད་ལ་ཚད་མར་འཛིན་པ་ན་དེའི་མ་དད་པ་ལྡོག་པའི་ཕྱིར་ལམ་གྱི་རིམ་པ་འདི་ལྟ་བུ་


KMC013_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་ཅིང་འདི་ནི་ཆེས་རྨད་དུ་བྱུང་ངོ་ཞེས་པ་ལྟ་བུ་སྤྱི་ཙམ་ནས་བརྗོད་པས་དེའི་ལོག་ལྟ་ལྡོག་པའི་ཆེད་དུ་ན་ལྟུང་བ་མེད་དོ། །སྔགས་མི་ཤེས་པའི་པཎྜི་ཏ་མཁས་པ་ལྟ་བུ་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་ནས་འདྲི་བ་ལ་ལམ་དངོས་སྨིན་པར་མ་བྱས་པ་ལ་མི་བརྗོད་པ་ཡིན་ལ། འོན་ཀྱང་སྤྱིར་རྡོ་རྗེ་ཐེག་པའི་ཕན་ཡོན་དང་ཐབས་ཀྱི་སྒོ་ནས་ཁྱད་པར་དུ་གྱུར་ཚུལ་ནི་འདི་ལྟ་བུའོ་ཞེས་ཕར་ཕྱིན་དང་ཐུན་མོང་གི་སྤྱི་དོན་གྱི་ཚུལ་གྱིས་ཅུང་ཟད་བརྗོད་པས་ཕ་རོལ་པོ་དད་དེ་རྡོ་རྗེའི་ཐེག་པ་ལ་འཇུག་པར་འགྱུར་བ་ན་ལྟུང་བ་མེད་དོ། །རྒྱལ་པོ་ཆེན་པོ་ལྟ་བུ་སྔགས་འཆང་གི་བྱ་བ་མཐོང་བར་འདོད་ནས་ཆེད་དུ་ལྟ་བ་དོན་དུ་གཉེར་ན་གསང་བའི་གནས་ཁྱད་པར་མ་གཏོགས་པ་བསྟན་ཡང་ལྟུང་མེད་དུ་རིགས་ཏེ་འདུལ་བར་དགེ་སློང་གི་ལས་བསྙེན་པར་མ་རྫོགས་པས་མཐོང་བར་རུང་བ་གཉིས་ལས་མེད་ཀྱང་རྒྱལ་པོའམ་དགེ་བསྙེན་མཁས་པའི་ཁྱིམ་པ་དད་པ་ཅན་གསོ་སྦྱོང་གི་མདོ་ཉན་ཞིང་བྱ་བ་ལྟ་བར་འདོད་ན་དེ་དད་པ་དང་དགའ་བ་ཁྱད་པར་ཅན་འཕེལ་བར་འགྱུར་བའི་ཕྱིར་མཐོང་བར་གནང་བ་ལྟ་བུའོ། །ཡང་དུད་འགྲོའི་འཆི་ཁ་མ་སོགས་ཀྱི་རྣ་


KMC013_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཡི་དམ་གྱི་གཟུངས་སྔགས་དང་མཚན་དང་རྒྱུད་ཀྱི་ཚིག་སོགས་སྙིང་རྗེས་སྒྲོག་པ་ལ་ལྟུང་བ་མེད་དེ། ཐོས་པའི་བག་ཆགས་དེ་གང་ཟག་དེའི་རྡོ་རྗེའི་ཐེག་པའི་རྒྱས་འགྱུར་གྱི་རིགས་སད་ཕྱེད་དུ་འགྱུར་བའི་ཕྱིར་རོ། །མདོར་ན་དགོས་པ་ཁྱད་པར་བ་ཡོད་ན་ལམ་གྱི་གནས་སྦས་པའི་སྤྱི་དོན་གྱི་ཚུལ་དེའི་དོན་དུ་འགྱུར་བ་ཙམ་དྲི་བཤད་བྱེད་པ་སོགས་ལ་ལྟུང་བ་མེད་ཅིང་གསང་བའི་གནད་རྣམས་ནི་གསང་སྒྲོགས་ཀྱི་ཡུལ་ལ་ལྟུང་མེད་ཀྱི་སྐབས་མི་སྲིད་དོ། །གང་ཟག་ཁྱད་པར་བ་ཡིན་ན་རྐྱེན་གྱིས་མ་སྨིན་པ་ལྔ་པོ་གང་རུང་གི་རྣམ་པར་གནས་ཀྱང་སྨིན་གྲོལ་སྤྱི་ཙམ་གྱི་ཆ་ནས་ལྟུང་བ་མེད་དེ། རྔོག་ཞེ་སྡང་རྡོ་རྗེ་ལོ་དྲུག་བདུན་པ་ཞིག་ཡབ་ཀྱི་ཕྱགས་ཕྱིར་རྗེས་མར་པ་ལས་རྒྱུད་ཉན་པ་ན་སྲས་ཆུང་དེས་རེས་བླ་མའི་དབུ་སྐྲ་དང་སྨད་ར་ནས་འཐེན། རེས་ཡབ་ཀྱི་དེ་དག་ནས་འཐེན། ཤིན་ཏུ་འཚུབ་པར་བྱུང་བས་འདི་སང་ནས་ཁྲིད་མི་འོང་དགོས་པ་འདུག་བྱས་པས་བླ་མའི་ཞལ་ནས་འདི་ལ་མ་འོངས་པ་ན་ང་རྗེ་ལྷོ་པ་ཆེན་པོ་ལ་རྒྱུད་དངོས་སུ་ཉན་པ་ཡིན་ཟེར་ནས་ང་ལ་བླ་མར་འཛིན་པ་བོད་ཀྱི་སྔགས་པ་ཐམས་ཅད་ཀྱི་མཆོག་ཞིག་འོང་བས་ཁྲིད་


KMC013_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་ཞེས་གསུངས་པ་ལྟ་བུ་དང་། དབང་ཞུས་ཀྱང་ཡེ་ཤེས་མ་རྟོགས་པ་ལས་ཕྱིས་གྲུབ་པའི་བླ་མ་ལས་གདམས་པའི་གནད་ཆུང་ངུ་ཙམ་ཉན་པས་གྲུབ་པ་ཐོབ་པ་ལ་བགྲང་བ་ལས་འདས་པའི་ཕྱིར་དང་། རྒྱལ་པོ་གླང་དར་ཡང་དེ་དུས་བོད་ན་མདོ་སྔགས་ཀྱི་བསྟན་པ་ཆེས་དར་བའི་ཕྱིར་སྡིག་སྤྱོད་དུ་མ་གྱུར་པའི་དུས་དབང་བསྐུར་ཙམ་ཐོབ་པར་མ་ཆུད་ཀྱང་ཞུས་པ་ཡིན་ཏེ་མཆི་ལ་ངེས་ན་ལྷ་ལུང་དཔལ་གྱི་རྡོ་རྗེ་དང་དཔུན་ཙམ་དུ་འགྱུར་སྲིད་པས་རྒྱལ་པོ་བསད་པའི་ཚེ་འཇིག་རྟེན་ཀྱི་ཐ་སྙད་དུ་དཔུན་ལ་ཁྲོས་པར་གྲགས་པ་ལྟ་བུ་བྱུང་སྲིད་ན་དེ་ལྟ་བུ་ཉམས་པར་གྲགས་ཀྱང་སྐྱེད་རྫོགས་ཀྱི་གནད་ཐམས་ཅད་ཀྱི་སྙིང་པོ་ཕྱུང་ནས་ཐང་མར་བདལ་ཏེ་འགྲོ་ཞིང་སྦྱིན་པའི་ཡུལ་ཡིན་པ་ལྟ་བུའོ། །དེ་ལྟ་མོད་ཀྱི་རྒྱུད་པ་སྤྱི་ཙམ་གྱི་སྨིན་གྲོལ་བྱས་པར་འདོད་པ་རྣམས་ལ་སྒྲུབ་བརྒྱུད་འདིའི་ཟབ་གནད་ཀྱི་གསང་བ་སྦ་བ་གནད་དུ་ཆེ་སྟེ་རྒྱུད་སྡེའི་སྲོག་ཕྱུང་བའི་ཟབ་གནད་ཤ་སྟག་ཏུ་ཡོད་ལ། གཞན་དག་གིས་ནི་ནོར་བུའི་རྣམ་དབྱེ་ལ་མི་མཁས་པས་བཻ་ཌཱུརྱ་ཆེན་པོ་ཤུན་པ་དང་བཅས་པ་སྨད་དེ་དོར་ནས་འཆིང་བུ་ལྗང་གུ་ནི་སྤྱི་གཙུག་ཏུ་འདོགས་པར་


KMC013_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་པ་མང་བའི་ཕྱིར་རོ། །དེས་ན་དུས་ཀྱི་འཁོར་ལོར་གཡོན་ཅན་གྱི་སྨྲ་བ་ལ་ཉན་ན་ནོར་བུ་འདོར་བ་ལྟར་རྟོག་གེ་དང་གདུག་པའི་སྨྲ་བ་ལ་ཉན་ན་ལམ་བཟང་འདོར་བར་འགྱུར་བས་དེ་དག་ལ་མི་བསྟན་ཞིང་སྦ་བར་གསུངས་པ་ཡིན་ནོ། །མདོར་ན་གསང་བའི་གནད་ཐམས་ཅད་དང་ཁྱད་པར་མན་ངག་དང་བསྒོམས་པའི་ཉམས་མྱོང་དང་རྟགས་སྣང་ལ་སོགས་པ་ཡོན་ཏན་རྣམས་གསང་བ་མི་བསྒྲག་ཞིང་སྣོད་དང་ལྡན་པ་དུས་བབ་དུ་རྗེས་སུ་འཛིན་པས་རང་གཞན་གྱི་དོན་གྲུབ་པར་བྱའོ། །རྩ་ལྟུང་བརྒྱད་པ་ལ། ངོ་བོ་ནི། ཕུང་ཁམས་སྐྱེ་མཆེད་ལྷའི་བདག་ཉིད་ཅན་ལ་བརྙས་པའི་ལྟུང་བ་ལྕི་བ་སྟེ། ཕུང་པོ་སངས་རྒྱས་ལྔའི་བདག་ཉིད། །དེ་ལ་བརྙས་བྱེད་བརྒྱད་པ་ཡིན། །ཞེས་དང་། ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ། ཞེས་དང་། སྙིང་རྒྱན་ལས། རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། །ཞེས་སོ། །རྒྱུ་མཚན་ནི། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་རྒྱལ་བ་རིགས་ལྔའི་ངོ་བོར་གཟོད་ནས་གནས་པར་བཤད་པ་ནི་བླ་མེད་ཀྱི་ཐེག་པའི་བརྗོད་བྱའི་གཙོ་བོ་ཡིན་ལ། སངས་རྒྱས་ཀྱི་སྐུ་ལ་གནོད་པ་བྱས་ན་སྡིག་པ་ཆེས་ལྕི་བར་གྲུབ་ཅིང་སྔོན་བུམ་


KMC013_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

དབང་གི་ཚེ་ཆུའི་དབང་གིས་རྣམ་ཤེས་ཀྱི་ཕུང་པོ་དང་ཆུ་དང་ཞེ་སྡང་སོགས་ཀྱི་རང་བཞིན་རྒྱལ་བ་མི་བསྐྱོད་པ་ཉིད་དུ་གནས་པར་ངོ་སྤྲད་ནས་རྒྱུ་འབྲས་དབྱེར་མེད་དུ་སྡོམ་པའི་སྡོམ་པ་བྱིན་ཞིང་། དེ་བཞིན་དུ་ཅོད་པན་གྱི་དབང་གིས་ཚོར་བ་རིན་འབྱུང་། རྡོ་རྗེའི་དབང་གིས་འདུ་ཤེས་འོད་དཔག་མེད། དྲིལ་བུའི་དབང་གིས་འདུ་བྱེད་དོན་གྲུབ། མིང་གི་དབང་གིས་གཟུགས་ཕུང་རྣམ་སྣང་སྟེ། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིགས་ལྔའི་ངོ་བོར་བསྟན་ནས་རྒྱུ་འབྲས་དབྱེར་མེད་དུ་ཤེས་པའི་སྡོམ་པས་བསྡམས་པས་ཕུང་པོ་ལ་གནོད་པ་བྱས་ན་དེ་དང་འགལ་བའི་ཕྱིར་རོ། །ཡུལ་ནི། འདུས་པར། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་གྲགས། །སྐྱེ་མཆེད་ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུ་ཡི་ཁམས་ནི་མཱ་མ་ཀཱི། །མེ་ཡི་ཁམས་ནི་གོས་དཀར་མ། །རླུང་ནི་སྒྲོལ་མར་རབ་ཏུ་གྲགས། །གཟུགས་སྒྲ་ལ་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་སྒོམ། །ཞེས་གསུངས་ཅིང་ཕུང་པོ་ལྔ་རེ་རེ་ལ་ཡང་ལྔ་ལྔར་ཕྱེ་ནས་སོ་སོར་རིགས་


KMC013_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་དང་སྦྱར་བས་རིགས་ཉེར་ལྔ། ལྷ་མོ་བཞིའི་བདག་ཉིད་ཁམས་བཞི། རེ་རེ་ལ་ཡང་ནང་གི་ལྔ་དང་ཕྱིའི་ལྔ་སྟེ་བཅུར་ཕྱེ་ཞིང་རིགས་ལྔ་དང་སྦྱར་ནས་ཕྱི་ནང་གཉིས་གཅིག་ཏུ་བསྡོམས་པས་རིགས་ཉི་ཤུ། བྱང་སེམས་ལྔའི་བདག་ཉིད་དབང་པོ་ལྔ་དང་། ལྷ་མོ་ལྔའི་བདག་ཉིད་ཡུལ་ལྔ། རེ་རེ་ལ་ལྔ་ལྔར་ཕྱེ་ནས་རིགས་ལྔ་དང་སྦྱར་བས་ལྔ་བཅུ། རྩ་བའི་རིགས་ཆེན་ཡེ་ཤེས་ལྔ་བསྣན་པས་རིགས་བརྒྱ་ཡིན་ལ། བརྒྱ་པོ་སོ་སོ་རྣམས་རང་རང་གི་རྩ་བའི་རིགས་སུ་བསྡུས་པས་རིགས་ལྔ་དང་། རིན་འབྱུང་རྣམ་སྣང་དུ་བསྡུས་ཅིང་དོན་གྲུབ་འོད་དཔག་མེད་དུ་བསྡུས་པས་སྐུ་རྡོ་རྗེ་རྣམ་སྣང་། གསུང་རྡོ་རྗེ་སྣང་མཐའ། ཐུགས་རྡོ་རྗེ་མི་བསྐྱོད་པ་སྟེ་རིགས་གསུམ་དང་། དེ་ཡང་དབྱེར་མེད་པ་སྐུ་རྡོ་རྗེ་གཅིག་པུར་བསྡུ་བར་མཛད་དེ། ཟླ་གསང་ཐིག་ལེ་ལས། རིགས་ནི་རྣམ་པ་བརྒྱར་བཤད་པ། །མདོར་རུ་བསྡུས་ན་རྣམ་པ་ལྔ། །ལུས་དང་ངག་ཡིད་སྦྱོར་བ་ཡིས། །གསུམ་དུ་ཡང་ནི་འགྱུར་བ་ཡིན། །ཞེས་དང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད་། །གཅིག་པུས་ཉམས་ནི་དུ་མས་གར་མཛད་དོ། །ཅེས་གསུང་སྟེ།


KMC013_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

རེ་རེ་ཞིང་རྣམ་པར་ཕྱེ་བ་ནི་སྤྱོད་བསྡུས་ཀྱི་རིགས་བརྒྱའི་ལུས་དབེན་དུ་བསྟན་ཏོ། །བདེ་མཆོག་གི་ཕྱོགས་ལས་སྤྱིར་གཟུགས་ཕུང་རྣམ་པར་སྣང་མཛད། ཚོར་བ་རྡོ་རྗེ་ཉི་མ་སོགས་ཕུང་ཁམས་དབང་པོ་རྣམས་རིགས་ལྔར་བསྟན་པ་དང་། བྱེ་བྲག་ཏུ་སོ་དང་སེན་མོ་ཁཎྜ་ཀ་པཱ་ལ། སྐྲ་དང་བ་སྤུ་མ་ཧཱ་ཀཾ་ཀ་ལ། པགས་པ་དང་དྲི་མ་ཀཾ་ཀ་ལ། ཤ་མཆེ་བ་རྣམ་པར་གཙིགས་པ། རྩ་རྒྱུས་སུ་ར་ཝཱི་ར། རུས་པ་འོད་དཔག་མེད། མཁལ་མ་རྡོ་རྗེའི་འོད། སྙིང་རྡོ་རྗེའི་སྐུ། མིག་ཨངྐུ་རི། མཁྲིས་པ་རྡོ་རྗེ་རལ་པ་ཅན། གློ་བ་དཔའ་བོ་ཆེན་པོ། རྒྱུ་མ་རྡོ་རྗེཧཱུྃ་མཛད། སྙེ་མ་རབ་ཏུ་བཟང་པོ། ལྟོ་བ་རྡོ་རྗེ་བཟང་པོ། ལྒངས་པ་འཇིགས་བྱེད་ཆེན་པོ། འདོམས་བར་མིག་མི་བཟང་། བད་ཀན་སྟོབས་པོ་ཆེ། རྣག་རིན་ཆེན་རྡོ་རྗེ། ཁྲག་རྟ་མགྲིན། རྡུལ་ནམ་མཁའི་སྙིང་པོ། ཚིལ་དཔལ་ཧེ་རུ་ཀམཆི་མ་པདྨ་གར་དབང་། མཆིལ་མ་རྣམ་པར་སྣང་མཛད། སྣབས་རྡོ་རྗེ་སེམས་དཔའ་སྟེ་ཁམས་སྙིགས་མ་ཉེར་བཞི་དཔའ་བོ་ཉེར་བཞི་དང་། མི་ཕྱེད་མ་ལ་སོགས་པའི་རྩ་ཉེར་བཞི། རབ་གཏུམ་མ་ལ་སོགས་པའི་རྣལ་འབྱོར་མ་ཉེར་བཞིར་སྡོམ་པའི་རྒྱུད་


KMC013_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལས་དང་ལོ་ནག་དྲིལ་གསུམ་གྱིས་བཤད་དོ། །གཞན་ཡང་དགྱེས་རྡོར་དང་གདན་བཞིར་དང་དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་སྔ་མ་དང་མན་ངག་ལས་ཇི་སྐད་བསྟན་པ་རྣམས་རྒྱས་པར་ཤེས་པར་བྱ་སྟེ་ཕྱི་ནང་སྣོད་བཅུད་ཐམས་ཅད་ཡི་དམ་གྱི་ལྷའི་བདག་ཉིད་ཡིན་ལ། དེ་ཐམས་ཅད་ཀྱང་རྡོ་རྗེའི་ལུས་ངག་ཡིད་གསུམ་དང་། དེ་ཡང་བདེ་ཆེན་གཉུག་མའི་ངོ་བོར་དབྱེར་མེད་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས་དང་ངོ་བོ་དང་རྟེན་དང་བརྟེན་པ་ཐམས་ཅད་པ་ཡིན་ཏེ། འགྲོ་བ་འདི་ཀུན་སངས་རྒྱས་ལྔ་བདག་ཉིད། །གར་མཁན་དང་ནི་རི་མོ་བཟང་ལྟར་སྣང་། །གང་དུ་བདེ་ཆེན་ཞེས་བྱ་གཅིག་པུ་ཉིད། །གཅིག་པུས་ཉམས་ནི་དུ་མས་གར་མཛད་དོ། །ཅེས་སོ། །དེས་ན་སྤྱིར་ཕྱི་ནང་གི་ཕུང་ཁམས་ཀྱི་ཆོས་ཐམས་ཅད་ནི་ལྷར་དག་པའི་ཕྱིར་རྩ་ལྟུང་འདིའི་ཡུལ་ཡིན་ལ། ཡང་དག་པར་ན་ཕྱི་རོལ་ལྟར་སྣང་བའི་ཕུང་པོ་རྣམས་ཀྱང་ནང་གི་རྡོ་རྗེའི་ལུས་ངག་ཡིད་གསུམ་གྱི་བསྡུས་པའི་རྡོ་རྗེའི་ཕུང་པོ་ལས་གཞན་མིན་པའི་ཕྱིར་རྡོ་རྗེའི་ལུས་ངག་ཡིད་གསུམ་གྱིས་བསྡུས་པའི་ཕུང་པོ་ལྔ་ནི་གཙོ་བོར་སྨོས་པའི་ཡུལ་ཡིན་ཏེ་རིགས་བརྒྱ་རྡོ་རྗེའི་


KMC013_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་གཅིག་པོར་བསྡུས་པ་ནི་ལུས་དབེན་གྱི་མཐར་ཐུག་ཏུ་གསུངས་པའི་ཕྱིར་རོ། །ཁ་ཅིག་སྔགས་པ་རང་གི་ཕུང་པོ་ལྔ་མི་ཤིགས་པ་ཁྱད་པར་གསུམ་ལྡན་རྣམས་སངས་རྒྱས་ལྔའི་བདག་ཉིད་ལ་བླ་མ་དང་རང་གི་ཡེ་ཤེས་པ་བཅུག་ནས་རབ་གནས་བྱས་པའི་ཕྱིར་རང་གི་ཕུང་པོ་རྩ་ལྟུང་གི་ཡུལ་ཡིན་གྱི་སེམས་ཅན་ཐམས་ཅད་ལ་དམད་པ་རྩ་ལྟུང་མ་ཡིན་ཏེ། རྡོ་རྗེ་དཔུན་དང་རང་དང་བུད་མེད་ལ་མི་དམད་པར་དམིགས་ཀྱིས་བཀར་བའི་ཕྱིར། གཞན་དུ་ན། སྐྱེས་བུ་ཀུན་ལ་དམད་མི་བྱ། །ཞེས་པའི་རྩ་ལྟུང་གསུང་བར་འགྱུར་རོ་ཞེས་འཆད་མོད་ཀྱང་བརྟག་དགོས་ཏེ། རྒྱུད་རྒྱ་གཞུང་ཐམས་ཅད་དུ་ཕུང་པོ་ཞེས་སྤྱིར་བསྟན་གྱི་རང་གི་ཕུང་པོ་ཞེས་མ་བཤད་པའི་ཕྱིར་དང་། ཕུང་པོ་བཤད་པ་ཙམ་གྱིས་རང་གི་ཕུང་པོ་མི་འགྲུབ་པའི་ཕྱིར་དང་། བུམ་དབང་གི་སྐབས་སུ་ཕུང་པོ་ལྔ་རིགས་ལྔར་བསྟན་པ་དེ་ཡང་རང་གི་ཕུང་པོ་ལྔ་ཁོ་ན་དེར་བསྟན་པར་ཐལ་བའི་ཕྱིར་དང་། དེ་འདོད་ན་ལུས་དབེན་གྱི་རྣལ་འབྱོར་ཕུང་པོ་ལྔ་རིགས་ལྔར་སྒོམ་པ་ན་ཡང་རང་གི་ཕུང་པོ་ལྔ་ཁོ་ན་ལྷར་སྒོམ་གྱི་གཞན་ཕུང་པོ་རྣམས་ལྷར་མི་སྒོམ་པར་ཐལ་བའི་ཕྱིར། འདོད་མི་


KMC013_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ཏེ། འདུས་པའི་རྒྱུད་ལས། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཞེས་སོགས་དང་། སྤྱོད་བསྡུས་ལས་དེ་འགྲེལ་བ་ན། དེ་ལ་གཟུགས་ཀྱི་ཕུང་པོ་ནི་རྣམ་པར་སྣང་མཛད་དོ། །དེ་ཡང་རྣམ་པ་ལྔར་ཕྱེ་ལ་དེ་བཞིན་གཤེགས་པ་ལྔའི་བྱིན་གྱིས་བརླབས་པ་ཡིན་ཏེ། དེ་ལ་རིང་པོ་དང་ཐུང་ངུ་ལ་སོགས་པའི་ཕྱི་ནང་གི་དབྱིབས་ཀྱི་གཟུགས་ནིི་རྣམ་པར་སྣང་མཛད་ཀྱིས་བྱིན་གྱིས་བརླབས་པའོ། །བདག་དང་གཞན་གཉིས་ཀ་ལ་སོགས་པའི་རྣམ་པའི་གཟུགས་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །ཕྱི་དང་ནང་གི་སྔོན་པོ་ལ་སོགས་པ་ཁ་དོག་ལྔའི་གཟུགས་ནི་སྣང་བ་མཐའ་ཡས་ཀྱིས་སོ། །ཕྱི་དང་ནང་གི་ཟླ་བ་དང་ཉི་མ་ལ་སོགས་པ་སྣང་བའི་རྣམ་པ་ནི་དོན་ཡོད་གྲུབ་པའོ། །རང་རིག་པ་ཙམ་ལ་འབའ་ཞིག་གི་རྣམ་པར་རིག་བྱེད་མ་ཡིན་པ་ནི་མི་བསྐྱོད་པས་བྱིན་གྱིས་བརླབས་པ་སྟེ་གཟུགས་ཀྱི་ཕུང་པོ་རྣམ་པ་ལྔ་བཤད་དོ། །ཅེས་སོགས་དང་། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཞེས་སོགས་འགྲེལ་པའི་ཕྱིའི་སྐབས་སུ། དེ་བཞིན་དུ་ཕྱི་རོལ་གྱི་སའི་ཁམས་ཀྱང་རྣམ་པ་ལྔར་དབྱེ་སྟེ། དེ་ཡང་གླིང་བཞི་དང་རི་རབ་བོ། །དེ་ལ་རིའི་རྒྱལ་པོ་རི་རབ་ནི་རྣམ་པར་སྣང་མཛད་


KMC013_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བྱིན་གྱིས་རླབས་པའོ། །ཞེས་སོགས་དང་། རྒྱ་མཚོའི་ཆུ་ནི་མི་བསྐྱོད་པའོ། །ཆུ་བོའི་ཆུ་ནི་རིན་ཆེན་འབྱུང་ལྡན་གྱིས་སོ་སོགས་དང་། རྒྱུན་བཞག་གི་མེ་ནི་མི་བསྐྱོད་པའོ། །རྡོ་རྗེ་ལས་བྱུང་བའི་མེ་ནི་རྣམ་སྣང་གིས་སོ། །ཞེས་སོགས་སྣང་གྲག་གིས་བསྡུས་པའི་ཆོས་ཐམས་ཅད་རིགས་ལྔའི་བདག་ཉིད་དུ་བཤད་ན་དཔུན་དང་རང་དང་བུད་མེད་ལས་གཞན་པའི་སེམས་ཅན་རྣམས་རིགས་ལྔའི་བདག་ཉིད་ཅན་ཅིའི་ཕྱིར་མ་ཡིན། གལ་ཏེ་རིགས་བརྒྱའི་སྐབས་དེར་ལྷ་དང་ལྷ་མིན་རྣམས་རྣམ་སྣང་གིས་སོ་ཞེས་པ་ལྟ་བུ་མ་བཤད་པས་རང་གིས་བསྡུས་པའི་ཕུང་ཁམས་རྣམས་ལྷ་ཡིན་གྱི་གཞན་མ་ཡིན་ནོ་སྙམ་ན། དེ་ནི་སྤྱོོད་པ་ཆེས་རྩིང་བར་ཟད་དེ། ནོག་ལྐོག་ཤལ་ཅན་དཀར་ཟིལ་ལྟ་བུ་ཞིག་ལ་འདི་བ་ལང་ངོ་སྙམ་དུ་འཛིན་པ་ན་སྣང་ཙམ་གྱི་དབྱིབས་ཀྱི་གཟུགས་དེ་ནི་རྣམ་སྣང་གི་བདག་ཉིད་ཡིན་ཏེ། ཕྱི་དང་ནང་དང་གཉིས་ཀའི་དབྱིབས་ཀྱི་གཟུགས་རྣམ་སྣང་དུ་སྔར་དྲངས་པའི་ལུང་གིས་གྲུབ་པའི་ཕྱིར། བ་ལང་དེ་བདག་ལས་གཞན་དུ་སྣང་བའི་རྣམ་པའི་ཆ་ནི་རིན་འབྱུང་ཡིན་ཏེ། བདག་དང་གཞན་དང་གཉིས་ཀ་ལ་སོགས་པའི་རྣམ་


KMC013_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས་ནི་རིན་འབྱུང་གིས་སོ། །ཞེས་སོ། །དཀར་ཟལ་ལྟ་བུ་ཁ་དོག་གི་ཆ་དེ་ནི་འོད་དཔག་མེད་དེ། ཕྱིི་ནང་གི་སྔོན་པོ་ལ་སོགས་པ་ཁ་དོག་ལྔའི་གཟུགས་ནི་སྣང་བ་མཐའ་ཡས་ཀྱིས་སོ། །ཞེས་སོ། །སྣང་བའི་རྐྱེན་ལས་བ་ལང་མཐོང་བའི་སྣང་བའི་ཆ་དེ་ནི་དོན་གྲུབ་སྟེ་ཟླ་ཉི་ལ་སོགས་པ་སྣང་བའི་རྣམ་པ་ནི་དོན་གྲུབ། ཅེས་སོ། །བ་ལང་གི་རྣམ་པའི་ཤེས་པ་དེ་རང་རིག་པ་ཙམ་ནི་མི་བསྐྱོད་པ་སྟེ་རང་རིག་པ་ཙམ་འབའ་ཞིག་གི་རྣམ་པར་རིག་བྱེད་མ་ཡིན་པ་ནི་མི་བསྐྱོད་པ། ཅེས་སོ། །འདུ་ཤེས་ཀྱི་དབང་དུ་བྱས་ནས་ཀྱང་བ་ལང་གི་རྐང་བཞི་པར་འཛིན་པའི་ཆ་ནི་རིན་འབྱུང་སྟེ་རྐང་པ་བཞི་པའི་འདུ་ཤེས་ནི་རིན་ཆེན་འབྱུང་ལྡན་གྱིས་སོ། །ཅེས་སོ། །དེ་ལྟར་དབྱིབས་དང་ཁ་དོག་དང་གཞན་དུ་སྣང་བ་ཙམ་དང་དེ་དག་ཏུ་འདུ་ཤེས་པ་དང་བཅས་པའི་རང་རིག་པ་ཙམ་དེ་ལས་གཞན་དུ་གྱུར་པའི་བ་ལང་དེ་ཡང་གང་ཞིག་ཡིན་ཞེས་ཡུན་རིང་དུ་བརྟག་པར་བྱོས་ཅིགདེས་ན་བུམ་དབང་གི་ལམ་རྣམ་པར་ཕྱེ་བ་རིགས་བརྒྱའི་ལུས་དབེན་བསྟན་པའི་སྐབས་སུ་ཕྱི་ནང་གི་ཕུང་སོགས་ཐམས་ཅད་ལས་གང་ཞིག་ལྷ་ཡིན་པས་མཆོག་ཡིན་ལ། གང་ཞིག་


KMC013_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་མ་ཡིན་པས་དམན་པ་དེ་ལྟ་བུའི་ཁྱད་པར་ཅུང་ཟད་ཀྱང་མེད་དེ་ཐམས་ཅད་ཀྱང་ལྷར་མཉམ་ཉིད་དུ་བསྟན་པའི་ཕྱིར། གལ་ཏེ་ལྷ་དེ་དང་དེས་བྱིན་གྱིས་བརླབས་པར་བཤད་ཀྱི་ལྷ་དེ་ཉིད་ཡིན་པར་མ་བཤད་དོ་སྙམ་ན། བྱིན་གྱིས་བརླབས་པ་དེ་ཉིད་སྐབས་འདིར་ལྷ་དེ་ཉིད་ཀྱི་ངོ་བོར་གཟོད་ནས་གནས་པ་ལ་ཟེར་བ་ཡིན་ཏེ། སྤྱོད་བསྡུས་ཉིད་ལས། ཕུང་པོ་ལ་སོགས་པ་དེ་དག་རེ་རེ་ཞིང་ལྷ་ལྔ་ལྔར་ཕྱེ་ནས་ལྷ་བརྒྱར་འགྱུར་སྟེ། ཞེས་དང་། ཡང་འདི་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་ཐོག་མ་མེད་པ་ནས་ཐ་མལ་པའི་ང་རྒྱལ་གྱིས་གནས་པ་རྣམས་ནི་ད་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ལས་བསྒྲུབས་པའི་ངོ་བོ་ཉིད་དུ་བསྟན་ཏེ། ཞེས་སོ། །དེ་ལྟར་ཆོས་ཐམས་ཅད་གཟོད་ནས་དག་པའི་ལྷའི་ངོ་བོར་གནས་པ་ཉིད་ལ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་དེ་ལྟར་ཁོང་དུ་ཆུད་པ་ཉིད་ཀྱིས་རབ་ཏུ་གནས་པ་ཡང་དག་པ་ཡིན་གྱི་བདག་གི་ཕུང་པོ་ལ་རབ་གནས་བྱས་པས་ལྷ་ཡིན་གྱི་གཞན་ལ་མ་ཡིན་ནོ་སྙམ་ན། རབ་གནས་ཡང་དག་བྱས་པར་ག་ལ་འགྱུར་ཏེ། མཁའ་འགྲོ་རྒྱ་མཚོར། གཉིས་མེད་ཡེ་ཤེས་བྲལ་


KMC013_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལ། །ཕུང་སོགས་རབ་ཏུ་གནས་པ་མེད། །གཉིས་སུ་མེད་པའི་ཡེ་ཤེས་ལས། །འཁོར་བ་པ་ཡིས་རབ་གནས་བྱ། །ཞེས་སོ། །གལ་ཏེ་སེམས་ཅན་གཞན་རྣམས་ནི་དབང་མ་བསྐུར་བས་རབ་གནས་མ་བྱས་པའོ་སྙམ་ན། དབང་མ་བསྐུར་བ་ཡང་མ་ཡིན་ཏེ། རྣལ་འབྱོར་རྒྱུད་ལས་འོད་ཟེར་ལན་དྲུག་གི་དང་པོས་སེམས་ཅན་རྣམས་སྣང་བར་བྱེད་པ་སོགས་ནས་དག་པར་གནས་སྤར་བའི་བར་དུ་མཛད་པར་གསུངས་ལ། དུས་ཀྱི་འཁོར་ལོར་རྡོ་རྗེ་སློབ་དཔོན་གྱི་སྙིང་རྗེ་ཆེན་པོའི་དབང་གིས་སེམས་ཅན་ཐམས་ཅད་བསྡུས་ཏེ་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་ཞིང་སྨིན་གྲོལ་དུ་བྱས་ནས་སངས་རྒྱས་ཀྱི་ཞིང་སོ་སོར་གཏོང་བར་གསུངས་ཅིང་དེ་ལྟར་ལག་ཏུ་ལེན་པའི་ཕྱིར་དང་། རྡོ་རྗེ་མཁའ་འགྲོ་ལས། ལྷ་ཡི་ཡེ་ཤེས་གསལ་བར་བལྟ། །ལྷ་མིན་ཡེ་ཤེས་ཁྲོ་བ་ལ། །ཡི་དྭགས་ཡེ་ཤེས་ཞན་པ་སྟེ། །དམྱལ་བའི་ཡེ་ཤེས་འཇིགས་པས་ནོན། །བྱོལ་སོང་ཡེ་ཤེས་བླུན་པ་སྟེ། །ཞེས་དང་། ཐམས་ཅད་ཡེ་ཤེས་བྱིན་བརླབས་པས། །ཐམས་ཅད་སྣང་སྟེ་གཞན་དུ་ན། །ཡེ་ཤེས་མེད་པར་སྐྱེ་མི་འགྱུར། །ཞེས་ཐམས་ཅད་ཡེ་ཤེས་ཀྱི་བདག་ཉིད་ཅན་དུ་


KMC013_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་ནས། གསང་ཆེན་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་ཡེ་ཤེས་ལས་ཐམས་ཅད་འབྱུང་བའི་ཚུལ་ནི་གཞན་གྱིས་མི་ཤེས་པར་གསུངས་པའི་ཕྱིར་རོ། །སྤྱིར་ཕུང་པོ་ཅེས་པའི་ཆོས་ཅིག་ཡོད་པ་མིན་མོད་ཀྱང་རིལ་པོར་འཛིན་པ་གཞིག་པའི་ཕྱིར་ཕུང་པོ་ལྔར་བསྟན་ལ། ཕུང་པོ་ནི་སྤུངས་པའི་དོན་ཡིན་ཅིང་རྡུལ་ཕྲ་རབ་འདུས་པ་ལས་བྱེ་མའི་འབྲུ་དང་དེ་མང་དུ་འདུས་པ་ལས་བྱེ་མའི་ཕུང་པོ་ཞེས་ཐ་སྙད་དུ་བྱས་པ་ལས། ཡང་དག་པར་བྱེ་མ་འབྲུ་རེའི་གོ་སར་བྱེ་མའི་འབྲུ་གཞན་མི་དམིགས་ཅིང་འབྲུ་རེ་རེ་ཞིང་ཕུང་པོ་མ་ཡིན་ལ། རྡུལ་ཕྲ་རབ་རེ་རེ་ཞིང་བྱེ་མའི་འབྲུ་མ་ཡིན་པར་ཤེས་པ་ན་བྱེ་མའི་འབྲུ་དང་བྱེ་མའི་ཕུང་པོར་འཛིན་པ་ལས་ལྡོག་པ་ལྟར། ཕུང་ཁམས་དབང་ཡུལ་རྣམས་རེ་རེ་ཞིང་རྣམ་པ་ཐ་དད་པར་ཕྱེ་ནས་རིགས་ལྔའི་ངོ་བོར་བསྟན་པ་ན་རྒྱལ་བ་འབའ་ཞིག་གི་འདུས་པར་ཤེས་ཅིང་ཇི་ལྟར་བློས་བཟུང་བའི་ཐ་མལ་གྱི་དངོས་པོ་དེར་མི་གནས་པར་ཤེས་ནས་བདག་གཞན་དང་མཆོག་དམན་དང་ཡིད་དུ་འོང་མི་འོང་སོགས་ཀྱི་རིལ་པོར་འཛིན་པ་རང་བཞིན་གྱིས་ལྡོག་ཞིང་སྣང་སྲིད་རིགས་ལྔའི་ངོ་བོར་འཆར་བ་ནི་རིགས་བརྒྱའི་


KMC013_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་དབེན་དང་བུམ་དབང་གི་སྐབས་དོན་ཡིན་གྱི། དེ་ལྟར་བསྟན་པས་ཀྱང་བདག་གི་ཕུང་པོ་ནི་རིགས་ལྔ་ཡིན་པས་ཆེས་མཆོག་གོ་སྙམ་ན་བདག་ཏུ་འཛིན་པའི་རིལ་པོ་ཤིན་ཏུ་ཆེ་བ་འདི་ཡང་གཞོམ་པར་མ་ནུས་ཀྱི་སྟེང་དུ་སླར་གཉེན་པོ་ཉིད་སྤང་བྱའི་ཕྱོགས་སུ་ལྷུང་བའི་ཁོང་སྙིང་བཅུག་ནས་ཤིན་ཏུ་སྲ་བར་བྱས་ན་ནི་བཟང་པོ་མ་ཡིན་ཏེ་བཀྲུ་སྨན་ཉིད་མ་ཞུ་བ་ལྟ་བུའོ། །རྡོ་རྗེ་དཔུན་དང་བུད་མེད་ལ་སྨོད་པ་རྩ་ལྟུང་དུ་བཤད་པ་ནི་དེའི་ཕུང་པོ་རིགས་ལྔ་ཡིན་པའི་ཆ་ནས་རྩ་ལྟུང་དུ་བཞག་པ་མ་ཡིན་ཏེ་དཔུན་ནི་གྲོགས་དགེ་འདུན་ཡིན་པ་དང་བུད་མེད་ཀྱི་སྒྲས་བསྟན་པ་ནི་ལམ་གྱི་གྲོགས་ཁྱད་པར་བར་བཞག་པའི་ཆ་ནས་ཡིན་ནོ། །རང་ལ་དམད་པ་ནི་རྩ་ལྟུང་དུ་བཞག་པར་མ་མཐོང་སྟེ། བརྒྱད་པ་འདི་ནི་ཕུང་པོ་ལ་བརྙས་པ་ཞེས་བཤད་ཀྱི། བདག་ལ་བརྙས་པ་ཞེས་མ་བཤད་ཅིང་། ཕུང་པོ་ནི་བདག་ཏུ་སུས་ཀྱང་མི་འགྲུབ་ལ། དེ་ལས་གཞན་བཅུ་གསུམ་པོར་ཡང་མི་འདུ་བའི་ཕྱིར་དང་། ཐམས་ཅད་ཡི་དམ་གྱི་ལྷར་ཤེས་པའི་ཚེ་དེར་མ་འདུས་པའི་བདག་གུད་དུ་མི་རྙེད་པས་དེ་བཤད་པ་ལ་དགོས་པའང་མེད་པའི་ཕྱིར་རོ། །འོ་ན། སྐྱེས་བུ་ཀུན་ལ་


KMC013_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

དམད་མི་བྱ། །ཞེས་པའི་རྩ་ལྟུང་གསུང་རིགས་པར་འགྱུར་རོ་ཞེ་ན། ཕུང་པོ་ཐམས་ཅད་ལ་བརྙས་པ་རྩ་ལྟུང་དུ་གསུངས་པས་དེ་བས་རྒྱ་ཆེ་བ་ཡིན་ཏེ་བེམས་ཤེས་དང་གང་ཟག་སོགས་ཐ་དད་པར་བཞག་པའི་གྲུབ་མཐའི་འཛིན་པ་ཅན་རྣམས་ལ་སྐྱེས་བུ་ལ་བརྙས་པ་རྩ་ལྟུང་དུ་གསུངས་པའི་རི་བོ་དང་བཀོད་མའི་ཆུ་དང་བཤང་གཅི་སོགས་སེམས་ཀྱིས་མ་བསྡུས་པར་གྲགས་པ་རྣམས་ལ་བརྙེས་པ་མི་ཁེགས་པ་འདིར་ཕུང་ཁམས་དབང་ཡུལ་ཐམས་ཅད་ལྷར་བསྟན་ནས་དེ་གང་ལ་བརྙས་ཀྱང་རྩ་ལྟུང་ཡིན་པར་གསུངས་པ་ཡིན་ལ། ཞིབ་པར་ཕྱེ་ན་སྐྱེས་བུའམ་གང་ཟག་གི་ཚོགས་པ་ཙམ་ལས་འཁྲུལ་པའི་དབང་གིས་བཞག་པར་ཟད་ལ། དེའི་གཟུགས་ལ་བྱེ་བྲག་ཏུ་བརྙས་ན་རྣམ་སྣང་ལ་བསྙས་པ་ནས་ས་ཁམས་ལ་བྱེ་བྲག་ཏུ་བརྙས་ན་སྤྱན་མ་ལ་བརྙས་པ་སོགས་སུ་འགྱུར་བར་ཤེས་དགོས་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ཐ་ན་སྡོམ་དུམ་ལ་ཡང་ངན་སེམས་བསྐྱེད་པ་དང་ཁྲོ་བར་མི་བྱ་ན་སེམས་དང་བཅས་པའི་ལུས་ལ་ལྟ་ཅི་སྨོས་ཅེས་གསུངས་ན་རྡོ་རྗེ་ཐེག་པར་དེ་བས་ཀྱང་ལྟ་ཅི་སྨོས་པ་ཡིན་ལ། རྡོ་རྗེའི་ལུས་ངག་ཡིད་གསུམ་གྱིས་


KMC013_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་པའི་ཕུང་པོ་ལྔར་ཆོས་ཐམས་ཅད་བསྡུས་ནས་རང་རྣལ་འབྱོར་པའི་ཕུང་པོ་ལྔ་ལ་བརྙས་པ་རྩ་ལྟུང་དུ་གསུངས་པ་རྒྱུ་མཚན་དུ་བྱས་ནས་རང་གི་ཕུང་པོ་དང་གཞན་གྱི་ཕུང་པོ་ཀ་བ་དང་བུམ་པ་ལྟར་ཐ་དད་པར་བཟུང་བའི་གཞན་གྱི་ཕུང་པོ་ལ་བརྙས་པ་རྩ་ལྟུང་མ་ཡིན་ནོ་ཞེས་མ་སེམ་ཞིག་ལྟུང་བའི་གནད་བཅོས་པར་གྱུར་ཏ་རེ། བསམ་པ་ནི། ལུས་ལ་ཞེ་སྡང་བ་དང་ཁྲོ་བའི་དབང་གིས་ལུས་རུལ་པ་གསོག་འདིས་ཅི་ཞིག་བྱ། ཤི་ན་ལེགས་སོ་སྙམ་པ་ལྟ་བུའོ། །དངོས་གཞི་ནི། ལུས་ལ་དགྲར་ལྟ་བས་ལྕེབ་པ་དང་ཟས་གཅོད་པ་དང་བསྙུང་བ་བྱེད་པ་དང་དུམ་བུར་གཅོད་པ་དང་མར་མེ་སྤར་བ་སོགས་དང་རྡེག་པ་དང་འཚོག་པ་དང་དེ་དག་བྱེད་དུ་གཞུག་པ་དང་ངག་གིས་ལུས་ངན་འདི་མ་སོས་པས་ལན་ནོ་ཞེས་ཞེ་ནས་སྨོད་པ་ལྟ་བུ་སྟེ། འགྲེལ་ཆེན་ལས། ཕུང་པོ་ཉོན་མོངས་པ་ལ་སོགས་པ་ནི་བསྙུང་བར་གནས་པ་ལ་བཀོད་པ་ལ་སོགས་པ་དང་། ལུས་གཅོད་པ་ལ་སོགས་པར་བརྗོད་དེ་དེ་ལས་བརྒྱད་པར་འགྱུར་རོ། །ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པས་དེ་ཡང་བསད་པ་དང་བཅིང་བ་དང་རང་ལ་རང་ཞེ་སྡང་ཞིང་ཡི་མུག་པ་དང་


KMC013_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

དཀའ་སྤྱད་ཀྱིས་ཉོན་མོངས་པར་བྱེད་པ་དང་། ལུས་མི་གཙང་བར་སྒོམ་ཞིང་ཡན་ལག་ལ་སོགས་པ་མ་རུང་པར་བྱེད་པ་དང་། ལུས་ནི་གསོག་ཡིན་ནོ་ཞེས་བརྙས་པའོ། །ཞེས་སོ། །མདོར་ན་ལུས་གཙོ་བོར་སྨོས་ནས་ཕྱིི་ནང་གི་ཕུང་ཁམས་དབང་ཡུལ་ཐམས་ཅད་ལ་ཞེན་ཞིང་ཁྲོ་བར་བྱེད་ན་རྩ་བའི་ལྟུང་བའོ། །དུས་ནི། ཇི་ཙམ་གྱིས་ཁྲོ་བའི་བརྡེག་པ་སོགས་ཀྱི་བསམ་པ་དང་བྱ་བ་ཚར་ཕྱིན་པ་དེ་ཉིད་ནའོ། །ལྟུང་བར་འགྱུར་ཚུལ་ནི། མཚུངས་སོ། །ལྟུང་མེད་ནི། ཕུང་པོ་ལ་བརྙས་སེམས་སོགས་མེད་པར་དང་བའི་དབང་གིས་སྒྲིབ་པ་སྦྱོང་བའི་ཕྱིར་མདོ་རྒྱུད་ལས་གསུངས་པའི་བསྙུང་གནས་སོགས་བྱེད་པ་དང་། རང་གཞན་གྱི་དོན་ཆེན་པོ་མཐོང་བ་དང་དབང་ལམ་གོང་མའི་དགོས་པ་ཁྱད་པར་བ་ལྟ་བུ་ལ་ལུས་ངག་གིས་བརྙས་པ་ལ་ཉེས་པ་མེད་ཅིང་སེམས་ཀྱིས་ཕུང་པོ་ལ་བདེན་འཛིན་གྱིས་ཁྲོ་བ་ལ་ནི་ཉེས་མེད་མི་སྲིད་ལ། གཞན་ནས་ཕུང་པོའི་བདེན་འཛིན་ཟློག་པའི་ཕྱིར་གསོག་དང་ཡ་མ་སླར་སྟོན་པ་སོགས་ལ་ཡང་ལྟུང་བ་མེད་དོ། །ཁ་ཅིག་གཉུག་མའི་ལུས་ལས་རྣམ་སྨིན་གྱི་ལུས་བློས་ལོགས་སུ་ཕྱེ་ནས་བསྙུང་བ་སོགས་བྱེད་ན་


KMC013_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཉེས་པ་མེད་ཟེར་ཡང་། འདི་ལྟར་འབྱེད་པ་ནི་རྒྱུད་སྡེ་ལས་མ་བཤད་དེ་རང་གི་ཕུང་པོ་ལྷར་ཁས་བླངས་པ་དེ་ལ་ཡང་ད་དུང་ལྷ་མིན་པའི་ཆ་ཞིག་འབྱེད་དུ་འཇུག་པའི་ཐབས་སུ་སྣང་ངོ་། །འདི་ལྟ་ན་རྩ་ལྟུང་གཞན་བཅུ་གསུམ་པོ་ལ་ཡང་གཉུག་མ་དང་རྣམ་སྨིན་ཕྱེ་ནས་སྦྱང་ཆོག་པར་ཁྱད་པར་ཅི་ཡོད། མདོར་ན་ཕུང་ཁམས་དབང་ཡུལ་ཐམས་ཅད་གཟོད་ནས་ལྷར་དག་པ་ཉིད་དུ་ཤེས་པས་དེ་དག་ཆགས་སྡང་གི་ཡུལ་དུ་མི་བྱེད་ཅིང་རང་རྒྱུད་པར་མི་འཛིན་པས་སྣང་སྲིད་ལྷའི་ངོ་བོས་སྤྱད་པར་བྱའོ། །རྩ་ལྟུང་དགུ་པ་ལ། ངོ་བོ་ནི། རང་བཞིན་གྱིས་དག་པའི་ཆོས་དེར་ཡིད་མ་ཆེས་པར་སོམ་ཉི་ཟ་བའི་ལྟུང་བ་ལྕི་བ་སྟེ། རང་བཞིན་དག་པའི་ཆོས་རྣམས་ལ། །སོམ་ཉི་ཟ་བ་དགུ་པ་ཡིན། །ཞེས་དང་། དགུ་པ་དག་པའི་ཆོས་ལ་མ་དད་གང་། ཞེས་དང་། སྙིང་རྒྱན་ལས། དག་པའི་ཆོས་ལ་སོམ་ཉི་བྱུང་། །ཞེས་དང་། གུར་ལས། ཆོས་ལ་ཡིད་གཉིས་མི་བྱ་ཞིང་། །ཞེས་སོ། །རྒྱུ་མཚན་ནི། དབང་གི་ལྡེ་མིག་ལས། མཚན་ཉིད་ཐེག་པ་སྤོང་བའི་ལམ། །སྤང་བྱ་གཉེན་པོའི་ཚུལ་དུ་འདོད། །དེ་བཞིན་བསྒྱུར་བ་གཙོ་བོར་སྟོན། །གསང་ཆེན་འདིར་ནི་ཤེས་པའི་


KMC013_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ལམ། །ངོ་བོ་ཉིད་དེ་ཡོངས་ཤེས་པས། །དེ་ཉིད་དག་པའི་གནས་གྱུར་པའོ། །རིགས་མཐུན་གཉེན་པོར་གྱུར་བ་སྟེ། །གསང་བ་ཟློག་པའི་སྒོམ་པ་ནི། །བྱིས་པ་རྣམས་ལ་བསྟན་པ་མིན། །ཞེས་མཚན་ཉིད་ཐེག་པ་སྤོང་ལམ་དང་བསྒྱུར་ལམ་གཙོ་བོར་བྱེད་ལ། སྔགས་བླ་མེད་ནི་རང་བཞིན་ཤེས་པའི་ལམ་གཙོ་བོར་བྱེད་དེ། དེའི་ཚེ་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་གང་རྒྱུད་དང་མན་ངག་གིས་བླ་མས་བསྟན་པ་དེ་ལ་ཡིད་མ་ཆེས་ནས་འདི་ལྟ་བུ་མི་སྲིད་དམ་སྙམ་པའི་སོམ་ཉི་ཟ་བ་ན་མྱུར་དུ་ལམ་དེ་སྤོང་བར་འགྱུར་བ་ལ་ཚེགས་མེད་ཅིང་སྔགས་ཆོས་སྤངས་པས་ཉེས་པ་ཆེས་ལྕི་བ་འཐོབ་པའི་ཕྱིར་དང་། མ་སྤངས་སུ་ཟིན་ཡང་ལམ་དེ་རྒྱུ་ལ་མི་སྐྱེ་བས་སྔགས་ལ་ཞུགས་པའི་དགོས་པ་མི་འགྲུབ་ཅིང་། དབང་དུས་སུ་གང་བསྟན་པའི་གནད་ལ་སྒྲོ་སྐུར་དུ་བྱས་པས་དམ་ཚིག་དང་འགལ་བའི་ཕྱིར་རོ། །ཡུལ་ནི། བུམ་དབང་དུ་ཕུང་ཁམས་དབང་ཡུལ་གྱིས་བསྡུས་པའི་ཆོས་ཐམས་ཅད་ལྷའི་ངོ་བོར་བསྟན་པ་ལ་ཅི་འདི་དག་ལྷ་ཡིན་ན་ནི་སྒྲུབ་ཅི་དགོས་སྙམ་པ་དང་། ལྷ་ནི་སྐུ་མདོག་ཕྱག་མཚན་སོགས་དང་བཅས་པ་འོད་ཀྱི་རང་


KMC013_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཅན་ཡིན་ལ། གཟུགས་སྒྲ་སོགས་འདི་དག་ནི་ཕལ་པ་ཉིད་དུ་ཟད་པས་འདི་དག་ལྷ་ཡིན་པ་ནི་མི་བདེན་ནམ་སྙམ་དུ་འཛིན་པ་དང་། གསང་དབང་གི་ལམ་དུ་བཟའ་བའི་དམ་ཚིག་དཀར་དམར་དང་ཤ་ལྔ་དང་བདུད་རྩི་ལྔ་སོགས་འཆི་མེད་སྟེར་བའི་རང་བཞིན་གྱི་གྲུབ་པའི་བདུད་རྩིར་བསྟན་པ་ལ་མི་གཙང་བ་འདི་དག་བདུད་རྩི་ཡིན་ན་ལྟ་སླ་སྟེ་སྔགས་ལ་འཇུག་ཅི་དགོས་སྙམ་པ་སོགས་དང་། དབང་གསུམ་པར་ཐ་མལ་མཚན་རྟོག་དང་བྲ་བའི་ཀུནྡྷུ་རུའི་སྦྱོར་བ་ལས་ཆགས་པའི་གནས་སྐབས་བཞི་ཉམས་སུ་མྱོང་ལ། དེ་ཉིད་མན་ངག་གི་གནད་བཅིངས་པས་དགའ་བཞི་དང་ལམ་གྱི་སྐུ་བཞིའི་རྟོགས་པ་འཆར་ལ། དཔེ་དོན་གྱི་ཡེ་ཤེས་དེས་ཡིད་དང་ཐིག་ལེ་དག་བྱེད་ཀྱི་ལམ་གྱི་མཆོག་ཏུ་བསྟན་པ་ལ་ཀྱེ་མ་འདི་ལྟ་བུ་ནི་འདོད་ཆེན་པའི་མུ་སྟེགས་ཀྱི་ལུགས་མ་ཡིན་ནམ་སྙམ་པ་ལྟ་བུ་དང་། བཞི་པའི་ལམ་དུ་འཁོར་འདས་ཀྱི་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དག་པ་ཡིན་ལ། དེའི་ཕྱིར་ཀུན་རྫོབ་འཁོར་བའི་ཆོས་སུ་བཏགས་པ་དང་དེ་དག་རང་བཞིན་གྱིས་ལྷར་དག་པ་དང་བཅས་པ་དེ་ཐམས་ཅད་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་པ་བདེན་རྫུན་


