Nitartha Digital Library
Tibetan
ཀུན་མཁྱེན་པདྨ་དཀར་པོའི་གསུང་འབུམ།

2 occurrences of བྱམས་པ་གླིང་
[Clear Hits]


  
  
  
  
  
  
  
  
རྣལ་འབྱོར་བཞིའི་བཤད་པ་དོན་དམ་མཛུབ་ཚུགས་སུ་བསྟན་པ།
  
 


2 occurrences of བྱམས་པ་གླིང་
[Clear Hits]

 
previousརྣལ་འབྱོར་བཞིའི་བཤད་པ་དོན་དམ་མཛུབ་ཚུགས་སུ་བསྟན་པ།next

རྣལ་འབྱོར་བཞིའི་བཤད་པ་དོན་དམ་མཛུབ་ཚུགས་སུ་བསྟན་པ།

རྣལ་འབྱོར་བཞིའི་བཤད་པ་དོན་དམ་མཛུབ་ཚུགས་སུ་བསྟན་པ་བཞུགས་སོ། །རྗེ་བཙུན་ངག་གི་དབང་པོ་ལ་ཕྱག་འཚལ་ལོ། །ངེས་པའི་དོན་ཉམས་སུ་མྱོང་ཡང་། ཚིག་ཙམ་གྱིས་ཕོངས་པ་དེ་དག་ལ་འདི་སྐད་དུ་སྨྲ་བར་བྱའོ། །གནས་ཐོག་ཏུ་འགྱུ་བའི་རང་ངོ་ཤེས། འགྱུ་ཐོག་ཏུ་གནས་པའི་རང་སོ་ཚུགས་ན་གནས་འགྱུའི་བར་ལག་འགྱེལ་བ་ཞེས་བྱ་སྟེ། རྩེ་གཅིག་གི་རང་ངོ་འཕྲོད་པ་ཡིན་ནོ། །འཁྲུལ་ཐོག་ཏུ་གྲོལ་བའི་གདེངས་རྙེད། གྲོལ་ཐོག་ཏུ་འཁྲུལ་པའི་མཚང་རིག་ན་འཁྲུལ་གྲོལ་གྱི་བར་ལག་འགྱེལ་བ་ཞེས་བྱ་སྟེ། སྤྲོས་བྲལ་གྱི་རང་ངོ་འཕྲོད་པ་ཡིན་ནོ། །སྣང་ཐོག་ཏུ་སེམས་ཀྱི་འདུག་ཚུལ་རིག །སེམས་ཐོག་ཏུ་སྣང་བའི་འཆར་ཚུལ་རྟོགས་ན་སྣང་སེམས་གྱི་བར་ལག་འགྱེལ་བ་ཞེས་བྱ་སྟེ། རོ་གཅིག་གི་རང་ངོ་འཕྲོད་པ་ཡིན་ནོ། །རྗེས་ཐོབ་ཆོས་ཉིད་ཀྱི་ངང་ལས་མི་གཡོ། མཉམ་བཞག་ཏུ་ཐུགས་རྗེའི་ཀློང་བརྡོལ་ན་མཉམ་རྗེས་ཀྱི་བར་ལག་འགྱེལ་བ་ཞེས་བྱ་སྟེ། སྒོམ་མེད་ཀྱི་རང་ངོ་འཕྲོད་པ་ཡིན་ནོ། །དེ་ལས་དང་པོ་ནི། གནས་ཆ་མ་ཡེངས་པའི་ཐོག་ནས་འགྱུ་བ་བུན་ཙམ་སྐྱེས་མ་ཐག་རང་ཞིག་ལ་འགྲོ་བ་དེ་ལ་བྱ་སྟེ། གནས་ཐོག་ནས་འགྱུ་བ་བུན་ཙམ་སྐྱེ་བ་ཤེས་པ་དེ་ནི། གནས་ཐོག་ཏུ་འགྱུ་བའི་རང་ངོ་ཤེས་པ་ཞེས་བྱ། བུན་ཙམ་ལས་གཅིག་ནས་གཉིས་སུ་མི་བརྒྱུད་པར་དེ་མ་ཐག་གནས་པར་འགྱུར་བ་ནི། འགྱུ་ཐོག་ཏུ་གནས་པའི་རང་སོ་ཚུགས་པ་ཞེས་བྱའོ། །འདིའི་སྐབས་བུན་ཙམ་སྐྱེ་བ་ཤེས་པ་དང་འགྱུ་བ་དག་པ་དུས་མཉམ། གནས་པ་ཡོད་བཞིན་པའི་སྟེང་ནས་འགྱུ་བ་མ་ཡིན་ཏེ། ཅུང་ཟད་གནས་མ་ནུས་པས་འགྱུས། །འོན་ཀྱང་གནས་པ་སོ་ཚུགས་པའི་ཡོན་ཏན་གྱིས་དེ་མ་ཐག་ཤེས་ནས་གནས་པར་ལོག་པའོ། །འདི་ལ་འགའ་ཞིག་ཞི་གནས་རྒྱ་མཚོ་མེར་བ་ལ། །ལྷག་མཐོང་ཉ་མོ་འཁྱུག་པ་འདྲ། །ཟེར་རོ། །དེའི་དུས་སྐྱེ་བ་ཤེས་པའང་གནས་པའི་ཡོན་ཏན་ཡིན་ནོ། །དེ་ལྟར་ངོ་ཤེས་མཁན་དེ་ལ་རིག་པའམ། སོ་སོར་རྟོག་པའི་ཤེས་རབ་ཟེར། དེས་མཚན་མ་མེད་པའི་ཞི་གནས་ཀྱི་སྟེང་དུ་དཔྱད་པས། ལྷག་མཐོང་མཚན་ཉིད་པ་སྐྱེ་བ་ཡིན་ནོ། །དེ་ནི་སྤྱོད་འཇུག་ཏུ། སེམས་ཀྱི་གླང་ཆེན་མྱོས་པ་ནི། །ཆོས་ལ་སེམས་པའི་ཀ་ཆེན་ལ། །ཇི་ལྟར་བཏགས་པ་མི་འཆོར་བ། །དེ་ལྟར་འབད་པ་ཀུན་གྱིས་བརྟག །ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་ནི་གར་སྤྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །ཅེས་བྱ་བས་སོ། གཞན་ཡང་། བཀའ་བརྒྱུད་རིན་པོ་ཆེས། རྟོག་པ་མི་འགྱུ་ཞིང་གསལ་ཆ་མེད་པའི་ཧད་དེ་བ་ལ་མི་རྟོག་ཧད་པོ་ལུང་མ་བསྟན་ཞེས་གསུངས། དེ་ལ་ཞི་གནས་སུ་འཁྲུལ་ནས་སྐྱོང་བར་བྱེད་པ་དེ་དག་ནི་དུད་འགྲོར་སྐྱེ་བར་བཤད་པས་འདི་དང་། རྗེ་བཙུན་ས་པཎ་གྱིས། བླུན་པོས་ཕྱག་རྒྱ་ཆེ་བསྒོམས་པས། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་འགྱུར། །ཞེས་གསུངས་པ་མཐུན་ཞིང་། ཞི་གནས་དང་དེ་གཉིས་ཀྱི་ཁྱད་པར་གང་གིས་འབྱེད་ན། ཞི་གནས་ནི་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་ཞིང་། ཡེངས་པ་མེད་པའི་བྱུང་ཚོར་ཕྲ་མོ་སྤུ་འགུལ་བ་ཙམ་ཚུན་ཆད་ཤེས་པ་ཡིན་ལ། མི་རྟོག་ཧད་པོ་ལ་ནི་དེ་མེད་དོ། །བདེ་དང་གསལ་དང་མི་རྟོག་གསུམ། །འདི་གསུམ་སྒོམ་གྱི་གོལ་ས་ཡིན། །ཞེས་པས་ཞི་གནས་ཀྱི་བདེ་གསལ་མི་རྟོག་པའི་ཉམས་དེ་ཁོ་ནས་ནི་ཁམས་གསུམ་དུ་གོལ་བ་ཡིན་པས། མིན་ན་གཟུགས་མེད་ཁམས་སུ་སྐྱེ། །ཞེས་སོ། །ཞི་གནས་དེ་ལ་གོམས་པས་འགྱུ་བྱེད་དབྱིངས་སུ་དག་ནས་ཞི་གནས་འཐུག་པོ་ཞེས་བྱ། ཞག་བདུན་བདུན་ཙམ་ཏིང་ངེ་འཛིན་གཅིག་གི་ཆོད། དེ་ལ་གོམས་ནས་བསྐལ་པར་ཡང་འདའ་བས་འགོག་པའི་ཏིང་ངེ་འཛིན་དུ་འགྱུར་བས། ཡང་ན་ཉན་ཐོས་འགོག་པར་ལྟུང་། །ཞེས་བྱ། དུས་དེའི་ཚེ། སྒོམ་གཏོར་དགོས་པར་བཤད་དེ། ཆོས་རྗེ་གཙང་པ་རྒྱ་རས་ཀྱིས། བསྒོམ་ཤེས་མང་སྟེ་བཤིག་ཤེས་ཉུང་། །ཞེས་དང་། འབའ་ར་བས། སྒོམ་ཆེན་སྒོམ་གྱིས་བསླུ་བར་མཆིའོ། །ཞེས་གསུང་། སྒོམ་གཏོར་བ་བྱས་ཀྱང་། སྤྲོས་བྲལ་དུ་ན་སྤར་བའི་གདམས་པ་སྟོན་པ་ཡིན་ཏེ། གལ་ཏེ་དེ་ནི་སྐྱེ་ལེགས་ཀྱང་། །དབུ་མའི་སྒོམ་ལས་ལྷག་པ་མེད། །ཅེས་པ་ཡང་། ཚུལ་འདི་ཙམ་གྱི་དཔྱད་པ་ཙམ་གྱིས་མདོ་ལམ་ལས་བརྒལ་དུ་མེད་པར་དགོངས་ནས། བཀའ་བརྒྱུད་རིན་པོ་ཆེས། སྒོམ་གྱི་བོགས་འདོན་མོས་གུས་ལ་ཆོལ། ཞེས་བྱ་བ་ལ་སོགས་པའི་གནད་ཀ་ལ་གཅེས་སྤྲས་སུ་མཛད་དོ། །དེ་ཡང་། རྒྱལ་དབང་རྗེས། བསྒོམ་བསྲན་གྱིས་གྲོལ་བར་ཐེ་ཚོམ་ཟ། །མོས་གུས་གྱིས་གྲོལ་བར་ཐེ་ཚོམ་མེད། །དེ་གནད་ཀ་ཡོད་མེད་ཀྱི་ཁྱད་པར་ཡིན། །ཞེས་གསུངས་པ་དང་ཤིན་ཏུ་མཐུན་པའོ། །དེ་ལྟ་བུའི་གནད་མ་གོ་བར་ཚུལ་འདིས་ཀྱང་ཕྱག་རྒྱ་ཆེན་པོ་བཀག་པ་ཡིན་ནོ་ཟེར་བ་དེ་ཐམས་ཅད་རང་ལ་ཞི་གནས་ཀྱི་ལམ་ཞིབ་མོར་འབྱེད་པའི་རྣམ་དཔྱོད་མེད་པའི་སྐྱོན་ཡིན་ནོ། །ཞི་གནས་ཀྱི་རྣལ་འབྱོར་དེ་ཉིད་གོང་ནས་གོང་དུ་ན་འཕར་བ་ལ་མཐར་གནས་ཀྱི་སྙོམས་འཇུག་དགུར་བཤད་པ་ཡིན་ལ། འདིར་ནི་རྩེ་གཅིག་འདི་ཁོ་ན་ཙམ་ནས་སྤྲོས་བྲལ་དུ་ན་སྤར་བས་སྙོམས་འཇུག་དགུ་ལ་བལྟོས་པ་མ་ཡིན་ནོ། །དེ་ནི་མི་རུང་བ་ག་ལ་ཡིན་ཏེ། སློབ་དཔོན་དཔའ་བོས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ན་ཡང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་འགྲུབ། །ཁྱོད་ཀྱི་བསྟན་པའི་རྗེས་འཇུག་པ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱིས་མི་རེག་རྩྭ་བཞིན་དུ། །སྲིད་པ་དག་ནི་ལྡོག་པར་བགྱིད། །ཅེས་པ་བསམ་གཏན་དངོས་གཞི་ལ་མ་བརྟེན་པར་ལྷག་མཐོང་སྐྱེ་བར་བཤད་པ་ཡིན་ནོ། །མཁས་པར་གྲགས་པ་དོན་དམ་པ་ལྟ་བ་ལ་དམུས་ལོང་དུ་གྱུར་པ་འགའ་ཞིག་གིས། ལུང་རིགས་ཀྱི་དཔྱད་པ་སྔོན་དུ་མ་བཏང་བར་སྟོང་ཉིད་མཚན་ཉིད་པ་མི་རྟོགས་པས། ཐོག་མར་ལུང་རིགས་ཀྱི་དཔྱད་པ་ཟབ་མོ་ལ་འཇུག་པར་བྱའོ། །ཞེས་ཟེར་མོད །བརྟག་གཉིས་ལས། འདི་ནི་བྱིན་རླབས་རིམ་པའི་ཕྱིར། །ཀུན་མཁྱེན་ཡེ་ཤེས་དེ་ལྟ་བུ། །ཞེས་སམ། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་མཐའ་བརྟེན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་པ་བླ་མ་དམ་པའི་བྱིན་རླབས་ཀྱིས་རྟོགས་པ་གཙོ་ཆེར་བཤད་ཅིང་། བླ་མེད་ཀྱི་གཞུང་ཕལ་མོ་ཆེར། རླུང་སེམས་དབུ་མར་ཞུགས་པའི་སྟོབས་ལས་སྐྱེ་བར་བཤད་པ་མ་གཏོགས་ལུང་རིགས་ཀྱི་དཔྱད་པས་རྟོགས་པར་བཤད་པ་འགར་ཡང་མེད་དོ། །མདོ་ལམ་རང་དུའང་། དེ་བཞིན་གཤེགས་པའི་འོད་ཟེར་འཕོག་པ་ཙམ་དང་། རྟག་ཏུ་ངུས། ཆོས་འཕགས་དང་ཤེར་ཕྱིན་ཡིད་ལ་བྱས་པ་ཙམ་གྱིས་དང་། ཤཱ་རིའི་བུས་ཚིགས་སུ་བཅད་པ་གཅིག་ལན་གཅིག་ཐོས་མ་ཐག་ཏུ་བདེན་པ་མཐོང་བར་བཤད་པ་སོགས་འདུག་པས་སོ། །གཞན་ཡང་། ཞི་གནས་མ་གཏོགས་པའི་དཔྱོད་པ་ཐམས་ཅད་རྟོག་པའི་གྲོགས་ཁོ་ན་ཡིན་པས། རྟོག་པས་མི་རྟོག་པ་གཏན་ལ་མི་ཕེབས་པར་ཀུན་རྫོབ་དང་དོན་དམ་པའི་གནས་ལ་མཁས་པ་ཐམས་ཅད་མགྲིན་གཅིག་དབྱངས་གཅིག་པའོ། །དེ་ནས་ལྷག་མཐོང་སྐྱེ་བའི་རྒྱུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པར་བྱེད་པ་ལ་ཐོག་མར་མཚན་མ་མེད་པའི་ཞི་གནས་སྐྱེས་པ་ཞིག་དགོས་པར་དགོངས་ནས། ཞི་བ་ལྷའི་ཞལ་ནས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ། ཞེས་གསུངས་པ་ཡིན། དབུ་མ་འཇུག་པར་ཡང་། །སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །ཞེས་བཤད། འཇིགས་བྲལ་ཟླ་བ་གྲགས་པའི་གཞུང་ལུགས་ལས། ལུང་རིག་ཀྱི་དཔྱད་པ་སྔོན་དུ་འགྲོ་བར་བཤད་པ་ཡང་། མི་རྟོག་པ་མཚན་མ་མེད་པའི་ཞི་གནས་སྐྱེ་བ་ཁོ་ནའི་ཆེད་དུ་སྟེ། རྟོག་རྣམས་ལོག་པར་འགྱུར་བ་གང་ཡིན་ཏེ། །རྣམ་པར་དཔྱོད་པའི་འབྲས་བུར་ཐུབ་པས་གསུངས། །ཞེས་བྱ་བས་སོ། །མཚན་མ་མེད་པའི་ཞི་གནས་སྐྱེ་བ་ལ་ལུང་རིགས་དགོས་པ་མེད་དོ། །སྙམ་ན་མ་ཡིན་ཏེ། ཤེས་བྱ་མེད་ན་ཤེས་པ་གསལ་བ་ནི། །བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོར་ཤེས་བྱ་དགག་པར་མཛད་པ་ཡིན། །གསུངས་པས། ཤེས་བྱ་ཁེགས་ན་ཤེས་བྱེད་ཀྱི་བློ་ཁེགས་སླ་བ་ལ་དགོངས་ནས། ཐོག་མར་ལུང་རིགས་ཀྱི་དཔྱད་པ་སྔོན་དུ་བཏང་ནས་གདོད་མཚན་མ་མེད་པའི་ཞི་གནས་འཚོལ་བའི་ཕྱིར། སེམས་མ་བཅོས་པར་མཉམ་པར་འཇོག་པ་ལ་འབད་པ་བརྒྱ་ཕྲག་གིས་བསླབ་པ་ཡིན་ཏེ། ཏིང་ངེ་འཛིན་རྒྱལ་པོ་ལས། མཁས་པས་འདུས་བྱས་འདུས་མ་བྱས་རིག་ནས། །མཚན་མའི་འདུ་ཤེས་ཐམས་ཅད་རྣམ་བཤིག་སྟེ། །མཚན་མ་མེད་པ་ལ་ནི་དེ་གནས་ན། །ཆོས་རྣམས་ཐམས་ཅད་སྟོང་པར་རབ་ཏུ་ཤེས། །ཞེས་དང་། ཇོ་བོའི་བྱང་ཆུབ་ལམ་གྱི་སྒྲོན་མར། ལུང་དང་རིག་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པ་ངེས་བྱས་ནས། །རྣམ་པར་རྟོག་མེད་དེ་བསྒོམ་བྱ། །དེ་ལྟར་དེ་ཉིད་བསྒོམས་བྱས་ནས། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་ཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང་། །ཞེས་བཤད་པ་དང་། ཞི་གནས་ཡན་ལག་རྣམས་ཉམས་པས། །རབ་ཏུ་འབད་དེ་བསྒོམས་བྱས་ཀྱང་། །ལོ་ནི་སྟོང་ཕྲག་དག་གིས་ཀྱང་། །ཏིང་འཛིན་འགྲུབ་པར་མི་འགྱུར་རོ། །གསུངས་པ། དེ་བས་ན་ལུང་རིགས་ཀྱི་དཔྱད་པ་ཁོ་ནས་སྟོང་ཉིད་རྟོགས་པར་འདོད་པ་དེ་ཁས་ངེས་པའི་དོན་ལ་རྨོངས་པར་གྱུར་པ་ཡིན་ནམ་མནོ་བསམ་ཐོངས་ཤིག