མདོ་དབང་གི་ལག་ལེན་ཟབ་མོ།
མདོ་དབང་གི་ལག་ལེན་ཟབ་མོ་བཞུགས། ལམ་རིམ་ཕྲེང་བའི་དབུའོ། །གུ་རུ་ན་མོ། ལྷ་དང་མི་ཡི་ཐེག་པའི་སྐབས་སུ་རྣམ་པར་སྣང་མཛད་བསྒོམ། ན་མོ་བྷ་ག་ཝ་ཏེ་བཟླས། མི་རྟག་པ་བསྒོམ། ཀ་སྨད་ཀྱི་དབང་བསྐུར། བསྙེན་གནས་ཀྱི་སྡོམ་པ་དབོག །ཉན་ཐོས་ཀྱི་སྐབས་སུ་ཤཱཀྱ་ཐུབ་པ་བསྐྱེད། གང་ཟག་གི་བདག་མེད་བསྒོམ། ཀང་ཀ་ནི་བགྲང་། གསེག་ཤང་པར་བུའི་དབང་བསྐུར། ཉན་ཐོས་ཀྱི་སྡོམ་པ་དབོག །རང་རྒྱལ་གྱི་སྐབས་སུ་ཤཱཀྱ་ཐུབ་པ་དང་། མཆོག་ཆེན་པོ་བཅུ་གཉིས་བསྒོམ། ཡེ་དྷརྨ་བགྲང་། རྟེན་འབྲེལ་བཅུ་གཉིས་ཀྱི་དབང་བསྐུར། རང་རྒྱལ་བའི་སྡོམ་པ་འབོག །བྱང་ཆུབ་སེམས་དཔའི་སྐབས་སུ་ཡུམ་ཆེན་མོ་བསྐྱེད། ག་ཏེ་ག་ཏེ་བཟླས། བྱམས་སྙིང་རྗེ་བསྒོམ། མཛད་པ་ཉི་ཤུའི་དབང་བསྐུར། བྱང་ཆུབ་སེམས་དཔའི་སྡོམ་པ་དབོག །ཀྲི་ཡའི་སྐབས་སུ་རིགས་གསུམ་གང་རུང་བསྐྱེད། རིགས་གསུམ་གྱི་སྙིང་པོ་གང་རུང་བཟླས། ཀྲི་ཡའི་དབང་ཉི་ཤུ་རྩ་དྲུག་བསྐུར། ཁྲུས་དང་གཙང་སྒྲའི་སྡོམ་པ་དབོག །ཡོ་གའི་སྐབས་སུ་རིགས་ལྔ་གང་རུང་བསྐྱེད། བུདྡྷ་བཻ་རོ་ཙ་ན་ༀ། བཛྲ་ཨཀྵོ་བྷྱ་ཧཱུཾ། རཏྣ་སཾ་བྷ་ཝ་ཏྲཾ། ཨ་མི་དེ་ཝ་ཧྲི། ཨ་ཨ་མོ་སིདྡྷི་ཨ། བཀྲ་ཤིས་དྲུག་ཅུ་རྩ་གཉིས་ཀྱི་དབང་བསྐུར། ཡོ་གའི་སྡོམ་པ་དབོག །ལྷ་སྣང་ལ་རང་བཞིན་མེད་པར་སྒོམ་དུ་གཞུག །མ་ཧཱ་ཡོ་གའི་སྐབས་སུ་ཞི་ཁྲོ་གཉིས་ལས། ཞི་བའི་སྐབས་སུ་རྡོ་རྗེ་སེམས་དཔའ་བསྒོམ། སྙིང་པོ། ཨ་ཨཱ། ཨི་ཨཱུ། ཨ་ཨཱུ། ཨེ་ཨཻ། ཨོ་ཨ། ཨཾ་ཨཱཿ བོ་དྷི་ཙིཏྟ་ཛྙཱ་ན་དྷ་ཏུ་ས་ཏྭ་ཀོདྷ་ཨ་ཞེས་བཟླས། ལྷ་དང་བདག་དབྱེར་མེད་དུ་བསམ། དབང་བཅོ་ལྔ་བསྐུར། མ་ཧཱ་ཡོ་གའི་དམ་ཚིག་དབོག །ཁྲོ་བོ་སྐབས་སུ་ཆེ་མཆོག་བསྐྱེད་རུ་ལུ་བཟླས། ཕྱི་ནང་སྒྲུབ་པ་གསུམ་གྱི་དབང་བསྐུར། ཞི་ཁྲོ་དབྱེར་མེད་དུ་བསམ། ཨ་ནུ་ཡོ་གའི་སྐབས་ཀུན་ཏུ་བཟང་པོ་བསྐྱེད། སྙིང་པོ་གྲ་ཡ་ཛྙཱ་ན་བཟླས། ལྷ་ལྔ་བརྒྱ་དང་བརྒྱད་ཅུའི་དབང་བསྐུར། ཨ་ནུ་རང་གི་དམ་ཚིག་དབོག །མ་འདྲེས་ཡོངས་རྫོགས་ཀྱི་གསལ་འདེབས་བྱ། ཨཐྎ། ཨ་ཏི་ཡོ་གའི་སྐབས་སུ་ལྷ་གང་བསྐྱེད་ཀྱང་འདྲ། རིག་པ་རྩལ་གྱི་དབང་བསྐུར། གདམས་ངག་ཆོས་ཐམས་ཅད་སེམས་སུ་ངོ་སྤྲད། སེམས་ཆོས་ཉིད་དུ་ངོ་སྤྲད། ཆོས་ཉིད་བདེ་བ་ཆེན་པོར་ངོ་སྤྲད་དོ། །སྙིང་པོ་ནི། ཨ་ༀ་ཧཱུཾ་ཞེས་བཟླས་སོ། །དམ་ཚིག་ནི་མེད་པ་ལ་སོགས་བཞི་བསྲུང་། གསང་དབང་གི་སྐབས་སུ་ལྷ་ཀུན་བཟང་ཡབ་ཡུམ་བསྒོམ། སྙིང་པོ་ནི། ༀ་ཤྲཱི་བཛྲ་མ་ཧཱ་སུ་ཁ་ཧོ། ཞེས་བཟླས་སོ། །གདམས་ངག་བདེ་ལ་མི་རྟོག་པ་དབོག །སྦྱོར་ཐབས་ཀྱི་དམ་ཚིག་དབོག །རིག་འཛིན་གྱི་སྐབས་སུ། སློབ་དཔོན་དགའ་རབ་ལ་སོགས་པའི་བརྒྱུད་པ་བསམ། སྙིང་པོ། ༀ་མ་ཧཱ་ཤ་རི་རམ་གི་ལི་ཧཱུཾ་ཞེས་བཟླས། གདམས་ངག་རིག་འཛིན་གོང་མ་འོད་དུ་ཞུ་ནས་བདག་གི་ལུས་ལ་ཐིམ་པས། ལུས་ངག་གི་སྒྲིབ་པ་ཐམས་ཅད་དག་པར་བྱེད་པར་བསམ། དམ་ཚིག་བླ་མ་ལ་མོས་གུས་བསྐྱེད། རང་གི་ལུས་ཀྱི་བཀྲ་ཤིས་སྒོ་མངས་ཀྱི་མཆོད་རྟེན་དུ་བསྒོམ། དེ་ནི་ཐེག་པ་རིམ་པ་དགུ་ཀ་ལམ་དུ་ཁྱེར་བའི་དབང་གསོ་བ་ཡིན་ནོ། །ཨཐྎ། བླ་མ་རྣམས་ལ་ན་མོ། ཞི་ཁྲོ་གཉིས་ལམ་དུ་ཁྱེར་ན། གདམས་ངག་ལས། ལུས་ལ་ལྷ་བསྐྱེད། ཡིད་ཀྱིས་གསལ་གདབ་ལ། ན་མོ་ཧཱུཾ་གིས་གཟི་བྱིན་བསྐྱེད། གསུངས་པས། ཞི་བ་ལྟར་ཉམས་སུ་ལེན་ན། རང་གི་སྤྱི་བོ་ལ་སོགས་པར་རིགས་ལྔ་ཡབ་ཡུམ་བསྒོམ། དེའི་སྙིང་པོ་བཟླས། རང་གི་མིག་ལ་སོགས་པའི་རྩ་ནང་དུ། ནང་གི་སེམས་དཔའ་ཡབ་ཡུམ་བསྒོམ། དེའི་སྙིང་པོ་བཟླས། མིག་ལ་སོགས་པའི་ཕྱིར་ཕྱིའི་སེམས་དཔའ་ཡབ་ཡུམ་བསྒོམ། དེའི་སྙིང་པོ་བཟླས། ཡན་ལག་བཞི་ལ་སྒོ་བ་ཡབ་ཡུམ་བཞི་བསྒོམ། དེའི་སྙིང་པོ་བཟླས། སྙིང་ཁ་དང་སོགས་ཕྲག་གཉིས་སུ་ཀུན་བཟང་ཡབ་ཡུམ་བསྒོམ། དེའི་སྙིང་པོ་བཟླས། དཔྲལ་བ། ལྐོག་མ་སྙིང་ག་ལྟེ་བ་གསང་གནས་རྐང་མཐིལ་དུ། ཐུབ་པ་དྲུག་བསམ། དེའི་སྙིང་པོ་བཟླས། ཡེ་ཤེས་ལྷའི་ཐུགས་དམ་གྱི་རྒྱུད་བསྐུལ། བདག་ལ་ཐིམ། བདག་གི་ལུས་ངག་གི་སྒྲིབ་པ་དང་ལྟ་བ་དམན་པའི་སྒྲིབ་པ་དག་པར་བསམ། དེ་ནས་མཆོད། དེ་ནས་བསྟོད་པ་བྱའོ། །དེ་ནི་ཞི་བའི་ལམ་ཁྱེར་རོ། །ཨཐྎ། ཁྲོ་བོའི་ལམ་དུ་ཁྱེར་བ་ནི། གདམས་ངག་ལྟར་དུ་དབང་ཆེན་གྱི་དལ་དང་། མགོ་བོ་དང་ཤ་རུས་ལ་སོགས་པ་ལུས་ཁྲོ་བོའི་གཞལ་ཡས་ཁང་དུ་བསྒོམ། ལུས་ལ་ལྷ་དགོད་ལུགས་ནི། རང་གི་ལུས་སྤྱི་ཆེ་མཆོག་ཏུ་གསལ། སྙིང་པོ། ༀ་ཨ་ཀྲ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུཾ། ༀ་ཀ་ཏ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ། ༀ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས། རུ་ཏྲ་རྣམ་གསུམ་ལ་ཧཱུཾ་དགུ་བཟླས། ཧེ་རུ་ཀ་དགུ་ཀློང་དུ་བསྒོམ། དེའི་སྙིང་པོ་ནི། ༀ་བཛྲ་ཤྲཱི་ཧེ་རུ་ཀ །བཛྲ་མ་ཧཱ་ཀྲོ་དྷི་ཤྭ་རི་ཧཱུཾ། ཨཱོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཞེས་བཟླས་སོ། །བཛྲ་ཧེ་རུ་ཀ་མཚེར་པ་ལ་བསམ། བུདྡྷ་ཧེ་རུ་ཀ་གྲོད་པ་ལ་བསམ། སྙིང་པོ་ནི། བུདྡྷ་འགྲེ། མཆིན་པ་ལ་རཏྣ་བསམ། ལྟེ་བ་སྤྲུལ་པའི་ཙཀྲ་བང་རིམ་བཞིར་བསྒོམ། སྙིང་ག་ཆོས་ཀྱི་ཙཀྲ་བུམ་པ། མགྲིན་པ་ལོངས་སྤྱོད་ཀྱི་ཙཀྲ་བྲེ་དང་འཁོར་ལོ་རིམ་པ་བཅུ་གསུམ་བསྒོམ། སྤྱི་གཙུག་བདེ་ཆེན་གྱི་ཙཀྲ་མཆོད་རྟེན་གྱི་གདུགས་སུ་བསྒོམ། །རྩ་ཀུན་དྷརྨ་སྦོམ་ཕྲ་མདའ་སྨྱུག་ཙམ་པ་མཆོད་རྟེན་གྱི་སྲོག་ཤིང་དུ་བསམ། སྤྱི་བོའི་སྟེང་དུ་ཡི་གེ་ཧཾ་གི་རང་བཞིན་ཐིག་ལེ་སྲན་མ་ཙམ་ཞིག་བསམ། ཐིག་ལེ་དེ་ཉིད་ཡོངས་སུ་གྱུར་པ་ལས་བླ་མ་གདུགས་ཀྱི་ཏོག་ཏུ་བསྒོམ། དེའི་ངང་ལས་མ་གཡེངས་པར་ཡི་དམ་ལྷའི་སྙིང་པོ་སྐྱེལ་ཚད་དུ་བཟླས། དེ་ལ་ཤེས་པ་གཏད་དེ་བསྒོམས་པས་བླ་མ་དང་ཙཀྲ་འོད་དུ་ཞུ་ནས་སེམས་ཉིད་ཀྱི་དངོས་པོ་ཡོད་དམ་སྙམ་པ་དང་རུག་གི་འདྲེས་པའི་ངང་ལ་བློ་བསྒྱུར་ལ་བཞག་གོ། །གཟུགས་སྣང་ཟབ་སྒྲོགས་སྙིང་པོ་ཅན། མཆོད་གནས་ཡིད་བརྟེན་དམ་པའི་ཆོས། །འགྲོ་མགོན་རྡོ་རྗེ་སེམས་དཔས་གསུངས། །ཞེས་གསུངས་སོ། །ཐེག་པ་ལས་ཨ་ནུའི་ཐེག་པ། ལྷ་ལས་ཀུན་ཏུ་བཟང་པོ་དང་། ཆེ་མཆོག་གང་གསལ་དུ་བསྒོམ། སྙིང་པོ་ནི། ཨཱོཾ་གུ་ཧྱ་ཛྙཱ་ན་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཧཱུཾ་ཧཱུཾ་ཧཱུཾ། ངང་སྒོམ་ནི། རང་གི་སྙིང་གི་དཀྱིལ་དུ་ཐིག་ལེ་ཁ་དོག་དཀར་པོ་ལྕོག་སྒོང་ཙམ་ཞིག་བསྒོམ། དེ་སྐར་མདའ་འཕོ་བའི་ཚུལ་དུ་སྤྱི་བོའི་གཙུག་ཏུ་འོད་དུ་འཕོས་ཏེ། ཐེག་ལེ་གཅིག་ལས་ཐིག་ཕྲན་རྣམས་འདུས་ནས་ཐིག་ལེ་གཞི་མ་ལ་ཐིམ་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངང་ལ་བློ་གནས་པར་བྱའོ། །གསང་དབང་ལ་ལྷ་ཀུན་ཏུ་བཟང་མོ་བསྒོམ། སྙིང་པོ་ལ། ༀ་ཤྲཱི་བཛྲ་བོ་དྷི་མ་ཧཱ་སུ་ཁ་ཧཱུཾ་ཧོ། ཐེག་པ་ལས་ཨ་ཏི། ལྷ་གང་བསྐྱེད་ཀྱང་རུང་། སྙིང་པོ་ཨཱཿༀ་ཧཱུཾ། ཨས་སྣང་སྲིད་ཐམས་ཅད་སྐྱེ་མེད་དུ་ངོ་སྤྲད། ༀ་གྱིས་འགའ་མེད་དུ་ངོ་སྤྲད་དོ། །རིག་འཛིན་ལ་བསྒོམ་ཐབས་བརྒྱུད་པའི་བླ་མ་རྣམས་བསྒོམ། སྙིང་པོ། ༀ་མ་ཧཱ་ཤ་རི་རཾ་གྱི་ལི་ཧཱུཾ། གདམས་ངག་ནི་ཆོས་ཐམས་ཅད་སེམས་སུ་ངོ་སྤྲད། སེམས་ཆོས་ཉིད་དུ་ངོ་སྤྲད། ཆོས་ཉིད་བདེ་བ་ཆེན་པོར་ངོ་སྤྲད། དེ་ཡང་རིག་འཛིན་གོང་མ་གོང་མ་འོད་དུ་ཞུ་ནས་འོག་མ་འོག་མ་ལ་ཐིམ་པར་བསམ། དེ་ཡང་འོད་ཀྱི་རང་བཞིན་རང་གི་སྤྱི་བོའི་གཙུག་ཏུ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བྱ་སྒྲོ་མེས་བཤུར་བ་བཞིན་ནམ་ན་བུན་རྫིས་བསྐྱོད་པ་བཞིན་སོང་བར་བསམ། དེ་ཡང་ལུས་ཤེལ་སྒོང་དག་པ་ལྟ་བུར་བསམ་མོ། །འདུས་པ་མདོའི་ལག་ལེན་ཆོག་ཁྲིགས་ཡི་གེར་བཀོད་པའོ། །ཤིན་ཏུ་གསང་བའོ།། །།