KMC013_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

དང་གདགས་པ་དང་བྲལ་བ་ཆུ་ནང་གི་ཟླ་གཟུགས་དང་སྒྱུ་མའི་དཔེ་བཅུ་གཉིས་ལྟ་བུར་བསྟན་པ། བརྟག་གཉིས་ལས། རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་རྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་འབྱོར་མས་ཤེས་ཀྱིས། །ཅེས་གསུངས་པ་ལྟ་བུ་ལ་ཡིད་མ་ཆེས་ནས་འདི་ནི་ཡོད་མིན་མེད་མིན་གྱི་ལྟ་བ་ཞིག་ཡིན་ནམ་སྙམ་པ་དང་། བདེན་པ་འགོག་པའི་ཕྱིར་ཆད་ལྟ་མ་ཡིན་ནམ་སྙམ་པ་སོགས་ཀྱིས་ཡིད་གཉིས་ཟ་བར་བྱེད་པ་དང་། དེ་བཞིན་དུ་བུམ་དབང་དུ་ཆོས་ཐམས་ཅད་ལྷར་དག་པའི་ཕྱིར་མ་དག་པས་སྟོང་པ་དང་གསང་དབང་གི་ལམ་དུ་ཐབས་ཤེས་གཟོད་ནས་དབྱེར་མེད་པའི་ཕྱིར་ཡ་བྲལ་གྱིས་སྟོང་པ་དང་གསུམ་པའི་ལམ་དུ་ཆོས་ཐམས་ཅད་བདེ་བར་དག་པའི་ཕྱིར་སྡུག་བསྔལ་དང་བཏང་སྙོམས་ཀྱིས་སྟོང་པ་དང་བཞི་པའི་ལམ་དུ་བདེན་གཉིས་དབྱེར་མེད་པ་སྒྱུ་མ་ལྟ་བུར་གཟོད་ནས་གནས་པའི་ཕྱིར་སྐྱེ་འགག་དང་བདེན་རྫུན་གྱིས་སྟོང་པ་སྟེ་སྟོང་པ་དེ་དག་ལ་ཡིད་མི་ཆེས་ཅིང་སོམ་ཉི་ཆེར་ཟ་བ་སྟེ། འགྲེལ་ཆེན་ལས། དགུ་པ་ནི་དག་པའི་ཆོས་ཏེ་སྟོང་པ་ཉིད་ཀྱི་ཆོས་ལ་མ་དད་


KMC013_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

པར་གྱུར་པ་གང་ཡིན་པའོ། །ཞེས་སོ། །གཤེད་ནག་པོའི་རྒྱུད་ལས། གྲོང་པའི་ཆོས་ནི་སུན་མི་དབྱུང་། །ཞེས་བཤད་པ་ནི་དབང་གསུམ་པའི་ཡུལ་གྱི་དག་པའི་ཆོས་ལ་སོམ་ཉི་ཟ་བྱ་མ་ཡིན་པར་ཟུར་དུ་བཀར་ནས་བསྟན་པའོ། །མདོར་ན་དབང་སྔ་མ་གསུམ་གྱི་དག་པ་ཐམས་ཅད་ལྟུང་བ་འདིའི་དངོས་ཡུལ་ཡིན་ལ། དབང་བཞི་པ་ལ་རྟོགས་དཀའ་བའི་ཆ་ནས་ཀུན་རྫོབ་རང་བཞིན་གྱིས་དག་པ་དང་དོན་དམ་རང་བཞིན་གྱིས་དག་པ་གཉིས་སུ་ཕྱེ་བའི་ཀུན་རྫོབ་རང་བཞིན་གྱིས་དག་པ་སྒྱུ་མ་ལྟར་བདེན་རྫུན་དང་བྲལ་བ་མདོ་ལས་ཀྱང་ཆོས་ཐམས་ཅད་དང་དེ་ལས་ལྷག་པ་ཞིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུར་བསྟན་པ་དང་། འདུས་པར་སྒྱུ་ལུས་ཀྱི་རིམ་པར་གང་བསྟན་པའི་སྒྱུ་མ་ལྟ་བུའི་ཚུལ་དེ་ནི་རྩ་ལྟུང་འདིའི་དངོས་ཡུལ་ཡིན་ལ། དོན་དམ་རང་བཞིན་གྱིས་དག་པ་ནི་བཅུ་གཅིག་པའི་དངོས་ཡུལ་དུ་བཞག་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་དང་རྣམ་རིག་སྨྲ་བའི་གྲུབ་མཐའ་ལ་ཞེན་པ་སོགས་ཀྱི་རྒྱུས་དབུ་མའི་སྐབས་སུ་བར་པ་བདག་ཟློག་གི་སྐབས་སུ་བསྟན་པའི་ཆོས་དང་གང་ཟག་གི་བདག་ཐ་སྙད་དུ་ཡང་སྲིད་མ་མྱོང་བ་དང་། ཐ་མ་ལྟ་ཞི་ཀུན་ལྡོག་


KMC013_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྐབས་སུ་མཐར་འཛིན་གྱི་ཆ་ཐམས་ཅད་བཀག་ནས་སྤྲོས་པ་ཉེར་ཞིའི་གནས་ལ་འཇུག་པ་སོགས་ལ་ཆད་ལྟ་མ་ཡིན་ནམ་སྙམ་ནས་སོམ་ཉི་ཟ་ནའང་དབང་བཞི་པའི་དག་པའི་ཕྱོགས་གཅིག་ལ་སོམ་ཉི་ཟ་བ་ཡིན་པས་རྩ་ལྟུང་འདིར་འགྱུར་ཏེ་དེའི་ཕྱིར་ཡང་འགྲེལ་ཆེན་ལས། སྟོང་ཉིད་ལ་མ་དད་པ་ཅེས་བསྟན་ཏོ། །ཁ་ཅིག་འདི་རང་རིག་གི་དག་པ་སུན་མི་འབྱིན་པའོ་ཟེར་མོད། ཁྱེད་རང་གི་ལུགས་ཀྱིས་ནི་དེ་མ་ཡིན་ཏེ་འདི་ནི་ཡུལ་དང་ཡུལ་ཅན་ཐམས་ཅད་ཀྱི་རྣམ་པའི་དག་པ་སྤྱིར་བཤད་པ་ཡིན་ལ། ཁྱེད་རང་རིག་གི་དག་པར་དག་པ་ཐམས་ཅད་འདུ་བར་མི་འདོད་པའི་ཕྱིར། ཁོ་བོ་ཅག་ནི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་དག་པར་མི་འདུ་བའི་དག་པ་ནི་འགའ་ཡང་མེད་ལ། གནས་སྐབས་པའི་ཤེས་པ་རང་གིས་རང་མྱོང་བ་ཙམ་ནི་རང་རིག་གི་དག་པར་མི་འགྱུར་ཏེ། འདི་ནི་བྱིས་པ་ཐམས་ཅད་དང་ཐུན་མོང་ཡིན་པའི་ཕྱིར་དང་། འཕགས་པ་སེམས་དང་སེམས་བྱུང་གི་སྤྲོས་པ་ཆད་དེ་འོད་གསལ་བ་ཆེན་པོར་ཞུགས་པ་རྣམས་ལ་འདི་མེད་པའི་ཕྱིར་རོ། །རྩ་ལྟུང་འདིའི་ཡུལ་གྱི་དག་པ་ནི་ལས་དང་པོ་པའི་ངོར་རྣམ་ཤེས་དང་ཡེ་ཤེས་སུ་


KMC013_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེ་བ་ན། རྣམ་ཤེས་ཀྱི་རང་རིག་གི་དག་པ་ལ་མི་འཇོག་སྟེ། རྣམ་ཤེས་ཀྱི་རང་རིག་ཙམ་དེ་ནི་འཛིན་པ་ཉིད་ཡིན་པས་ཞི་གནས་ཙམ་ལའང་དེ་ནམ་སྐྱེས་པ་ན་ཏིང་ངེ་འཛིན་སད་པར་བྱེད་པས་གེགས་བྱེད་ཡིན་ལ། ལྷག་མཐོང་གི་ཚེ་ཡང་དེ་ནམ་སྐྱེས་པ་ན་མཚན་མའི་འཐུར་འདུད་དུ་འགྱུར་བས་འདི་ནི་མ་དག་པ་ཐམས་ཅད་ཀྱི་གཞི་རྩ་ཀུན་གཞི་ལ་ཁ་ནང་དུ་ཕྱོགས་ནས་ངར་འཛིན་པའི་ཆ་ཡིན་གྱི་གཉེན་པོ་མ་ཡིན་ལ། རྩ་ལྟུང་འདི་ནི་གཉེན་པོར་འགྱུར་བའི་དག་པ་ལ་སོམ་ཉི་ཟ་ན་རྩ་ལྟུང་དུ་བཤད་ཀྱི་སྤང་བྱའི་ཕྱོགས་ལ་སོམ་ཉི་ཟ་བ་རྩ་ལྟུང་དུ་གསུངས་པ་མ་ཡིན་པའི་ཕྱིར། དཔེར་ན། འདོད་ཆགས་འདི་ཕྱི་ན་ཡོད་པའམ། ནང་ན་ཡོད་པའམ། གཉིས་ཀར་ཡོད་པའམ། མེད་པའམ། སྐྱེས་པའམ། མ་སྐྱེས་པའམ། ཅི་ཞིག་ཡིན་ནམ་ཞེས་རྟོག་ཞིང་ཐེ་ཚོམ་པ་ནི་རྩ་ལྟུང་མ་ཡིན་ཏེ། དེས་ནི་འདོད་ཆགས་སྐྱེ་འགག་གནས་པ་དང་བྲལ་ཞིང་དེའི་རང་ངོ་གཟོད་ནས་དག་པར་ཤེས་ནས་སྐད་ཅིག་གིས་འདོད་ཆགས་ཀྱི་དག་པ་གཉིས་ལྡན་གྱི་ཡེ་ཤེས་ལ་འཇུག་པར་ཡང་འགྱུར་སྲིད་པའི་ཕྱིར། དེས་ན་འདོད་ཆགས་ཀྱི་རང་བཞིན་བདེ་སྟོང་དང་འོད་དཔག་མེད་དུ་


KMC013_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

བཤད་པ་ལ་སོམ་ཉི་ཟས་ནས་འོ་ན་འཕགས་པ་དགྲ་བཅོམ་པ་རྣམས་འདོད་ཆགས་ཅིའི་ཕྱིར་ཆེད་དུ་སྤོང་སྙམ་པ་ལྟ་བུས་དོན་མིན་གྱི་ཡིད་གཉིས་སུ་བྱེད་ན་རྩ་ལྟུང་དུ་འགྱུར་ཏེ། དོན་མིན་གྱི་ཐེ་ཚོམ་དེས་དྲངས་ནས་འདི་ནི་མི་བདེན་སྙམ་པའིབློ་སྐྱེ་བའི་ཕྱིར་རོ། །རྩ་ལྟུང་འདིའི་ཡུལ་དག་པ་སྤྱིར་བརྗོད་པ་ཡིན་པ་ཡང་། རང་བཞིན་དག་པའི་ཆོས་རྣམས་ལ། །ཞེས་དང་། དག་པའི་ཆོས་ལ་ཞེས་སྤྱིར་བསྟན་པ་ཁོ་ནས་གྲུབ་བོ། །འོ་ན་འདིར་དོན་དམ་གྱི་དག་པ་མ་བསྟན་པར་བཤད་པ་དང་འགལ་ལོ་སྙམ་ན། དབང་བཞི་པ་ལ་གཉིས་སུ་ཕྱེ་བའི་འདིར་ཀུན་རྫོབ་ཀྱི་དག་པ་གཙོ་བོར་སྟོན་ཞེས་སྨྲས་ཀྱི་དོན་དམ་མི་སྟོན་པར་མ་སྨྲས་ཏེ། བདེན་པ་གཉིས་ཀྱི་རང་བཞིན་ནི་མེ་དང་ཚ་བ་ལྟར་ཐ་མི་དད་པས་སུས་ཀྱང་དཔྲལ་བར་མི་ནུས་པའི་ཕྱིར། རྩ་ལྟུང་བཟློས་པར་ཡང་མི་འགྱུར་ཏེ། འདིར་སྒྱུ་མ་ལྟ་བུའི་རིམ་པ་ལ་ཡིད་གཉིས་ཀྱི་མཐའ་སྤོང་ཞིང་བཅུ་གཅིག་པར་འོད་གསལ་གྱི་རིམ་པ་ལ་སྒྲོ་སྐུར་གྱི་མཐའ་སྤོང་བ་གཙོ་བོར་སྟོན་པའི་ཕྱིར། ཁ་ཅིག་འདིའི་རང་བཞིན་གྱིས་དག་པ་ཤེས་པ་ལ་ལྟ་བ་འཁོར་འདས་དབྱེར་མེད་རྙེད་དགོས་པས་


KMC013_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དང་རིགས་པ་དང་མན་ངག་ལས་བརྙད་པར་བྱས་ན་ཐེ་ཚོམ་འདི་མི་འབྱུང་ངོ་ཟེར་མོད་ཀྱང་། ལྟ་བ་འཁོར་འདས་དབྱེར་མེད་དེ་སྔགས་ཀྱི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཅིག་ལ་ཟེར་ན་ནི་ལུང་དང་རིགས་པ་དང་མན་ངག་ཁོ་ནས་རྙེད་པ་མ་ཡིན་ཏེ། བླ་མ་མཚན་ལྡན་བསྟེན་པའི་བྱིན་རླབས་དུས་སུ་ཞུགས་པ་དང་རང་གི་ཚོགས་གཉིས་གོམས་པའི་སྐལ་བ་མཆོག་ཏུ་གྱུར་པའི་རྟེན་འབྲེལ་ཕྲད་པ་ལས་རྙེད་དགོས་པའི་ཕྱིར་ཏེ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཅེས་གསུངས་སོ། །སྤྱིར་ཡང་ཞིང་དང་ས་བོན་དང་དུས་དང་རྐྱེན་འཛོམ་པ་ལས་ལོ་ཐོག་འབྱུང་བར་འཆད་དགོས་ཀྱི། འབྱོར་དང་གཤོལ་དང་ལོ་ཐོག་གི་བསྟན་བཅོས་ཀྱིས་ལོ་ཐོག་འབྱུང་ངོ་ཞེས་སྨྲས་ན་བཞད་གད་ཀྱི་གནས་སུ་འགྱུར་བ་ལྟར། ལྷན་ཅིག་སྐྱེས་པ་གཉུག་མའི་དོན་བླ་མ་མཚན་ལྡན་གྱི་བྱིན་རླབས་སློབ་མ་སྐལ་ལྡན་ལ་དུས་སུ་ཐེབས་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ནང་ནས་འཆར་བ་ཡིན་པ་ལ་ལུང་དང་རིགས་པ་དང་མན་ངག་དག་ལས་རྙེད་པར་བྱའོ་


KMC013_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འཆད་པས་ཀྱང་དཔྱོད་ལྡན་དགའ་བ་སྐྱེད་མི་ནུས་ཏེ། ལུང་རིགས་མན་ངག་ནི་ཀླ་ཀློ་ནས་རྡོ་རྗེ་ཐེག་པའི་བར་ཐམས་ཅད་ལ་ཡང་སོ་སོར་ཡོད་ཅིང་། དེ་བཞིན་གཤེགས་པས་གསུངས་པའི་སྡེ་སྣོད་གསུམ་གྱི་ལུང་རྟེན་འབྲེལ་བཅུ་གཉིས་དང་། རྒྱུ་འབྲས་ཀྱི་རིགས་པ་བསླབ་པ་གསུམ་གྱི་མན་ངག་སྟེ་བསྟན་པ་གཅིག་ཁོ་ན་ཡང་གནས་མ་བུ་པའི་སློབ་དཔོན་རྣམས་ནས་དབུ་མའི་བར་ལྟ་བ་དང་གྲུབ་པའི་རིམ་པ་འདི་ཙམ་ཞིག་ཏུ་གྱེས་པ་སྟེ་ལུང་རིགས་མན་ངག་གཅིག་ཁོ་ན་གང་ཟག་དབང་པོ་ཐ་དད་པ་བཅུ་གཉིས་ཀྱིས་ཅིག་ཆར་མཉམ་ཞིང་བསམས་ནས་ཤེས་ཏེ་གཞན་ལ་སྟོན་པ་ནས་སོ་སོའི་དབང་པོའི་རིམ་པས་ལྟ་བ་མི་འདྲ་བ་བཅུ་གཉིས་སུ་འགྱུར་བ་ཡིན་ལ། བླ་མ་མཚན་ལྡན་བརྙེད་ན་དེས་ཚོང་དང་སོ་ནམ་གྱི་ཐ་སྙད་ཀྱིས་ཀྱང་དེ་ཁོ་ན་ཉིད་ལ་སྦྱོར་བར་ནུས་ན་ལམ་རྣམས་ཀྱིས་ལྟ་ཅི་སྨོས། དེས་ན་བླ་མ་མཚན་ལྡན་བཙལ་བར་བྱ་ཡི་ལུང་རིགས་མན་ངག་ཙམ་བཙལ་བར་མི་བྱ་ལ། ལྟ་བ་འཁོར་འདས་དབྱེར་མེད་ཀྱང་ཤོག་བུའི་ལོགས་ལས་བརྙེད་པ་དེས་ནི་དགོས་པ་སྦྱིན་པར་མི་ནུས་སོ། །བསམ་པ་ནི། ལྟ་བ་སྣ་ཚོགས་པའི་


KMC013_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བག་ཆགས་ངན་ཞེན་དང་རྨོངས་པའི་མ་རིག་པའི་དབང་གིས་ཡིད་མི་ཆེས་པའོ། །རྟོག་གེ་ལ་གོམས་པའི་རྒྱུས་ཡང་དག་པའི་གནས་ལ་ཡིད་མི་ཆེས་པ་འདི་ལ་བོད་ཕྱི་རབས་པ་རྣམས་དབང་རྣོན་ཆོས་ཀྱི་རྗེས་འབྲེང་དུ་འདོད་ཅིང་སྐལ་པ་བཟང་པོ་ཡང་དག་པའི་གནས་ལ་ཐོག་མ་ནས་མི་ཕྱེད་པར་དད་པ་ལ་དབང་བརྟུལ་དད་པའི་རྗེས་འབྲེང་དུ་འཇོག་པར་སྣང་ཡང་། དེ་གཉིས་ནི་ཕྱིན་ཅི་ལོག་པ་ཡིན་ཏེ། དེ་ལྟ་ན་འོད་སྲུང་རྫོགས་བྱེད་དང་ཉན་ཐོས་སེནྡྷ་པ་ལྟ་བུ་ཐེག་པ་ཆེན་པོ་ལ་ཡིད་མི་ཆེས་པ་དེ་དབང་རྣོན་དང་ཐེག་པ་ཆེན་པོའི་མིང་ཙམ་ཐོས་པས་བ་སྤུ་ལྡང་ཞིང་མཆི་མ་བཀུ་བའི་དད་ཅན་ཐེག་ཆེན་དུ་རིགས་ངེས་པ་དེ་དབང་བརྟུལ་དུ་ཐལ་བའི་ཕྱིར་རོ། །དངོས་གཞི་ནི། དག་པའི་ཆོས་དེ་དག་ལ་ཡིད་མི་ཆེས་ཅིང་སོམ་ཉི་དང་ཡ་ང་ཟ་བའི་བློ་སྐྱེས་པ་ཉིད་དོ། །འདི་ལ་སྔར་དབང་ངམ་ལམ་གྱི་དུས་བླ་མས་བསྟན་ཡང་བཏང་སྙོམས་པ་ཙམ་ལས་བློ་ལྷག་པའི་ངེས་པ་མ་སྐྱེས་པ་ལས་ཕྱིས་དག་པ་འདི་དག་ཇི་ལྟ་བུ་ཞིག་ཡིན་སྙམ་པ་ལྟ་བུ་དཔྱོད་པའི་བློ་སྐྱེས་པ་ལྟ་བུ་དང་། ཕུང་པོ་ལྔ་སངས་རྒྱས་སུ་སྔར་གསུངས་པ་དེ་ཕྱིས་རྐྱེན་དབང་ཞིག་གིས་དྲན་


KMC013_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཤེས་པ་ལ་གཟེར་བཏབ་པ་ལྟར་གྱུར་ནས་འདི་བདེན་ནམ་མི་བདེན་སྙམ་པ་ཙམ་གྱི་དོན་འགྱུར་གྱི་ཐེ་ཚོམ་སྐྱེས་པ་ནི་རྩ་ལྟུང་མ་ཡིན་ཏེ། རྐྱེན་དེས་རང་བཞིན་དག་པ་ལ་ངེས་པ་ཐོབ་པར་འགྱུར་བའི་ཕྱིར། དེས་ན་དོན་མི་འགྱུར་གྱི་སོམ་ཉི་ནི་འདིར་རྩ་ལྟུང་ཡིན་ནོ། །དུས་ནི། སོམ་ཉིའི་བསམ་པ་དེ་བརྟན་པོར་སྐྱེས་པ་ཁོ་ན་ནའོ། །ཁ་ཅིག་རང་བཞིན་དག་པ་ལ་སོམ་ཉི་ཟ་བས་ཡིད་མ་ཆེས་ཏེ་སུན་ཕྱུང་བ་ཕ་རོལ་པོས་གོ་བ་ན་རྫོགས་པ་ཉིད་དོ་ཞེས་ཟེར་བ་ནི་གནད་བཅོས་པ་སྟེ་སུན་འབྱིན་པ་ནི་དགག་པའི་དོན་ཡིན་ལ། དགོས་པ་གཞན་མེད་པར་ངེས་པར་སུན་འབྱིན་པ་ལ་ནི་ཡུལ་དེ་ཆོས་ཡང་དག་མ་ཡིན་པའི་བློ་སྐྱེ་དགོས་ལ། གསང་སྔགས་ཀྱི་དག་པར་བཤད་པ་རྣམས་རིགས་པ་སོགས་ཀྱིས་སུན་འབྱིན་ན་དེ་ནི་རྩ་ལྟུང་དྲུག་པ་ཡིན་ཞིང་བཀར་ཤེས་བཞིན་དུ་འབྱིན་ན་གཉིས་པར་འདུ་བས་རྩ་ལྟུང་ཟློས་པར་འགྱུར་ལ། རྒྱུད་དང་དཔའ་བོའི་ཞབས་སོགས་ཀྱིས་སོམ་ཉི་སྐྱེས་པ་རྩ་ལྟུང་དུ་བཤད་པ་ལས་ཆེད་དུ་བརྒལ་ནས་བཀག་པ་དང་དེས་ཀྱང་མི་ཆོག་པར་གཞན་གྱིས་གོ་བ་རྩ་ལྟུང་དུ་འཆད་པ་ནི་རྒྱུད་ལ་རྩ་ལྟུང་དགུ་པ་དངོས་


KMC013_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་བ་དེ་ཇི་མི་སྙམ་པར་སྦས་ནས་སླར་གཞན་འབྱུང་དཀའ་བ་ཞིག་ནན་གྱིས་རྩ་ལྟུང་དུ་འཇོག་པར་སྣང་བས་རྡོ་རྗེ་འཆང་གི་རྒྱུད་རྣམས་ལ་ཚད་མར་མི་མཛད་པར་གོའོ། །སྤྱིར་ཡང་ཁྱེད་རྩ་ལྟུང་ཕལ་ཆེར་ལུས་ངག་ཏུ་ཐོན་ནས་གཞན་གྱིས་གོ་བ་དང་གཞན་སེམས་བྱུང་བ་རྩ་ལྟུང་བྱུང་བའི་དུས་སུ་འཇོག་པར་སྣང་བས་དེ་ལྟ་ན་རྣལ་འབྱོར་པ་དབེན་པར་གཅིག་པུས་གནས་པ་ལ་རྩ་ལྟུང་གི་དོགས་པ་མེད་པས་སྲུང་མི་དགོས་པ་དང་ལུས་ངག་ཏུ་མ་ཐོན་ན་སེམས་ཀྱིས་ཅི་བསམས་ཀྱང་རྩ་ལྟུང་གི་དོགས་པ་མེད་པར་འགྱུར་ལ། དེ་ལྟ་ན་ད་ལྟའི་སྔགས་པ་རྣམས་ལ་ཆེས་མཁོ་བར་འདུག་ཡང་ཁྱེད་ཅག་གིས་རྡོ་རྗེ་འཆང་ལ་སར་དུ་ཞུས་ནས་གསུངས་ན་མ་གཏོགས་སྔར་གྲགས་ཀྱི་རྒྱུད་རྒྱ་གཞུང་དང་དམ་པ་དེ་ཙམ་ཞིག་གིས་འདི་གསུངས་པ་མི་སྣང་ལ། ཐེག་པ་ཆེན་པོ་ནི་སེམས་གཙོ་བོ་ཡིན་པར་བཤད་པ་ཁོ་ན་ཁོ་བོ་ཅག་གི་ཐོས་སོ། །དེས་ན་རྣལ་འབྱོར་པ་གཅིག་པུར་གནས་པས་ཀྱང་བླ་མ་དམ་པ་ལ་ཞེ་ནས་སེམས་འཁྲུགས་ན་རྩ་ལྟུང་དང་པོ། ཉན་ཐོས་ཀྱི་ཐེག་པ་ལྟ་བུའི་བཀའ་ལ་བཀར་ཤེས་བཞིན་དུ་མ་དད་ཅིང་ཁྱད་གསོད་ཀྱིས་འདའ་བར་བྱེད་པས་


KMC013_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ། རྡོ་རྗེའི་དཔུན་ཞིག་ལ་ཁྲོས་འཁྲུགས་པའི་བློ་བརྟན་པོར་འཛིན་པས་གསུམ་པ། བྱམས་སྙིང་རྗེ་དང་བྲལ་ཏེ་ཉན་རང་གི་བློ་སྐྱེས་པས་བཞི་པ། ཀུནྡ་སྤངས་པས་ལྔ་པ། ཉན་ཐོས་ཀྱི་གཞུང་ལུགས་སམ་རྒྱུད་སྡེ་མི་གཅིག་པ་གཞན་གྱི་གཞུང་ལུགས་ལྟ་བུ་སྡང་ཞེན་གྱིས་འགོག་པའི་བསྟན་བཅོས་བརྩམས་པས་དྲུག་པ་སོགས་བཅུ་བཞི་པོ་ཕལ་ཆེར་འབྱུང་བའང་སྲིད་ལ། དེས་ན་ཐེག་པ་ཆེན་པོ་ནི་གཙོ་བོར་སེམས་སྡོམ་ཞིང་འཆིང་བར་བྱའི་ལུས་ངག་ཙམ་ཁོ་ན་ནི་དེ་ལྟ་མ་ཡིན་ལ། ཁྱད་པར་རྩ་ལྟུང་འདི་ནི་སྔ་མ་རྣམས་གང་ལས་ཀྱང་འབྱུང་ཉེ་བ་ཡིན་ཏེ་སྔ་མ་བརྒྱད་པོ་ལ་སྤོང་ཞིང་བརྙས་པ་སོགས་བློ་རགས་པའི་ཆ་ནས་བཞག་ལ། འདི་ནི་ཐེ་ཚོམ་དང་སོམ་ཉི་བརྟན་པོར་ཟས་པ་ཙམ་གྱིས་བཞག་པའི་ཕྱིར་རོ། །ལྟུང་བར་གྱུར་ཚུལ་ནི། མཚུངས་སོ། །ལྟུང་མེད་ནི། དོན་མི་འགྱུར་གྱི་སོམ་ཉི་ལ་ལྟུང་མེད་མི་སྲིད་ལ། དོན་དུ་འགྱུར་བའི་ཐེ་ཚོམ་ནི་ལྟུང་མེད་དུ་བསྟན་ཟིན་ཏོ། །དེས་ན་དག་པ་ཇི་ལྟ་བ་ཁོང་དུ་མ་ཆུད་ན་ཡང་སངས་རྒྱས་ཀྱི་གསུང་ལ་མི་བདེན་པ་གར་སྲིད་སྙམ་དུ་རྒྱས་བཏབ་སྟེ་སོམ་ཉི་མེད་པར་ཡིད་ཆེས་ཅིང་དད་


KMC013_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

པར་བྱ་ལ། ཉན་ཐོས་ཀྱི་ཐེག་པ་སོགས་ཀྱང་རང་སྐབས་དེའི་གདུལ་བྱ་ལ་བདེན་པ་གོ་བར་བྱས་ཏེ་རྒྱལ་བའི་བཀའ་ཐམས་ཅད་ལ་ཡང་སོམ་ཉི་མི་བྱ་བ་སྟེ། ཆོས་ལ་ཡིད་གཉིས་མི་བྱ་ཞིང་། །ཞེས་པས་གྲུབ་བོ། །རྩ་ལྟུང་བཅུ་པ་ལ། ངོ་བོ་ནི། གདུག་པ་ཅན་ནུས་བཞིན་དུ་འཕྲལ་གྱི་བྱམས་པ་ཙམ་གྱིས་བློས་སྤངས་པའི་ལྟུང་བ་ལྕི་བ་སྟེ། གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་དང་། སྒྱུ་ཡི་བྱམས་པ་དང་ནི། ཞེས་དང་། སྙིང་རྒྱན་ལས། གསུམ་ཁྲོ་བ་ལ་བྱམས་ལྡན་ཏེ། །ཞེས་སོ། །རྒྱུ་མཚན་ནི། གདུག་པ་ཅན་དེ་རིང་དུ་འཚོ་ན་ངན་འགྲོ་ཐར་མེད་དུ་འགྲོ་བའི་རྒྱུ་སོག་ཞིང་བསྟན་པ་འཇིག་པར་བྱེད་ལ། སེམས་ཅན་མང་པོ་དགེ་བ་ལས་ལྡོག་པར་བྱེད་པས་བདག་ཉིད་ཀྱིས་དེ་ཞི་བས་འདུལ་མ་ནུས་ན་བསྟན་པ་དང་སེམས་ཅན་དང་དེ་ཉིད་སྲུང་བའི་ཕྱིར་སྙིང་རྗེའི་བློས་དྲག་པོས་འཚོ་བ་འཕྲོག་དགོས་པའི་ཕྱིར་ཏེ། གདོང་དྲུག་གི་རྒྱུད་ལས། བློ་ལྡན་སྒྲུབ་པོས་སེམས་ཅན་ལ། །ཕན་པའི་སེམས་ཀྱིས་སྲོག་མི་གཅད། །ཅེས་གདུག་པ་ཅན་མ་ཡིན་ན་ཕན་སེམས་ཀྱིས་ཀྱང་བསད་དུ་མི་རུང་བར་སྤྱིར་བསྟན་ནས། གདུག་པ་