དབུ་མ་ནས་བཤད་པའི་ཞི་གནས་དེ་ཡང་ལུང་རིགས་ཀྱི་དཔྱད་པ་སྔོན་དུ་ངེས་པར་འགྲོ་དགོས་པའང་མ་ཡིན་ཏེ། སྤྱོད་འཇུག་གི་ལུང་དེ་ཉིད་དུ། དེ་ཡང་ནི། འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་བྱ་བས་སོ། །གཞན་ཡང་། མཚན་མ་དང་བཅས་པའི་ཞི་གནས་ཀྱི་སྒོ་ནས་ལྷག་མཐོང་དུ་འགྲོ་བར་འདོད་པ་ལས། འདི་ཉིད་ཆེས་ཟབ་སྟེ། སློབ་དཔོན་བྱང་ཆུབ་བཟང་པོས་ཏིང་ངེ་འཛིན་ཚོགས་ཀྱི་ལེའུར། དེ་བས་ན་མཚན་མ་དང་བཅས་པའི་ཞི་གནས་ལ་བརྟེན་པ་བས་ནི། མཚན་མ་མེད་པའི་ཞི་གནས་ལ་དམིགས་ནས་ལྷག་མཐོང་སྐྱེད་པའི་ཕྱོགས་འདི་བསྔགས་ཏེ། དེ་གནས་པ་བརྟན་པ་དང་། ཞི་གནས་འབའ་ཞིག་གིས་ཉོན་མོངས་པ་རབ་ཏུ་འགོག་ཅིང་སེལ་བ་དང་། འབྲས་བུ་དང་རྗེས་སུ་མཐུན་པའི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་པས་སོ། །སོ་སོར་རྟོག་པའི་ཡེ་ཤེས་དང་མཚན་མ་མེད་པའི་ཞི་གནས་དེ་གཉིས་ཀྱིས་དཔྱད་པས་ལྷག་མཐོང་མཚན་ཉིད་པ་རྟོགས་ལ། དེའི་ཚེ་ལྷག་མཐོང་དེས་དེ་གཉིས་དག་པའང་། འཇོམས་པར་བྱེད་པ་ཡིན་ཏེ། སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས། མཚན་མ་དང་བཅས་པའི་ཞི་གནས་སྔོན་དུ་མ་བྱས་པར་ལྷག་མཐོང་སྐྱེ་བ་རུང་བ་ཡིན་ནམ་ཞེ་ན། དེ་ནི་རུང་བ་ཡིན་ཏེ། མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ཉིད་ལས་མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ། དེ་ཡང་འཕགས་པ་འོད་སྲུངས་ཀྱིས་ཞུས་པ་ལས། ཤིང་གཉིས་དྲུད་པ་ལས་ནི་མེ་འབྱུང་སྟེ། །བྱུང་བ་དེ་ཡིས་དེ་གཉིས་བསྲེགས་པ་ལྟར། །དེ་བཞིན་ཤེས་རབ་དབང་པོ་སྐྱེས་ནས་ཀྱང་། །སྐྱེས་པ་དེ་ཡིས་དེ་ཉིད་སྲེག་པར་བྱེད། །ཅེས་གསུངས་སོ། །ཞེས་བཤད་པ་ཡིན་ནོ། །དེ་བས་ན་ཉམས་རྟོགས་ཟུང་འཇུག་ཅེས་བྱ་བ་ཡང་། མཚན་མ་མེད་པའི་ཞི་གནས་ཀྱིས་བདེ་གསལ་མི་རྟོག་པ་དང་། ལྷག་མཐོང་གི་རྟོགས་པ་ཟུང་དུ་འཇུག་པ་ག་ལ་ཡིན། ཡུལ་རང་བཞིན་སྟོང་ཉིད་ལ་རྟོགས་པ་དང་། ཡུལ་ཅན་རང་བཞིན་འོད་གསལ་ལ་ཉམས་ཞེས་བྱས་ནས། ཉམས་རྟོགས་ཟུང་འཇུག་ཏུ་བཞག་པ་ཡིན་ལ། བདེ་དང་གསལ་དང་མི་རྟོག་གསུམ། །འདི་གསུམ་སྒོམ་གྱི་ཡང་རྩེ་ཡིན། །ཞེས་པའི་བདེ་བ་མཆོག་ཏུ་མི་འགྱུར་བ་དང་། གསལ་བ་རང་བཞིན་འོད་གསལ་དང་། མི་རྟོག་པ་སྟོང་ཉིད་ཁོ་ན་ལ་བཞག་པས་སྒོམ་གྱི་ཡང་རྩེ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སའི་བར་དུ་འགྱུར་བ་མེད་པར་གནས་པའི་ཕྱིར་དེ་སྐད་གསུངས་པ་ཡིན་ནོ། །ཞི་ལྷག་ཟུང་འབྲེལ་དུ་བཤད་པའི་ལྷག་མཐོང་ནི་ལྷག་མཐོང་གི་དོན་སྤྱི་ཡིན་ལ། ཞི་ལྷག་ཟུང་འཇུག་གི་ཞི་གནས་ཀྱང་། འདིའི་སྐབས་ཀྱི་ཞི་གནས་མ་ཡིན་ནོ། །སྤྲོས་པ་ཉེ་བར་ཞི་བའི་དབྱིངས་སུ་གནས་པ་ལ་ཞི་གནས་དང་། དེའི་གདངས་གསལ་རིག་གི་ཆ་ལ་ལྷག་མཐོང་དུ་བཞག་པ་ནི་ཞི་ལྷག་ཟུང་འཇུག་གི་དོན་ཏེ། དང་པོ་སེམས་ནི་ཞི་གནས་ཏེ། མི་བསྐྱོད་ལ་སོགས་གྲངས་བཞིན་དུ། །མཐོང་བ་ལྷག་མཐོང་ཞེས་བརྗོད་དོ། །ཞེས་གསུངས་སོ། དེ་ཡང་ཟླ་བ་གྲགས་པའི་གཞུང་དུ་མ་ཟད། །དཔལ་ཆོས་ཀྱི་གྲགས་པས་ཀྱང་། །འདི་ཡུལ་སུན་དབྱུང་མེད་པར་ནི། །དེ་སྤོང་པར་ནི་ནུས་མ་ཡིན། །ཞེས་པ་ཡུལ་བདེན་མེད་དུ་གཏན་ལ་ཕབ་པས་ཡུལ་ཅན་གྱི་བདེན་གྲུབ་འཇིག་སླ་བ་ལ་དགོངས་ནས། དང་པོར་ཡུལ་བདེན་མེད་དུ་གཏན་ལ་ཕབ་པ་ཡིན་ནོ། །འཕགས་པ་སྡུད་པ་ལས། འདུ་ཤེས་ཚུ་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་གྲགས། །འདུ་ཤེས་རྣམ་པར་བཤིག་ནས་སྤོང་བ་ཕ་རོལ་འགྲོ། །ཞེས་བཤད་པ་ལྟར། སློབ་དཔོན་ཞི་བ་ལྷའི་ཞལ་སྔ་ནས། ཇི་ལྟར་མཐོང་ཐོས་ཤེས་པ་དག །འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པའི། །བདེན་པར་བལྟ་བ་བཟློག་བྱ་ཡིན། །ཞེས་སོ། །ཡུལ་ཅན་ཤེས་པ་བདེན་མེད་དུ་གཏན་ལ་ཕབ་པས། ཡུལ་བདེན་མེད་དུ་རང་ཤུགས་ཀྱི་གཏན་ལ་ཕེབས་པར་དགོངས་ནས། ཐོག་མར་ཤེས་པ་བདེན་མེད་དུ་གཏན་ལ་འབེབས་པར་མཛད་པ་སྟེ། བསམ་དང་བསམ་བྱ་ཐམས་ཅད་ཡོངས་སུ་དོར་ནས་སུ། །ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་དང་། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་པས། ས་ར་ཧའི་ཞབས་དང་། མཆོག་གཟིགས་ཏིལླི་ནཱ་རོའི་ལུགས་འདི་དང་ཤིན་ཏུ་མཐུན་པ་ཡིན་ནོ། །སློབ་དཔོན་དེས་ནི་ལུང་རིགས་ཀྱི་དཔྱད་པ་སྔོན་དུ་མ་གཏོང་བར་ཞི་གནས་ཀྱི་རྣལ་འབྱོར་ལ་གོམས་པས་དངོས་པོའི་བག་ཆགས་སྤོང་ཞིང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་པ་ལ་གོམས་པས། ཞི་གནས་སྟོང་ཉིད་ཀྱི་བག་ཆགས་སྤངས་ནས་རབ་ཏུ་ཞི་བའི་རྟོགས་པ་མཚན་ཉིད་པ་སྐྱེ་བར་བཤད་དེ། །སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཅི་ཡང་མེད་ཅེས་གོམས་པས་ནི། །དེ་ཡང་ཕྱི་ནས་སྤོང་བར་འགྱུར། །གང་ཚེ་གང་ཞིག་མེད་དོ་ཞེས། །བརྟག་བྱའི་དངོས་པོ་མི་དམིགས་པ། །དེ་ཚེ་དངོས་མེད་རྟེན་བྲལ་བ། །བློ་ཡི་མདུན་ན་ཇི་ལྟར་གནས། །གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་ལ། སྔགས་ལམ་གྱི་སྐབས་སུ་སློབ་དཔོན་དེ་དག་བཞེད་པ་གཅིག་ཏུ་འབབ་པ་ཡིན་ནོ། །དེ་ཡང་ཤེས་བྱ་ནི་ཤེས་བྱེད་ཀྱི་བློ་ཁོ་ནས་བཏགས་པ་ལས། ཨ་འཐས་པའི་དབང་གིས་བདེན་པར་སྣང་བ་ཙམ་དུ་ཟད་པས། ཤེས་པ་བདེན་མེད་དུ་གཏན་ལ་མ་ཕེབས་བར་དུ། ཤེས་བྱ་མེད་པར་བརྒྱ་ཕྲག་དུ་མས་གཏན་ལ་ཕབ་ཀྱང་། ཤེས་བྱ་ལ་བདེན་འཛིན་འཇིག་མི་སྲིད་པས། དེས་ན་ཁོ་བོ་ཅག་གི་ལུགས་འདི་ལེགས་པ་ཡིན་ནོ། །གངས་ཅན་འདིར་དཔྱད་སྒོམ་དང་། འཇོག་སྒོམ་དུ་གྲགས་པའི་ཁྱད་པར་ནི། ལུང་རིགས་ཀྱིས་དཔྱད་པ་སྔོན་དུ་གཏོང་མི་གཏོང་གི་ཁྱད་པར་ཡིན་ཞིང་། དཔྱད་པ་སྔོན་དུ་བཏང་བས་དཔྱད་སྒོམ་དུ་བཤད་པ་དེ་དག་ཀྱང་། མཐར་ནི་ངེས་པར་འཇོག་སྒོམ་དུ་འབབ་སྟེ། །དེ་དག་གིས་ཀྱང་སེམས་མ་བཅོས་པར་མཉམ་པར་འཇོག་དགོས་པའི་ཕྱིར། ཇོ་བོ་རྗེའི་དབུ་མའི་མན་ངག་ཏུ། ཤེས་པ་ཅིར་ཡང་མི་རྟོག