KMC013_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ་ཟློག་སྟེ་བྱ། །ཞེས་བྱེ་བྲག་ཏུ་དཀར་ཞིང་། དངོས་སུའམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་བ་སྟེ། །ཞེས་ཇི་ལྟར་བསད་པའི་ཐབས་དང་། དེ་ལྟར་མི་བྱེད་དེ་ཡི་ནི། །དམ་ཚིག་ངེས་པར་ཉམས་པར་འགྱུར། །ཞེས་ངེས་པར་བྱ་དགོས་པ་དང་མ་བྱས་ན་དམ་ཚིག་ཉམས་པ་བསྟན་པའི་ཕྱིར་དང་། རྣལ་འབྱོར་རྒྱུད་དུ་ཡང་། བླ་མ་དམོད་བརྩོན་མ་རུངས་དང་། །དེ་སོགས་བྱེད་པ་ཚར་བཅད་ན། །འགྲུབ་འགྱུར་ཞེས་ནི་ཀུན་རིག་གསུང་། །ཞེས་དང་། བླ་མ་དམོད་བརྩོན་མ་རུངས་ལ། །བཟོད་པ་བསྒོམ་པར་མི་བྱའོ། །ཞེས་དམ་ཚིག་བསྒྲགས་པའི་ཕྱིར་དང་། བྱང་སྡོམ་གྱི་སྐབས་སུ་ཡང་དེ་ལྟ་བུ་མ་སྐྱབས་ན་སེམས་ཅན་བློས་སྤངས་ཀྱི་ལྟུང་བར་བཤད་པའི་ཕྱིར་རོ། །ཡུལ་ནི། རྙིང་མའི་རྒྱུད་དུ་མ་དང་སློབ་དཔོན་སྒེག་པའི་རྡོ་རྗེའི་དམ་ཚིག་གསལ་བཀྲ་ལས། དཀོན་མཆོག་སློབ་དཔོན་སྐུ་དགྲ་དང་། །དམ་ཉམས་ལོག་ལྟ་འཁུས་པ་དང་། །འདུ་བར་འོས་མིན་ཡོངས་ལ་གནོད། །ངན་སོང་གསུམ་དང་བཅུ་པོ་ནི། །རྣལ་འབྱོར་ཀུན་གྱིས་དང་དུ་བླང་། །ཞེས་དཀོན་མཆོག་གསུམ་


KMC013_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐུ་དགྲ་དང་། བླ་མ་དམ་པའི་སྐུ་དགྲ་དང་། དམ་ཚིག་ཐ་དག་དང་འགལ་བ་ལས་འབྲས་མི་བདེན་པར་རྟོག་པའི་ལོག་ལྟ་ཅན་དང་། འཁུ་བའི་གནས་མིན་པ་ཕ་མ་དང་། སློབ་དཔོན་སོགས་ལ་ཆེར་འཁུས་པ་གསོད་པ་སོགས་བྱས་པ་དང་། ཚོགས་གྲལ་དུ་འདུ་བར་མི་འོས་པའི་ཉམས་པ་ཅན་དགག་པར་མི་ནུས་པ་དང་། སེམས་ཅན་ཡོངས་ལ་གནོད་པ་དང་། དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་སྟེ་བཅུ་པོ་ནི་བསྒྲལ་བའི་ཞིང་བཅུར་བཤད་ལ། མགོན་པོ་ཕྱག་བཞི་པའི་རྒྱུད་ཁ་ཅིག་ལས། བླ་མ་ལ་སྡང་སྔགས་ལ་དམོད། །བསྟན་ལ་སྡང་ཞིང་སེམས་ཅན་འཚེ། །དཀོན་མཆོག་དམོད་དང་སྒྲུབ་ལ་སྡང་། །དམ་ཉམས་པ་དང་དམྱལ་བ་དང་། །ཡིད་དྭགས་དུད་འགྲོ་ཞིང་བཅུ་པོ། །ཞེས་དགྲལ་བའི་ཞིང་བཅུ་རྣམ་པ་གཞན་བཤད་ལ། ཁ་ཅིག་དགྲལ་བའི་ཞིང་བཅུ་ཚང་བ་ཞེས་ཟེར་བ་ནི་མ་བརྟགས་པའི་ཚིག་སྟེ་ངན་སོང་གསུམ་གཞི་གཅིག་ལ་ཚང་བ་མི་སྲིད་པས་སོ། །དེ་ལྟར་ཞིང་བཅུ་ལས་ངན་སོང་གསུམ་ནི། ཕྲིན་ལས་ཀྱིས་ངན་སོང་སྦྱོང་བ་ལ་སོགས་པའི་དཀྱིལ་འཁོར་གྱི་སྒོ་ནས་ངན་འགྲོ་མཐའ་ཡས་པ་སྐད་ཅིག་གིས་དག་པའི་ཞིང་དུ་


KMC013_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སྤར་བ་སློབ་དཔོན་ཆེན་པོ་པདྨས་བོད་ཡུལ་གྱི་ཐང་ལྷའི་མདུན་དང་མལ་གྲོ་དང་ཤག་ལ་སོགས་པ་དུ་མར་རྡོར་དབྱིངས་དང་སྤྱན་རས་གཟིགས་འཁོར་བ་དོང་སྤྲུགས་ཀྱི་སྒོ་ནས་ཉི་ཚེ་བའི་དམྱལ་བ་ཐམས་ཅད་དྲངས་པ་ལྟ་བུ་རྣམས་ནི་དམ་པ་རྣམས་ཀྱི་ཕྲིན་ལས་ཀྱི་མཆོག་ཡིན་ལ། དེ་ལས་གཞན་དྲག་པོས་དགྲོལ་བ་ནི་ཞེ་སྡང་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲུབ་པའི་རྣལ་འབྱོར་པ་དྲག་པོའི་ཕྲིན་ལས་དུས་ལ་བབ་པ་རྣམས་ཀྱིས་ནི་ངན་འགྲོ་མཐའ་ཡས་པ་སྐད་ཅིག་རེས་དགྲལ་བའི་ལས་ཀྱི་གནས་སྤར་ཏེ་བདེན་པ་ལ་འགོད་པ་ཡོད་དེ་ཞང་གཡུ་བྲག་པའི་མཛད་པ་ལྟ་བུའོ། །དེ་ལྟ་བུ་མ་ཡིན་པའི་རྣལ་འབྱོར་པས་ངན་སོང་གསུམ་དྲག་པོའི་དགྲལ་ཞིང་དུ་དངོས་སུ་བྱས་ན་ནི་ངུ་འབོད་ཆེན་པོའི་གནས་སུ་གཞོལ་བར་འགྱུར་རོ། །གཞན་བདུན་པོ་རྣམས་ཀྱང་བླ་མ་དམ་པའི་སྐུའམ་བསྟན་པ་དང་སེམས་ཅན་ལ་ཆེས་གནོད་ཅིང་བྱ་བ་མ་ཡིན་པ་ཆེར་བྱེད་ལ། ཐབས་གཞན་གྱིས་ཚེ་དེར་དེ་ལས་ལྡོག་པར་མི་ནུས་ན་སྙིང་རྗེས་བརྩམ་པར་བྱ་བ་ཡིན་གྱི། བསྟན་པ་དང་ཁོ་རང་ལ་ཧ་ཅང་མི་གནོད་ན་བདུན་པོ་དེའི་མཚན་ཉིད་རེ་རེའམ་


KMC013_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་གཉིས་སོགས་ཚང་ཡང་དགྲལ་བར་བྱ་བ་མ་ཡིན་ཏེ། ཚེ་དེར་དེ་ལས་ལྡོག་སྲིད་པའི་ཕྱིར་རོ། །དེས་ན་འདི་ནི་ཕལ་ཆེར་མངོན་པར་ཤེས་པ་ཅན་གྱི་སྤྱོད་ཡུལ་ཡིན་ཏེ་མདོ་ལས་ཀྱང་མ་སྐྱེས་དགྲ་ལྟ་བུ་མཚམས་མེད་ཅན་ཡང་ཕྱིས་རྩ་བ་མེད་པའི་དད་པ་དང་ལྡན་པར་གྱུར་ལ། གཞན་ཡང་མ་སྐྱེས་དགྲའི་འགྱོད་བསལ་གྱི་མདོ་ལས་མཚམས་མེད་ཅན་དགྲ་བཅོམ་ཐོབ་པ་ཡང་བཤད་ཅིང་། གང་ཟག་གི་དྲོད་གང་ཟག་གིས་མི་བཟུང་གི། ངའམ་ང་འདྲ་བས་གང་ཟག་གི་དྲོད་བཟུང་ངོ་། །ཞེས་ཡང་ཡང་གསུངས་པའི་ཕྱིར་རོ། །ཡང་དགོས་ཆེད་ཆེ་བའི་ཕྱིར་བསྟན་པ་སྲུང་བའི་ལྷས་ལུང་སྟོན་པའང་ཡོད་དེ། དེད་དཔོན་སྙིང་རྗེ་ཆེན་པོ་ལ་གནས་གཙང་མའི་ལྷས་རྨི་ལམ་དུ་བསྟན་ཏེ་འདི་ན་ཆོམ་རྐུན་པ་འདི་འདྲ་བ་ཞིག་ཡོད་དེ། དེས་ཁྱེད་ཅག་ཐམས་ཅད་གསོད་པར་བྱེད་ཀྱི་ཚོང་པ་ལྔ་བརྒྱ་པོ་འདིའང་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཐོབ་པ་ཤ་སྟག་ཡིན་ལ། གལ་ཏེ་འདིས་བསད་ན་རེ་ཞིག་ཕྱིར་ལྡོག་པར་འགྱུར་ལ། འདི་ཡང་རེ་རེའི་ཆེད་དུ་ཡང་བསྐལ་པ་ཚད་མེད་པར་མནར་མེད་དུ་སྐྱེ་དགོས་པས་གཉིས་ཀ་ལ་ཕན་པའི་ཐབས་སོམས་


KMC013_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཞེས་བྱུང་བ་དང་། ལྷ་ལུང་དཔལ་རྡོར་ལ་ལྷ་སའི་བསྟན་སྲུང་མ་མགོན་གྱིས་རྒྱལ་པོ་དགྲོལ་བར་བསྐུལ་བ་ལྟ་བུའོ། །བསམ་པ་ནི། གདུག་པ་ཅན་དུ་ཤེས་ཅིང་ལྡོག་པའི་ནུས་པ་ཡང་རང་ལ་ཡོད་པར་ཤེས་བཞིན་དུ་ཚར་མི་གཅོད་པར་ཡལ་བར་འདོར་བར་འདོད་ཅིང་དེར་མ་ཟད་དེ་སྲུང་བའམ་ཕྱོགས་འཛིན་པར་འདོད་པས་ཞེ་ཐག་པ་ནས་འཇིག་རྟེན་པའི་བྱམས་པ་དང་མཛའ་བའི་བློ་འཛིན་པའོ། །དངོས་གཞི་ནི། མཛའ་བའི་དབང་གིས་དེ་ཚར་གཅོད་ནུས་པའི་དུས་སུ་ཚར་མ་བཅད་པ་ཉིད་དངོས་གཞིར་དོན་གྱིས་གྲུབ་མོད་ཀྱང་འདི་དགོས་པ་ཆེ་བའི་ཕྱིར་རེ་ཞིག་ཤེས་བཞིན་དུ་ཞེ་ནས་མཛའ་བྱམས་སུ་བྱས་པ་དངོས་གཞིར་བཅས་པ་སྟེ་མ་དགྲལ་ན་ལྟ་ཅི་སྨོས་པའི་དོན་ཏོ། །དུས་འཁོར་ལས་ནི། མུ་སྟེགས་རྣམས་བསམ་པ་དང་སྨྲ་བ་མི་མཐུན་པར་བྱེད་པ་མང་བས་དེ་འདུལ་བའི་ཕྱིར་ཁ་ཞེ་མི་མཐུན་པ་ལ་གཡོ་སྒྱུའི་བྱམས་པ། ཅེས་དགོས་པའི་དབང་གིས་ཐ་དད་པར་བསྟན་ཏེ། འགྲེལ་ཆེན་ལས། ཁ་ནས་ཚིག་གཞན་འདོན་ཞིང་སྙིང་ལ་གཞན་སེམས་པ་སྟེ་སྒྱུའི་བྱམས་པ་གང་ཡིན་པ་དེ་ནི་ཕྱོགས་ཅེས་པ་བཅུ་པའོ། །ཞེས་


KMC013_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སོ། །ཁ་ཅིག་ནི་ཡུལ་སྐྱེས་བུ་དམ་པ་ལ་ཚིག་འཇམ་ཞིང་ཡིད་ཀྱིས་སྡང་བར་བྱེད་པ་ནི་སྒྱུའི་བྱམས་པའམ་གདུག་པའི་བྱམས་པ་སྟེ། དེས་ན་གདུག་པ་ཅན་ལ་བྱམས་པ་དང་ཞེ་གདུག་པའི་བྱམས་པ་གཉིས་སོ་ཞེས་འཆད་དོ། །དུས་ནི། མཛའ་བྱམས་བྱས་པའི་དུས་ཉིད་དང་ཚར་གཅོད་ནུས་པའི་སྐབས་སུ་མཛའ་བའི་དབང་གིས་མ་བཅད་པའི་དུས་ཉིད་ནའོ། །འདི་ཡང་ཁ་ཅིག་ཡུལ་དེ་དང་གཞན་གྱིས་བྱམས་པར་གོ་དགོས་པར་འཆད་ཀྱང་དེ་ལྟ་མ་ཡིན་ཏེ། དཔེར་ན། རྒྱལ་པོ་གདུག་པ་ཅན་གྱི་ཉེ་འཁོར་ན་རྣལ་འབྱོར་པ་རིག་སྔགས་ཀྱི་ནུས་ལྡན་མུ་ཏོ་བ་ལྟ་བུ་སྦས་ཚུལ་གྱིས་གནས་པས་གཞན་གྱིས་སྔགས་པར་མི་ཤེས་པ་དེས་རྒྱལ་པོ་གདུག་པ་ཅན་བསྟན་པ་ལ་གནོད་ཅིང་ཚེ་དེར་དེ་ལས་མི་ལྡོག་པས་ངན་སོང་དུ་འགྲོ་བར་ཡང་ཤེས་ལ། འོན་ཀྱང་གནས་སྐབས་སུ་སྲོག་ལ་སྙིང་རྗེ་བ་ཙམ་མམ་ཆེར་ཆུང་ངུར་བྱས་ཏེ་བདག་ལ་འདི་མ་བབ་བོ་སྙམ་པ་ལྟ་བུས་རིག་སྔགས་ཀྱི་ནུས་པས་དགྲོལ་བར་མི་བྱེད་ན་རྩ་ལྟུང་དུ་འགྱུར་བར་གྲུབ་ལ། དེ་རྒྱལ་པོ་དང་གཞན་གྱིས་བྱམས་པར་མི་ཤེས་པའི་ཕྱིར་རོ། །ལྟུང་བར་འགྱུར་ཚུལ་ནི། མཚུངས་ལ། རྒྱ་ཆེར་


KMC013_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

འགྲེལ་ལས་ནི། སྙོམས་ལས་ཀྱིས་མི་དཀྲོལ་ན་སྦོམ་པོ་དང་། རེ་ཞིག་མི་ནུས་ཀྱང་དུས་གཞན་ལ་བསམ་པས་རྗེས་སུ་མི་འཛིན་ན་ཉེས་བྱས་སུ་བཤད་ལ། སྤྱིར་གདུག་པ་ཅན་ལ་ཆོས་ཀྱི་བྱམས་པ་སྤངས་ན་རྩ་ལྟུང་བཞི་པར་འགྱུར་ལ། ལུས་ངག་གི་བྱམས་པ་བྱས་ན་འདིར་འགྱུར་བ་ཡིན་ནོ། །ལྟུང་མེད་ནི། བདག་ལ་དགྲོལ་བའི་ནུས་པ་མེད་པ་དང་། དེ་ལ་མཛའ་བྱམས་སུ་མ་བྱས་ན་དེས་བསྟན་པ་དང་སེམས་ཅན་ལ་དེ་བས་ཀྱང་གནོད་པ་ཆེར་བྱེད་པའི་གནས་ཡོད་པ་དང་། གཞན་སེམས་ཅན་དུ་མ་ལ་ཕན་པའི་དགོས་པ་མཐོང་བ་སོགས་ཀྱིས་ལུས་ངག་གི་མཛའ་བྱམས་བྱེད་ན་ཉེས་པ་མེད་དོ། །མདོར་ན་ཟང་ཟིང་དང་ཆོས་དང་སྲི་ཞུ་ལ་སོགས་ཞི་བས་ལྡོག་པར་ནུས་ན་ཅི་ནས་ཀྱང་འབད་དེ་ལྡོག་ཞིང་གཞན་ནུས་པ་ཡོད་ན་དེ་ལ་གསོལ་བ་བཏབ་སྟེ་ལྡོག་ཏུ་གཞུག་ལ། ལྡོག་མི་ནུས་པར་ངེས་ན་རིགས་སྔགས་ཀྱི་ནུས་པས་འཇིགས་པ་སྟོན་པ་དང་། དེས་ཀྱང་མི་ནུས་ན་ཐབས་གང་གིས་ཀྱང་རུང་སྟེ་དངོས་སུ་དགྲལ་བ་ལ་འབད་པར་བྱ་སྟེ། ཇི་ལྟར་དུག་སྦྲུལ་གྱིས་ཟིན་པའི་ཡན་ལག་མ་བཅད་ན་འཚོ་མི་ནུས་པ་ལྟར་གདུག་པ་


KMC013_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་དེ་ལ་དེ་ལས་གཞན་ངན་འགྲོ་ལས་ལྡོག་པའི་ཐབས་མེད་པ་ཡིན་ནོ། །དགྲལ་བའི་ངོ་བོ་ནི། ལུས་ཀྱི་འཚོ་བ་བཤིག་སྟེ། རྣམ་པར་ཤེས་པ་དབང་དུ་བྱས་ནས་སྒྲིབ་བྲལ་དུ་སྐད་ཅིག་གིས་གནས་སྤར་བ་སྟེ། གསང་བ་ནོར་བུའི་ཐིག་ལེ་སོགས་རྣལ་འབྱོར་གྱི་རྒྱུ་ཆེན་པོ་རྣམས་ལས། དཔལ་ཕྱག་ན་རྡོ་རྗེས་ལྷ་ཆེན་པོ་དབང་ཕྱུག་ཞབས་ཀྱིས་མནན་པ་ཙམ་གྱིས་སྔོན་མེད་པའི་བདེ་བ་མྱོང་ཞིང་དགྲལ་བའི་སྔགས་དང་ཕྱག་རྒྱས་བསྒྲལ་ཏེ་གནས་ལ་འཕངས་པའི་མོད་ལ་འོག་ཕྱོགས་ཐལ་བས་ཁེབས་པའི་འཇིག་རྟེན་དུ་བདེ་གཤེགས་ཐལ་བའི་དབང་པོར་སངས་རྒྱས་ཏེ། སླར་ཡང་རྣམ་སྣང་གིས་དེ་བསད་དེ་ཅི་ཞིག་བྱ། དེ་གསོས་ཅིག་གསུངས་པས་གསོ་བའི་སྔགས་དང་ཕྱག་རྒྱ་བྱས་པ་ཙམ་གྱིས་བདེ་གཤེགས་ཐལ་བའི་དབང་པོའི་ཐུགས་ཀྱི་ཆ་གཅིག་ཞུགས་ཏེ། སླར་ཕྱག་ན་རྡོ་རྗེ་ལ་མཆོད་ཅིང་ཆེད་དུ་བརྗོད་ནས་རྡོ་རྗེ་ནག་པོ་ཆེན་པོ་ཅེས་བསྟན་པ་སྲུང་བར་བསྐོས་པ་དང་། མ་རུངས་པ་མཐའ་ཡས་པ་སྐད་ཅིག་གིས་དགྲལ་ཏེ་དག་པའི་ཞིང་སོ་སོར་བྱང་ཆུབ་ཏུ་བཀོད་པ་ལྟ་བུ་ཡིན་མོད་ཀྱང་རྣལ་འབྱོར་པ་ཕལ་གྱིས་ནི་བསྟན་པ་དང་སེམས་ཅན་སྲུང་


KMC013_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཆེད་དུ་དྲག་པོའི་ལས་བྱས་ནས་ཀྱང་དེའི་ཆེད་དུ་བདུན་ཚིགས་ཚ་ཚ་གནས་སྤར་གྱི་ཆོ་ག་ཟབ་མོ་སོགས་བྱེད་ཅིང་རང་གི་དགེ་བ་ཐམས་ཅད་ཀྱང་དེའི་ཆེད་དུ་བསྔོ་བ་ཡིན་ཏེ་དམ་པ་རྣམས་ཀྱི་གསང་བའི་མཛད་པ་སོ་སོ་ཐོས་པ་ལས་ཁོང་དུ་ཆུད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་གཞན་གྱི་དགྲོལ་བར་ངེས་པ་མངོན་པར་ཤེས་ནས་མི་དགྲོལ་ན་ཡང་ལྟུང་བ་མེད་དེ། སྨན་དཔྱད་ཀྱི་ལོ་རྒྱུས་ཁུངས་ཐུབ་འགའ་ན་རྒྱལ་པོ་གླང་དར་མས་བསྟན་པ་བསྣུབས་ནས་གནུབས་སངས་རྒྱས་ཡེ་ཤེས་བྱ་བ་གསང་སྔགས་ཀྱི་སློབ་དཔོན་སྔགས་པ་ཞིག་དང་ལྷ་ལུང་དཔལ་གྱི་རྡོ་རྗེ་བྱ་བའི་སྒྲུབ་པ་པོ་མི་གཅིག་སྟེ་ཆོས་པ་གཉིས་ལས་དབུས་གཙང་དུ་མ་ལུས་པའི་ཚེ་རྒྱལ་པོས་ད་ནི་བསྟན་པའི་མིང་མེད་པར་བསྣུབས་ཡོད་དོ་བྱས་པས། བཙུན་མོ་ཞིག་གིས་ད་དུང་གནུབས་སངས་རྒྱས་ཡེ་ཤེས་བྱ་བ་རྣལ་འབྱོར་པ་ནུས་པ་དང་ལྡན་པ་ཡོད་དོ་བྱས་པས་རྒྱལ་པོ་ཁྲོས་ནས་བཀུག་སྟེ། ཁྱོད་སུ་ཡིན། ལས་ཅི་བྱེད་པ་ཡིན་བྱས་པས། སློབ་དཔོན་གྱིས་ང་ནི་དཀོན་མཆོག་སྔགས་པ་བྱ་བ་ཡིན། ལས་སུ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡིན་བྱས་པས་


KMC013_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་ཏེ། བསྟན་པ་ངས་བཤིག་ཟིན་གྱིས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས། སློབ་དཔོན་གྱིས་རེ་ཞིག་ངས་སྔགས་བཟླས་པའི་ནུས་པ་འདི་ལ་གཟིགས་ཅིག་ཟེར་ནས་སྡིགས་མཛུབ་ནམ་མཁར་ཕྱར་བས་སྡིགས་མཛུབ་ཀྱི་རྩེ་ལ་ལྕགས་སྡིག་ནག་པོ་གཡག་གྲུས་ཆེན་ཙམ་པ་དགུ་བརྩེགས་སུ་མཐོང་བས་རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་སྡོའོ་ཟེར་ནས་བཟོད་པར་གསོལ་བ་ན་སླར་ཡང་ནུས་པ་འདི་ལ་གཟིགས་ཅིག་ཟེར་ནས་སྡིགས་མཛུབ་ནམ་མཁར་བསྟན་པས་ཐོག་བདུན་བབས་པ་སྡིགས་མཛུབ་ཀྱི་རྩེ་ལ་བསྐོར་ནས་ལྷ་སའི་ཕ་རིའི་བྲག་ཞིག་ལ་བརྒྱབ་པས་ཚལ་པར་སོང་བས་རྒྱལ་པོ་སྐྲག་ནས་ཁྱོད་འཁོར་བཅས་ལ་གནོད་པ་མི་བྱེད་ཀྱིས་ཆོས་མཛོད་ཅིག་ཟེར་ནས་བཏང་བ་དང་ལྷ་ལུང་དཔལ་རྡོར་འོད་དང་སྒྲ་ཆེན་པོ་དུ་མ་བྱུང་བ་དང་མ་མགོན་གྱིས་བསྐུལ་ཏེ་མཚམས་ནས་བྱུང་བའི་རྩར་བྱོན་ནས་རྒྱལ་པོ་གདུག་པ་ཅན་ངས་སྐྲག་པར་བྱས་ཡོད་ཀྱིས་ཁྱོད་ཀྱིས་ཐུལ་ཞིག་གསུངས་ཏེ་གནུབས་ཡུལ་དུ་བྱོན་པར་བཤད་པ་ལྟ་བུའོ། །དགོས་པ་དེ་ལྟ་བུ་མེད་པར་རང་རང་གི་ཟས་ནོར་དང་ཉེན་ཀོར་ལ་གནོད་པ་བྱས་པ་སོགས་ཅུང་


KMC013_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་རེ་ལ་དྲག་པོའི་ལས་བྱས་པ་ནི་གསང་སྔགས་བདུད་དུ་བབས་པ་ཡིན་ཏེ་དམྱལ་བར་སྐྱེ་བའི་རྒྱུ་གྲུང་པོ་ཁོ་ན་ཡིན་ལ། ཚེ་དེ་ཉིད་ལ་ཡང་མི་འདོད་པ་དུ་མ་འབྱུང་སྟེ་བྱིས་པའི་སྐྱེ་བོ་མི་ཤེས་པ་ཕྱུགས་དང་འདྲ་བ་སྙིང་རྗེ་བའི་ཡུལ་དུ་གྱུར་པའི་སེམས་ཅན་འདི་རྣམས་སྲུང་བའི་ཕྱིར་རྡོ་རྗེ་མཁའ་འགྲོ་མ་རྣམས་དང་ནག་པོ་ཆེན་པོའི་ཚོགས་དང་ཕོ་ཉ་དང་ཕོ་ཉ་མོའི་ཚོགས་ཐམས་ཅད་སངས་རྒྱས་ཀྱིས་འཇིག་རྟེན་དུ་སྤྲོས་པ་ཡིན་ལ། དེའི་ཕྱིར་དེ་རྣམས་ནི་ཉིན་ཞག་སོ་སོའི་དུས་སུ་འཇིག་རྟེན་ཀུན་ནས་སྲུང་བ་དང་སྐྱོབ་པར་བྱེད་པ་ཡིན་པ་ལ། རྣལ་འབྱོར་པས་དེ་རྣམས་ལ་བསྲུང་བར་བྱ་བའི་སེམས་ཅན་དེ་དག་གསོད་པར་གསོལ་བ་བཏབ་ན་སྲུང་མ་དེ་དག་ལ་རྣལ་འབྱོར་པ་དེ་ཉིད་ལ་འཁུ་ཞིང་གནོད་པ་བྱེད་པར་དུས་ཀྱི་འཁོར་ལོར་གསུངས་པ་ཡིན་ནོ། །དེ་བས་ན་བྱ་བ་མ་ཡིན་པ་ཆེན་པོ་བྱེད་པའི་སྐྱེ་བོ་ནི་རང་གི་དཔོན་དང་གཡོག་དང་ཉེ་དུ་དང་ཡོན་བདག་སོགས་ཡིན་ནའང་ལྡོག་ནུས་ན་ཅི་ནས་ཀྱང་ལྡོག་ཞིང་མ་ནུས་ན་ཡང་དེ་བྱ་བ་མ་ཡིན་པ་དེ་ལས་མ་ལོག་གི་བར་དུ་ལུས་ངག་གིས་མཛའ་བར་མི་སྟོན་པ་ལ་བསླབ་པར་བྱ་ལ།