ཅིར་ཡང་མི་འཛིན། དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཞེས་བཤད་པའི་དབང་གིས་སོ། །དེང་སང་འགའ་ཞིག་སེམས་མ་བཅོས་པར་མཉམ་པར་འཇོག་པ་ལ་དགྲ་ལྟར་དུ་བལྟ་ཞིང་། རང་གི་སྒོམ་རིམ་ཟབ་ཟབ་མོར་བྱེད་པ་ལ། སྟོང་ཉིད་དང་། བདག་མེད་པ་དང་། བདེན་པར་མེད་པའོ་སྙམ་དུ་ལྟ་བ་སྟོན་གྱིན་འདུག་སྟེ། དེ་འདྲ་བས་ནི་འཕགས་པའི་ལམ་དུ་བགྲོད་པ་མི་སྲིད་ཅིང་། འཕགས་པ་ཀླུ་སྒྲུབ་ཀྱི་བྱང་ཆུབ་ཀྱི་སེམས་རྣམ་པར་བཤད་པ་ལས། སྐྱེ་མེད་ཅེས་དང་སྟོང་ཞེས་དང་། །བདག་མེད་ཅེས་པ་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་བསྒོམ་པ། །དེ་ནི་འདི་ན་བདག་བསྒོམ་པའོ། །ཞེས་གསུངས་པས་ལམ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ནོ། །འཕགས་པ་སྡུད་པ་ལས་ཀྱང་། ཕུང་འདི་སྟོང་ཞེས་རྟོགས་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། ཞེས་གསུངས་ལ། དངོས་པོའི་བག་ཆགས་སྦྱོང་བའི་ཆེད་དུ་སྟོང་པ་ཉིད་བསྟན་པ་ཡིན་མོད། སྟོང་པར་བལྟ་བ་སྨན་དུག་ཏུ་སོང་བ་དང་འདྲ་བ་ཡིན་ལ། ཁྱེད་ཅག་གི་བློའི་གཏད་ས་དེ་ཙམ་གྱིས་ནི་སྟོང་པ་ཉིད་དུ་མི་འགྲོ་སྟེ། སློབ་དཔོན་འཕགས་པས། དགེ་དང་མི་དགེའི་རྣམ་རྟོག་ནི། །རྒྱུན་ཆད་པ་ཡི་མཚན་ཉིད་ཅན། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་གསུངས། །གཞན་ནི་སྟོང་པར་མི་བཞེད་དོ། །ཞེས་གསུངས་སོ། །འོ་ན་ཁྱེད་རང་གི་མན་ངག་ཏུ། དུས་གསུམ་གྱི་སྒོ་ནས་དཔྱད་པ། དངོས་པོ་དངོས་མེད། གཅིག་ཐ་དད་ཀྱིས་དཔྱོད་པ་སོགས་བཤད་འདུག་པས། མཐར་དཔྱད་སྒོམ་དུ་འབབ་པར་འགྱུར་རོ་སྙམ་ན་མ་ཡིན་ཏེ། དཔྱད་སྒོམ་པའི་དཔྱད་པ་ནི། ལུང་རིགས་ཚད་མས་འཇལ་བ་ཡིན་ལ། ཁོ་བོ་ཅག་གི་ལུགས་འདིར་ནི་གནས་ཆ་མ་ཡེངས་པ་ཁོ་ནའི་སྟེང་དུ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་ཡིན་པས། འཇོག་སྒོམ་ལས་དོན་གཞན་དུ་ཅུང་ཟད་ཀྱང་འགྱུར་བ་མ་ཡིན་ནོ། །ཚུལ་འདི་ལྟ་བུའི་དཔྱད་པ་ནི། ས་ར་ཧ་ཆེན་པོས་གསུངས་པ་ཡིན་ཏེ། དེ་ལྟར་བདག་ཉིད་ངེས་པར་མ་འཁྲུལ་བར། རང་གིས་རང་ལ་ངེས་པར་ཤེས་པར་བྱ། །རྡུལ་མིན་རྡུལ་བྲལ་མ་ཡིན་སེམས་ཀྱང་མིན། །དངོས་པོ་དེ་དག་གདོད་ནས་ཞེན་པ་མེད། །མདའ་བསྣུན་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། །ཅེས་དང་། གང་ལས་དེ་སྐྱེས་གང་དུ་ནུབ། །གང་དུ་གནས་འགྱུར་གསལ་བར་མི་ཤེས་སོ། །ཞེས་དང་། དངོས་པོར་སྐྱེ་བ་མཁའ་ལྟར་རབ་ཞི་ནས། །དངོས་པོ་རྣམས་སྤངས་ཕྱི་ནས་ཅི་ཞིག་སྐྱེ། །གདོད་ནས་སྐྱེ་མེད་རང་བཞིན་ཡིན་པ་ལ། །དེ་རིང་བླ་མ་མགོན་པོས་བསྟན་པས་རྟོགས། །ཞེས་བྱ་བས་སོ། །ཞི་གནས་ནི་སེམས་རྩེ་གཅིག་པའི་མཚན་ཉིད་ཅན་ཡིན་པས་རྩེ་གཅིག་གི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་རྩེ་གཅིག་གི་རྣལ་འབྱོར་ཞེས་བྱ་གསལ་བར་མ་བཤད་དོ་སྙམ་ནས་མིང་ཙམ་ལ་རྩོད་པ་བྱེད་མོད། གཞན་ལས་ཀྱང་མ་བཤད་པ་མ་ཡིན་ཏེ། དཔལ་ཛྙྱཱ་ན་ཀཱིརྟིའི་ཞལ་སྔ་ནས། དེ་ཡང་སེམས་རྩེ་གཅིག་གི་མཚན་ཉིད་ཅན་གྱིས་ཞི་གནས་སྐྱེ་བར་གྱུར་ན། ཞེས་གསུངས་པ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཀྱིས་ཀྱང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། དེ་ལ་ཏིང་ངེ་འཛིན་སྙིང་པོར་བྱེད་པ་དག་གིས་མགུ་བ་གང་ཞེ་ན། འདི་ལྟ་སྟེ། བདེ་བ་དང་། དགའ་བའི་བདེ་བ་ཐམས་ཅད་དང་། སེམས་རྩེ་གཅིག་པ་ཡོངས་སུ་སྒྲུབ་པའི་ཕྱིར་རོ། །ཞེས་དང་། ཡང་། དེ་ལ་ཏིང་ངེ་འཛིན་རྣམ་པར་གཞག་པ་གང་ཞེ་ན། འདི་ལྟ་སྟེ། སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སྐྱེ་བ་དང་། འཇིག་པ་མེད་པ་ལ་མཁས་པ་དང་། སེམས་རྩེ་གཅིག་པའོ། །ཞེས་ཞི་གནས་ཉིད་ལ་རྩེ་གཅིག་ཏུ་གསལ་བར་བཤད་པ་ཡིན་ནོ། །གཉིས་པ་འཁྲུལ་ཐོག་ཏུ་གྲོལ་བའི་གདེངས་རྙེད། གྲོལ་ཐོག་ཏུ་འཁྲུལ་པའི་མཚང་རིག་ན། འཁྲུལ་གྲོལ་གྱི་བར་ལག་འགྱེལ་བ་ཞེས་བྱ་སྟེ། སྤྲོས་བྲལ་གྱི་རང་ངོ་འཕྲོད་པ་ཡིན་ནོ། །འཁྲུལ་པ་གང་ཤར་གྱི་ཐོག་ཏུ་དེ་ཉིད་གཞི་མེད་རྩ་བྲལ་དུ་ཤེས་པས། འཁྲུལ་ཐོག་ཏུ་གྲོལ་བའི་གདེངས་རྙེད་པ་ཞེས་བྱ། གཞི་མེད་རྩ་བྲལ་དུ་ཤེས་པ་དེ་ལས་ཕྱིན་ཆད་འཁྲུལ་པའི་ཆོས་གཏན་མི་རྙེད་པ་ནི་གྲོལ་ཐོག་ཏུ་འཁྲུལ་པའི་མཚང་རིག་པ་ཞེས་བྱའོ། །རྩ་བ་བྲལ་བའི་དེ་ཉིད་གང་སེམས་པ། །བླ་མའི་མན་ངག་ཐོབ་པ་དེ་ཡི་མཆོག །འཁོར་བའི་རང་བཞིན་སེམས་ཀྱི་ངོ་བོ་ཉིད་ཡིན་ཞེས། རྨོངས་པ་རྣམས་ལ་མདའ་བསྣུན་གྱིས་སྨྲས་ཤེས་པར་བྱོས། །ཞེས་དང་། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། རིགས་ཀྱི་བུ། རྟེན་ཅིང་འབྲེལ་བར་འབྱུང་བ་ཅི་ཙམ་དུ་ཟབ་པ་ལ་བལྟོས། གང་རྒྱུ་ལས་འབྲས་བུ་བྱུང་ཡང་འབྲས་བུར་གྲུབ་པ་མི་འཕོ་ལ། རྒྱུ་མེད་པ་ལས་ཀྱང་འབྱུང་བ་མ་ཡིན་ནོ། །འདི་ལྟར་རྒྱུ་དང་རྐྱེན་ལས་འབྲས་བུ་མངོན་པར་གྲུབ་པའི་ཆོས་ཉིད་འདི་གཉིས་ཀ་ཡང་གཡོ་བ་མེད་ཅིང་བྱེད་པ་མེད་དོ། །གང་དེ་ལྟ་བུའི་འདུ་ཤེས་པ་དེ་དག་ནི་གྲོལ་ཏེ། དེའི་ཅི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱང་ཀུན་ནས་ཉོན་མོངས་ཤེས་པ། དེ་ཉིད་དེའི་རྣམ་པར་བྱང་བ་ཞེས་གསུངས་སོ། །ཀུན་ནས་ཉོན་མོངས་པ་བསལ་བས་རྣམ་པར་བྱང་བ་མ་ཡིན་ཏེ། གང་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་རྣམ་པར་བྱང་བའོ། །འདི་ལྟ་སྟེ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཞེས་བྱ་བ་འདི་ཉིད་ཀྱང་བརྡའི་ཚིག་གོ །ཞེས་གསུངས་པ་དང་། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པ་ལས། བཙུན་པ་ཁྱོད་ཀྱིས་འདོད་ཆགས་ཇི་ལྟར་མཁྱེན། །དེས་སྨྲས་པ། ཁྱིམ་བདག་གི་བུ། འདོད་ཆགས་ནི་ཀུན་ནས་ཉོན་མོངས་པར་ཤེས་སོ། སྨྲས་པ། བཙུན་པ། འོ་ན་འདོད་ཆགས་དེ་ནང་ན་མཆིས་སམ། ཕྱི་རོལ་ན་མཆིས། སྨྲས་པ། འདོད་ཆགས་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད་དོ། སྨྲས་པ། བཙུན་པ། དེ་ལྟར་འདོད་ཆགས་ནང་ནའང་མ་མཆིས། ཕྱི་རོལ་ན་ཡང་མ་མཆིས་ན། ཤར་ཕྱོགས་ན་ཡང་མ་མཆིས། ལྷོ་ཕྱོགས། ནུབ་ཕྱོགས། བྱང་ཕྱོགས། སྟེང་ན་ཡང་། འོག་ན་ཡང་། ཕྱོགས་མཚམས་ན་ཡང་མ་མཆིས་ཏེ། དེ་ལྟར་ལགས་ན་དེ་ནི་མ་སྐྱེས་པ་ལགས་ཏེ། གང་མ་སྐྱེས་པ་དེ་ལ་ཀུན་ནས་ཉོན་མོངས་པའམ་རྣམ་པར་བྱང་བ་ཅི་ཞིག་མཆིས། ཞེས་བཤད། དེ་ཉིད་གྲུབ་པའི་སློབ་དཔོན་ས་ར་ཧ་ཆེན་པོས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། གང་གང་མཐོང་བ་དེ་དེ་ཉིད། །དེ་རིང་མགོན་པོ་ད་ལྟར་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་བྱ་བའི་ཚུལ་གྱིས་གསལ་བར་གསུངས་པ་ཡིན་ནོ། །ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པས། དོན་སྤྱི་ཙམ་གྱིས་གོ་བ་དང་། ཐེ་ཚོམ་ཐམས་ཅད་རང་སར་ཞིག་པས་སྒྲོ་འདོགས་ནང་ནས་ཆོད་པ་ཞེས་བྱའོ། །དེ་ཡང་། དཔེར་ན། ཐག་ཁྲ་སྦྲུལ་དུ་མཐོང་བས་དངངས་པའི་མི་དེས་དེ་མ་ཐག་ཏུ་ཐག་པར་ཤེས་པས་སྦྲུལ་དུ་འཛིན་པ་གཞི་མེད་དུ་འགྱུར་ལ། དེ་ནས་ནི་ཐག་པ་ལ་སྦྲུལ་གྱི་ཁྱད་ཆོས་ཅི་ཡང་མི་རྙེད་པ་བཞིན་ནོ། །གཞན་ཡང་འཁྲུལ་པ་ཀུན་ནས་ཉོན་མོངས་ཀྱི་ཆོས་ཐམས་ཅད་འགར་ཡང་ཡོད་མ་མྱོང་བས་འཁྲུལ་པ་གཞི་མེད་དུ་རྟོགས་པ་ལ་འཁྲུལ་པའི་གནས་ལུགས་རྟོགས་པ་ཞེས་བྱ། འཁྲུལ་པ་མེད་ན་དེ་ལས་གྲོལ་རྒྱུ་ཅི་ཡོད་དེ། མེད་པས་མྱ་ངན་ལས་འདས་པའི་ཆོས་ཅི་ཡང་མི་རྙེད། དེ་ནས་འཁྲུལ་པ་དང་གྲོལ་བའམ། འཁོར་བ་དང་མྱ་ངན་ལས་འདས་པ་ཞེས་བཞག་བྱ་འཇོག་བྱེད་དང་བྲལ་བ་དེ་ཡིན་ནོ། །དེ་ཁ་ལ་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་རྟོགས་པ་ཞེས་ཟེར། མཐོང་རྒྱུ་མེད་པ་ལ་མཐོང་བའི་མཆོག་ཏུ་གྱུར་པ་ཞེས་ཀྱང་བྱ་སྟེ། བདེན་གཉིས་ལ་འཇུག་པར། དོན་དམ་ཐ་དད་མེད་ཚུལ་གྱི། །ཆོས་ཅན་མེད་ཅིང་ཆོས་ཉིད་མེད། །སྟོང་པ་ཉིད་ལ་ཐ་དད་ནི། །ཅུང་ཟད་ཡོད་པ་མ་ཡིན་ཏེ། །རྟོག་མེད་ཚུལ་གྱིས་རྟོགས་པས་ན། །སྟོང་ཉིད་མཐོང་ཞེས་ཐ་སྙད་བཏགས། །མ་མཐོང་བ་ཉིད་དེ་མཐོང་བར། །ཤིན་ཏུ་ཟབ་པའི་མདོ་ལས་གསུངས། །ཞེས་སོ། །དེ་ལྟར་གཟུགས་ནས་རྣམ་པ་ཐམས་ཅད་མཁྱེན་པའི་བར་གྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་མི་སྟོང་པ་མ་ཡིན། སྟོང་པ་ཡང་སྟོང་པ་མ་ཡིན་པ་ལ་བལྟོས་ནས་བཞག་པའི་ཕྱིར། མི་སྟོང་པ་ཅུང་ཟད་ཀྱང་མ་གྲུབ་པས། སྟོང་པ་ཉིད་ཅེས་བྱ་བ་ཅུང་ཟད་མ་གྲུབ། དེ་བས་ན་གང་དུ་ཡང་འཇོག་མ་ནུས་པ་དེ་ལ་ལྟ་བ་ཁས་ལེན་དང་བྲལ་བ་ཞེས་བཏགས་པ་ཡིན་ནོ། །དེ་ཡང་རྩ་བ་ཤེས་རབ་ཏུ། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་བཤད་པས་སོ། །དེ་ལྟར་རྟོགས་པ་དེ་ལ། དོ་ཧ་མཛོད་ལས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་གསུངས་པ་ཡིན་ལ། དེས་ནི་ཐ་མལ་གྱི་ཤེས་པ་ངོ་འཕྲོད་པ་ཡིན་ནོ། །ཐ་མལ་གྱི་ཤེས་པ་ཞེས་བྱ་བ་ལ། །དེང་སང་མ་གོ་བ་མང་པོས་ངན་པ་སྡུག་སྡུག་ཞིག་ལ་བློ་གཏོད་ཀྱི་འདུག་སྟེ། དེ་འདྲ་སྒྲ་རིག་པའི་ཕྱོགས་ཙམ་ལ་ཡང་མ་ཕྱིན་པའི་སྐྱོན་ཆེན་པོ་ཡིན་ཏེ། པྲཱ་ཀྲྀ་ཏ་ཞེས་པ་རང་བཞིན་ནམ་ཐ་མལ་ལ་འཇུག་པས། རང་བཞིན་གྱི་ཤེས་པ་ཞེས་བྱ་བ་ཡིན་ནོ། ཚིག་ཟིན་ལ་ཚད་ཐུབ་ཀྱི་ལུང་མེད་སྙམ་ན། སློབ་དཔོན་ཆེན་པོ་ཏོག་རྩེ་པས། ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་ཆེན་རྒྱུན་མི་འཆད། །ཅེས་གསུངས་པས་ན། ཐ་མལ་ཤེས་པ་དེ་ལ་འགའ་ཞིག་ཏུ་རང་བཞིན་འོད་གསལ། ལ་ལར་གཞི་ཕྱག་རྒྱ་ཆེན་པོ་སོགས་མིང་མཐའ་ཡས་མོད། དེ་ཉིད་སྔགས་གཞུང་དུ་རང་བཞིན་ལྷན་སྐྱེས་ཞེས་བྱ་བར་གྲགས་སོ། །དེ་ནི་ཡུལ་སྟོང་ཉིད་དང་། ཡུལ་ཅན་རང་བཞིན་འོད་གསལ་ལྷན་ཅིག་སྐྱེས་པ་ལ་བཤད་ཀྱང་མྱོང་བའི་སྐད་ན། ཤེས་པ་གསལ་ལ་གོ་མ་འགགས་ཙམ་གྱི་ཐོལ་སྐྱེས་ཀྱི་རིག་པ་འདི་ཉིད་ཡིན་ལ། དེ་ངོ་མ་ཤེས་པ་འཁོར་བ། ཤེས་པ་མྱང་འདས། ཁོ་རང་ནི་གང་གི་ཕྱོགས་སུ་ཡང་མ་ཆད། ངོ་བོ་བདེ་བ་ཆེན་པོ། ཡུལ་ཅན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དང་ཟུང་དུ་འཇུག་པ་ཡིན་ནོ། །དེ་ཙམ་ལས་ཚིག་ཏུ་བརྗོད་མི་ནུས་ཏེ། མཚན་བརྗོད་ལས། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་གསུངས། དེ་བས་ན་འདི་ནི་འཁོར་འདས་གཉིས་ཀའི་གཞིར་གྱུར་པར། བརྟག་གཉིས་ལས། འདི་ཉིད་འཁོར་བ་ཞེས་བྱ་སྟེ། འདི་ཉིད་མྱ་ངན་འདས་པ་ཡིན། །ཞེས་དང་། རྨོངས་ཕྱིར་འཁོར་བའི་གཟུགས་ཅན་ཏེ། །རྨོངས་མེད་འཁོར་བ་དག་པ་ཡིན། །དེས་འཁོར་འདས་མཚན་གཞི་གཅིག་ཏུ་བཤད་པའི་མཚན་གཞི་དེ་ནི་འདི་ཡིན་ནོ། །འོ་ན་རང་བཞིན་གྱི་ཤེས་པ་དེ་ལ་ཐོལ་སྐྱེས་ཀྱི་རིག་པར་བཤད་པ་རིགས་པ་མ་ཡིན་ནོ་སྙམ་ན། ཐོལ་སྐྱེས་ཞེས་གསར་དུ་བྱུང་བ་མ་ཡིན་ཀྱང་། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་བར་དུ་སྒྲིབ་མེད་དུ་ཤར་བས་དེ་སྐད་དུ་བརྗོད་ཅིང་། དེ་ཉིད་དུས་ཐམས་ཅད་དུ་ཤར་ཤར་བ་ཡིན་ཀྱང་། ཕལ་ཆེར་རྟོག་པའི་དྲ་བས་བསྒྲིབས་པས་མ་མངོན་པ་སྟེ། ཡུལ་ངན་གྱི་ཚེ་ཉི་མ་སྔ་དྲོ་ནས་ཕྱི་དྲོའི་བར་ཤར་ཤར་བ་ཡོད་དེ། སྤྲིན་མཐོངས་ཅུང་ཟད་བྱེ་བ་ན་ཤར་བྱུང་དང་། བསྒྲིབས་པ་ན་ནུབ་པའི་སྒྲ་འཇིག་རྟེན་ན་གླེང་བ་བཞིན་ནོ། །འདི་ལ་རྗེ་བཙུན་མི་ལས། རྟོག་པ་སྔ་ཕྱིའི་སོ་མཚམས་སུ། །ཡེ་ཤེས་རྒྱུན་དུ་འཆར་ཏེ་བྲོད། །ཅེས་གསུངས་པའོ། །གནས་འདི་ཉིད་ལ་འོད་གསལ་བ་རྣམས་ཀྱི་ཉིན་སྣང་གི་འོད་གསལ་མ་ཞེས་སམ། ཉིན་མོའི་རང་བཞིན་འོད་གསལ་ཟེར་བ་ཡིན་ནོ། གཞན་ཡང་འདི་ལ་རིག་པ་སྐད་ཅིག་མ་ཞེས་ཀྱང་ཟེར་གྱི་འདུག་པ་དེའི་གོ་དོན། དེ་ནི་གཅིག་ནས་གཉིས་སུ་མི་བརྒྱུད་པར་སྔར་གྱི་གནས་སྐབས་གང་ཡིན་པ་དེ་ཁོ་ན་ལྟར། ཕྱི་མའི་གནས་སྐབས་སུ་ཡང་དེ་ཉིད་ལས་གཞན་དུ་འགྱུར་བ་མི་སྲིད་པས་དེ་སྐད་དུ་བཏགས་པར་འདུག་གོ །དེ་ཡང་རྗེ་བཙུན་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་དང་ཤིན་ཏུ་མཐུན་པར་འདུག་གི །སྐད་ཅིག་མ་ཞེས་མི་རྟག་པའི་ཁྱད་ཆོས་སུ་བཞག་པ་དེར་མི་འདུག་གོ །དེ་ལྟར་མདོ་ལམ་དང་བསྟུན་པ་དེ་དག་ནི་དགག་ཕྱོགས་ནས་བཤད། སྔགས་ལམ་དང་བསྟུན་པ་དེ་དག་ནི་སྒྲུབ་ཕྱོགས་ནས་བཤད། གཉིས་ཀ་ཡང་སྒྲོ་བཏགས་ནས་བཤད་པ་མ་གཏོགས། དོན་ཇི་ལྟ་བར་བརྗོད་པ་ལ་རྫོགས་སངས་རྒྱས་ཉིད་ཀྱང་ཚིག་གི་དབུལ་བ་ཡིན་ཏེ། དེ་ཉིད་གྲུབ་པ་ལས། འགྲོ་བ་རྣམས་ཀྱི་བདེ་ཆེན་རྒྱལ་པོ་ཉིད་དེ་ནི། །རྒྱུ་རྣམས་དང་བྲལ་རྟག་ཏུ་འབྱུང་བར་གྱུར་པ་སྟེ། གང་ཞིག་གིས་ནི་ཉེ་བར་བརྗོད་པའི་དུས་རྟག་ཏུ། །ཐམས་ཅད་མཁྱེན་པ་ཚིག་གིས་དབུལ་འགྱུར་རྒྱལ་གྱུར་ཅིག །ཅེས་དང་། དོ་ཧ་མཛོད་ལས། གཉུག་མའི་རང་བཞིན་སུས་ཀྱང་མཚོན་དུ་མེད། །ཅེས་གསུངས་པས་ཚུལ་འདི་ལྟ་བུའི་གནད་གོ་ན། ལྟ་བ་བཟང་ངན་ལ་རྩོད་པ་དོན་མེད་ཡིན་ཏེ། གནས་ལུགས་མ་རྟོགས་བར་དུ་ནི་ཐམས་ཅད་བློས་བྱས་འབའ་ཞིག་ཡིན་པས་གཏད་མི་ཐུབ། གནས་ལུགས་རྟོགས་ན་ནི་ཚིག་ཙམ་ལས་དོན་ལ་མི་མཐུན་པ་མི་སྲིད། ལྟ་བ་ཇི་ལྟ་བ་བཞིན་གཏན་ལ་ཕེབས་པར་འདོད་ན་ནི། མངོན་སུམ་དུ་རྟོགས་དགོས་པས་ལྟ་བ་དང་རྟོགས་པ་འབྲེལ་བ་ཞེས་ཟེར་བ་དང་། ལྟ་བ་ལུང་རིགས་ལ་མ་བལྟོས་པར་རྟོགས་པ་ནང་ནས་ཤར་བའི་ཁྱད་པར་ཞེས་གསུངས་པ་ཤིན་ཏུ་གནད་ཆེ་བ་ཡིན་ནོ། །དེ་བས་ན་སྤྲོས་བྲལ་གྱི་རྣལ་འབྱོར་འདི་ནི། ཡུལ་ཅན་གྱི་ཤེས་པ་བདེན་མེད་དུ་གཏན་ལ་ཕེབས་པས་རང་ཤུགས་ཀྱིས་ཡུལ་ལ་བདེན་གྲུབ་ཞིག་ནས་སྒྱུ་མ་ལྟ་བུར་འཆར་བ་ཡིན་ནོ། །དེ་ལྟར་ལྷག་མཐོང་དེ་ཉིད་གཟུང་བ་དང་འཛིན་པའི་རྟོག་པ་དང་བྲལ་བའི་མཚན་ཉིད་ཅན་ཡིན་པས་ན། སྤྲོས་བྲལ་གྱི་རྣལ་འབྱོར་དུ་བཤད་པ་ཡིན་ལ། རྒྱལ་བ་ཉིད་ཀྱིས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་པས་སོ། །སྣང་ཐོག་ཏུ་སེམས་ཀྱི་འདུག་ཚུལ་རིག །སེམས་ཐོག་ཏུ་སྣང་བའི་འཆར་ཚུལ་རྟོགས་ན་སྣང་སེམས་ཀྱི་བར་ལག་འགྱེལ་བ་ཞེས་བྱ་སྟེ། རོ་ཅིག་གི་རང་ངོ་འཕྲོད་པ་ཡིན་ནོ། སྣང་བ་ཐམས་ཅད་སྣང་ཙམ་གྱི་དུས་ཉིད་དུ་སེམས་ཉིད་དུ་རྟོགས་པ་ནི། སྣང་ཐོག་ཏུ་སེམས་ཀྱི་འདུག་ཚུལ་རིག་པ་ཞེས་བྱ། སེམས་ཉིད་ཀྱི་གདངས་རྣམ་པ་ཐམས་ཅད་པར་ཤར་བ་ནི། སེམས་ཐོག་ཏུ་སྣང་བའི་འཆར་ཚུལ་རྟོགས་པ་ཞེས་བྱའོ། །སྔ་མ་ནི་དུ་མ་རོ་གཅིག་དང་། ཕྱི་མ་ནི་རོ་གཅིག་དུ་མར་ཤར་བ་ཡིན་ཏེ། དོ་ཧ་མཛོད་ལས། ཁམས་གསུམ་མ་ལུས་འདི་དག་ཐམས་ཅད་ནི། འདོད་ཆགས་ཆེན་པོ་ཞིག་ཏུ་ཁ་དོག་སྒྱུར་ཞིག་དང་། ཞེས་སམ། ཇི་སྲིད་སེམས་ལས་རྣམས་འཕྲོས་པ། །དེ་སྲིད་མགོན་པོའི་རང་བཞིན་ཡིན། །ཆུ་དང་རླབས་དག་གཞན་ཡིན་ནམ། ཞེས་གསུངས་སོ། །ཅི་བསྒོམ་སྤྲོས་བྲལ་གྱི་དུས་སུ་སྣང་བ་ཐམས་ཅད་སེམས་ཉིད་དུ་རྟོགས་སམ། མ་རྟོགས། རྟོགས་ན་སྒོམ་རོ་གཅིག་དང་ཁྱད་མེད། སྣང་བ་སེམས་སུ་ངོ་སྤྲོད་པར་རོ་གཅིག་གི་ཁྱད་ཆོས་སུ་བྱས་པ་ལ་དགོས་པ་ཅི་ཡོད། མ་རྟོགས་ན་ཆོས་ཐམས་ཅད་རང་བཞིན་མེད་པར་མ་རྟོགས་པས། སྤྲོས་བྲལ་མཚན་ཉིད་པར་ཅི་ལ་འགྱུར་སྙམ་ན་བདེན་མོད། སྤྲོས་བྲལ་གྱི་དུས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་སུ་འཛིན་པའི་རྟོག་པ་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕེབས་པས། ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་ཕེབས་པ་ཞེས་བྱ་བར་བཞག ཡུལ་སྣང་སྒོམ་དུ་མ་ཤར། ཡུལ་ཅན་ཆོམས་པའི་ཤུགས་ཀྱིས་ཡུལ་ལ་བདེན་གྲུབ་ཞིག་ནས་སྒྱུ་མ་ལྟ་བུར་ཤར་བའི་ཚེ། སྣང་བ་སེམས་སུ་ངོ་འཕྲོད་པས། །ཡུལ་སྣང་ཕྱི་ན་མ་ལུས། སྣང་བ་སེམས་གཟུགས་སུ་ཤེས་པས་རང་སེམས་ནང་དུ་མ་ལུས། དེའི་ཚེ་ཡུལ་སྣང་དང་སེམས་གཉིས་རོ་གཅིག་ཏུ་གྱུར་པའམ། སྣང་བ་སྒོམ་དུ་ཤར་བ་ཟེར། དུས་དེ་ཙ་ན་རྩིག་པ་དང་རི་བོ་ལ་ཐོགས་པ་མེད་པར་འགྲོ་བ་སོགས་སྣང་བ་ལ་ཅི་བྱ་བྱ་བཏུབ་པས། སྣང་སེམས་འདྲེས་པ་ཞེས་བྱ་བ་ཡིན་གྱིས། གཞན་སྣང་སེམས་འདྲེས་པ་ཟེར་ལན་ཚྭ་དང་ཆུ་བསྲེ་བསྲེ་ཡོད་པ་མ་ཡིན་ནོ། །དེ་ལྟར་ཤ་ཝ་རི་དབང་ཕྱུག་གིས། རང་གི་སེམས་ཉིད་རྟོགས་ན་ཕྱག་རྒྱ་ཆེན་པོ་སྟེ། ཇི་ལྟར་སྣང་བ་འདི་ཡང་རང་གི་སེམས་ལས་ལོགས་ན་མེད། །ཅེས་གསུངས་པ་ཡིན་ནོ། །གཞན་ཡང་། རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་ཞིག་སུས་ཀྱང་རྙེད་མི་འགྱུར། །ཞེས་བཤད་དོ། །གཞན་ཡང་། སྣང་ཙམ་གྱིས་དུས་ཉིད་དུ་གང་ཡང་མ་གྲུབ། གང་དུ་ཡང་མ་གྲུབ་པ་ཉིད་སྣང་ཙམ་དུ་ཤར་བས་སྣང་སྟོང་ཟུང་འཇུག་གམ། སྣང་སྟོང་ལྷན་སྐྱེས་སམ། ཡུལ་བདེ་བ་ཆེན་པོ། ཡུལ་ཅན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་དང་། ཟུང་དུ་འཇུག་པ་བདེ་སྟོང་ཟུང་འཇུག་གམ། ལྷན་སྐྱེས། གདངས་སམ། རྩལ་སྒྱུ་ལུས་སུ་ལངས་པ་ཀུན་རྫོབ་ཀྱི་བདེན་པ། གཤིས་སམ་རང་བཞིན་འོད་གསལ་ལས་མི་གཡོ་བ་དོན་དམ་པའི་བདེན་པ། དེ་གཉིས་ཐ་དད་དུ་ནམ་ཡང་འབྱེད་མི་ཤེས་པ་ཟུང་འཇུག་གི་དོན་ཏེ། བདེན་གཉིས་ཟུང་འཇུག་གམ་དབྱེར་མེད། སྟོང་ཉིད་མཚན་མ་མེད་པའི་ངང་ནས་སྦྱིན་སོགས་དཀར་པོའི་ཆོས་ལ་སློབ་པ་ཐབས་ཤེས་ཟུང་འཇུག་ཏུ་གྲགས་པ་ཡིན་ནོ། །གཞན་ཡང་། བཀའ་བརྒྱུད་རིན་པོ་ཆེས། ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། ཆོས་ཐམས་ཅད་ནི་འདོད་ཆགས་ཀྱི་ངོ་བོ་ཉིད་དོ། །ཞེས་བགྱི་བར་བསྟན་ཞེས་པ་ནི། འདོད་ཆགས་མྱ་ངན་འདས་པར་གསུངས། །ཞེ་སྡང་གཏི་མུག་དེ་བཞིན་ཏེ། །བྱང་ཆུབ་དེ་དག་གནས་ཉིད་ཡིན། །ཞེས་དང་། བྱང་ཆུབ་འདོད་ཆགས་གཉིས་སུ་མེད། །ཅེས་བྱ་བ་ལ་སོགས་པའི་རྗེས་སུ་འབྲངས་ནས། གཟུགས་ནས་རྣམ་མཁྱེན་གྱི་བར་དུ་འཛིན་པའི་རྣམ་པར་རྟོག་པ་ཐམས་ཅད་རང་བཞིན་རྣམ་དག་ལས་གཞན་དུ་དབྱེ་རྒྱུ་སྤུ་ཙམ་ཡང་མེད་པ་ལ་དགོངས་ནས་རྣམ་རྟོག་ཆོས་སྐུ་དང་། ཉོན་མོངས་ཡེ་ཤེས་སོགས་སུ་བཤད་དོ། །རང་བཞིན་རྣམ་དག་དེ་ཉིད་གཞི་ལམ་འབྲས་བུའི་གནས་སྐབས་ཐམས་ཅད་དུ་འགྱུར་བ་མི་སྲིད་པས། གཞི་དུས་སུ་རྣམ་རྟོག་ཆོས་སྐུ་དང་། ལམ་དུས་སུ་མ་ཡིན་པར་བཤད་པ་ལ་དགོས་པ་མེད་པས་གཞི་ལམ་གཉིས་ཀའི་དུས་སུ་ཡིན་ཚུལ་ལ་ཁྱད་མེད། ཆོས་སྐུར་ཤར་མ་ཤར་གང་ཟག་གི་བློ་ལ་བལྟོས་པ་ཡིན་མོད། ཡིན་པ་ལ་ཡིན་པར་ངོ་མ་ཤེས་པས་ཆོས་སྐུར་མ་ཤར་བ་ཡིན་ལ། ངོ་མ་ཤེས་པ་ཞེས་བྱ་བ་དེ་ནི་དུས་ཀུན་ཏུ་གྲུབ་མ་མྱོང་བས། མི་ཤེས་པ་དེ་ཉིད་ཀྱི་ངོར་ཡང་ཆོས་སྐུ་ལས་གཡོ་བ་མེད་དེ། ས་ར་ཧས། ཁྱིམ་ན་ཡོད་པ་ཕྱི་རོལ་སོང་ནས་འཚོལ། །ཁྱིམ་བདག་མཐོང་ནས་ཁྱིམ་མཚེས་དག་ལ་འདྲི། །ཞེས་པ་ལྟར། རང་ལ་དགོས་པའི་ཁྱིམ་བདག་དེ་ཉིད་མཐོང་ནས་ངོ་མ་ཤེས་པར། དེ་ཉིད་གང་ཡིན་ཞེས་གཞན་ལ་འདྲི་བར་བྱེད་པ་དེས་ཁྱིམ་བདག་ཏུ་ངོ་མ་ཤེས་ཀྱང་། ཁྱིམ་བདག་དེ་ཉིད་ལས་གཞན་དུ་འགྱུར་བ་མེད་པ་བཞིན་ནོ། །ཚུལ་དེ་བརྟག་གཉིས་ལས། འཁོར་བ་སྤངས་ནས་གཞན་དུ་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་དང་། ཤེར་སྙིང་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས་ཀྱང་། གཟུགས་ཀྱང་གཞན། གཟུགས་ཀྱི་ངོ་བོ་ཉིད་ཀྱང་གཞན་ནོ་ཞེས་དེ་ལྟར་མི་ལྟའོ། །གཟུགས་ཀྱི་ངོ་བོ་ཉིད་ཀྱང་གཞན། དེ་བཞིན་གཤེགས་པ་ཡང་གཞན་ནོ་ཞེས་དེ་ལྟར་མི་ལྟའོ། །གཟུགས་ཀྱི་ངོ་བོ་ཉིད་གང་ཡིན་པ་དང་། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་གཉིས་སུ་མེད་པའི་ཆོས་ཉིད་དེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ལྟ་ན་ཆོས་སོ་སོ་ཡང་དག་པར་རིག་པ་ལ་སྤྱོད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་རྒྱ་ཆེར་བཤད་དོ། །རྣམ་རྟོག་ཆོས་སྐུ་ལ་སྐྱོན་དུ་ལྟ་བ་དག་ལ་འདི་སྐད་དུ་དྲི་ན། སོ་སོ་སྐྱེ་བོ་དང་འཕགས་པ་ལ་སྣང་གཞི་ཐུན་མོང་བ་ཡོད་དམ་མེད། མེད་ན། བྱམས་མགོན་གྱིས། འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །ཞེས་པ་ལྟ་བུ་ལ། རོ་མི་ཞིམ་པ་སངས་རྒྱས་ཁོ་ནའི་སྣང་བ་ཡིན་དགོས། ཐུན་མོང་བ་ཞིག་ཡོད་ན་ནི། སོ་སོ་སྐྱེ་བོ་ལ་མ་དག་པ་འབའ་ཞིག