KMC013_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་པ་ཅན་དང་གཏམ་འདྲེས་པ་ཟས་ཟོས་པ་ཡོན་སྦྱངས་པ་དེའི་རིམ་གྲོ་བྱས་པ་སོགས་ནི་རྡོ་རྗེའི་ཆོས་སྐྱོང་རྣམས་ལ་འཁུ་ཞིང་སྒྲུབ་པ་པོ་ལ་གནོད་པ་བྱེད་པའི་རྒྱུའི་གཙོ་བོར་བཤད་པའང་ཤེས་དགོས་སོ། །དེང་སང་བོད་འདིར་འདི་ཤིན་ཏུ་སྲུང་དཀའ་བར་མཐོང་སྟེ་རྒྱལ་པོ་དང་རྒྱལ་ཕྲན་ཕལ་ཆེར་རང་ལ་ཉེ་བའི་ཕྱོགས་མ་གཏོགས་བསྟན་པ་སྤྱི་ལ་གནོད་པ་བྱེད་པ་ཤ་སྟག་སྟེ་དཀོན་མཆོག་གི་བསྟན་པ་བཤིག་པ་དགེ་འདུན་འབྱེད་ཅིང་དམག་སོགས་ཀྱི་བྲན་དུ་འཁོལ་བ་དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་ཁོ་ན་ཤས་ཆེ་བར་སྣང་ལ། གསང་སྔགས་པ་རྣམས་ཀྱང་དེ་དག་ལ་འདི་བདག་གི་དཔོན་ནོ་ཞེའམ། ཡོན་བདག་གོ་ཞེའམ། ཕྱོགས་སོ་ཞེས་བཟུང་སྟེ་ཟང་ཟིང་ཅུང་ཟད་རེ་དང་དུ་བླངས་ནས་དེ་སྲུང་བ་དང་སྐྱབ་པ་དང་དེའི་མི་མཐུན་ཕྱོགས་ལ་བསམ་ངན་རྩོམ་པ་སོགས་ཁོ་ནས་ཟིང་ཟིང་པོར་སྣང་བའི་ཕྱིར་རོ། །དེས་ན་བྱ་བ་དང་བྱ་བ་མ་ཡིན་པ་འདྲེས་མར་སྤྱོད་པས་བསྲུང་བྱའམ་དགྲལ་བྱ་གང་དུའང་མ་ཤེས་ན་རྡོ་རྗེའི་ཆོས་སྐྱོང་བ་རྣམས་ལ་ཁྱེད་ཅག་ཉིད་ཀྱིས་མཁྱེན་པས་བསྲུང་བྱའི་གནས་སུ་འདུག་ན་སྲུངས། དགྲལ་བྱའི་གནས་


KMC013_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འདུག་ན་དགྲོལ་ཞེས་རང་འདོད་མ་ཞུགས་པའི་ཕྲིན་ལས་འཆོལ་བར་བྱའོ། །རྩ་ལྟུང་བཅུ་གཅིག་པ་ལ། ངོ་བོ་ནི། རྫོགས་རིམ་པས་དེ་ཁོ་ན་ཉིད་ལ་མཚན་མར་འཛིན་པའི་རྟོག་པ་སྟེ། མིང་སོགས་བྲལ་བའི་ཆོས་རྣམས་ལ། །དེར་རྟོག་པ་ནི་བཅུ་གཅིག་པ། །ཅེས་དང་། མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ་དྲག་པོའོ། །ཞེས་དང་། གུར་ལས། ཆོས་ཉིད་ཚད་ནི་བཟུང་མི་བྱ། །ཞེས་སོ། །རྒྱུ་མཚན་ནི། མཚན་མར་ལྟ་བ་ནི་དེ་ཁོ་ན་ཉིད་མཐོང་བ་ལ་གེགས་བྱེད་གཅིག་པུ་པ་སྟེ། ཕར་ཕྱིན་ཐེག་པར་ཡང་། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །ཞེས་སངས་རྒྱས་ལ་སྐྱབས་གནས་སུ་འཛིན་པའི་རྙེད་པར་དཀའ་བའི་དད་པ་སོགས་ཀྱང་མཐར་ཐུག་མཚན་འཛིན་ནམ་དམིགས་པའི་བློར་གསུངས་ལ། སངས་རྒྱས་འགྲོ་བའི་མདོར། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་འཇུག་སྲེད་རྒྱལ་པོའི་ཞིང་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཞམ་རིང་བ་རེ་རེ་འམ་ཟུང་དང་བཅས་པས་འདུས་ཏེ་སྟོང་གསུམ་མཐའ་ཡས་པ་ལག་མཐིལ་ལྟ་བུའི་རིན་པོ་ཆེའི་གཞི་གཅིག་ཏུ་གྱུར་པའི་རིན་པོ་ཆེའི་ལྗོན་པ་རྣམས་ཀྱི་རྩ་བར་སེང་གེའི་ཁྲི་


KMC013_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོ་ལ་བཞུགས་ཏེ་ནེའུ་སེང་རྩས་གང་བ་ལྟ་བུར་ཁྱབ་པས་ཆོས་བགྲོ་བ་ན། འཕགས་པ་འཇམ་དཔལ་གྱིས་སངས་རྒྱས་རྙེད་པར་དཀའ་བ་དང་ཆོས་འདོད་པ་དང་དད་པའི་འདུ་ཤེས་ཀྱིས་ཞིང་འདི་ནས་སྐད་ཅིག་གིས་བྱོན་པ་ན་ཞིང་དེའི་དེ་བཞིན་གཤེགས་པ་དེས་འཇམ་དཔལ་འདི་དམིགས་པར་ལྟ་བ་ཆེན་པོས་འོངས་ཀྱི། དམིགས་པ་འདི་གཞོམ་པ་དང་གཞན་འདུལ་བ་དང་དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱི་ཡུལ་བསྟན་པར་བྱའོ་ཞེས་དགོངས་ནས་སྐད་ཅིག་གིས་ལྷོ་ཕྱོགས་ཀྱི་ཞིང་དུ་མ་འདས་པའི་ཁོར་ཡུག་ཞིག་གི་རྩེ་མོར་འཕངས་ཏེ་རང་གིས་གར་འཕངས་དང་ཕྱོགས་གང་ལས་འོངས་ཀྱང་རེ་ཞིག་མ་ཤེས་ལ། ཕྱིས་ནས་སངས་རྒྱས་དེའི་མཐུས་སླར་ལྡོག་ཡང་མ་ནུས་ཏེ་ཅུང་ཟད་གནས་ནས་ལྷ་དུ་མ་བཏུལ་ཏེ་སླར་བཀུག་པ་ན་བདག་ཉིད་འཕང་བ་དང་སྲིང་མོ་ཡིད་གཉིས་སེལ་མི་འཕང་བའི་རྒྱུ་ཞུས་པས། ཁྱོད་དམིགས་པ་ཆེན་པོས་འོངས་ཏེ་བདག་དང་སངས་རྒྱས་དང་ཆོས་ཏེ་དམིགས་པ་གསུམ་གྱིས་འོངས་པས་སོ། །བྱང་ཆུབ་སེམས་དཔའ་དམིགས་པ་ལ་སྤྱོད་ན་མ་ཆགས་པ་ཐོབ་པར་འགྱུར་བ་མེད་དོ་ཅེས་དང་། སྲིང་མོ་འདི་ནི་ཟླ་


KMC013_Page_0659
[མ་དཔེ་གཟིགས་ན་འདིར་གནོན།]

འོད་དྲི་མེད་ཀུན་སྣང་གི་ཏིང་ངེ་འཛིན་ལ་ཞུགས་ཏེ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་བདག་དང་གཞན་དུ་འདུ་ཤེས་པ་མེད་དོ་ཅེས་གསུངས་ཅིང་། ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་མདོ་ལས་དངོས་པོའི་འདུ་ཤེས་ཅན་གྱིས་སངས་རྒྱས་མཐོང་བར་མི་འགྱུར་རོ། །ཆོས་ཀྱི་འདུ་ཤེས་ཅན་གྱིས་ཆོས་མཐོང་བར་མི་འགྱུར་རོ། །ཞེས་དང་། ནམ་མཁའ་མཛོད་ཀྱི་མདོ་ལས། སེམས་ཀྱི་དམིགས་པ་ནི་བདུད་ཀྱི་ཡུལ་ཏེ་གང་ཆོས་གང་ལའང་མི་དམིགས་པ་དེ་ལ་བདུད་ཀྱིས་ཅི་ཞིག་བྱར་ཡོད། ཅེས་སོགས་གསུངས་ཏེ། གང་དམིགས་པ་དང་རློམ་སེམས་ཐམས་ཅད་རྣམ་པར་བཅོམ་པའི་ཏིང་ངེ་འཛིན་གྱི་ཆོས་ཀྱི་སྒོ་འདི་ནི་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་ཡས་པ་ལས་ཚུལ་མཐའ་ཡས་པས་བཤད་དོ། །དེ་བཞིན་དུ་གང་མིང་ལ་སོགས་པར་འཛིན་པའི་མཚན་མ་དེ་ཐམས་ཅད་ནི་སྒྲོ་བཏགས་པ་འབའ་ཞིག་ཏུ་ཟད་ཀྱི། དེ་དང་དེར་གནས་པ་མེད་པ་སྟེ་ཆབ་རོམ་ལ་ཆུ་ཤེལ་དུ་འདུ་ཤེས་པས་ལག་པའི་བར་བཟུང་ཡང་ཆུ་ཤེལ་མ་ཡིན་པ་ལྟ་བུ་སྟེ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མདོ་ལས། གྲོགས་པོ་ཆོས་ཀུན་སྟོང་པ་


KMC013_Page_0660
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མིང་ནི་འདྲི་བར་བྱེད་དམ་ཅི། །ཆོས་རྣམས་ཐམས་ཅད་མིང་མེད་ན། །གང་གི་མིང་ནི་འདྲི་བར་བྱེད། །ཅེས་དང་། མིང་ནི་མིང་གིས་སྟོང་པ་སྟེ། །མིང་ལ་མིང་ནི་ཡོད་མ་ཡིན། །ཆོས་རྣམས་ཐམས་ཅད་མིང་མེད་དེ། །འོན་ཀྱང་མིང་གིས་ཡོངས་སུ་བརྗོད། །མིང་གི་རང་བཞིན་གང་ཡིན་པ། །དེ་ནི་མ་མཐོང་མ་ཐོས་སོ། །ཞེས་སོགས་ཏེ་མཚན་མ་མེད་པའི་ཆོས་ཀྱི་སྒོ་འདི་ནི་མདོ་སྡེ་མཐའ་ཡས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་ཤེས་པར་བྱའོ། །དེས་ན་མིང་ལྡན་མིན་འདུ་བྱེད་ཀྱི་དངོས་པོར་རྫས་ཡོད་དུ་འདོད་པ་ཡང་ཉན་ཐོས་པས་གྲུབ་མཐའི་དབང་གིས་བཏགས་པར་ཟད་ཀྱི་ཡང་དག་པར་དེ་ལྟ་མ་ཡིན་ལ། བོད་ཡུལ་བ་ཕྱི་མ་མང་ཞིག་བཏགས་ཡོད་མིང་རྐྱང་གི་ཆོས་ཅེས་བཏགས་པ་ཙམ་དུ་ཡོད་པར་ཁས་ལེན་པ་ཡང་མིང་སོགས་མཚན་མ་ཐམས་ཅད་བཏགས་རུང་མ་བཏགས་རུང་གཟོད་ནས་ནམ་དུ་ཡང་ཡོད་མེད་མ་ཡིན་པའི་ཚུལ་ཁོང་དུ་མ་ཆུད་ཅིང་གནས་དེ་ལ་སྐྲག་པའི་བློས་མིང་སོགས་ལ་ཡོད་འཛིན་གྱི་བློ་འཁྱོག་འགྲོས་ཀྱིས་སྐྱེད་པར་ཟད་དོ། །མདོར་ན་རི་མོའི་ལས་རྫོགས་ཀྱང་མིག་མ་བྲིས་ན་རྔན་པ་མི་འཐོབ་པ་ལྟར་


KMC013_Page_0661
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་དང་སྐྱེད་རྫོགས་ཀྱི་ཡོན་ཏན་གཞན་རྫོགས་ཀྱང་དེ་ཁོ་ན་ཉིད་མ་རྟོགས་ན་སྲིད་ཞི་ལས་མི་འདའ་ལ། དེ་ཁོ་ན་ཉིད་ལ་སྒྲིབ་པར་བྱེད་པ་ནི་དེ་ཁོ་ན་ཉིད་དུ་འཛིན་པའི་བློ་དེ་ཁོ་ན་སྟེ། དཔེར་ན། མཚན་མོ་སྐྱེས་བུས་མར་མེ་ཐོགས་པ་ན་སྐྱེས་བུ་དེ་ཉིད་དང་དེའི་ལག་པ་དང་མར་མེའི་སྣོད་ཀྱིས་སྒྲིབ་ཀྱི་མུན་པས་སྒྲིབ་པ་ནི་མ་ཡིན་ནོ། །དེའི་ཕྱིར་སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་དང་། རྒྱུད་བླར། ཕྲ་ཕྱིར་ཐོས་པའི་ཡུལ་མ་ཡིན། །དོན་དམ་ཡིན་ཕྱིར་བསམ་པའི་མིན། །ཆོས་ཉིད་ཟབ་ཕྱིར་འཇིག་རྟེན་པའི། །སྒོམ་པ་ལ་སོགས་ཡུལ་མ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེས་ན་གང་དང་གང་དུ་འཛིན་པ་དང་རློམ་སེམས་པ་དང་ཡིད་ལ་བྱེད་པ་ཐམས་ཅད་ནི་སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་དྲུག་པ་ཡིད་ཀྱི་རྣམ་ཤེས་དང་ཤིན་ཏུ་བཟང་ཡང་བདུན་ཡིད་ཀྱི་ཡན་ལག་གཉེན་པོའི་རྟོག་པ་ཁོ་ནར་ཟད་ལ། དེ་ཁོ་ན་ཉིད་མཐོང་བར་བྱེད་པའི་རིང་མོའི་རྒྱུ་ནི་གཉེན་པོའི་བློ་ལས་གཞན་མེད་མོད་ཀྱང་མངོན་སུམ་དུ་མཐོང་བ་ལ་ནི་སྐབས་དེའི་གེགས་བྱེད་ཡིན་


KMC013_Page_0662
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་འཛིན་པའི་བློ་ཐམས་ཅད་ནི་ཀུན་གཞིའི་རྣམ་ཤེས་སོ་སོར་རང་གིས་རིག་པ་ལ་ཡང་གེགས་བྱེད་པ་ཡིན་ན་ཀུན་གཞི་མེད་པའི་གཞི་རྩ་ཐམས་ཅད་དང་གཟོད་ནས་བྲལ་བའི་ཡིན་ལུགས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱེད་པ་ལ་སྒྲིབ་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདིའི་དབང་དུ་མཛད་ནས་དཔལ་མདའ་བསྣུན་གྱིས། ཏིལ་གྱི་ཤུན་པ་ཙམ་གྱི་ཟུག་རྔུས་ཀྱང་། །ནམས་ཀྱང་སྡུག་བསྔལ་འབའ་ཞིག་སྐྱེད་པར་ཟད། །ཅེས་དང་། དངོས་པོར་རྟོག་པ་ཕྱུགས་དང་འདྲ་བར་བརྗོད། །དངོས་མེད་རྟོག་པ་དེ་བས་ཀྱང་ནི་བླུན། །ཞེས་དང་། གང་ལ་ཞེན་པ་ཡོད་ན་དེ་ཡང་མཐོང་། །ཞེས་དང་། ལྷན་ཅིག་སྐྱེས་བྲལ་གཞན་གང་གིས། །མྱ་ངན་འདས་གང་སྒོམ་བྱེད་པ། །དེ་དག་འགས་ཀྱང་དོན་དམ་ནི། །ཅིག་ཤོས་འགྲུབ་པར་མི་འགྱུར་རོ། །ཞེས་མུ་སྟེགས་ནས་སྟོང་ཉིད་ལྟ་བའི་བར་ཕྱི་ནང་གི་ལྟ་སྒོམ་ཐམས་ཅད་ཀྱིས་དེ་ཁོ་ན་ཉིད་དངོས་སུ་མི་མཐོང་བར་གསུངས་པ་ཡིན་ལ། མཚན་རྟོག་འདི་ནི་དབང་བཞི་པའི་ལམ་དུ་རྩ་བའི་ལྟུང་བར་བཅས་པ་ཡིན་ནོ། །འདིས་རྩ་ལྟུང་ཁ་ཅིག་ལྟར་རྡོ་རྗེ་དམྱལ་བར་ཤི་འཕོས་མ་ཐག་ལྟུང་བྱེད་ནི་མ་


KMC013_Page_0663
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་མོད་ཀྱང་དེ་ཁོ་ན་ཉིད་རྟོགས་པ་ལ་གེགས་བྱེད་ལ། དེ་མ་རྟོགས་ན་འཁོར་བ་ལས་འདའ་མི་ནུས་པའི་ཕྱིར་རྒྱུད་ནས་རྡོ་རྗེ་དམྱལ་བར་ལྟུང་བར་དགོངས་པའོ། །ཡུལ་ནི། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དོན་དམ་པའི་བདེན་པ་སྟེ། མིང་སོགས་བྲལ་བའི་ཆོས་རྣམས་ལ། །ཞེས་དང་། གུར་ལས། ཆོས་ཉིད། ཅེས་སོ། །བསམ་པ་ནི། གྲུབ་མཐའ་ངན་ཞེན་གྱི་དབང་ངམ་མན་ངག་ལ་ཡིད་མ་ཆེས་པ་དང་ཕྱིན་ཅི་ལོག་གོམས་པ་སོགས་ལས་བྱུང་བའོ། །དངོས་གཞི་ནི། ཆོས་ཐམས་ཅད་ཀྱི་གཞིའི་དེ་ཁོ་ན་ཉིད་དང་། ལམ་གྱི་འཕགས་པའི་ཡང་དག་པའི་ལྟ་བ་དང་། མཉམ་བཞག་གི་གནས་སྐབས་དང་། རྗེས་ཐོབ་ཀྱི་དོན་དམ་ངོས་འཛིན་པ་དང་། འབྲས་བུ་སངས་རྒྱས་ཀྱི་དེ་ཁོ་ན་ཉིད་རྣམས་ལ་འདི་ནི་སྟོང་པའོ་ཞེས་སམ། མི་སྟོང་པའོ་ཞེས་སམ། ཟུང་དུ་འཇུག་པའོ་ཞེས་སམ། ཁས་མི་ལེན་ནོ་ཞེས་སམ། རྟག་པའོ་ཞེས་སམ། ཐེར་ཟུག་པའོ་ཞེས་སོགས་ཞེ་ནས་འཛིན་པའི་བློ་སྟེ། མདོར་ན་གང་དུ་དམིགས་ཅིང་ཞེན་ཡང་མཐར་འཛིན་གྱི་ལྟ་བ་ཁོ་ན་ཡིན་ལ། དེ་ནི་རྩ་བའི་ལྟུང་བ་འདི་ཡིན་ཏེ། འགྲེལ་ཆེན་ལས། དེ་བཞིན་


KMC013_Page_0664
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པའི་དེ་ཁོ་ན་ཉིད་མ་རྟོག་པ་གང་ཡིན་པ་དེ་ནི་དྲག་པོ་ཅེས་པ་སྟེ་བཅུ་གཅིག་པའོ། །ཞེས་འབྲས་བུའི་དེ་ཁོ་ན་ཉིད་ཀྱི་ཆ་ནས་བཤད་ལ། སྙིང་རྒྱན་ལས་ནི། སྟོང་པ་ཐལ་བྱུང་ལ་རྟོག་པ། །ཞེས་སྟོང་པ་ཉིད་བཤད་པའི་ཕྱོགས་གཅིག་གི་སྒྲ་ཇི་བཞིན་པ་ལ་ཞེན་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཅི་ཡང་མེད་པའི་སྟོང་པའོ་ཞེས་ཐལ་བྱུང་དུ་རྟོག་པ་ལ་བཤད་ལ། ལམ་དུས་ཀྱི་ལྟ་བ་དང་མཉམ་རྗེས་ལ་ཆད་པའི་མཚན་མར་འཛིན་པ་དངོས་སུ་སྨོས་པ་དེས་མཚོན་ནས་རྟག་པ་དང་གཉིས་ཆོས་ཀྱི་མཚན་འཛིན་མཐའ་དག་ཡང་སྡུད་པར་ནུས་ཅིང་ལམ་དང་འབྲས་བུ་ལ་མཚན་མར་འཛིན་པའི་ཤུགས་ཀྱིས་གཞིའི་དེ་ཁོ་ན་ཉིད་ཀྱི་མཚན་འཛིན་ཡང་སྡུད་པར་ནུས་པའི་ཕྱིར་རོ། །དེ་ལྟ་མོད་ཀྱི་གཞི་ལམ་འབྲས་བུ་ཉིད་དུ་ཡང་མངོན་པར་ཞེན་ན་ནི་དེ་ཉིད་ཀྱང་རྩ་ལྟུང་དུ་འགྱུར་ཏེ་གནས་སྐབས་ཀྱི་དབྱེ་བས་གདུལ་བྱའི་ངོར་ཐ་སྙད་དུ་མཛད་ཀྱི་ཆོས་རྣམས་ཀྱི་རང་བཞིན་ལ་གཞི་ལམ་འབྲས་བུར་ཡང་གདགས་པ་དང་བྲལ་བའི་ཕྱིར་རོ། །གལ་ཏེ་གདགས་པ་ཐམས་ཅད་དང་བྲལ་ལོ་ཞེས་ཞེན་ན་ཡང་རྩ་ལྟུང་སྟེ། བྲལ་བར་འཛིན་པ་ལ་ནི་གང་བྲལ་བྱའི་


KMC013_Page_0665
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས། གང་ལས་བྲལ་བའི་གཞི། གང་དུ་བྲལ་བའི་གནས། གང་གི་ཚེ་བྲལ་བའི་དུས། བྲལ་ཟིན་པའི་གནས་སྐབས་སོགས་ཀྱི་འཁོར་གསུམ་གྱི་རྟོག་པའི་ཕྲེང་བས་འདུ་བྱ་དགོས་ལ་དེ་ལས་བླ་ལྷག་པའི་མཚན་འཛིན་གཞན་མེད་པའི་ཕྱིར་རོ། །གལ་ཏེ་མཚན་འཛིན་ཐམས་ཅད་ནི་རྩ་ལྟུང་ཡིན་པས་མཚན་མར་མི་འཛིན་ནོ་སྙམ་པའམ་མཚན་མར་བཟུང་དུ་མེད་དོ་ཅེས་ཁས་བླངས་ན་སྐྱོན་དང་བཅས་པའི་ཕྱིར་ཁས་མི་བླང་ངོ་ཞེས་སམ་ཁས་ལེན་དུ་མེད་དོ་ཅེས་སེམས་ན་ཡང་དེ་ཉིད་མཚན་མར་འཛིན་པའི་ཕྱིར་རྩ་ལྟུང་ཡིན་ཏེ། ཡུལ་དང་ཡུལ་ཅན་ནི་གདུལ་བྱའི་གནས་སྐབས་ཀྱི་མཐོང་ཚུལ་ལས་བསྟན་པར་ཟད་ཀྱི་ཡུལ་དང་ཡུལ་ཅན་ཐ་དད་པ་ནི་ནམ་ཡང་གནས་ཚུལ་དུ་མ་ཞུགས་པ་ལ་དོན་དམ་པ་ལ་མཚན་མར་འཛིན་མི་འཛིན་དང་ཁས་བླང་བྱ་དང་མི་བླང་བར་བྱ་བའི་ཡུལ་དུ་ཞེན་པ་དང་མཚན་མར་མི་འཛིན་པོ་དང་ཁས་མི་ལེན་པོའི་གང་ཟག་གི་དམིགས་པ་དང་མཚན་མར་བཟུང་ངམ་ཁས་བླངས་ན་སྐྱོན་ཡིན་ལ། མ་བཟུང་བའམ་ཁས་མི་ལེན་པ་ཡོན་ཏན་ནོ་སྙམ་པའི་དམིགས་པ་སྟེ་འཁོར་གསུམ་གྱི་དམིགས་པ་དེ་དག་ཤེས་པའི་


KMC013_Page_0666
[མ་དཔེ་གཟིགས་ན་འདིར་གནོན།]

ཁོང་ན་མི་གསལ་བ་ལྟར་གནས་པས་རྒྱུ་བྱས་ཏེ་མཚན་མར་མི་འཛིན་ནོ་ཁས་མི་ལེན་ནོ་སྙམ་པའི་འཛིན་པ་དེ་སྐྱེད་པའི་ཕྱིར་རོ། །མདོར་ན་ཀླུའི་ཞབས་ཀྱིས། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །བལྟ་བ་དེས་ནི་བལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང་། །ཞེས་དང་། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་དང་། གང་དག་སངས་རྒྱས་སྤྲོས་འདས་ཅིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །ཞེས་གསུངས་པ་ཉིད་དེ་མཚན་མར་བཟུང་དུ་ཡོད་མེད་དང་ཁས་བླང་དུ་ཡོད་མེད་ལ་ཡང་གནས་པར་མི་བྱའོ། །མཁས་པ་ཆེན་པོ་འགའ་ཞིག་ཡོད་མེད་ཀྱི་དབུས་ཁས་ལེན་ཅིང་དེ་ལ་གནས་པར་བྱ་སྟེ་དེ་ནི་གཞན་སྟོང་ཆེན་པོའོ་གསུང་ཡང་། མདོ་རྒྱུད་དག་ལས་ནི། མཁས་པས་དབུས་ལ་ཡང་ནི་གནས་མི་བྱེད། །ཅེས་སོགས་གསུངས་པ་ཁོ་ན་མཐོང་ངོ་། །འགའ་ཞིག་གང་ལའང་གནས་པར་མི་བྱའོ་སྙམ་དུ་འཛིན་ན་ནི་ཁྱད་པར་ཅི་ཡོད་དེ་དངོས་འཛིན་དུ་


KMC013_Page_0667
[མ་དཔེ་གཟིགས་ན་འདིར་གནོན།]

མཉམ་པའི་ཕྱིར་རོ། །འོ་ན་ཡིད་བྱེད་ཐམས་ཅད་བཀག་ནས་མི་རྟོག་པ་ཙམ་འབའ་ཞིག་སྒོམ་མམ་ཞེ་ན་དེ་ཡང་ག་ལ་ཡིན་ཏེ་ཡིད་བྱེད་འགོག་ན་ནི་དེ་ཉིད་ཡིད་བྱེད་ཤིན་ཏུ་ཆེ་བ་ཡིན་པའི་ཕྱིར་དང་ཟག་བཅས་ཀྱི་མི་རྟོག་པ་ཙམ་ལ་ནི་མྱ་ངན་ལས་འདས་པའི་ལམ་ག་ལ་ཡོད་དེ། རེ་ཞིག་མི་དྲན་པའི་འཐོམས་པ་ཙམ་ནི་བརྒྱལ་བ་དང་གཉིད་དང་རྫས་ཀྱིས་རྨོངས་པ་དང་འཆི་བ་སོགས་སེམས་ཅན་ཀུན་ལ་སྐབས་དུ་མར་འབྱུང་ཞིང་ལམ་སྒོམ་པའི་ཚེ་ཤེས་པ་ཁ་ཚོམས་སུ་ལུས་པ་ནི་གནས་པ་སྟེངས་པོ་བྱ་བ་གོལ་ས་ཤིན་ཏུ་ཆེ་ཞིང་དམ་པ་རྒྱ་གར་གྱིས་རྟ་ཚོམས་ན་མི་བསྐྱུར་གླང་ཚོམས་ན་གཤོལ་གཅོག་ཤེས་པ་ཁ་ཚོམས་ཀྱིས་ཡེ་ཤེས་མི་རྙེད་ཅེས་དང་། བརྒྱུད་པ་འདིས། བདེ་དང་གསལ་དང་མི་རྟོག་གསུམ། །འདི་གསུམ་སྒོམ་གྱི་གོལ་ས་ཡིན། །ཞེས་བཞེད་ཅིང་འདུ་ཤེས་མེད་པའི་ཏིང་ངེ་འཛིན་ནི་ཤིན་ཏུ་གོལ་ས་ཆེ་བ་སྟེ་དཔལ་ཕག་མོ་གྲུབ་པས། མདང་ནང་དྲན་པ་འགགས་ནས་ཅི་ཡང་མི་དྲན་པར་ཡུན་རིང་རང་ལུས་པ་རེ་བྱུང་ཞུས་པས། རྗེ་སྒམ་པོ་པས། འོ་མི་འདོད། ངེས་པ་དེ་ཡིན། སྔོན་ཡང་དེ་འདྲ་བ་ཞིག་གིས་ལན་མང་དུ་