རྣལ་འབྱོར་པ་ལ་ཉམས། སངས་རྒྱས་ལ་ཆོས་སྐུར་སྣང་བ་རང་ཅག་ཀུན་ལ་མཐུན་སྣང་དུ་གྲུབ་མོད། དེ་ལྟར་གྱི་ཚེ་སྣང་གཞི་དེ་ཆོས་སྐུ་མ་ཡིན་པ་ལ་སངས་རྒྱས་ཀྱིས་ཆོས་སྐུར་གཟིགས་པས་ན། སངས་རྒྱས་ཀྱིས་ཕྱིན་ཅི་ལོག་ཏུ་གཟིགས་པར་འགྱུར་བས་ཧ་ཅང་ཐལ་ཆེས་སམ། འཕགས་པའི་སྣང་བ་དབང་བཙན་པར་བྱེད་ན་ནི། ཆོས་སྐུ་ཡིན་ཟེར་དགོས་པར་འགྱུར་རོ། །གཞན་ཡང་ཀུན་མཁྱེན་དོལ་བུ་པའི་མན་ངག་གི་དཔེ་འགར། རྣམ་རྟོག་ཆོས་སྐུར་འདོད་པ་ལ་བཀའ་བཀྱོན། འཁོར་བའི་རྣམ་པར་སྣང་ཡང་འཁོར་བ་མིན་དང་། །རྟོག་པའི་རྣམ་པར་སྣང་ཡང་རྟོག་པ་མིན། །ཞེས་རང་ལུགས་བཟང་པོ་ཞིག་ཏུ་ཞལ་གྱིས་བཞེས་མོད། རྟོག་པའི་རྣམ་པར་སྣང་བ་ལ་རྟོག་པ་ཟེར་བ་མ་གཏོགས། རྟོག་པའི་རང་བཞིན་རྣམ་དག་ལ། །རྟོག་པ་ཟེར་མཁན་སུ་ཡང་མི་འདུག་ཅིང་། རྣམ་རྟོག་ཆོས་སྐུར་འདོད་པ་རྣམས་ཀྱིས་ཀྱང་། རྟོག་པའི་རྣམ་པར་སྣང་ཡང་། ངོ་བོ་ཆོས་སྐུར་འདུག་པ་ལ་བསམས་ནས། རྣམ་རྟོག་ཆོས་སྐུར་བཞག་པར་འདུག་པས་དགག་པ་ཡུལ་མེད་དུ་མཐོང་། ས་སྐྱ་པའི་ནང་ནས་ཁ་ཅིག་གིས། གཟུགས་ཕུང་རྣམ་པར་སྣང་མཛད། །ས་སངས་རྒྱས་སྤྱན། གཏི་མུག་ཆོས་དབྱིངས་ཡེ་ཤེས་སོགས་དང་། ལྟ་བ་འཁོར་འདས་དབྱེར་མེད་དུ་ཁས་བླངས་ནས། རྣམ་རྟོག་ཆོས་སྐུ་སོགས་སུན་འབྱིན་པར་བྱེད་པ་ཡང་འདུག་སྟེ། བློ་ལྡན་དང་ཐུག་ན་རང་འཇོམས་པའི་དངོས་རྒྱུའི་རྒྱུ་ཚོགས་གྲངས་ཚང་བ་ཡིན་ནོ། །ཁོ་བོས་ནི་རྣམ་རྟོག་ཆོས་སྐུར་འདོད་པ་དག་གི་བློའི་གཏད་ས་དང་། མི་འདོད་པ་དག་གི་ནང་ནས་ངེས་པའི་དོན་བཤད་པ་ལ། མཁས་པ་དག་གི་བློའི་ཕུགས་གཏད་ས་གཅིག་ཏུ་མཐོང་ཞིང་། རྣམ་རྟོག་དང་ཆོས་སྐུར་འཛིན་ཕན་ཆད་རྟོག་པ་ལས་མ་འདས། བཟང་ངན་གྱི་བློ་ཞིག་ན་ནི་ཆོས་སྐུ་ཡིན་གྱི་སྤྲོས་པ་ལས་གྲོལ་བས་རང་སྟབས་གང་བདེ་བའི་རྗེས་སུ་འབྲངས་ན་འཐད་པར་མངོན་ནོ། །སློབ་པ་ལམ་གྱི་ཟུང་འཇུག་གི་རྣལ་འབྱོར་འདི་ཉིད་ཆོས་ཐམས་ཅད་རོ་མཉམ་དུ་རྟོགས་པའི་མཚན་ཉིད་ཅན་ཡིན་པས། རོ་གཅིག་གི་རྣལ་འབྱོར་ཞེས་བྱ་སྟེ། བརྟག་གཉིས་ལས། རོ་སྙོམས་དེ་ཉིད་བསྒོམ་པ་ཡིས། མཉམ་ཞེས་བྱ་བ་མཚུངས་པར་བརྗོད། །དེ་ཡིས་འཁོར་ལོ་རོ་ཞེས་བརྗོད། །སྒོམ་པ་རོ་གཅིག་མཉམ་པ་ཉིད། །འདིས་ནི་དོན་གྱིས་བརྗོད་པར་བྱ། །ང་ལས་འགྲོ་བ་ཐམས་ཅད་འབྱུང་། །ང་ལས་གནས་གསུམ་པོ་ཡང་འབྱུང་། །ང་ཡིས་འདི་ཀུན་ཁྱབ་པ་སྟེ། །འགྲོ་བའི་རང་བཞིན་གཞན་མ་མཐོང་། །ཞེས་གསུངས་སོ། །བཞི་པ་རྗེས་ཐོབ་ཆོས་ཉིད་ཀྱི་ངང་ལས་མི་གཡོ། མཉམ་བཞག་ཏུ་ཐུགས་རྗེའི་ཀློང་བརྡོལ་ན་མཉམ་རྗེས་ཀྱི་བར་ལག་འགྱེལ་བ་ཞེས་བྱ་སྟེ། །སྒོམ་མེད་ཀྱི་རང་ངོ་འཕྲོད་པ་ཡིན་ནོ་གནས་སྐབས་ཐམས་ཅད་དུ་ཆོས་ཉིད་ཉག་གཅིག་པའི་སྣང་བ་ལས་མི་གཡོ་བ་ནི་རྗེས་ཐོབ་ཏུ་ཆོས་ཉིད་ཀྱི་ངང་ལས་མི་གཡོ་བ་ཞེས་བྱ་ལ། ཆོས་ཉིད་དེ་ཀ་ཐུགས་རྗེ་ཆེན་པོའི་རང་བཞིན་དུ་གྱུར་པས་སྲིད་པ་ཇི་སྲིད་པར་སེམས་ཅན་རྣམས་ལ་ཕན་པ་དང་བདེ་བ་བསྒྲུབ་པར་མཛད་པ་ནི། མཉམ་བཞག་ཏུ་ཐུགས་རྗེའི་ཀློང་རྡོལ་བ་ཞེས་བྱའོ། །ཐུགས་རྗེ་ཆེན་པོས་གཞན་དོན་མཛད་པ་ལ་རྗེས་ཐོབ་ཀྱི་མིང་བཏགས་པ་ཙམ་ཡིན་ལ། དོན་ལ་ནི་མཉམ་བཞག་འབའ་ཞིག་ཡིན་ནོ། །ཚུལ་འདི་ལ་ནི་སྐུ་གཉིས་ཟུང་འཇུག་ཅེས་བྱ་སྟེ། རང་དོན་ཆོས་ཀྱི་སྐུ་ལས་མི་གཡོ་བར་གཞན་དོན་གཟུགས་སྐུ་འཆར་ལ། གཞན་དོན་གཟུགས་སྐུ་ཤར་བ་དེ་ཉིད་རང་དོན་ཆོས་སྐུ་ལས་མི་གཡོ་བས་ཟུང་འཇུག་ཏུ་བཤད་པ་ཡིན་ནོ། །དེ་ཡང་། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དོ་ཧ་ལས། གཉིས་མེད་སེམས་ཀྱི་སྡོང་པོ་དམ་པ་ནི། །ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པར་སོང་། །སྙིང་རྗེའི་མེ་ཏོག་གཞན་ཕན་འབྲས་བུ་འཛིན། །ཞེས་གསུངས་སོ། །ཚུལ་འདི་ལ་ཕར་ཕྱིན་ཐེག་པར། ལམ་ཆད་པ། འཇུག་པ་ཆད་པའི་དབང་གིས་མི་སློབ་པའི་ལམ་ཞེས་བཞག་པ་ལྟར། འདིར་ཡང་བསྒོམ་བྱ་སྒོམ་བྱེད་ཟད་པའི་དབང་གིས་སྒོམ་མེད་ཀྱི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ། །འདིར་ཡང་བརྟག་གཉིས་ལས། སྒོམ་མེད་བསྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་གནས། །རྣམ་སྣང་མི་བསྐྱོད་དོན་ཡོད་དང་། །རིན་ཆེན་དཔག་མེད་སེམས་དཔའོ། །ཞེས་དང་། དཔལ་འདུས་པ་དང་དུས་ཀྱི་འཁོར་ལོ་ལས་ཀྱང་། །དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་འབྲས་བུའི་གནས་སྐབས་ཉིད་དུ་གསལ་བར་བཤད་པ་དང་། ས་ར་ཧའི་ཞབས་ཀྱི་རྩེ་མོ་དོ་ཧར། ལྷན་ཅིག་སྐྱེས་གང་བདུད་རྩིའི་རོ། །རྒྱུན་མི་འཆད་པའི་བདག་ཉིད་དེ། །ཆུ་བོའི་རྒྱུན་དང་ནམ་མཁའ་བཞིན། །མི་འགྱུར་དུས་རྣམས་ཀུན་ཏུ་གནས། །རྟོག་པའི་རྗེས་འབྲངས་ཚད་མའི་བློས། །ནམ་ཡང་ཤེས་པ་མ་ཡིན་ནོ། །བསམ་མེད་ཡུལ་ལ་རྟག་ཏུ་མེད། །ཡུལ་མེད་བསྒོམ་པར་ག་ལ་འགྱུར། །སྒོམ་མེད་ཉིད་ཀྱང་ཡོད་མ་ཡིན། །དཔེ་ཡི་དོན་ལ་གང་བྲིས་པ། །སངས་རྒྱས་ཉིད་ཀྱི་ཐུགས་དང་མཉམ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་རྣལ་འབྱོར་བཞིའི་རིམ་པ་བློ་དམན་རྣམས་ཀྱིས་གོ་བདེ་བར་བཤད་པ་འདི་ཡང་། དགེ་སློང་པདྨ་དཀར་པོས་བཀྲ་ཤིས་མཐོང་སྨོན་གྱི་གཙུག་ལག་ཁང་གི་རྩེ་མོ་གནས་བརྟན་ལྷ་ཁང་དུ་སྦྱར་བའོ། །འདིས་ཀྱང་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ།། །།


previousརྣལ་འབྱོར་བཞིའི་བཤད་པ་དོན་དམ་མཛུབ་ཚུགས་སུ་བསྟན་པ།next