KMC013_Page_0668
[མ་དཔེ་གཟིགས་ན་འདིར་གནོན།]

བསླུས། ཅེས་གསུངས་པ་ཡིན་ནོ། །དབུ་མའི་རིགས་པ་སོགས་ཀྱིས་བརྟག་དཔྱད་སྔོན་དུ་བཏང་བའི་མི་རྟོག་པ་ཡང་རྟོག་དཔྱོད་འགགས་པའི་དུས་འདོད་པའི་མི་རྟོག་པ་ཙམ་པོ་བ་དང་རྟོག་དཔྱོད་དང་བཅས་པའི་དུས་ཞི་གནས་ཉམས་དང་བཅས་པ་ཡིན་གྱི་དོན་སྤྱིའི་གོ་བ་དེ་ཡང་ལྷག་མཐོང་གི་ཆར་ཉེ་བ་མ་ཡིན་ནོ། །དེ་བཞིན་དུ་འདོད་ཁམས་སུ་རྒྱུ་སྙོམས་འཇུག་གི་བསམ་གཏན་གྱི་མི་རྟོག་པ་དང་ཁམས་གོང་མ་གཉིས་སོ་སོའི་རང་སའི་མི་རྟོག་པ་རྣམས་ནི་ཁམས་གསུམ་གྱི་སས་བསྡུས་ཁོ་ནའི་རྒྱུ་འབྲས་སུ་གོ་སླ་ལ། ཉན་རང་གི་དགྲ་བཅོམ་པ་རྣམས་ཀྱི་ཚོར་བ་ཐམས་ཅད་བཀག་པའི་མི་རྟོག་པ་ནི་ཐེག་དམན་གྱི་འགོག་པའི་སྙོམས་འཇུག་ཡིན་ལ། འདི་ལ་བསྐལ་པར་བཞུགས་པ་སོགས་ཀྱང་ཡོད་ཅིང་། བྱང་སེམས་སོ་སྐྱེས་ནི་ཆོས་ཉིད་སྣང་མེད་ལ་མཉམ་པར་འཇོག་མི་ནུས་ལ། ས་ཐོབ་པ་རྣམས་ཀྱིས་ནི་ཆོས་ཉིད་སྣང་མེད་ཀྱི་གནས་ལ་དངོས་སུ་འཇུག་པར་ནུས་མོད་ཀྱང་ཡང་དག་མཐའ་དུས་མིན་དུ་མངོན་དུ་བྱེད་པའི་སྐྱོན་ཡོད་པ་དང་གཞན་དོན་ཉམས་པས་འཇིགས་པའི་ཕྱིར་ཞག་བདུན་ལས་ལྷག་པར་དེ་ལ་མཉམ་པར་འཇོག་པར་


KMC013_Page_0669
[མ་དཔེ་གཟིགས་ན་འདིར་གནོན།]

མ་གནང་བ་ཡིན་ལ། རྡོ་རྗེ་ཐེག་པའི་ལམ་དུ་ཡང་སྔ་མ་དེ་རྣམས་དང་ཆ་མཐུན་པའི་མི་རྟོག་པ་སོ་སོ་དང་། རང་ལམ་གྱི་སྐྱེད་རིམ་བརྟན་པའི་སྐབས་དང་། ཉིན་མཚན་གྱི་སྒྱུ་མ་འདྲེས་པ་དང་། བདེ་དྲོད་ཀྱི་ནུས་པ་འདྲེས་པ་དང་། སྤྲོས་བཅས་ཀྱི་འོད་གསལ་དང་། སྤྲོས་མེད་ཕྱག་རྒྱ་ཆེན་པོ་ལས་བྱུང་བ་ལ་སོགས་མི་རྟོག་པའི་རྣམ་པ་མང་མོད་ཀྱང་རེ་རེ་ལ་ཡང་སྐྱོན་བཅས་སྐྱོན་མེད། ཉམས་དང་རྟོགས་པ་ལ་སོགས་པའི་རྣམ་དབྱེ་བླ་མ་ཉམས་མྱོང་དང་བྱིན་རླབས་ཅན་ལས་དྲིས་ཏེ་གནད་མ་འཁྲུལ་བར་ཤེས་དགོས་ལ། སྤྱིར་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་མངོན་དུ་བྱས་པའི་མཐོང་བ་ཡང་དག་པ་དེ་ནི་རྣམ་པར་མི་རྟོག་པའི་གཟུངས་སོགས་ལས་གསུངས་པའི་མི་རྟོག་པ་མཆོག་ཉིད་ཡིན་ལ། འདི་ནི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་དྲན་རིག་ཐམས་ཅད་འགགས་པའི་མི་རྟོག་པ་མ་ཡིན་ལ། ཕྱིན་ཅི་ལོག་གི་གནས་མེད་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་པའི་དྲན་རིག་གི་རྒྱུ་བ་ཅན་ཡང་མ་ཡིན་ལ། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་སོ་སོ་རང་རིག་པའི་དྲན་


KMC013_Page_0670
[མ་དཔེ་གཟིགས་ན་འདིར་གནོན།]

རིག་ཆར་བ་ཡང་མ་ཡིན་ཏེ། མདོར་ན་ཡང་དག་པའི་དྲན་པ་ཉམས་པ་མེད་ཅིང་ཡང་དག་པའི་ཏིང་ངེ་འཛིན་རྩེ་གཅིག་པ་ཅན་ཡང་དག་པའི་རྟོག་པས་སོ་སོར་རྟོགས་པ་དང་ལྡན་པའི་ཡང་དག་པའི་ལྟ་བ་ཡིན་ལ། དེའི་ཕྱིར་འཕགས་ལམ་ཡན་ལག་བརྒྱད་ཅིག་ཆར་དུ་འབྱུང་ཞིང་ཡང་དག་པའི་ཏིང་ངེ་འཛིན་དང་ཡང་དག་པའི་རྟོག་པ་ཅིག་ཆར་མི་འགལ་བའི་ཚུལ་ཡང་འདི་ལྟ་བུ་ཡིན་ནོ། །དེས་ན་རྗེ་མར་པས། རྣམ་པར་རྟོག་པ་མེད་པ་ལ། །རྣམ་རྟོག་མེད་ཅེས་སྒྲོ་མི་གདག །དངོས་པོ་གདོད་ནས་སྐྱེ་མེད་ལ། །སྐྱེ་མེད་ཅེས་ཀྱང་བསམ་མི་བྱ། །བདེ་ཆེན་སྒྲོ་སྐུར་བྲལ་བ་ལ། །བྲལ་ལོ་སྙམ་དུ་བསམ་ནའང་སྐྱོན། །ཉམས་མྱོང་འོད་གསལ་དག་པ་ལ། །དག་གོ་སྙམ་དུའང་རློམ་མི་བྱ། །ཞེས་གསུངས་ཅིང་། མཚན་མར་མི་འཛིན་རྣལ་འབྱོར་པས། །འདི་དང་འདི་དགག་སེམ་པའང་མེད། །ཅེས་སོགས་ཀྱིས་མཚན་མེད་མཁའ་ལྟར་གནས་པ་ལམ་གྱི་མཆོག་ཏུ་བསྟན་ནས་མཚན་མའི་འདུ་ཤེས་མི་འགོག་པའི་ཚུལ་དང་། མངོན་སུམ་རྟོག་བྲལ་ལམ་གྱི་ངོ་བོར་བསྟན་ནས་རྟོག་པ་མི་འགོག་ཞིང་རྟོག་མེད་ལྷུན་གྲུབ་ཏུ་གནས་པ་དང་། སྒྲོ་སྐུར་གྱི་མཐའ་འབད་པས་


KMC013_Page_0671
[མ་དཔེ་གཟིགས་ན་འདིར་གནོན།]

བསལ་དུ་མེད་པར་གསུངས་ནས་མཐར། བཅོས་མེད་རང་གསལ་མ་བྱུང་ན། །ནན་གྱིས་མི་རྟོག་བསྒོམས་གྱུར་ཀྱང་། །མི་རྟོག་པ་ཉིད་སྒྲིབ་པའི་རྒྱུ། །དཔེར་ན་སྨན་ཉིད་མ་ཞུ་བ། །ནད་ཀྱི་ནང་ན་ལྕི་བ་བཞིན། །དེ་བས་སེམས་ཉིད་རང་གིས་རང་རྟོགས་ནས། །འབད་མེད་སྒོམ་ལ་སྒྲོ་འདོགས་བཅད་ཅེས་བྱ། །ཅེས་རྟོག་པ་སྤང་དུ་མེད་ཅིང་མི་རྟོག་པ་སྒྲུབ་ཏུ་མེད་པའི་གནད་ཁོང་ནས་ཚུར་འཆར་བ་ཞིག་མེད་ན་བཟང་དུ་རེ་བའི་བློས་བྱས་ཀྱི་གོ་བའི་རི་མོ་སྣ་ཚོགས་པས་ལན་སྟོང་དང་འབུམ་དུ་བཀབ་ཀྱང་རྩ་ལྟུང་འདི་ལས་འདའ་བར་མི་ནུས་སོ། །དེ་ལྟ་བུའི་གནད་ཤེས་ན་ཆེད་དུ་མཚན་མར་ཡང་ཡང་བཟུང་ན་ཡང་རྩ་ལྟུང་དུ་མི་འགྱུར་ཏེ། མཚན་མ་དང་མཚན་མ་མེད་པ་མཉམ་ཉིད་དུ་ཤེས་པས་མཚན་མའི་རྣམ་པ་ཇི་ལྟར་བཅོས་ཀྱང་ཆུ་ལ་རི་མོ་བྲིས་པ་ལྟར་ཤེས་པས་ངོ་མཚར་བ་ཙམ་ལས་འདུ་ཤེས་གཞན་མི་འཇུག་པའི་ཕྱིར་རོ། །དེས་ན་དོ་གངྒ་མར། ནམ་མཁའ་སྟོང་པར་ཐ་སྙད་རབ་བཏགས་ཀྱང་། །ནམ་མཁའ་ལ་ནི་འདི་འདྲ་བརྗོད་དུ་མེད། །དེ་བཞིན་རང་སེམས་འོད་གསལ་བརྗོད་གྱུར་ཀྱང་། །འདི་འདྲར་བརྗོད་ཅིང་ཐ་སྙད་


KMC013_Page_0672
[མ་དཔེ་གཟིགས་ན་འདིར་གནོན།]

གདགས་གཞི་མེད། །སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་མ་ལུས་དེ་རུ་མ་འདུས་མེད། །ཅེས་དང་། ནཱ་རོ་ཞབས་ཀྱི་ལྟ་བ་མདོར་བསྡུས་ལས། དེ་ལྟར་ཡོད་པ་མ་གྲུབ་ཕྱིར། །མེད་པ་ཅུང་ཟད་གྲུབ་མི་འགྱུར། །ཕན་ཚུན་ལྟོས་པ་ཉིད་ཀྱི་ཕྱིར། །ཚུ་རོལ་ཕ་རོལ་མ་གྲུབ་ཅིང་། །ཡོད་མེད་གཉིས་ཀ་མ་ཡིན་ཏེ། །སོ་སོ་ཉིད་དུ་མ་གྲུབ་ཕྱིར། །གཉི་ཀ་མེད་པ་མ་ཡིན་ཏེ། །ཡོད་མེད་གཉིས་སུ་འགལ་བའི་ཕྱིར། །ལུས་ཅན་གྱིས་ཀྱང་མ་ཡིན་ལ། །ལུས་ཅན་མིན་པའང་མི་སྲིད་ཕྱིར། །དེས་ན་སྤྲོས་པ་ཀུན་དང་བྲལ། །དེ་ལྟར་དོན་དམ་གཏན་ལ་དབབ། །སེམས་ནི་ནམ་མཁའ་ལ་གནས་གསུངས། །གང་ཞིག་སྤྲོས་བྲལ་དེ་ཉིད་ཀྱང་། །སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །དེ་ཕྱིར་སྣང་སྟོང་དབྱེར་མེད་དོ། །དཔེར་ན་ཆུ་ཡི་ཟླ་བ་བཞིན། །དེ་ལྟར་གཉིས་མེད་གཏན་ལ་དབབ། །ཞེས་དང་། ནཱ་རོ་ཞབས་ཀྱི་ཚིག་བསྡུས་པར། རང་བཞིན་མ་བཅོས་རྣལ་མར་བཞག །བསམ་དུ་མེད་པ་ཆོས་ཀྱི་སྐུ། །མ་བཙལ་བཞག་ན་སྒོམ་པ་སྟེ། །བཙལ་ཞིང་སྒོམ་པ་འཁྲུལ་པའི་བློ། །ཞེས་གྲུབ་ཆེན་ཀུན་གྱིས་མགྲིན་གཅིག་ཏུ་གཞལ་གྱིས་མི་ལང་བར་


KMC013_Page_0673
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་ཏེ་རྒྱུད་པ་འདིའི་ཟབ་མོའི་གནད་འདི་རྟོགས་ན་ལྟུང་བ་དང་ལྟུང་མིན་དང་གང་དུ་སུ་ཞིག་ཇི་ལྟར་ལྟུང་བའི་མཚན་མའི་དྲ་བ་སྣ་ཚོགས་པའི་རྨི་ལམ་གྱི་ཆུ་བོ་དང་མཚན་མ་རྣམ་པར་བསལ་བའི་སྟོང་པའི་འགྲམ་ངོགས་ཀྱི་སྐམ་ས་དང་དེ་དག་ཏུ་ལྷུང་བ་དང་ཐོན་པའི་སྐྱེས་བུ་དང་དེ་དག་མཐོང་བ་པོ་བདག་ཉིད་དང་བཅས་པ་ཀུན་ནས་མེད་བཞིན་དུ་སྣང་བའི་གཞི་རྩ་མ་རིག་པའི་གཉིད་གཟོད་མ་ནས་མ་ལོག་པའི་ངོ་བོར་སང་སྟེ་ཆོས་ཐམས་ཅད་དག་པ་དེ་ཁོ་ན་ཉིད་དུ་རོ་མཉམ་པར་འགྱུར་བ་ཡིན་ནོ། །གཞན་དུ་ན་རློམ་སེམས་དང་མཐར་འཛིན་གྱི་དམིགས་པ་སྟུག་པོ་ཅན་རྣམས་ནི་ལྟུང་བ་འདི་ལས་བརྒལ་བར་མི་ནུས་ཏེ། ལྟུང་བ་བྱུང་གིས་དོགས་ཅིང་མི་འབྱུང་དུ་རེ་བའི་བློ་དང་། འདི་ཙམ་ནི་ལྟུང་བ་འདི་ནི་ལྟུང་མིན་སྙམ་དུ་འཛིན་པའི་དམིགས་པ་དེ་ཉིད་ཀྱང་འདིའི་རྩ་ལྟུང་དུ་འགྱུར་བའི་ཕྱིར་ཏེ། ལྟུང་བ་དང་ལྟུང་མིན་དང་བྲལ་བའི་ཆོས་ལ་ལྟུང་བ་དང་ལྟུང་མིན་དུ་འཛིན་པའི་ཕྱིར་རོ། །དེའི་ཕྱིར་ཡང་བླ་མ་དམ་པ་ལས་བྱིན་རླབས་ཀྱི་འཕོ་བ་མ་ཐོབ་ན་མངོན་དཀྱིལ་དང་རྒྱུད་འགྲེལ་གྱི་ཡི་གེ་ཙམ་ཁ་ཐོན་དུ་ལོབས་པའི་སློབ་


KMC013_Page_0674
[མ་དཔེ་གཟིགས་ན་འདིར་གནོན།]

དཔོན་ལས་ལོབས་པའི་གསང་སྔགས་ཀྱིས་ནི་རྡོ་རྗེ་ཐེག་པའི་སྔགས་ཀྱི་དགོས་པ་མི་འགྲུབ་པས་ཐོག་མར་བླ་མ་དེ་ཁོ་ན་ཉིད་རྟོགས་པ་ཁོ་ན་བཙལ་དགོས་པ་ཡིན་ནོ། །འདིར་མཁས་པ་ཁ་ཅིག་དབང་པོ་བརྟུལ་འབྲིང་རྣོན་པོའི་རྩ་ལྟུང་གསུམ་ལས། གསུམ་གར་ཡང་མིང་སོགས་བདེན་འཛིན་རྩ་ལྟུང་དུ་མཚུངས་ཀྱང་དབང་བརྟུལ་སེམས་ཙམ་པའི་སྔགས་པས་གཉིས་མེད་ཀྱི་བློ་བདེན་འཛིན་དང་། དབང་འབྲིང་དབུ་མ་རང་རྒྱུད་པའི་སྔགས་པས་ཆོས་ཐམས་ཅད་སྟོང་པར་འཛིན་པ་གཉིས་སོ་སོའི་གྲུབ་མཐའི་དབང་གིས་ཡིན་པས་རྩ་ལྟུང་དུ་མི་འགྱུར་ལ། དབང་རྣོན་ལ་རྒྱུ་དུས་སུ་ཆོས་ཐམས་ཅད་སྟོང་ཉིད་དམ། དེ་ལས་འདས་པའི་མཉམ་ཉིད་དམ། དེ་ལས་ཀྱང་འདས་པའི་བརྗོད་མེད་དུ་འཛིན་ན་རྩ་ལྟུང་ཡིན་ལ། ལམ་དུས་སུ་རྟོག་བཅས་རྒྱུ་དུས་དང་མཚུངས་ཅིང་རྟོག་མེད་དབང་གསུམ་པའི་ལམ་གྱི་ཕྱོགས་གཅིག་དང་དབང་བཞི་པའི་ལམ་གྱི་མི་རྟོག་པའི་རྣལ་འབྱོར་གྱི་སྐབས་སུ་དོན་དམ་འདི་ཡིན་ཞེས་པའི་མཚན་རྟོག་གང་བྱུང་ཡང་རྩ་ལྟུང་དང་། མཚན་འཛིན་གཞན་བྱུང་ན་ཉེས་པ་སྦོམ་པོའི་བདུད་ཀྱི་ལས་ཡིན་པས་སྤང་བར་བྱའོ་ཞེས་འཆད་


KMC013_Page_0675
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཡིད་དུ་འབབ་པར་མ་གྱུར་ཏེ། སེམས་ཙམ་པ་དང་རང་རྒྱུད་པ་དེ་དག་སྔགས་ལ་མ་ཞུགས་པའི་དུས་ཀྱི་གྲུབ་མཐའ་པའི་དབང་དུ་བྱེད་ན་ནི་འོ་ན་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དང་གྲངས་ཅན་པ་དང་ཟད་བྱེད་པ་སོགས་སྔགས་ལ་ཞུགས་ན་ཡང་དེ་དག་གིས་ཐེག་ཆེན་གྱི་གྲུབ་མཐའ་སྨད་ན་ཡང་རྩ་ལྟུང་དྲུག་པར་མི་འགྱུར་བར་ཐལ་ཏེ། དེ་དག་རང་རང་གི་གྲུབ་མཐའི་དབང་གིས་ཡིན་པའི་ཕྱིར། དེ་བཞིན་དུ་ཉན་ཐོས་པ་སྔགས་ལ་ཞུགས་པ་དེས་འདུས་བྱས་མི་རྟག་པ་དང་ལུས་མི་གཙང་ཞིང་རུལ་པར་ལྟ་བས་ལྕེབ་པ་སོགས་བྱེད་པ་དང་། གྲངས་ཅན་པ་དེས་ལོངས་སྤྱོད་པ་པོ་བདག་ཤེས་རིག་གི་སྐྱེས་བུ་དང་སྤྱོད་དུ་འཇུག་པ་པོ་གཙོ་བོ་ཚད་གྲུབ་དོན་དམ་དུ་འདོད་པ་དང་། ཟད་བྱེད་པ་དེས་འཇིག་རྟེན་འདི་བདེན་ལ་ཕྱི་མ་མི་བདེན་པར་འདོད་པ་རྣམས་ཀྱང་རྩ་ལྟུང་དུ་མི་འགྱུར་བར་ཐལ་ཏེ། རང་རང་གི་གྲུབ་མཐའི་དབང་གིས་ཡིན་པའི་ཕྱིར། སྤྱིར་ཡང་ལམ་གོང་མ་ལ་ཞུགས་ནས་ལྟ་བ་སྔ་མ་ལས་ན་འཕར་དགོས་ཏེ། མུ་སྟེགས་ཞིག་ནང་པར་ཞུགས་པ་ན། མི་རྟགསྡུག་བསྔལ། སྟོང་། བདག་མེད་དུ་ལྟ་བ་དང་། ཐེག་དམན་པ་


KMC013_Page_0676
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཙམ་པར་ཞུགས་ན་ཕྱི་རོལ་གྱི་དོན་མ་གྲུབ་པ་དང་། སེམས་ཙམ་པ་དབུ་མ་པར་ཞུགས་ན་སེམས་ཀྱང་རང་བཞིན་གྱིས་མ་གྲུབ་པར་གོ་དགོས་པའི་ཕྱིར་དང་། ཐ་མས་ན་འཕར་མ་ནུས་ཀྱང་བདག་གིས་དོན་དེ་མ་ཤེས་པར་ཟད་ཀྱི་རང་བཞིན་གྱིས་རྣམ་པར་དག་པ་བསམ་གྱིས་མི་ཁྱབ་པ་ཅིག་གོ་ཞེས་མོས་པར་བྱེད་ཀྱི་རང་ལྟ་སྔ་མ་དེ་ཉིད་མཆོག་ཏུ་འཛིན་པར་མི་བྱེད་དེ་རྒྱལ་པོའི་འབྱོར་པ་མཐོང་ནས་རང་གི་འབྱོར་པ་ཆུང་ངུ་ལ་རློམ་སེམས་འཇིག་པ་བཞིན་ནོ། །གལ་ཏེ། ལྟ་བ་དང་འཛིན་སྟངས་སྔ་མ་ཉིད་ལས་མ་འགྱུར་ན་གྲུབ་མཐའ་གོང་མར་ཞུགས་པར་ཡང་གང་གིས་བརྗོད། དེའི་ཕྱིར་སེམས་ཙམ་པ་དང་རང་རྒྱུད་པའི་ལྟ་བ་ཅན་ཡང་བླ་མེད་ཀྱི་སྔགས་ལམ་དུ་ཞུགས་པ་ན་དབང་གི་ཡེ་ཤེས་ཀྱི་མཐུས་སེམས་བདེན་རྟོག་དང་སྟོང་པར་འཛིན་པའི་སྤྲོས་པ་ཆད་དེ་དེ་ཁོ་ན་ཉིད་གཟོད་ནས་དག་པའི་ཚུལ་ཤེས་པས་ལྟ་བ་ན་འཕར་བར་འགྱུར་ལ། གལ་ཏེ་སྔ་མའི་གྲུབ་མཐའི་ངན་ཞེན་བསྒྱུར་མ་ནུས་ལ་སྔ་མ་དང་ཁྱད་པར་ཅུང་ཟད་ཀྱང་མེད་པ་དེ་ལྟ་ན་ནི་དབང་མ་ཐོབ་པར་ཟད་པས་སྔགས་ལམ་དུ་ཞུགས་པ་མ་ཡིན་པས་སྣོད་མིན་དུ་ཟད་ཀྱི་


KMC013_Page_0677
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཀྱི་རྩ་ལྟུང་གི་ཡུལ་མ་ཡིན་ཏེ། སྔགས་སྡོམ་མེད་པའི་ཕྱིར། དཔེར་ན། དགེ་སློང་གི་སྡོམ་པ་ལེན་པའི་དངོས་གཞི་ལས་བརྗོད་པ་གསུམ་པའི་ཚེ་ལེན་པ་པོ་གཉིད་ལོག་གམ་མྱོས་སམ་སེམས་འཁྲུགས་པས་ལས་དེ་བདག་ཉིད་ལ་བྱས་པར་མི་ཤེས་ཅིང་ཚིག་གཅིག་ཡང་ཁོང་དུ་མ་ཆུད་ན་དགེ་སློང་མ་ཡིན་པའི་ཕྱིར། དགེ་སློང་གི་འདུ་བར་མི་ཆུད་པ་བཞིན་ནོ། །སྟོང་ཉིད་དང་མཉམ་ཉིད་དང་བརྗོད་མེད་རྣམས་ལ་དམན་མཆོག་གི་རིམ་པ་ཡང་མེད་དེ། ཁྱེད་རང་ལྟར་ན་ཡང་ཐམས་ཅད་ཀྱང་མི་སྟོང་པ་མེད་པའི་ཕྱིར། སྟོང་ཉིད་དང་མི་མཉམ་པ་མ་དམིགས་པས་མཉམ་ཉིད་དང་བརྗོད་དུ་མེད་པས་བརྗོད་མེད་དུ་ཡང་མཚུངས་པའི་ཕྱིར། མི་རྟོག་པ་ཙམ་གྱིས་ནི་རྩ་ལྟུང་འདི་ག་ལ་ཁེགས་ཏེ་དེ་ཁོ་ན་ཉིད་མི་ཤེས་པའི་མི་རྟོག་པ་ཐམས་ཅད་ཀྱང་དྲུག་ཡིད་རགས་པའི་ཚོགས་དྲུག་རགས་པ་ནུབ་པའི་ཧད་པོ་བས་བརྒྱལ་ཐབས་ཙམ་ཡིན་གྱི་ཚོགས་དྲུག་གི་ཡུལ་ཡུལ་ཅན་ཤིན་ཏུ་ཕྲ་བ་དང་བདུན་ཡིད་ཉོན་མོངས་པའི་རྒྱུ་བ་དང་བཅས་པ་ལུས་དང་གྲིབ་མ་ལྟར་ཤེས་པ་དང་མི་འབྲལ་བར་འགྲོགས་པ་མ་ཚོར་ཞིང་ངོས་མ་ཟིན་ལ། སླར་རྗེས་


KMC013_Page_0678
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཤེས་པས་མི་རྟོག་པ་དེ་དོན་དམ་དུ་འཛིན་པའི་བློ་སྐྱེ་བའི་ཕྱིར་རྩ་ལྟུང་འདྲེན་བྱེད་དུ་ཟད་དོ། །སྤྱིར་ཡང་མི་རྟོག་པ་ཙམ་ལམ་གྱི་མཐར་ཐུག་མ་ཡིན་ཏེ། རྡོ་རྗེ་མཁའ་འགྲོ་ལས། མི་རྟོག་པས་ནི་འཚང་མི་རྒྱ། །རྟོག་དང་བཅས་པས་དེ་བཞིན་ནོ། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །ཡིད་འདོད་རྣམས་ཀྱི་དེ་ཉིད་འགྱུར། །ཅེས་གསུངས་ཅིང་། ཉིད་ཀྱིས་ཀྱང་། ཅིར་ཡང་མི་རྟོག་ཏིང་འཛིན་ཐར་ལམ་ན། །གཟུགས་མེད་སྙོམས་འཇུག་པ་ལ་འདི་མེད་དམ། །ཞེས་བྲིས་པ་དང་ཡང་འགལ་བའི་ཕྱིར་རོ། །དེ་ལྟ་མོད་ཀྱི་རིགས་པའི་དཔྱད་པ་ཙམ་གྱིས་དྲངས་པའི་སྟོང་ཉིད་དང་མཉམ་ཉིད་དང་བརྗོད་མེད་དང་མི་རྟོག་པ་ནི་བློས་བྱས་གོ་བའི་སྟོང་ཉིད་སོགས་ཡིན་པས་དེ་ལ་མཉམ་པར་འཇོག་མི་ནུས་ཏེ། གནས་མ་བུ་པའི་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བདག་དང་བློས་བྱས་ཀྱི་སྟོང་ཉིད་སོགས་དེ་དག་རང་གི་ངོ་བོ་ངོས་བཟུང་བ་ན་བསླུ་བར་མཚུངས་ཏེ་བྱ་རོག་གིས་སྤྲིན་ལ་མཚན་མ་བྱས་ཏེ་ཡོད་བྱད་སྦས་པ་ལྟ་བུར་འགྱུར་ལ། ཐམས་ཅད་སྟོང་པའོ་སྙམ་པའི་བློ་རྒྱུན་ཆགས་སྐྱེས་པས་སྟོང་ཉིད་ཀྱི་རྣལ་འབྱོར་གྲུབ་པའང་ག་ལ་ཡིན་


KMC013_Page_0679
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ། སྟོང་པར་འཛིན་པ་པོ་རང་དང་ཁྱད་གཞི་ཐམས་ཅད་དང་ཁྱད་ཆོས་སྟོང་པ་རྣམས་སོ་སོར་དམིགས་ནས་སླར་ཞེན་པས་གཅིག་ཏུ་རློམ་སེམས་པའི་ཕྱིར། དེ་ནི་སྟོང་ཉིད་དུ་དུག་ཏུ་གྱུར་པ་ཅེས་བྱ་བ་ཡིན་ཏེ་ལྷག་མ་གསུམ་ལའང་འདིས་མཚུངས་སོ། །ཐེག་པ་ཆེན་པོའི་སྟོང་ཉིད་ཟབ་མོའི་ཆོས་ཀྱི་རྣམ་གྲངས་དཔལ་མགོན་ཀླུ་སྒྲུབ་ཡབ་སྲས་ཀྱིས་གང་བཀྲལ་བའི་སྟོང་པ་ཉིད་དེ་ཁོང་དུ་ཆུད་ན་ནི་སྟོང་པ་ཉིད་དུ་དམིགས་པ་ཡང་ལྡོག་ན་མཉམ་མི་མཉམ་སོགས་ཀྱི་སྤྲོས་མཚན་ལྷག་མར་ཅི་ཞིག་ལུས་ཏེ། དངོས་པོ་དང་དངོས་མེད་སོགས་ཅི་ཡང་ཤེས་རབ་དྲི་མ་མེད་པའི་མདུན་ན་མི་གནས་པ་དེའི་ཚེ་རྣམ་པ་གཞན་བླང་བ་དང་དོར་བ་མེད་པར་གཟོད་ནས་སྤྲོས་པ་མེད་པའི་དབྱིངས་སུ་རང་བཞིན་གྱིས་ཞི་བར་འགྱུར་བ་ཡིན་ནོ། །གཞན་ཡང་། ཡོད་པ་མ་ཡིན་མེད་པ་མིན། །ཞེས་སོགས་འགྲེལ་བ་མཐོང་། ཁ་ཅིག་གིས་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་དོན་དམ་དུ་མེད་པ་མ་ཡིན་ཞེས་སོགས་ཀྱིས་དོན་དམ་བདེན་གྲུབ་ཏུ་འཆད་ཅིང་། ཁ་ཅིག་གིས་བདེན་པར་ཡོད་པ་མ་ཡིན་བདེན་མེད་དུ་མེད་པ་མ་ཡིན་ཞེས་དང་། དོན་དམ་དུ་ཡོད་པ་མ་ཡིན་ཀུན་


KMC013_Page_0680
[མ་དཔེ་གཟིགས་ན་འདིར་གནོན།]

རྫོབ་ཏུ་མེད་པ་མ་ཡིན་ཞེས་འཆད་པར་མཐོང་མོད། ལེགས་པ་མ་ཡིན་ཏེ། འོ་ན་མུ་སྟེགས་པས་ཀྱང་གང་ཟག་གི་བདག་སྲན་མ་ཙམ་སྐྱེས་བུའི་སྙིང་གི་དབུས་ན་མེད་པ་མ་ཡིན། བདག་མེད་དུ་ཡོད་པ་མ་ཡིན་ཞེས་སམ། བདག་ལུས་དང་མཉམ་པ་མེད་པ་མ་ཡིན། བདག་ལུས་དང་མི་མཉམ་པ་ཡོད་པ་མ་ཡིན་ཞེས་སམ། འཇིག་རྟེན་འདི་མེད་པ་མ་ཡིན། འཇིག་རྟེན་ཕྱི་མ་ཡོད་པ་མ་ཡིན། ལས་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་ཡོད་པ་མ་ཡིན། ལས་མི་དགེ་བ་ལས་འབྲས་བུ་བདེ་བ་འབྱུང་བ་མེད་པ་མ་ཡིན་ཞེས་སོགས་རང་གི་འདོད་པ་ཐམས་ཅད་ཀྱིས་འབྲུ་བསྣན་དུ་མི་རུང་བ་ཅི་འདུག་གཟུ་བོར་སོམས་ཅིགཡིད་ཆེས་ཀྱི་ལུང་ཐམས་ཅད་རང་འདོད་ཀྱིས་འཁྱོག་པོར་བཤད་ན་ལུང་གིས་དགོས་པ་ཅི་ཡོད་དེ་ཕྱིས་སུ་ཞིག་ལུང་ལ་ཡིད་རྟོན་པར་འགྱུར། དེས་ན་གྲུབ་མཐའ་ངན་པ་ལ་ཞུགས་པས་ནི་རྩ་ལྟུང་འདི་འཁོར་ཡུག་ཏུ་འབྱུང་བར་བྱེད་པས་ན་དེ་དག་དོར་ཏེ་ཚད་ལྡན་གྱི་བླ་མའི་རྗེས་སུ་འཇུག་པ་གནད་དུ་ཆེའོ། །དུས་ནི། མཚན་མར་བཟུང་བ་ཙམ་དེ་ཉིད་ནའོ། །ལྟུང་བར་འགྱུར་ཚུལ་ནི། འདིར་ལྟུང་བར་འགྱུར་ཚུལ་སྦོམ་པོ་ལ་


KMC013_Page_0681
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་ཐ་དད་པ་ནི་མེད་དེ། མཚན་འཛིན་ཐམས་ཅད་ཀྱང་མིང་གི་སོགས་ཁོངས་སུ་ཅིག་ཅར་བསྡུས་ནས་རྩ་ལྟུང་དུ་བཅས་པའི་ཕྱིར་རོ། །ལྟུང་མེད་ནི། འདིར་མཚན་འཛིན་ལ་ནི་ལྟུང་མེད་ཀྱང་མི་སྲིད་དེ། ཡང་དག་པའི་ཚུལ་ལ་མི་སྒྲིབ་པའི་མཚན་འཛིན་མེད་པའི་ཕྱིར། འོན་ཀྱང་གདུལ་བྱའི་དབང་གིས་གཞན་ལ་མཚན་མ་ལྟ་བུར་སྟོན་པ་ལ་ནི་ལྟུང་བ་མེད་དེ། ལང་གཤེགས་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་སྤང་བའི་ཕྱིར། །མགོན་པོས་མིང་དུ་གདགས་པ་མཛད། །ཅེས་སོ། །མདོར་ན་མིང་ཚིག་ཐ་སྙད་དང་མཚན་མ་ཐམས་ཅད་ནི་རྟོག་པས་ཀུན་ནས་བཏགས་པ་ཙམ་ཡིན་ལ། ཡུལ་གཟུགས་སོགས་ཀྱང་དབང་པོའི་མངོན་སུམ་གྱིས་ཤེས་པ་མ་གཏོགས་རྟོག་པས་དངོས་སུ་མི་ཤེས་ན་དོན་དམ་པ་དབང་པོའི་སྤྱོད་ཡུལ་ལས་འདས་པ་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ་ཆོས་ཉིད་རྣམ་རྟོག་གིས་གཞལ་བྱ་མ་ཡིན་པ་ཁོང་དུ་ཆུད་ན་རྩ་ལྟུང་འདི་སྲུང་སླ་བར་འགྱུར་ལ། རྟོག་པ་ཉིད་རང་ཞལ་ཆོས་ཉིད་དུ་མཐོང་ནས་མཚན་མེད་སྒྲུབ་ཏུ་མེད་


KMC013_Page_0682
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་མཚན་མ་སྤང་དུ་མེད་ལ། རློམ་སེམས་ཀྱི་གནས་པ་མེད་པའི་རྣལ་འབྱོར་གྱི་དབང་ཕྱུག་ཅན་རྣམས་ནི་རྩ་ལྟུང་འདི་ལས་ཀུན་ཏུ་རྒྱལ་བ་ཡིན་ནོ། །འདི་ནི་གཞན་ལ་བཤགས་པར་བྱ་བ་ཡང་མ་ཡིན་ཏེ། སྐད་ཅིག་དང་པོ་ལ་མཚན་འཛིན་གྱི་བློ་ཆུ་བུར་ལྟར་སྐྱེས་ཀྱང་སླར་ལྟུང་བ་དང་ལྟུང་མིན། མཚན་མ་དང་མཚན་མེད་སོགས་ཀྱི་འདུ་ཤེས་ཀྱི་དམིགས་པ་ཕྲ་མོས་ཀྱང་བར་མ་ཆོད་པར་ཆོས་ཉིད་ཀྱི་ཀློང་ཆེན་པོར་འབད་མེད་དུ་འཇུག་པ་ཁོ་ན་འདིའི་བཤགས་སྡོམ་དང་སླར་བླང་བ་ཡང་དག་པ་ཡིན་གྱི། འགྱོད་པ་དང་བཤགས་པ་དང་སྡུག་བསྔལ་བ་སོགས་ཀྱི་མཚན་མས་གཡེངས་ན་སླར་རྩ་ལྟུང་ལས་ཀྱང་རྩ་ལྟུང་དམ་པོར་བྱེད་ཀྱི་སོར་ཆུད་པར་མི་བྱེད་དེ་མཚན་འཛིན་གྱི་ཆུ་བླུགས་པས་དེ་ཁོ་ན་ཉིད་ཀྱི་མེ་སྟག་ཆུང་ངུ་སོས་པ་མ་ཡིན་ནོ། །རྣམ་གཞག་འདི་ཡང་བརྒྱུད་པ་འདིའི་མན་ངག་གི་གནད་ཀྱིས་བྲིས་ཀྱི་གཞན་ལ་མི་སྣང་བས་རྟོག་གེ་པ་ལ་སྦ་བར་བྱའོ། །རྩ་ལྟུང་བཅུ་གཉིས་པ་ལ། ངོ་བོ་ནི། སྔགས་བླ་མེད་པས་གཞན་དད་པ་ཅན་སུན་བྱུང་བར་བྱས་པའི་ལྟུང་བ་ལྕི་བ་སྟེ། སེམས་ཅན་དད་དང་ལྡན་པ་ལ། །སེམས་སུན་འབྱིན་པ་བཅུ་གཉིས་པ། །ཞེས་དང་། སྙིང་རྒྱན་


KMC013_Page_0683
[མ་དཔེ་གཟིགས་ན་འདིར་གནོན།]

ལས། དད་ལྡན་སེམས་ནི་སུན་འབྱིན་བྱེད། །ཅེས་སོ། །རྒྱུ་མཚན་ནི། ཐེག་ཆེན་པའི་བྱ་བ་ནི་གཞན་དོན་ཡིན་ལ། གཞན་སུན་ཕྱུང་བར་བྱས་ན་གཞན་དོན་ལས་ཉམས་ཅིང་རྒྱུ་དེས་རང་དོན་ཡང་ཉམས་པའི་ཕྱིར་རོ། །ཡུལ་ནི། གཞན་ཆོས་ལ་དད་པ་ཅན་ནོ། །བསམ་པ་ནི། ཤེས་བཞིན་དུ་སུན་འབྱིན་འདོད་པའོ། །དངོས་གཞི་ལ་གཉིས་ཏེ། རྣལ་འབྱོར་པ་སྐྱོན་དང་བྲལ་བ་གཞན་ལ་ཆགས་སྡང་གིས་སྐུར་པ་བཏབ་པས་སེམས་ཅན་དེ་རང་ལ་མ་དད་པར་བྱས་པ་སྟེ། དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་སྟེ་ཉི་མའོ་ཞེས་དང་། འགྲེལ་ཆེན་ལས། དག་པའི་སེམས་ཅན་དག་ལ་སྟེ་རྣལ་འབྱོར་པ་ལ་སྐྱོན་བརྗོད་པས་ཉི་མ་ཞེས་པ་བཅུ་གཉིས་པར་འགྱུར་རོ། །ཞེས་སོ། །རྣལ་འབྱོར་པ་གཞན་ཡང་དཔུན་ཙམ་དུ་ངེས་པས་འདི་རྩ་ལྟུང་གསུམ་པ་དང་མི་ཟློས་པ་ནི་སྔ་མ་ཞེ་སྡང་དྲག་པོས་ཁྲོ་བ་དང་འདི་ཕྲ་དོག་ཙམ་གྱིས་སྐྱོན་བརྗོད་པའི་ཁྱད་པར་ལས་སོ། །ཅིག་ཤོས་ནི་རྒྱ་ཆེར་འགྲེལ་དང་རང་འགྲེལ་གྱི་དགོངས་པ་སྟེ་དད་པ་ཅན་ཆོས་འདོད་པ་ལ་དེའི་བློར་མི་ཆུད་པའི་ཆོས་སྟོང་པ་ཉིད་དམ། བདག་མེད་ལྟ་བུ་བསྟན་གསང་ཆོས་ལ་


KMC013_Page_0684
[མ་དཔེ་གཟིགས་ན་འདིར་གནོན།]

མ་དད་པར་གྱུར་པའོ། །ཁ་ཅིག་གིས་ནི་གསང་ཆོས་འདོད་པ་ལ་མ་བསྟན་པས་སུན་ཕྱུང་བ་ཞེས་འཆད་པར་སྣང་ངོ་། །དུས་ནི། སེམས་ཅན་དེ་ནམ་སུན་བྱུང་བ་ནའོ། །འགྱུར་ཚུལ་ནི། གསང་སྔགས་ལ་མ་དད་ན་ཕམ་པ། མཚན་ཉིད་ཀྱི་མདོ་ལ་སྦོམ་པོ། ཉན་ཐོས་ཀྱི་ཆོས་ལ་ཉེས་བྱས་སུ་བཞེད་ལ། འོན་ཀྱང་གསང་སྔགས་ཀྱི་ཆོས་ལ་མ་དད་པ་སྐྱེད་པ་འདི་རྩ་ལྟུང་བདུན་པ་དང་མི་ཟློས་པའི་ཚུལ་ནི་སྔ་མ་གསང་བ་སྒྲོག་འདོད་དང་འདི་སུན་འབྱིན་འདོད་ཀྱི་ཀུན་སློང་ཐ་དད་པའི་ཁྱད་པར་ལས་སོ། །གལ་ཏེ་སུན་འབྱིན་འདོད་མེད་ཀྱང་གདུལ་བྱའི་མོས་པ་མ་ཤེས་པར་སྙིང་རྗེའི་བློས་བསྟེན་པས་སུན་བྱུང་ན་ཡང་འདིའི་སྦོམ་པོར་འགྱུར་ལ། མ་དད་པ་ཕྲ་མོ་སྐྱེད་པ་ནི་ཉེས་བྱས་སོ། །ལྟུང་མེད་ནི། སེམས་ཅན་དེ་ཉིད་ཀྱི་གདུལ་བའི་སྐབས་མཐོང་ནས་རེ་ཞིག་ཚར་གཅོད་པ་དང་། གཞན་མང་པོ་ལ་ཕན་པར་མཐོང་ནས་གཅིག་སུན་ཕྱུང་སྟེ་ཕྱིས་ཐབས་ཀྱིས་སྡུད་པར་བྱེད་པ་ལྟ་བུ་ལ་ལྟུང་བ་མེད་དོ། །མདོར་ན་གདུལ་བྱའི་མོས་ཁམས་ལྟར་ཇི་ཙམ་འཚམ་པའི་ཆོས་ཀྱིས་སྡུད་པར་བྱ་ཞིང་གཞན་ལ་ཕྲ་དོག་གིས་སྐུར་པ་འདེབས་པ་སྤངས་པས་རྩ་ལྟུང་


KMC013_Page_0685
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལས་རྒྱལ་བར་འགྱུར་རོ། །རྩ་ལྟུང་བཅུ་གསུམ་པ་ལ། ངོ་བོ་ནི། དམ་ཚིག་གི་ཡོ་བྱད་བརྙེད་པ་སྤངས་པའི་རྩ་ལྟུང་ལྕི་བ་སྟེ། དམ་ཚིག་ལ་ནི་ཇི་བཞིན་ཉིད། །མི་བསྟེན་པ་ནི་བཅུ་གསུམ་པ། །ཅེས་དང་། དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། ཞེས་སོ། །རྒྱུ་མཚན་ནི། བཟའ་བའི་དམ་ཚིག་རྣམས་གསང་དབང་གི་དུས་སུ། ཁྲག་ཆེན་པོ་ནི་ག་བུར་བཅས། །ཙནྡན་དམར་དང་ཡང་དག་ལྡན། །ཞེས་སོགས་ཀྱིས་བསྟེན་པར་གདམས་ཅིང་། གྲོགས་ཕྱག་རྒྱ་ནི་དབང་གསུམ་པའི་སྐབས་སུ། དེ་ཕྱིར་འདི་དང་བྲལ་བར་ནི། །ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག །ཞེས་བསྟེན་བྱར་གདམས་ལ། རྡོར་དྲིལ་སོགས་ཆ་བྱད་ཀྱི་དམ་ཚིག་རྣམས་ཀྱང་དམ་ཚིག་གསུམ་སྟེར་བ་ལ་སོགས་པའི་སྐབས་ཐ་དད་དུ་བསྟེན་པར་གདམས་ཅིང་ཁས་བླངས་པས་དེ་དང་འགལ་བར་འགྱུར་བའི་ཕྱིར་དང་། བཟའ་བཏུང་ལ་སོགས་པའི་དམ་ཚིག་མ་བསྟེན་ན་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ཁྲོ་བར་བྱེད་ཅིང་། ཁྱད་པར་དུ་མི་གཙང་བ་ལ་སོགས་པའི་ཀུན་རྟོག་གིས་མ་བསྟེན་ན་གསང་སྔགས་ཀྱི་རྩ་བ་ཐ་མལ་གྱི་རྣམ་རྟོག་དང་བྲལ་བ་ཡིན་པའི་གནད་འཇིག་


KMC013_Page_0686
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཕྱིར་དང་བཟའ་བཏུང་གི་དམ་ཚིག་ནི་བྱང་སེམས་འཕེལ་བའི་རྒྱུའི་གཙོ་བོ་ཡིན་ལ། གྲོགས་ནི་བདེ་སྟོང་གི་ཡེ་ཤེས་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཡུལ་ནི། གཙོ་བོར་བཟའ་བའི་དམ་ཚིག་དང་། བསྟེན་པའི་དམ་ཚིག་གཉིས་ལས། བཟའ་བའི་དམ་ཚིག་ནི་ཤ་ལྔ་དང་བདུད་རྩི་ལྔ་དང་དེར་བྱིན་གྱིས་བརླབས་པའི་བཟའ་བཏུང་སྤྱི་དང་ཁྱད་པར་ཐབས་ཤེས་ཀྱི་རྫས་ཤ་ཆང་རྣམས་སོ། །བསྟེན་པའི་དམ་ཚིག་ནི། རྒྱུད་ལས་གསུངས་པའི་མཚན་ཉིད་དང་ལྡན་པའི་ལས་ཀྱི་བུད་མེད་དོ། །བཅང་བར་བྱ་བ་རྣམས་ནི་ཡན་ལག་གི་དམ་ཚིག་གི་རྫས་ཙམ་སྟེ། སྐུའི་དམ་རྫས་བྲིས་སྐུ། གསུང་གི་དམ་རྫས་བགྲང་ཕྲེང་གླེགས་བམ། ཐུགས་ཀྱི་དམ་རྫས་རྡོར་དྲིལ་ཌཱ་མ་རུ་ཐོད་པ་ཁ་ཊྭཱཾ་ཡོན་ཏན་དང་ཕྲིན་ལས་ཀྱི་དམ་རྫས་རྒྱན་དྲུག་སོགས་རིག་སྤྱོད་ཀྱི་ཆ་བྱད་དུ་བཤད་པ་རྣམས་ཡིན་ལ། ཐམས་ཅད་ཀྱང་རྒྱུད་ལས་གསུངས་པའི་སོ་སོའི་མཚན་ཉིད་དང་ལྡན་པའོ། །རས་ཆུང་སྙན་རྒྱུད་ཀྱི་དམ་ཚིག་ཡིད་བཞིན་ནོར་བུ་ལས་ནི། བྲིས་སྐུ། རྒྱན་དྲུགསྐྲ་ཚབ། ཁ་ཊྭཱཾ། རྡོ་རྗེ་སྟེ། སྐུའི་དམ་ཚིག་རིམ་པ་ལྔ་ལྡན། དྲིལ་བུ་གཡེར་ཁ་ཏིང་ཤག་གླིང་བུ་ཅང་ཏེ་


KMC013_Page_0687
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བའི་རྔ་ཆུང་ཌཱ་མ་རུ་སྟེ་གསུང་གི་ཡན་ལག་དྲུག་ལྡན། བདུད་རྩི་རིལ་བུ་དང་ཀ་པཱ་ལ་སྟེ་ཐུགས་ཀྱི་སྐྱེད་རྫོགས་གཉིས་ལྡན། དབུ་རྒྱན་དགང་བླུགས་གྲི་གུག་སོགས་ཕྲིན་ལས་སྣ་ཚོགས་ཡིད་བཞིན་ནོར་བུ། ཞེས་བྱུང་ངོ་། །མདོར་ན་རྩ་ལྟུང་འདིའི་དངོས་ཡུལ་གཙོ་བོ་ནི་བཟའ་བ་དང་བསྟེན་པའི་དམ་ཚིག་ཡིན་ལ། བཅང་བྱའི་དམ་རྫས་རྣམས་ནི་དེའི་ཡན་ལག་གོ། །བསམ་པ་ནི། ཐ་མལ་གྱི་རྟོག་པ་དང་དམན་པའི་སྡོམ་པ་ལ་ཆགས་པ་སོགས་ཀྱིས་དེ་དག་ལ་གཡེང་བའམ་མི་གཙང་བའི་འདུ་ཤེས་ཀྱིས་བརྙས་པར་འདོད་པའོ། །དངོས་གཞི་ནི། སེམས་ཀྱིས་ཞེ་ནས་བརྙས་ཅིང་ལུས་ཀྱིས་འདོར་བའི་ངག་གིས་དམོད་པ་སོགས་བྱེད་པ་དང་། མི་དམོད་ཀྱང་དེ་ལས་འབྱོལ་ཞིང་ཐབས་ཀྱིས་དེ་སྤོང་བ་སོགས་ཏེ། དཔེར་ན། ཚོགས་ཀྱི་འཁོར་ལོར་ཤ་ལྔ་སོ་སོ་དང་བདུད་རྩི་ལྔ་དངོས་སུ་བྲིམས་པ་ན་སྐྱུག་བྲོ་བས་མི་ལེན་པའམ་སྣོད་ལྟ་བུར་བླངས་ཀྱང་ལག་པས་རེག་པ་དང་བཟའ་བ་སོགས་མི་ནུས་པར་ལྐོག་ཏུ་འདོར་བ་ལྟ་བུས་བཟའ་བཏུང་གི་དམ་ཚིག་སྤོང་བ་དང་། དབང་གསུམ་པའི་ལམ་པས་རྣལ་འབྱོར་མ་དམ་ལྡན་སྐབས་


KMC013_Page_0688
[མ་དཔེ་གཟིགས་ན་འདིར་གནོན།]

སུ་འཚམ་པར་བརྙེད་པ་ན་མི་བསྟེན་པར་སྤོང་བ་ལྟ་བུ་སྟེ། འགྲེལ་ཆེན་ལས། ཚོགས་ཀྱི་འཁོར་ལོར་དམ་ཚིག་ཐོབ་པ་གཏོར་བ་ལས་གཞན་ཏེ་བཅུ་གསུམ་པར་འགྱུར་རོ། །ཞེས་དང་། སྙིང་རྒྱན་ལས། དམ་ཚིག་དང་ལྡན་རྩེན་མི་བྱེད། །ཅེས་བྱེ་བྲག་ཏུ་བཀར་ནས་གསུངས་སོ། །བཅང་བར་བྱ་བའི་དམ་རྫས་རྣམས་ལ་ཐ་མལ་གྱི་རྟོག་པས་བརྙས་ཅིང་སྨད་ནས་ཆེད་དུ་སྤོང་ན་ནི་ལྟུང་བ་ཡིན་ལ། མ་བཅངས་པ་ཙམ་གྱིས་ནི་ལྟུང་བ་མ་ཡིན་ཏེ། རྣལ་འབྱོར་པ་སྤྲོས་པ་ཆུང་ངུ་ལ་གཞོལ་བ་རྣམས་ཀྱིས་ཡོ་བྱད་དེ་དག་ཚང་བར་མི་ཤོམས་ཅིང་ཧ་ཅང་མང་པོ་འཆང་བས་དམ་ཚིག་གི་གཙོ་བོ་ཏིང་ངེ་འཛིན་ལས་ཉམས་པར་འགྱུར་བའི་ཕྱིར་རོ། །འདིར་རྗེ་བུ་དོང་བས་རབ་ཏུ་བྱུང་བ་རིག་མ་བསྟེན་པའི་ནུས་པ་དང་མི་ལྡན་པས་ཀྱང་ཚོགས་ཀྱི་འཁོར་ལོའི་དུས་དངོས་སུ་མ་བསྟེན་ན་རྩ་ལྟུང་ཡིན་ལ། འོན་ཡང་རབ་བྱུང་རླུང་གི་ནུས་པ་མེད་པ་དེས་ཀུནྟུ་རུའི་རེག་བདེ་ཅུང་ཟད་མ་གཏོགས་ཤཱུ་དྲ་ལྟུང་བའི་ཚད་དུ་མི་བྱ་ལ། གལ་ཏེ་ལྟུང་ན་སྔགས་དང་རབ་བྱུང་གཉིས་ཀའི་རྩ་ལྟུང་དུ་འགྱུར་བའོ་ཞེས་འཆད་ཀྱང་། ཐེག་པ་ཆེན་པོ་ནི་སེམས་ཁོ་ན་གཙོ་བོའི་ཕྱིར་བཟའ་


KMC013_Page_0689
[མ་དཔེ་གཟིགས་ན་འདིར་གནོན།]

བ་དང་བསྟེན་བྱའི་དམ་ཚིག་བརྙེད་པའི་ཚེ་སེམས་ཀྱིས་འདོར་ན་རྩ་ལྟུང་དུ་འགྱུར་གྱི་ལུས་ཀྱིས་དངོས་སུ་བསྟེན་དགོས་པ་ཁོ་ན་ནི་མ་ཡིན་ཏེ། དཔེར་ན། རྣལ་འབྱོར་པས་ལམ་པོ་ཆེར་བཤང་བ་དྲི་ང་བ་འབུས་བཤིགས་པ་ཅིག་མཐོང་ནས་ཤིན་ཏུ་སྐྱུག་བྲོ་སྟེ། དེ་ལས་འབྱོལ་ན་ཡང་བདུད་རྩི་དྲི་ཆེན་ལ་མ་དག་པར་བལྟས་ནས་སྤོང་བའི་ཕྱིར། ལྟུང་བ་འདིའི་ཆ་མཐུན་སྐྱེད་ཀྱང་རྣལ་འབྱོར་པས་དྲི་ཆེན་མཐོང་ཚད་བཟའ་དགོས་པ་ནི་མ་ཡིན་པ་བཞིན་ནོ། །དེས་ན་ཤ་ལྔ་དང་བདུད་རྩི་ལྔ་དང་བུད་མེད་ཀྱི་ཚོགས་རྣམས་གནས་སྐབས་གང་དུ་མཐོང་ཡང་དེ་དག་གི་རང་བཞིན་བདུད་རྩི་དང་རྣལ་འབྱོར་མར་ཤེས་པས་སེམས་ཀྱིས་ཕུང་ཁམས་ལྷའི་བདག་ཉིད་རྣམས་མཆོད་པའི་ཏིང་ངེ་འཛིན་བྱ་བ་ཡིན་ལ། གསང་སྒྲོགས་ཀྱི་ཉེས་པ་མེད་ན་དམ་ཚིག་འདིའི་ཆ་ནས་དངོས་སུ་ཡང་བསྟེན་དུ་རུང་མོད་ཀྱི། སྤྱིར་ལས་དང་པོ་པས་དབང་གོང་མའི་བྱ་བ་སྒྲ་ཇི་བཞིན་དུ་སྤྱད་པར་བྱ་བ་མ་ཡིན་ཞིང་རྩ་རླུང་ཐིག་ལེའི་རྣལ་འབྱོར་མི་ཤེས་ན་དཔའ་བོའི་སྟོན་མོ་སོགས་ལ་དབང་ཡོད་ཀྱང་ཕྱི་ནང་གསང་བའི་ཚོགས་ཀྱི་འཁོར་ལོ་ཅིག་ཅར་དུ་སྒྲུབ་པ་


KMC013_Page_0690
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འདུར་མི་དབང་སྟེ། མདའ་བསྣུན་ཞབས་ཀྱིས། ཟ་ཞིང་འཐུང་ལ་གཉིས་སྤྲོད་ཀྱིས་དགའ་ཞིང་། །རྟག་ཏུ་ཡང་དང་ཡང་དུ་འཁོར་ལོ་འགེངས། །ཅེས་གསུངས་པའི་ནང་གི་འཁོར་ལོ་འགེངས་པར་མི་ནུས་པའི་ཕྱིར་རོ། །སྤྱིར་རྣལ་འབྱོར་པ་རིག་མ་བསྟེན་པ་ལ་རྩ་རླུང་ཐིག་ལེ་བྱང་དགོས་པ་ཁོ་ནར་ནི་སྐྱེད་རིམ་པའི་རྗེས་ཆགས་ཀྱིས་འཁོར་སྤྲོ་བ་དང་། དབང་གསུམ་པ་བསྐུར་བས་མ་ངེས་མོད་ཀྱང་དབང་གསུམ་པའི་ལམ་གྱི་བདེ་བ་དངོས་རིག་ལས་སྒྲུབ་པ་ནི་རྩ་རླུང་ཐིག་ལེ་ཤིན་ཏུ་བྱང་ཞིང་རྡོ་རྗེ་སློབ་དཔོན་དང་ལྷག་པའི་ལྷས་གནང་བ་བྱིན་པ་རྣམས་ཀྱི་དངོས་ཀྱི་ཡུལ་ཡིན་ཏེ། གཞན་དུ་ན་རྩ་ལྟུང་ལྔ་པའི་སྤྱན་འདྲེན་ལས་གཞན་པ་ཅི་ཞིག་ཏུ་འགྱུར། བྱང་སེམས་ཚང་བར་མ་ཉམས་པ་ཁོ་ནས་བྱང་སེམས་མ་ཉམས་པར་ཡང་མི་འགྱུར་ཏེ། ལྟ་བ་དང་རྒོད་པ་དང་རེག་པ་དང་ནོམ་པ་སོགས་སོ་སོས་ཀྱང་རང་གི་ངོས་སྐལ་གྱི་དངས་མའི་ཆ་ཅུང་ཟད་རེ་འཛག་པར་བཤད་ན་རྣལ་འབྱོར་མ་ཐོབ་པའི་གཉིས་སྤྲོད་པས་བྱ་བ་མ་རྫོགས་ཀྱང་མི་འཛག་པ་ག་ལ་ཡིན། དེས་ན་ཚོགས་ཀྱི་འཁོར་ལོའི་གནས་སྐབས་གཞན་དུ་ཡང་ཁྱད་པར་མེད་དེ། དམ་རྫས་


KMC013_Page_0691
[མ་དཔེ་གཟིགས་ན་འདིར་གནོན།]

བརྙེད་པའི་ཚེ་སེམས་ཀྱིས་མི་སྡང་ཞིང་མོས་པར་བྱ་ལ། ལུས་ཀྱིས་ནི་རང་གི་ནུས་པ་ལ་སོགས་པའི་སྐབས་དང་སྦྱར་དགོས་སོ། །དེའི་ཕྱིར་བརྒྱུད་པ་འདིའི་མན་ངག་ཏུ་རང་ལུས་ཐབས་ལྡན་བསྙེན་པའི་ཡན་ལག་ཚད་དུ་ཕྱིན་པའི་རྣལ་འབྱོར་པས་སྤྲོ་ན་གཞན་ལུས་ཐབས་ལྡན་སྒྲུབ་པའི་མན་ངག་ལས་ལ་སྦྱོར་བར་གསུངས་པ་ཡིན་ནོ། །དེ་ལྟ་མིན་པར་ཐམས་ཅད་ཀྱིས་ངེས་པར་དངོས་སུ་བསྟེན་དགོས་སུ་སྨྲས་ན་རི་དྭགས་ཀྱི་རྔ་མ་སྦྱར་བའི་བོང་ཤའི་ཚོང་པ་ལ་འགོད་ཉེན་ཡོད་ལ། སྤྱིར་འདོད་ཆགས་ཀྱི་དབང་གིས་བུད་མེད་བསྟེན་པ་དང་སྲེད་པས་ཤ་ཆང་སྤྱོད་པ་ནི་སྔགས་ཀྱི་དམ་ཚིག་ཐམས་ཅད་ཀྱི་མི་མཐུན་པའི་ཕྱོགས་ཡིན་གྱི་སྔགས་ཀྱི་དམ་ཚིག་ག་ལ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་ནི། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞེས་བྱ་བ་ཞིག་ཡིན་པས་འདི་དག་ཏུ་སེར་པོའི་ཁ་དོག་ཙམ་ལས་ར་གན་གསེར་དུ་མི་སྒྲུབ་པར་འཚལ་ཞིང་འཆིང་བུ་དང་ནོར་བུའི་རྣམ་དབྱེ་ལ་མཁས་པར་བྱ་དགོས་སོ། །དེ་ལྟ་མོད་ཀྱིས་ཁྱེད་ཀྱི་འཆད་ཚུལ་དེ་ནི་གནད་ཆེན་པོ་བཅོས་པར་དོགས་ཏེ་ཉན་ཐོས་ཀྱི་དགེ་སློང་སྔགས་ཀྱི་སར་


KMC013_Page_0692
[མ་དཔེ་གཟིགས་ན་འདིར་གནོན།]

བུ་པས་རིག་མ་དངོས་སུ་མ་བསྟེན་པ་ཙམ་གྱིས་རྩ་ལྟུང་དུ་འགྱུར་ན་ཧ་ཅང་ཐལ་ཆེས་པའི་ཕྱིར་དང་། དེས་ཤཱུ་དྲ་ལྷུང་བའི་ཆད་དུ་བསྟེན་ན་རབ་བྱུང་གི་རྩ་ལྟུང་དུ་འགྱུར་གྱི་ཞི་བར་སྤྱད་པས་རབ་བྱུང་གི་རྩ་ལྟུང་དུ་མི་འགྱུར་བ་ཡང་ག་ལ་ཡིན་ཏེ་དགེ་སློང་གི་ཕམ་པ་དང་པོའི་སྐབས་སུ་བགྲོད་འདོད་ཀྱིས་ཁྲི་ལས་ལྡང་བ་དང་ནོམ་པ་དང་ཉུག་པ་དང་སྟང་སྟབས་འཆའ་བ་སོགས་ཀྱིས་སྦྱོར་སྦོོམ་དང་དངོས་སྦོམ་སྐྱེད་ལ་ནམ་པགས་པའི་རིམ་པ་ལས་འདས་པ་ན་ཕམ་པར་བཞག་པའི་ཕྱིར། གཞན་ཡང་དེ་ལྟ་ན་དམ་ཚིག་འདི་ནི་ལས་དང་པོ་པ་སུས་ཀྱང་སྲུང་མི་ནུས་པར་འགྱུར་ཏེ་བསྟེན་པའི་ནུས་པ་མེད་པས་ཀྱང་རིག་མ་དངོས་སུ་མ་བསྟེན་ན་རྩ་ལྟུང་འདིར་འགྱུར་ལ། ནུས་མེད་དེས་འཁྲིག་པའི་སྦྱོར་བ་ལས་བྱང་སེམས་ཅུང་ཟད་མི་ཉམས་པ་མི་སྲིད་ཅིང་ཉམས་ན་ནི་རྩ་ལྟུང་ཡིན་པས་ཇི་ལྟར་བྱས་ཀྱང་རྩ་ལྟུང་ལས་མི་འདའ་བའི་ཕྱིར། དཔེར་ན། དུག་འཇོམས་མི་ནུས་པའི་སྐྱེ་བོ་ཕལ་པས་ཀྱང་དུག་མ་ཟོས་ན་རྩ་ལྟུང་ཡིན་ལ། དུག་གིས་ན་ན་ཡང་རྩ་ལྟུང་ཡིན་ནོ་ཞེས་བཅས་པ་ལྟར་ཟད་པའི་ཕྱིར་རོ། །འོ་ན་དམ་ཚིག་གཞན་ཐམས་ཅད་ཀྱང་སྐྱོན་མི་


KMC013_Page_0693
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ཁོ་ནས་འཛིན་པར་མཚུངས་སོ། །དེ་ལྟ་ན་དམ་ཚིག་ཉམས་པ་མི་སྲིད་པས་ཕྱིར་བཅོས་བཤད་པ་དོན་མེད་དུ་འགྱུར་རོ་ཞེས་རྩོད་སྤོང་བྱས་པ་འདིས་ཀྱང་སྤོང་བར་ག་ལ་ནུས་ཏེ། འོ་ན་དམ་ཚིག་ཐམས་ཅད་ཀྱང་སྐྱོན་ཅན་ཁོ་ནས་འཛིན་དགོས་པར་མཚུངས་ཅིང་དེ་ལྟ་ན་དམ་ཚིག་ཡང་དག་མི་སྲིད་པས་དམ་ཚིག་བཤད་པ་དོན་མེད་དུ་འགྱུར་རོ་ཞེས་ཀྱང་ཅིས་མི་མཚུངས། དེས་ན་རིག་མ་བསྟེན་པའི་ནུས་པ་ཐོབ་པ་ཅེས་བྱ་བ་དེ་ཡང་སྤྱིར་ཀུན་བཏགས་ཡིད་ཀྱི་རིག་མ་བསྟེན་པའི་མི་འཛག་པ་ཐོབ་ཀྱང་དེ་ཙམ་གྱིས་གཏུམ་མོ་དམ་ཚིག་གི་རིག་མ་བསྟེན་པའི་འཛག་པ་ཁེགས་པར་མ་ངེས་ལ། དེ་བཞིན་དུ་རང་ལུས་ཐབས་ལྡན་གྱིས་མི་འཛག་པ་ཙམ་ཐོབ་ཀྱང་དེས་གཞན་ལུས་དངོས་རེག་ལས་མི་འཛག་པ་གྲུབ་པར་མ་ངེས་ལ། རང་སའི་རིག་མ་དེ་དང་དེ་བསྟན་པ་ལ་རང་སའི་མི་འཛག་པ་དེ་དང་དེ་གྲུབ་དགོས་པ་ཡིན་གྱི་ཕྱི་མའི་མི་འཛག་པ་མ་ཐོབ་པར་སྔ་མ་བསྟེན་པར་མི་དབང་བ་མ་ཡིན་ལ། རིག་མ་དེ་རྣམས་ཀྱང་གང་དང་གང་གི་མ་འཛག་པ་གྲུབ་པ་དེ་དགོས་སུ་བསྟེན་ཞིང་ཕྱི་མ་ཕྱི་མ་ནི་ཡིད་ཀྱིས་མི་སྤང་བ་ཡིན་ནོ། །དུས་


KMC013_Page_0694
[མ་དཔེ་གཟིགས་ན་འདིར་གནོན།]

ནི། སྤོང་བའི་བསམ་པའི་བྱ་བ་རྫོགས་པའི་དུས་དེ་ཉིད་ནའོ། །ལྟུང་བར་འགྱུར་ཚུལ་ནི། ཤེས་བཞིན་དུ་ཉོན་མོངས་ཀྱིས་མི་བསྟེན་པར་ཁྱད་དུ་གསོད་ན་ཕམ་པ། ཁྱད་དུ་མི་གསོད་ཀྱང་དགོས་པ་གཞན་མེད་པར་མི་བསྟེན་ན་ལྷག་མ། སྡོམ་པ་འོག་མའི་འཆིང་བས་བསྡམས་ན་སྦོམ་པོ། མི་ཤེས་པ་དང་ལེ་ལོའི་དབང་གིས་ན་ཉེས་བྱས་སུ་བཞེད་དོ། །ལྟུང་མེད་ནི། དགེ་འདུན་གྱི་ཁྲིམས་སྲུང་བའི་ཕྱིར་དང་། སྣོད་དང་མི་ལྡན་པ་མཐོང་ནས་གསང་སྒྲོག་སྤང་བའི་ཕྱིར་དང་། མ་སྨིན་པའི་སློབ་མ་མ་དད་པ་སྤང་བའི་ཕྱིར་དངོས་སུ་ལུས་ཀྱིས་མི་བསྟེན་པ་ཙམ་མམ། དམ་རྫས་ལ་ཞེན་པའི་རྟོག་པ་གཅོད་པའམ་རོ་མཉམ་པ་དང་། ཤིན་ཏུ་སྤྲོས་མེད་ཀྱི་རྣལ་འབྱོར་ཁོ་ན་གཅིག་ཏུ་བྱེད་པ་སོགས་ལ་ལྟུང་བ་མེད་ལ། འོན་ཡང་སྔ་མ་གསུམ་ལ་སེམས་ཀྱིས་ཚོགས་ཀྱི་འཁོར་ལོའམ་བདེ་བའི་རྣལ་འབྱོར་ལ་སྤྱོད་པར་བྱ་ཞིང་ལུས་ཀྱིས་བཟའ་བའི་དམ་ཚིག་ཐེབ་སྲིན་གྱིས་ལྕེ་ལ་རེག་པ་དང་། བསྟེན་པའི་དམ་ཚིག་ལ་གཡོན་ནས་བསྐོར་ཏེ་འགྲོ་བ་སོགས་ནུས་ན་བྱ་ལ། སྤྱིར་རབ་བྱུང་གིས་གསང་སྔགས་སྤྱོད་པའི་མན་ངག་ནི་འབྲི་ཁུང་འཇིག་རྟེན་གསུམ་མགོན་


KMC013_Page_0695
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་ཟབ་ཆོས་སུ་གསུངས་པ་དང་། རྒྱལ་བ་རྒོད་ཚང་པས་རོ་སྙོམས་སུ་གསུངས་པ་ལྟར་བྱ་བ་སྟེ་གཞན་དུ་ན་རས་དཀར་པོ་དྲི་མ་མེད་པ་ཚོན་མཚལ་དང་ཐིང་ཤུན་དང་བ་བླ་དང་རྒྱ་སྐྱེགས་རྣམས་བསེས་པའི་ནང་དུ་བཅུག་པས་ཁ་དོག་ཐ་ཆད་དུ་འགྱུར་བ་ལྟ་བུ་ལ་ཚེགས་མེད་པས་བཟབ་པར་འཚལ་ལོ། །མདོར་ན་ཐ་མལ་གྱི་རྟོག་པས་བར་མ་ཆོད་པའི་སྐྱེད་རྫོགས་ཀྱི་རྣལ་འབྱོར་དང་རྟག་ཏུ་ལྡན་ན་ལྟུང་བ་འདི་ལས་ཀུན་ཏུ་རྒྱལ་བ་ཡིན་ནོ། །རྩ་ལྟུང་བཅུ་བཞི་པ་ལ། ངོ་བོ་ནི། བུད་མེད་ལ་སྨད་པའི་ལྟུང་བ་ལྕི་བ་སྟེ། ཤེས་རབ་རང་བཞིན་བུད་མེད་ལ། །སྨོད་པར་བྱེད་པ་བཅུ་བཞི་པ། །ཅེས་དང་། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ཏེ་རྡོ་རྗེ་ཐེག་པར་གནས་པ་རྣམས་ལའོ། །ཞེས་དང་། སྙིང་རྒྱན་ལས། ཤེས་རབ་བུད་མེད་སྨོད་པར་བྱེད། །ཅེས་སོ། །རྒྱུ་མཚན་ནི། ཐབས་དང་ཤེས་རབ་སྦྱོར་བ་མེད་ན་རྡོ་རྗེ་སེམས་དཔའི་གོ་འཕང་མི་འགྲུབ་ལ། བུད་མེད་ནི་ཤེས་རབ་ཡིན་པའི་ཕྱིར་རོ། །སྦྱོར་བའི་དོན་ཡང་ཡ་མ་བྲལ་བས་ལྷན་ཅིག་ཏུ་ཉམས་སུ་ལེན་པ་ཡིན་གྱི་འདོད་ཁམས་པའི་གཉིས་སྦྱོར་ཁོ་ན་ལ་གོ་བར་མི་བྱ་


KMC013_Page_0696
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། ཕར་ཕྱིན་ཐེག་པར་ཡང་། ཤེས་པའི་སྲིད་ལ་མི་གནས་ཅིིང་། །སྙིང་རྗེས་ཞི་ལ་མི་གནས་དང་། །ཞེས་ཤེས་རབ་དང་སྙིང་རྗེ་ཟུང་འཇུག་དང་། ཚོགས་གཉིས། བདེན་པ་གཉིས། ཞི་ལྷག་སོགས་ཐབས་མཚན་བཅས་དང་ཤེས་རབ་མཚན་མེད་གཅིག་ཏུ་སྦྱོར་བ་ནི་ཐེག་ཆེན་གྱི་ལམ་གྱི་དངོས་གཞིར་བཤད་ཅིང་། མདོ་སྡུད་པར། རྒན་པོ་སྐྱེས་བུ་གཉིས་ལ་བརྟེན་ཏེ་འགྲོ་ནུས་པ་དང་། གདུགས་གཉིས་བཟུང་སྟེ་གཡང་ཆེན་པོར་འཕྱོངས་ན་མི་ཉམས་པར་འགྲོ་ནུས་པའི་དཔེས་བསྟན་ནས་མཐར། དེ་བཞིན་ཐབས་དང་ཤེས་རབ་མཆོག་གིས་ཡོངས་ཟིན་ན། །མི་ཉམས་དེ་བཞིན་གཤེགས་ཀྱི་བྱང་ཆུབ་རེག་པར་འགྱུར། །ཞེས་བཤད་པ་ཡིན་ལ། གསང་སྔགས་སུ་ནི་ཤེས་རབ་ཀྱི་ཆ་རྣམས་ལ་བསྟེན་བྱ་ཡིན་པའི་ཕྱིར་བུད་མེད་ཀྱི་ཐ་སྙད་དུ་མཛད་ནས་སྨད་ན་ལྟུང་བར་བཅས་པ་ཡིན་ནོ། །ཡུལ་ནི། བུད་མེད་དེ་ཉིད་གང་ཞེ་ན། སྤྱིར་ཐབས་ཤེས་ཀྱང་གནས་སྐབས་དང་དགོས་པ་དང་བསམ་པའི་དབང་གིས་འཇོག་པའི་ཕྱིར་ཆོས་གཅིག་ཉིད་ཀྱང་རེས་འགའ་ཐབས་དང་རེས་འགའ་ཤེས་རབ་ཏུ་འགྱུར་བས་མ་ངེས་མོད་ཀྱང་། སྤྱིར་རྣལ་འབྱོར་


KMC013_Page_0697
[མ་དཔེ་གཟིགས་ན་འདིར་གནོན།]

པས་བསྟེན་པར་བྱ་བའི་ཆ་ནས། ལས། ཆོས། དམ་ཚིགཕྱག་ཆེན་ཏེ་བུད་མེད་དམ་ཕྱག་རྒྱ་རྣམ་པ་བཞིར་བསྡུ་ལ། སྤྱིར་བཞི་ཀའང་རྩ་ལྟུང་འདིའི་ཡུལ་ཡིན་ཏེ། བུད་མེད་ཐམས་ཅད་ལ་སྨོད་ཅེས་པའི་ཐམས་ཅད་ཀྱི་སྒྲས་བསྡུས་པའི་ཕྱིར་དང་། སྨོད་པ་འབྱུང་ཉེ་བའི་ཕྱིར་མིའི་རྟེན་ཅན་གྱི་ལས་ཀྱི་བུད་མེད་ཐམས་ཅད་ནི་ཁྱད་པར་དུ་དངོས་ཡུལ་ཡིན་ལ། འགྲོ་བ་གཞན་གྱི་བུད་མེད་རྣམས་ཀྱང་འདིར་འདུ་སྟེ། འགྲེལ་ཆེན་ལས་ཀྱང་། བུད་མེད་ཐམས་ཅད་ལ་སྨོད་པ་གང་ཡིན་པ་དེ་ནི། ཞེས་སོ། །འདིར་ཁ་ཅིག་སྐྱེས་པས་བུད་མེད་ལ་སྨད་ན་རྩ་ལྟུང་ཡིན་པ་ལྟར་བུད་མེད་ཀྱིས་སྐྱེས་པ་ལ་སྨད་ན་ཡང་རྩ་ལྟུང་ངོ་ཞེས་ཟེར་མོད། དེ་ནི་མ་ཡིན་ཏེ། ཕྱག་རྒྱ་རྣམ་པ་བཞི་ངེས་བཟུང་དུ་བཤད་ཀྱི་དེའི་ཐབས་རྣམ་པ་བཞིའི་ཐ་སྙད་ཆེད་དུ་མ་མཛད་པའི་ཕྱིར་དང་། སྐྱེས་པ་ནི་བུད་མེད་གྱི་ཁོངས་སུ་མི་འདུ་བའི་ཕྱིར་རྩ་ལྟུང་བཅོ་ལྔ་ལ་ཅིག་འཇོག་དགོས་པར་ཐལ་བའི་ཕྱིར་དང་། སྤྱིར་ཐབས་ཀྱི་ཆོས་རྣམས་ནི་གོང་མ་བཅུ་གསུམ་པོ་གང་རུང་དུ་འདུ་བས་དེ་ལ་སྨད་པ་ཟུར་དུ་འཆད་མི་དགོས་ཅིང་། སྐྱེས་པ་ནི་རྟེན་གྱི་གཙོ་བོ་ཡིན་པས་སྨད་པ་


KMC013_Page_0698
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་དཀའ་ལ། བུད་མེད་ནི་རང་ཉིད་ཀྱང་བདག་ཅག་སྐྱེ་བ་དམན་ནོ་ཞེས་སྲོ་ཤི་བར་བྱེད་ཅིང་གཞན་གྱིས་ཀྱང་བརྙས་པའི་གནས་སུ་བྱེད་པས་འབྱུང་ཉེ་བའི་དབང་གིས་བཞག་པའི་ཕྱིར་རོ། །ཁ་ཅིག་ནི། རྡོ་རྗེ་ནོར་བུར་ཐིག་ལེ་བཅུ་གཉིས་བརྟན་པས་ས་བཅུ་གཉིས་ཐོབ་ཅིང་བྱང་སེམས་གཙུག་ཏོར་གྱི་རྩེ་མོར་བགྲོད་དགོས་ཅིང་མཚན་སོ་གཉིས་ཀྱིས་བརྒྱན་དགོས་པའི་ཕྱིར་དང་། ནུ་མ་སྤངས་པ་བོ་ལར་འགྱུར། །ཞེས་བུད་མེད་ཀྱིས་ཕྱག་ཆེན་སྒྲུབ་ན་ཡང་སྐྱེས་པར་བསྒྱུར་དགོས་པའི་ཕྱིར་རང་ཉིད་འཚང་རྒྱ་བའི་དངོས་རྟེན་སྐྱེས་པ་ཁོ་ན་ཡིན་ལ། དེ་ཤེས་རབ་མ་དང་སྙོམས་པར་འཇུག་གི་སྐྱེས་པ་དང་མི་འཇུག་པས་གྲོགས་བུད་མེད་ཉིད་མཆོག་ཡིན་ལ། བུད་མེད་གཅིག་ཁོ་ན་ཡིན་པར་ཡང་མི་ཤེས་པས་ཆོས་འབྱུང་ཅན་གྱི་བུད་མེད་ཐམས་ཅད་ལ་སྨད་པར་མི་བྱ་བ་ཡིན་ལ། ད་ལྟའི་སྐྱེས་པའི་ནང་ནས་འཚང་རྒྱ་དུས་ཀྱི་གྲོགས་བུད་མེད་དུ་འགྱུར་བ་སྲིད་མོད་ཀྱང་བུད་མེད་ཀྱི་རྟེན་གྱི་ཆ་ནས་ཡིན་གྱི་སྐྱེས་པའི་ཆ་ནས་མ་ཡིན་པས་སྐྱེས་པ་ལ་སྨད་པ་རྩ་ལྟུང་མ་ཡིན་ནོ་ཞེས་ཟེར་རོ། །འདི་དག་ཡང་བསྒྲུབ་བྱ་ལ་སྐྱོན་མེད་ཀྱང་སྒྲུབ་བྱེད་ལ་དཔྱད་དུ་སྣང་


KMC013_Page_0699
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། དབུ་མར་ཡེ་ཤེས་ཀྱི་ཐིག་ལེ་བརྟན་དགོས་པ་ཡིན་གྱི། སྤྱིར་རྡོ་རྗེ་ནོར་བུ་ཙམ་དུ་ཐིག་ལེ་བཅུ་གཉིས་བརྟན་དགོས་པའི་ངེས་པ་མ་གསུངས་པའི་ཕྱིར་དང་། བྱང་ཆུབ་ཀྱི་སེམས་གཙུག་ཏོར་གྱི་རྩེ་མོར་བརྟེན་དགོས་ཀྱང་དབུ་མའི་ཡར་སྣ་གྱེན་དུ་དྲང་པོར་གྱུར་པ་ནི་གཙུག་ཏོར་གྱི་ཡར་རྩེ་ཡིན་ལ། བུད་མེད་ལ་དབུ་མའི་ཡར་སྣ་དང་མར་སྣ་མི་འབྱུང་བའང་ག་ལ་ཡིན་ཞིང་མཚན་སོ་གཉིས་ཀྱིས་བརྒྱན་པའང་མཆོག་གི་སྤྲུལ་པའི་སྐུ་ཞིང་ཁམས་དེའི་སྟོན་པར་བཞེངས་པ་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི། རྒྱལ་བའི་མཚན་དཔེ་མཐའ་དག་ནི་མཚན་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བསྡུས་པའང་མ་ཡིན་ཏེ་སྐུ་གསུང་ཐུགས་ཚད་མེད་པ་ལྟར་མཚན་ཡང་ཚད་མེད་པར་ཏིང་ངེ་འཛིན་རྒྱལ་པོའི་མདོར་བཤད་ཅིང་ཕལ་ཆེན་དུ་མཚན་རྒྱ་མཚོའི་རྣམ་བཞག་ཡང་མགོ་སྨོས་པ་ཙམ་གྱིས་གསུངས་པའི་ཕྱིར་རོ། །ཁྱེད་ལྟར་ན་འཁོར་ལོ་སྡོམ་པ་དང་དུས་ཀྱི་འཁོར་ལོ་ཡང་སངས་རྒྱས་མ་ཡིན་པར་འགྱུར་ཏེ་མཚན་སོ་གཉིས་ནི་ཞལ་གཅིག་ཕྱག་གཉིས་པའི་དབང་དུ་བྱས་པ་ཡིན་ལ། དེ་དག་ལ་ཞལ་ཕྱག་ཆེས་མང་བའི་ཕྱིར་དང་། སྐུ་


KMC013_Page_0700
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔོན་པོ་སོགས་ཡིན་པས་པགས་པ་གསེར་མདོག་མེད་པའི་ཕྱིར་དང་། སྨིན་མཚམས་སུ་སྤྱན་ཡོད་ཀྱི་མཛོད་སྤུ་དུང་ལྟར་དཀར་བའི་སྤུ་སོ་གཉིས་གཡས་སུ་འཁྱིལ་བ་མེད་པ་དང་། སྤྱན་ཁྲག་ལྟར་དམར་བའི་ཕྱིར་སྤྱན་ཐོན་ཐིང་ཨུཏྤ་ལ་སྔོན་པོ་ལྟ་བུ་དང་དཀར་ནག་འབྱེས་པ་མེད་པའི་ཕྱིར་རོ། །གཞན་ཡང་འཚང་རྒྱ་བའི་དངོས་རྟེན་སྐྱེས་པ་ཁོ་ན་ཡིན་ན་སངས་རྒྱས་ཐམས་ཅད་ཀྱང་སྐྱེས་པ་ཁོ་ན་ཡིན་དགོས་པར་འགྱུར་ལ། དེ་ལྟ་ན་ཁྱེད་རང་ལྟར་ན་བདག་མེད་མ་དང་སྣ་ཚོགས་ཡུམ་སོགས་དཀྱིལ་འཁོར་གྱི་གཙོ་མོ་རྣམས་སྐྱེས་པར་འདོད་དམ་སངས་རྒྱས་མ་ཡིན་པར་སྨྲ་ལེགས་པར་སོམས་ཅིགསྤྱིར་ཡང་སྨྲ་བ་དེ་དག་ནི་སྐྱེས་པ་དང་བུད་མེད་ཀྱི་དབང་པོ་ལ་བདེན་ཞེན་མ་ལྡོག་པའི་དམིགས་པའི་གཏམ་ཆེན་པོ་ཡིན་ཏེ། བུད་མེད་འགྱུར་བའི་མདོ་ལས། བྱང་སེམས་བུད་མེད་འགྱུར་བས་སྐྱེས་པར་སྤྲུལ་པ་ལ། རབ་འབྱོར་གྱིས་ད་ལྟར་ཁྱོད་སྐྱེས་པ་ཡིན་ནམ་བུད་མེད་ཡིན་ཞེས་དྲིས་པས། རང་ཉིད་ཅི་འདྲ་བ་གཅིག་མདུན་དུ་སྤྲུལ་ཏེ། འདི་ད་ལྟར་བུད་མེད་ཡིན་ནམ་སྐྱེས་པ་ཡིན་ཞེས་སླར་དྲིས་པས། འདི་ནི་སྤྲུལ་པ་སྟེ། སྤྲུལ་པ་ལ་ནི་སྐྱེས་


previousཤོག་ལྷེབ་ ༦༠༡ ནས་ ༧༠༠ བར།next