Nitartha Digital Library
Tibetan
ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་གསུང་འབུམ།


   
   
   
   
   
   
   
   
གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་ཚོགས་འཁོར་བསོད་ནམས་སྤྲིན་ཆེན།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་ཚོགས་འཁོར་བསོད་ནམས་སྤྲིན་ཆེན། next

གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་ཚོགས་འཁོར་བསོད་ནམས་སྤྲིན་ཆེན།

༁ྃ།། གསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས༔ ཚོགས་འཁོར་བསོད་ནམས་སྤྲིན་ཆེན་ནི༔

ན་མོ་ཛྙཱ་ན་དྷཀྐི་ནི་ཡེ༔ ཚོགས་གཉིས་སྤྲིན་ཆེན་བསྡུས་པས་ལས༔ དངོས་གྲུབ་ཆར་ཆེན་འབེབས་པའི་ཐབས༔ མཁའ་འགྲོའི་གཙོ་མོ་གསང་ཡེ་མར༔ ཚོགས་འཁོར་འབུལ་བའི་རིམ་པ་ནི༔ མཚོན་བྱེད་རྟགས་ཀྱི་དཀྱིལ་འཁོར་དུ༔ བདེ་སྐྱོང་སྣོད་མཆོག་ཡངས་པའི་ནང༔ པདྨའི་བཅུད་དང་རྡོ་རྗེའི་ཟིལ༔ དམར་ཟལ་མཾ་ས་ར་ས་ན༔ འབྲས་དང་ལ་ཕུག་སྒོག་པ་ཙོང༔ དཀར་ཆོལ་ཤིང་ཏོག་སྨན་སྣ་ཚོགས༔ རོ་འདུས་གཏོར་མ་འདོད་ཡོན་རྫས༔ བཟའ་བཅའ་བཏུང་བ་སྣ་ཚོགས་བཤམས༔ ཁྱད་པར་མཁའ་འགྲོ་དགྱེས་པའི་རྫས༔ རྡོ་རྗེའི་དབྱིབས་ལྡན་ཚོགས་གཏོར་ནི༔ གྲངས་ལྡན་སྤོས་དང་མར་མེ་སོགས༔ མཆོད་རྫས་དམ་རྫས་སྤོས་མར་མེ༔ གཙང་བརྗིད་ཕུན་སུམ་ཚོགས་པར་བཅས༔ དང་པོ་བགེགས་བསྐྲད་པ་ནི༔ བྃ༔ རབ་འཇིགས་དུར་ཁྲོད་ཆེན་པོའི་གཞལ་ཡས་ཁང༔ གསང་བ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་འདིར༔ གླག་བལྟ་བར་གཅོད་མཆོད་པའི་མདངས་འཕྲོག་པའི༔ གདོན་བགེགས་འབྱུང་པོའི་ཚོགས་རྣམས་གཞན་དུ་དེངས༔ བཀའ་ལས་འདས་ན་རྫས་སྔགས་ཏིང་འཛིན་གྱི༔ བདེན་པའི་སྟོབས་ཀྱིས་མནན་གཟིར་བསྲེག་པ་དང༔ ལས་དང་ཤུགས་འགྲོའི་སྟོང་སྲོག་མྱུར་བཀུག་ནས༔ ཕུང་པོ་ལྷག་མེད་ཚོགས་སུ་རོལ་ཏ་རེ༔ རྩ་སྔགས་དང་དྲག་སྔགས་སྣ་ཚོགས་བརྗོད་ནས་ཐུན་གྱིས་བྲབ་ཅིང་བདུད་རྩིས་བྲན་ཏེ་བསྐྲད༔ གཉིས་པ་བྱིན་གྱིས་བརླབས་པ་ནི༔ ཧྲཱིཿམ༔ སྟོང་པའི་ཡེ་ཤེས་རང་ཤར་རྣལ་འབྱོར་མ༔ བདག་ཉིད་གསང་བ་ཡེ་ཤེས་ཐུགས་ཀ་ནས༔ རྃ༔དམར་འཕྲོས་པས་བསྐལ་བའི་མེ་དཔུང་འཁྲིགས༔ མི་གཙང་འབག་བཙོག་ཉམས་གྲིབ་མ་ལུས་བསྲེག༔ ཡྃ༔ལྗང་འཕྲོས་པས་འཇིགས་པའི་རླུང་ནག་འཁྲིགས༔ རྣམ་པར་རྟོག་པའི་བག་ཆགས་ལྷག་མེད་གཏོར༔ ཁྃ༔སྔོན་འཕྲོས་པས་ཡེ་ཤེས་ཆུ་ཀླུང་རྡོལ༔ དངོས་པོར་འཛིན་པའི་མཚན་མ་སྟོང་པར་སྦྱངས༔ བྷྲཱུྃ་ལས་བདེ་ཆེན་འབར་བའི་གཞལ་ཡས་ཁང༔ ཡེ་ཤེས་འོད་ལྔའི་དྲྭ་བ་འཁྲིགས་པའི་དབུས༔ ཨོཾ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བར༔ ཨཱཿལས་ཡེ་ཤེས་ལྔ་ཡི་བདུད་རྩི་གཡོ༔ ཧཱུྃ༔གིས་འདོད་ཡོན་རྣམ་ལྔ་ཅིར་ཡང་འཕྲོ༔ ཏྲཱྃ༔གིས་མ་ཚང་མེད་པའི་བསྐང་རྫས་བསྐྲུན༔ ཧྲཱིཿ༔ཡིས་རྩ་གསུམ་རབ་འབྱམས་དགྱེས་མཆོད་གྱུར༔ རྃ་ཡྃ་ཁྃ༔ བྷྲཱུྃ་ཨོཾ་ཨཱཿཧཱུྃ༔ཏྲཱྃ༔ཧྲཱིཿསྥ་ར་ཎ་ཕཊ༔ སྃ་ཧ་ར་ཎ་ཧཱུྃ༔ སརྦ་པཱུ་ཛ་ས་མ་ཡེ་ཨཱ༔ཧཱུྃ༔ ལན་གསུམ་བརྗོད་པས་བྱིན་གྱིས་བརླབས༔ གསུམ་པ་སྤྱན་འདྲེན་པ་ནི༔ ཧྲཱིཿམ༔ སྤྲོས་པའི་མཚན་མ་དག་པའི་ཆོས་དབྱིངས་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཚོགས་ལ་གཤེགས༔ རང་བཞིན་ཕྱིར་གསལ་ངེས་པ་ལྔ་ལྡན་ཞིང༔ ལོངས་སྐུ་རྡོ་རྗེ་སེམས་དཔའ་ཚོགས་ལ་གཤེགས༔ ཐུགས་རྗེ་ཀུན་སྒྱུ་འཕྲུལ་དྲྭ་བའི་གར༔ སྤྲུལ་སྐུ་པདྨ་འབྱུང་ནས་གཤེགས་སུ་གསོལ༔ ཧྲཱིཿམ༔ སྣང་བ་མཐའ་ཡས་ཡེ་ཤེས་སྒྱུ་མའི་འཕྲུལ༔ སྣང་སྲི་དབང་བསྡུད་དཔའ་བོ་ཡོངས་ཀྱི་རྗེ༔ མ་ཚོགས་མཁའ་འགྲོ་ཡོངས་ཀྱི་རིགས་བདག་ཆེ༔ རྡོ་རྗེ་ཆོས་མཆོག་འཁོར་བཅས་ཚོགས་ལ་གཤེགས༔ ཆོས་ཉིད་དག་པ་འོག་མིན་མཁའ་འགྲོའི་ཞིང༔ རྒྱལ་ཀུན་མི་རྟོག་སྟོང་པའི་ཡེ་ཤེས་ཆེ༔ འདོད་དགུར་བསྒྱུར་བ་དྷཱ་ཀི་ཡོངས་ཀྱི་གཙོ༔ རྒྱལ་བ་ཀུན་ཡུམ་ཤེས་རབ་ཕ་རོལ་ཕྱིན༔ དྷཀྐི་གསང་བ་ཡེ་ཤེས་གཤེགས་སུ་གསོལ༔ དབུས་ཕྱོགས་སྟུག་པོ་བཀོད་པར་དབང་བསྒྱུར་བའི༔ གཏི་མུག་རྣམ་དག་བུདྡྷ་དཔའ་བོ་ཆེ༔ ཆོས་དབྱིངས་ཡེ་ཤེས་ངོ་བོ་མཁའ་འགྲོས་འཁྱུད༔ སངས་རྒྱས་དཔའ་བོ་མཁའ་འགྲོ་ཚོགས་ལ་གཤེགས༔ ཤར་ཕྱོགས་མངོན་པར་དགའ་བར་དབང་བསྒྱུར་བའི༔ ཞེ་སྡང་གནས་དག་བཛྲ་དཔའ་བོ་ཆེ༔ མེ་ལོང་ཡེ་ཤེས་ངོ་བོ་མཁའ་འགྲོས་འཁྱུད༔ རྡོ་རྗེ་དཔའ་བོ་མཁའ་འགྲོ་ཚོགས་ལ་གཤེགས༔ ལྷོ་ཕྱོགས་དཔལ་ལྡན་བཀོད་པར་དབང་བསྒྱུར་བའི༔ ང་རྒྱལ་རྣམ་དག་རཏྣ་དཔའ་བོ་ཆེ༔ མཉམ་ཉིད་ཡེ་ཤེས་ངོ་བོ་མཁའ་འགྲོས་འཁྱུད༔ རིན་ཆེན་དཔའ་བོ་མཁའ་འགྲོ་ཚོགས་ལ་གཤེགས༔ ནུབ་ཕྱོགས་བདེ་ཆེན་ཞིང་ལ་དབང་བསྒྱུར་བའི༔ འདོད་ཆགས་གནས་དག་པདྨ་དཔའ་བོ་ཆེ༔ སོར་རྟོགས་ཡེ་ཤེས་ངོ་བོ་མཁའ་འགྲོས་འཁྱུད༔ པདྨ་དཔའ་བོ་མཁའ་འགྲོ་ཚོགས་ལ་གཤེགས༔ བྱང་ཕྱོགས་ལས་རབ་རྫོགས་པར་དབང་བསྒྱུར་བའི༔ ཕྲག་དོག་རྣམ་དག་ཀརྨ་དཔའ་བོ་ཆེ༔ བྱ་གྲུབ་ཡེ་ཤེས་ངོ་བོ་མཁའ་འགྲོས་འཁྱུད༔ ལས་ཀྱི་དཔའ་བོ་མཁའ་འགྲོ་ཚོགས་ལ་གཤེགས༔ ཧྲཱིཿམ༔ ཐིག་ལེ་དག་པ་སྐུ་ཡི་དཔའ་བོ་བརྒྱད༔ སྣང་བའི་ཡེ་ཤེས་སྐུ་ཡི་དཔའ་མོ་བརྒྱད༔ ས་སྟེང་རྡུལ་སྙེད་དཔའ་བོ་མཁའ་འགྲོས་བསྐོར༔ འགྱུར་མེད་སྐུ་འཁོར་མ་ལུས་ཚོགས་ལ་གཤེགས༔ རྡུལ་མཚན་རྣམ་དག་གསུང་གི་དཔའ་བོ་བརྒྱད༔ མཆེད་པའི་ཡེ་ཤེས་གསུང་གི་དཔའ་མོ་བརྒྱད༔ ས་འོག་རྡུལ་སྙེད་དཔའ་བོ་མཁའ་འགྲོས་བསྐོར༔ འགགས་མེད་གསུང་འཁོར་མ་ལུས་ཚོགས་ལ་གཤེགས༔ ཡིད་ཤེས་རྣམ་དག་ཐུགས་ཀྱི་དཔའ་བོ་བརྒྱད༔ མི་རྟོག་ཡེ་ཤེས་ཐུགས་ཀྱི་དཔའ་མོ་བརྒྱད༔ མཁའ་སྤྱོད་རྡུལ་སྙེད་དཔའ་བོ་མཁའ་འགྲོས་བསྐོར༔ འཁྲུལ་མེད་ཐུགས་འཁོར་མ་ལུས་ཚོགས་ལ་གཤེགས༔ ཕེཾ་ཕེཾ༔ འབུམ་ཕྲག་ཡངས་པའི་དཔའ་བོ་མཁའ་འགྲོའི་འཁོར༔ ལས་དང་ཡེ་ཤེས་ཤུགས་འགྲོ་མ་མོའི་སྡེ༔ བཀའ་བསྒོའི་དམ་འདུ་རྩ་གསུམ་སྲུང་མའི་ཚོགས༔ ཕྲ་མེན་སྔགས་བདག་ལྷག་ལ་དབང་བའི་མགྲོན༔ ཞིང་སྐྱོང་གནས་བདག་འཇིག་རྟེན་ལས་ཀྱི་ལྷ༔ རིགས་དང་བརྒྱུད་སྲུང་གཉན་པོ་མ་ལུས་པ༔ མཆོད་པའི་ཞིང་དང་སྦྱིན་པའི་གནས་འདིར་གཤེགས༔ རྡོ་རྗེའི་བྲོ་གར་གསང་བའི་བརྡ་གླུ་བཅས༔ སྤོས་ཀྱི་དྲི་འཐུལ་ཧ་ཧེའི་གད་རྒྱང་སྒྲོགས༔ གནམ་ས་གཡོ་བའི་རྫུ་འཕྲུལ་སྣ་ཚོགས་ཀྱིས༔ སྤྲིན་ཕུང་རླུང་གིས་བསྐྱོད་བཞིན་ཚོགས་ལ་གཤེགས༔ དུར་ཁྲོད་སྒྲུབ་ཁང་འདི་ལ་གཟི་བྱིན་བསྐྱེད༔ ཐབས་ཤེས་བཅའ་བཏུང་རྫས་ལ་བཅུད་ཅིག་ཕོབས༔ རྣལ་འབྱོར་ལུས་ངག་ཡིད་ལ་ཡེ་ཤེས་སྤོར༔ འདུག་ས་འདི་རུ་དངོས་གྲུབ་ཆར་ལྟར་ཕོབས༔ རྩ་སྔགས་མཐར། ཛྙཱ་ན་ཨཱ་ཝེ་ཤ་ཡ་ས་མ་ཡ་སྟྭཾ༔ ཧྲཱིཾ༔ཧྲཱཾི༔ཕེཾ་ཕེཾ་མ་ཧཱ་སུ་ཁ་ཨེ་ཨཱ་ར་ལླི་ཧོ༔ བཞི་བ་མཆོད་པ་འབུལ་བ་ལ་གསུམ་ལས༔ དང་པོ་ཚོགས་ཀྱིས་མཆོད་པ་ནི༔ ཧྲཱིཿ བཀའ་དྲིན་འཁོར་མེད་རིགས་རྣམས་ཀུན་ཀྱི་བདག༔ དཀྱིལ་འཁོར་ཀུན་ཀྱི་ཁྱབ་བདག་རྡོ་རྗེ་འཆང༔ བྱིན་རླབས་རྩ་བ་དགུ་ལྡན་བླ་མ་དངོས༔ སྐུ་བཞིའི་ངོ་བོ་དཔལ་མགོན་བླ་མ་མཆོད༔ ཡེ་ཤེས་མཁའ་འགྲོའི་རིགས་བདག་རྡོ་རྗེ་ཆོས༔ གདམས་ངག་གཏེར་མཛོད་བརྒྱུད་པའི་བླ་མ་དང༔ གནས་གསུམ་མཁའ་འགྲོ་བསྟན་སྲུང་རྒྱ་མཚོ་བཅས༔ བླ་མའི་གསང་གསུམ་རོལ་བར་ཤེས་པས་མཆོད༔ དགྱེས་པར་བཞེས་པས་དམ་ཚིག་ཉམས་ཆགས་བྱང༔ དངོས་གྲུབ་རྣམ་གཉིས་འབད་པ་མེད་པར་ཐོབ༔ སྐྱེ་བ་ཀུན་ཏུ་རྩ་བརྒྱུད་བླ་མ་དང༔ འབྲལ་མེད་ཐ་མི་ཐད་པར་བྱང་ཆུབ་ཤོག༔ གཉིས་པ་བཤགས་པ་ནི༔ ཧོ༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་མ་ལུས་དགོངས༔ བདག་ནི་ཐོག་མེད་དུས་ནས་ད་ལྟའི་བར༔ ལས་ཉོན་བག་ཆགས་འཁྲུལ་བའི་གཞན་དབང་གིས༔ སྒོ་གསུམ་བག་མེད་མི་དགེའི་ལས་ལ་འབྱམས༔ སོ་ཐར་སྡོམ་པ་ཤོར་དང་བྱང་སེམས་ཉམས༔ གསང་བ་སྔགས་ཀྱི་དམ་ཚིག་རྨ་ཅན་གྱུར༔ ངན་སོང་མནར་མེད་རྒྱུ་བསག་གྱུར་ཏོ་ཅོག༔ མི་འཆབ་མི་སྦེད་ལྷན་ཆད་མི་བགྱིད་པའི༔ འཐོལ་ཞིང་བཤགས་ན་དག་པའི་སྐབས་དབྱེས་ཤིག༔ སོ་ཐར་འདུལ་བའི་སྡེ་སྣོད་ཆེན་པོ་ཡི༔ ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་གྱིས༔ བསྡུས་པའི་ལྟུང་བ་ལྟུང་བྱེད་ཉེས་བྱས་སོགས༔ སྡོམ་ཤོར་ཁྲིམས་འགལ་ཅི་བགྱིས་འཐོལ་ལོ་བཤགས༔ ཐེག་ཆེན་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི༔ སྨོན་འཇུག་བསླབ་པ་ཚད་མེད་བཞི་ཕྱིན་དྲུག༔ རྩ་ལྟུང་ཉེས་བྱས་བག་མེད་བྱུང་བའི་ཚོགས༔ སྙིང་ནས་འགྱོད་ཅིང་གདུང་བས་འཐོལ་ལོ་བཤགས༔ ཐུན་མིན་གསང་ཆེན་སྔགས་ཀྱི་སྡེ་སྡོད་ཀྱི༔ རིགས་ལྔའི་སྡོམ་པ་རྩ་ལྟུང་གིས་བསྡུས་པའི༔ བླ་མའི་གསང་བ་གསུམ་གྱི་དམ་ཚིག་ཚོགས༔ འགལ་ཉམས་འདས་རལ་ཅི་བྱུང་སྙིང་ནས་བཤགས༔ སོ་ཐར་ལ་ཞེན་ཐེག་ཆེན་དོན་ལ་སྨད༔ གསང་སྔགས་དོན་གཉེར་ཐེག་དམན་ཁྱད་དུ་གསོད༔ སྤྱི་རིང་ཉེ་དང་ནང་འདྲེས་སྤུན་ལ་འགྲས༔ ངན་སོང་འཁོར་བའི་རྒྱུ་བསགས་འཐོལ་ལོ་བཤགས༔ ཁྱད་པར་མ་རྒྱུད་ཆེན་པོར་གསུང་བ་ཡི༔ ཆགས་ལམ་མི་གུས་གཙང་རྨེ་གཉིས་འཛིན་བྱས༔ མཚན་ལྡན་མ་བསྟེན་གཡོན་པའི་ཀུན་སྤྱོད་དོར༔ སྦྱོར་ཚེ་ཏིང་འཛིན་བྲལ་དང་ཀུན་ད་དོར༔ བུད་མེད་ལ་སྨོད་དུས་ཀྱི་མཆོད་པ་ཆགས༔ དུས་དྲུག་བསྐང་ཞིང་བསྙེན་པའི་རྣལ་འབྱོར་ཆད༔ ཐབས་ཤེས་གཉིས་མེད་ལྟ་བར་གོ་བ་ལོག༔ བདེ་སྟོང་དབྱེར་མེད་བསྒོམ་པ་འཛིན་པས་བསླད༔ བླང་དོར་བྱར་མེད་སྤྱོད་པ་གཡེང་བས་ཁྱེར༔ ཉམས་པར་འགྲོགས་ཤིང་ལོག་ལྟའི་ཉམས་གྲིབ་འགོས༔ ལས་ཀྱི་མཁའ་འགྲོའི་བཀའ་ཆད་རྒྱུར་གྱུར་པ༔ འགྱོད་ཅིང་གདུང་བས་བཤགས་སོ་དག་པར་མཛོད༔ ཐོག་མེད་དུས་ནས་སྒོ་གསུམ་འཁྲུལ་འབྱམས་རྐྱེན༔ བཅས་དང་རང་བཞིན་ཁ་ན་མ་ཐོ་བའི༔ ཉམས་ཆགས་རྟོག་སྒྲིབ་ཅི་དང་ཅི་མཆིས་པ༔ ཡེ་ཤེས་མཁའ་འགྲོའི་ཚོགས་ཀྱིས་དག་པར་མཛོད༔ གཞན་དབང་ཀུན་རྫོབ་རྫུན་ཕུག་འདིར་རལ་དེ༔ སྒྱུ་མ་ལྟ་བུའི་འཁྲུལ་བ་ཅི་མཆིས་པ༔ སྒྱུ་མར་རྟོགས་པས་བཤགས་ཤིང་འཐོལ་ལགས་ན༔ སྒྲིབ་བྲལ་ཕྱལ་བ་མཆོག་གི་དངོས་གྲུབ་སྩོལ༔ ཞེས་ཡི་གེ་བརྒྱ་བ་བརྗོད་ཅིང་གཤགས༔ ཐ་མ་བསྒྲལ་མཆོད་ལ་གསུམ་ལས༔ དང་པོ་འགུགས་པ་ནི༔ ཛ༔ བླ་མ་མཆོག་གསུམ་མཁའ་འགྲོ་འདུས་པའི་ལྷ༔ གསང་བ་ཡེ་ཤེས་རིགས་བཞི་སྒོ་མ་བཞི༔ གནས་གསུམ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་དང༔ བཀའ་ཉན་ལས་བྱེད་སྲུང་མའི་ཚོགས་བཅས་བཞེངས༔ རྣལ་འབྱོར་བྱང་ཆུབ་སྒྲུབ་ལ་འཚེ་བ་ཡི༔ ཕྱི་དགྲ་འདྲེ་ནང་གི་ནད་གདོན་དང༔ མཐུ་བྱད་མདོ་སྒྲུབ་མནན་གཏད་བྱེད་པའི་དགྲ༔ གསང་བ་རྣམ་རྟོག་ལས་སྐྱེས་བདུད་བཞིའི་ཚོགས༔ མྱུར་དུ་ཁུག་ལ་གཟུགས་ཕུང་རྟེན་ལ་ཆོངས༔ ཡན་ལག་སྡོམ་ལ་འགོ་བའི་ལྷ་དང་ཁྲོལ༔ སྨྱོས་སུ་ཆུགས་ལ་ཚེ་བསོད་བདག་ལ་སྤོར༔ རྣམས་ཤེས་དྲོངས་ལ་གཟུགས་ཕུང་ཚོགས་སུ་གཏུབ༔ རྩ་སྔགས་མཐར༔ སརྦ་ཤ་ཏྲུན་བིགྷྣཱན་ཛ༔ཧཱུྃ་བྃ་ཧོ༔ གཉིས་པ་བསྒྲལ་བ་ནི༔ ཧྲཱིཿམ༔བྷྱཽ༔ ཆོས་དབྱིངས་ཀློང་ནས་ལྷུན་གྲུབ་རང་རྩལ་ལས༔ རབ་འཁྲོས་ཁྲོ་ཆེན་འབར་བའི་སྐུར་བཞེངས་པ༔ ཁྲག་འཐུང་དཔའ་བོ་མཁའ་འགྲོ་དབྱིངས་ནས་བཞེངས༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་དུས་ལ་བབས༔ སྡིག་སྒྲིབ་སྡུག་བསྔལ་གཞོམ་པའི་དུས་ལ་བབས༔ དགྲ་བོའི་ཚེ་བསོད་དྲངས་བའི་དུས་ལ་བབས༔ བདུད་བཞི་དབྱིངས་སུ་སྒྲོལ་བའི་དུས་ལ་བབས༔ རབ་འཇིགས་སྐུ་ལས་སྤྲོས་པའི་མཚོན་ཆར་གྱིས༔ གཟུགས་ཅན་དགྲ་སོད་གཟུགས་མེད་སྟོང་སྲོག་ལོངས༔ གསང་བའི་དགྲ་གསུམ་སྟོང་པའི་དབྱིངས་སུ་སྒྲོལ༔ དྲག་སྔགས་མཐར༔ དམ་ཉམས་དགྲ་བོ་མཱ་ར་ཡ་རྦད༔ གསུམ་པ་བསྟབས་པ་ནི༔ ཧྲཱིཿམ༔ ཁྲག་འཐུང་དཔའ་བོ་མཁའ་འགྲོ་ཞལ་ཕྱེས་ཤིག༔ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕུང་པོ་འདི༔ མ་རྙིང་གསར་བའི་རྫས་ལ་སྔགས་ཀྱིས་བརླབས༔ འཛད་མེད་ཆོས་དབྱིངས་ཁམས་ཀུན་འགེང་བར་བྱས༔ ཚོ་བའི་ཚུལ་གྱི་ཐིག་པ་ཙ་ར་ར༔ ཞིམ་པའི་ཤ་ཡི་དྲི་ངད་ཐི་ལི་ལི༔ གཤེར་བ་ཁྲག་གི་ཆུ་རྒྱུན་ཤ་ར་ར༔ བརྗིད་པའི་བམ་གྱི་རི་བོ་ཡེ་རེ་རེ༔ རྩ་གསུམ་ཀུན་འདུས་བླ་མ་འཁྲོས་པའི་གར༔ དཔའ་བོ་མཁའ་འགྲོ་དམ་ཅན་སྲུང་མ་ཡི༔ ཐུགས་དམ་བསྐང་ཞིང་དགྱེས་པའི་དཔའ་ཟས་སུ༔ རྔམ་བརྗིད་རོལ་བའི་ཞལ་དུ་ད་བཞེས་ཤིག༔ རྩ་སྔགས་མཐར༔ མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་སརྦ་ག་ཎ་ཙཀྲ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བསྟབ་པོ༔ ལྔ་བ་ཚོགས་ལ་རོལ་བ་ནི༔ ལས་ཀྱི་སློབ་དཔོན་གྱིས་བཟའ་བ་གཡས་དང་བཏུང་བ་གཡོན་དུ་ཐོགས་ནས་འདི་སྐད༔ ཀྱེ༔ རིགས་རྣམས་བདག་ཉིད་དཀྱིལ་འཁོར་ཀུན་ཀྱི་གཙོ༔ རྡོ་རྗེ་སློབ་དཔོན་ཆེན་པོ་དགོངས་སུ་གསོལ༔ ཆོས་ཀུན་རོ་སྙོམ་ཕྱག་རྒྱའི་མཆོད་པ་ཆེ༔ ཚོགས་ཀྱི་འཁོར་ལོའི་སྟོན་མོ་དགྱེས་པར་རོལ༔ སློབ་དཔོན་ཀྱིས༔ ཨེ་མ་ཧོ༔ སྣང་བའི་ཆོས་ཀུན་བདེ་བས་ཕྱག་རྒྱས་བཏབ༔ བདེ་ཆེན་རང་བྱུང་སྟོང་པའི་འཁོར་ལོར་རྫོགས༔ བརྟུལ་ཞུགས་ག་ཎ་ཙཀྲའི་དགྱེས་སྟོན་གྱིས༔ ཚོམ་བུ་གཅིག་ཏུ་གྲོལ་བའི་སྨོན་ལམ་ཐེབས༔ ཨ་ལ་ལ་ཧོ༔ འདུས་པ་ཡོངས་ཀྱིས༔ ཧོ༔ རྨད་བྱུང་ཟག་མེད་ཚོགས་ཀྱི་ལོངས་སྤྱོད་ཀྱིས༔ རྩ་རླུང་ཐིག་ལེའི་ཉམས་པ་དབྱིངས་སུ་གྲོལ༔ ཁམས་གསུམ་འགྲོ་ཀུན་འོག་མིན་ཆེན་པོ་རུ༔ སྐུ་གསུམ་གོ་འཕང་མཆོག་ལ་སྤྱོད་པར་ཤོག༔ དྲུག་པ་ལྷག་མ་ནི༔ ཨ་ཀ་རོས་བྱིན་གྱིས་བརླབས༔ ཨེ་ཨ་ར་ལི་བཛྲ་ས་མ་ཡ་ཧྲཱིཾ་ཧྲཱིཾ་ཛ་ཛ༔ ཧྲཱིཿམ༔ ཟག་མེད་བདེ་བ་ཆེན་པོའི་ཕུད་མཆོད་འདིས༔ རིགས་བརྒྱའི་ཁྱབ་བདག་དཔལ་ལྡན་བླ་མ་དང༔ ཡི་དམ་དཔལ་ཆེན་རྒྱལ་བ་ཞི་ཁྲོའི་ལྷ༔ ཕུད་བདག་ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་མཆོད༔ ལྷག་ལ་དབང་བའི་དབང་ཕྱུག་ཉི་ཤུ་བརྒྱད༔ གིང་ཆེན་བཅོ་བརྒྱད་མཁའ་འགྲོ་སུམ་ཅུ་གཉིས༔ མ་བདུན་སྲིང་བཞི་སྤོར་བྱེད་ཆེན་མོ་བརྒྱད༔ ཞིང་སྐྱོང་ཕོ་ཉ་དྲུག་ཅུ་རྩ་བཞི་མཆོད༔ ལིངྒ་དུར་ཁྲོད་བདག་པོ་འཁོར་དང་བཅས༔ ལས་དང་དམ་ཚིག་ཤ་ཟ་ཤུགས་འགྲོའི་ཚོགས༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཕྲ་མེན་ཚོགས༔ གནས་སྲུང་ཡུལ་གཞིའི་ཆོས་སྲུང་འཁོར་བཅས་མཆོད༔ ཧོ༔ གཉིས་སྣང་གཙང་བཙོག་གཅིག་ཏུ་བསྲེས་པའི་རྫས༔ གཉིས་མེད་མཉམ་ཉིད་ངང་ནས་བསྔོས་པའི་རྫས༔ འདོད་དགུ་ཅིར་ཡང་འཕྲུལ་བའི་བདུད་རྩི་འདི༔ འབུལ་ལོ་དམ་ལས་མ་འདའ་བསྟན་པ་སྲུངས༔ ཨུཙྪ་ཥྚི་བ་ལིངྟ་ཁ་ཧི༔ ཅེས་གནས་ཁང་གི་ཕྱི་ལོག་གཙང་སར་བསྐྱལ༔ བདུན་པ་ཐུགས་དམ་གནད་ནས་བསྐུལ་བ་ནི༔ བྷྱཽ༔ ཆོས་ཀྱི་དབྱིངས་ངང་ལས་རིག་རྩལ་ཐོགས་མེད་པའི༔ རབ་འཇིགས་རང་བྱུང་དུར་ཁྲོད་ཆེན་པོའི་དབུས༔ བདུད་བཞི་གཅལ་དུ་བཀྲམ་པའི་གདན་སྟེང་ནས༔ ཁྲག་འཐུང་དཔའ་བོ་ཡབ་ཡུམ་སྐུར་བཞེངས་ཤིག༔ ཁྲོ་བོ་སྤྱི་རྗེ་བླ་མ་དཔལ་ཆེན་པོ༔ མཁའ་འགྲོའི་ཚོགས་རྗེ་དཔའ་མོ་བདུད་འདུལ་མ༔ ལས་དང་དམ་ཚིག་གཉེར་འཛིན་ཤུགས་འགྲོའི་ཚོགས༔ བསྟན་སྲུང་དྲག་པོའི་ཚོགས་རྣམས་དབྱིངས་ནས་བཞེངས༔ གོས་སུ་དམ་ཉམས་ཞིང་ཆེན་ཁྲག་འཛགས་གསོལ༔ ཟས་སུ་སྡང་དགྲའི་གློ་སྙིང་དམར་པོ་གསོལ༔ སྐོམ་དུ་ལོག་འདྲེན་སྙིང་ཁྲག་དྲོན་མོ་འཐུང༔ རྒྱན་དུ་མགོ་ཕྲེང་སྐམ་རློན་རྙིད་གསུམ་འཕྱང༔ མཚོན་དུ་རེག་ཕུང་བསྒྲལ་ཆས་སྣ་ཚོགས་ཐོགས༔ སྣོད་དུ་མ་རྙིང་བྷནྡྷ་གསར་བ་འཛིན༔ གསང་ཆེན་བསྟན་པ་གཉན་པོར་དགྲ་དར་ན༔ མ་གཡེལ་མ་གཡེལ་ད་ལྟ་སྐུ་བསྐྱོད་ཅིག༔ བསྟན་འཛིན་སྡེ་དཀྲུག་སྟོན་པའི་བསྟན་པར་སྨོད༔ བླ་མའི་སྐུ་དགྲ་ཕྲ་མ་ནང་འདྲེན་ཅིང༔ སྐྱེ་འགྲོའི་བདེ་སྐྱིད་སྟོབས་ཀྱི་འཕྲོག་བྱེད་པའི༔ གདོན་བགེགས་འགོང་བོ་བཅོམ་པའི་དུས་ལ་བབས༔ གཞན་དོན་འཕྲིན་ལས་གཅོད་པའི་བྱང་ཆུབ་དགྲ༔ ང་བདག་འགོང་བོ་འདུལ་བའི་དུས་ལ་བབས༔ ཐར་བའི་ལམ་ཆེན་འགོག་པའི་བགེགས་ཀྱི་རྒྱལ༔ བདུད་བཞི་དབྱིངས་སུ་སྒྲོལ་བའི་དུས་ལ་བབས༔ བདེ་གསལ་མཚན་མར་རྟོག་པའི་ཏིང་འཛིན་དགྲ༔ རྩ་རླུང་བར་ཆད་སེལ་བའི་དུས་ལ་བབས༔ རྟག་ཆད་གཡང་སར་སྐྱེལ་བའི་ལོག་ལྟའི་བདུད༔ གཉིས་འཛིན་དགྲ་བགེགས་གཞོམ་པའི་དུས་ལ་བབས༔ ལྟས་ངན་རྔ་མོང་དཔུང་ཚོགས་མདུན་དུ་བསྐྱོད༔ རྩལ་ཆེན་ཁྱུང་གི་ཁྱུ་ཚོགས་མཁའ་ལ་འཁྲིགས༔ ཟ་བྱེད་ལྕེ་སྤྱང་ཚོགས་ཀྱིས་ས་གཞི་གང༔ མངོན་སུམ་རྨི་ལམ་ལྟས་ངན་དགྲ་ལ་ཐོངས༔ དགྲ་བོའི་བླ་ཚེ་སྲོག་གསུམ་ཆོད་ལ་ཤོག༔ རྗེས་འབྲང་བདུན་བརྒྱུད་བཅས་པ་ཆམ་ལ་ཕོབས༔ མདོར་ན་བྱང་ཆུབ་སྒྲུབ་པའི་ཕྱི་ནང་བགེགས༔ མ་ལུས་སྐད་ཅིག་ཉིད་ལ་རྗེས་མེད་མཛོད༔ ཅེས་བརྗོད་དྲག་པོའི་སྔགས་བཅས་འཕེན༔ བརྒྱད་པ་ཆད་མདོ་བསྒྲགས་པ་ནི༔ ཧཱུྃ༔ ཐོག་མ་མཐའ་བྲལ་གདོད་མའི་གཞི་དབྱིངས་ནས༔ འཛིན་པའི་དབང་གིས་འཁོར་འདས་གྱེས་པའི་ཚེ༔ འགྲོ་འདུལ་གུ་རུ་དྲུག་གི་སྤྱན་སྔ་རུ༔ སྲིད་པ་དོང་ནས་སྤྲུགས་པའི་དམ་བཅའ་དགོངས༔ དཔལ་ཆེན་རྟ་ཕག་ཁྲོས་པའི་ཏིང་འཛིན་གྱིས༔ གཟུང་འཛིན་མ་ཏྲཾ་རཱུ་དྲ་བསྒྲལ་བའི་ཚེ༔ གསང་སྔགས་བྱོན་པའི་གནས་བརྒྱད་སྲུང་བ་ཡི༔ དབང་མོ་ཉེ་དབང་ཚོགས་ཀྱིས་ཆད་ཐོར་དགོངས༔ ལྷ་ཀླུ་མི་ཡི་གནས་སུ་རིགས་གསུམ་གྱི༔ རིག་འཛིན་ཚོམ་བུ་འབུམ་སྡེ་བྱང་ཆུབ་ཚེ༔ འཇིག་རྟེན་སྐྱོང་བའི་ལྷ་ཀླུ་སྡེ་བརྒྱད་ཀྱིས༔ གསང་ཆེན་བསྟན་པ་སྲུང་བའི་ཆད་ཐོར་དགོངས༔ པདྨ་བཛྲ་གསང་བ་ཡེ་ཤེས་ཀྱིས༔ འཇིག་རྟེན་འདི་འམ་གཞན་དག་སྟོང་ཆེན་པོར༔ སྦྱོར་སྒྲོལ་གསང་སྔགས་བསྟན་པ་བཙུག་པའི་ཚེ༔ མཁའ་འགྲོ་ཤུགས་འགྲོས་རང་རང་ཆད་ཐོ་དགོངས༔ རྣལ་འབྱོར་སྐུ་ཚེ་བསྲིང་ཞིང་བར་ཆད་སྲུང༔ ཉམས་པའི་དགྲ་བོ་སྒྲོལ་ཞིང་འཕྲིན་ལས་སྒྲུབ༔ དབང་ཐང་གསོ་ཞིང་སྒྲུབ་པའི་གྲོགས་མཛད་པའི༔ ཁས་བླང་ཆད་དོན་མ་ལུས་མྱུར་དུ་སྒྲུབས༔ བཛྲ་ས་མ་ཡ༔ ཅེས་བརྗོད་གཏོར་མ་ཟོར་ཏུ་འཕང༔ དགུ་བ་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ཛ༔བྷྱོ༔ ཡི་གེ་དང་པོས་སྤྱི་ནས་གཟིར༔ གཉིས་པས་སྙིང་ནས་དྲངས༔ གསུམ་པས་རྒྱབ་ནས་དེད་ཅིང་བཀའ་ལ་ཉན་པར་མོས༔ ཧྲཱིཿམ༔ སྔོན་ཚེ་དབང་ཆེན་པདྨ་ཧེ་རུ་ཀས༔ མདོ་སྔགས་བསྟན་པའི་བཀའ་སྲོལ་སྤེལ་བའི་ཚེ༔ བཀའ་བགོས་དམ་བཞག་གཏེར་གྱི་གཉེར་གཏད་པའི༔ གནས་སྲུང་གཏེར་བདག་མ་ལུས་དམ་ལ་འདུ༔ ཆོས་སྐྱོང་རྒྱལ་པོའི་མངའ་ཐང་བརྟན་པ་དང༔ མདོ་སྔགས་ཆོས་མཛད་བུ་བཞིན་སྐྱོང་བ་ལ༔ ཞིང་སྐྱེས་མཁའ་འགྲོ་བརྟན་མར་མཚན་གསོལ་བའི༔ མ་མོ་བཅུ་གཉིས་པདྨའི་དམ་ལ་འདུས༔ རྡོ་རྗེ་ཀུན་གྲགས་རྡོ་རྗེ་གཡའ་མ་སྐྱོང༔ རྡོ་རྗེ་ཀུན་བཟང་རྡོ་རྗེ་བགེགས་ཀྱི་གཙོ༔ མཐུ་སྟོབས་མངའ་བདག་བདུད་མོ་ཆེན་པོ་བཞིས༔ ཕྱི་ནང་དགྲ་བགེགས་བརླག་པའི་འཕྲིན་ལས་མཛོད༔ རྡོ་རྗེ་སྤྱན་གཅིག་རྡོ་རྗེ་དྲག་མོ་རྒྱལ༔ ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ༔ རྡོ་རྗེ་ཀླུ་མོ་དང་བཅས་གནོད་སྦྱིན་བཞིས༔ ཚེ་བསོད་ལོངས་སྤྱོད་རྒྱས་པའི་འཕྲིན་ལས་མཛོད༔ ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༔ རྡོ་རྗེ་སྨན་གཅིག་རྡོ་རྗེ་གཡའ་མོ་སེལ༔ རྡོ་རྗེ་གཡུ་སྒྲོན་ལ་སོགས་སྨན་མོ་བཞིས༔ ལྟ་ལོག་མུ་སྟེགས་བཟློག་པའི་འཕྲིན་ལས་མཛོད༔ འབྲུ་གསུམ་རྡོ་རྗེས་བདེན་པའི་སྟོབས་སྦྱིན་པའི༔ འདོད་དགུ་ཅི་དགར་འཆར་བའི་མཆོད་པའི་སྤྲིན༔ བདུད་རྩིའི་བཏུང་བ་དཔལ་གྱི་གཏོར་ཆེན་འདི༔ དགྱེས་པའི་བཞད་སྒྲ་དང་བཅས་བཞེས་སུ་གསོལ༔ མདོ་སྔགས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད༔ བླ་མའི་ཞབས་བརྟན་མཆེད་གྲོགས་ནང་འདྲེ་བཟློག༔ ས་ལམ་ཞིང་ཁམས་བསྒྲོད་པའི་སྐྱེལ་བསུ་སོགས༔ འཇིག་རྟེན་འཇིག་རྟེན་ལས་འདས་དངོས་གྲུབ་སྩོལ༔ ཅེས་བརྗོད་བཤལ་ཆུ་བཅས་པས་མཆོད༔ བཅུ་བ་རྟ་བྲོ་ནི༔ འགུགས་གཞུག་བྱས་ལ་རྡོ་རྗེས་མནན༔ ཧཱུྃ༔ སྔོན་ཚེ་རྟ་ཕག་ཡབ་ཡུམ་གྱིས༔ གཟུང་འཛིན་རཱུ་དྲ་བསྒྲལ་བའི་ཚེ༔ རྡོ་རྗེའི་རྟ་བྲོ་གཉན་པོ་ཡིས༔ ཉོན་མོངས་བདུད་དཔུང་གཞོམ་པ་བཞིན༔ གཏིང་རིང་ཨེ་ཡི་ཧོཾ་ཁུང་དུ༔ དགྲ་བགེགས་བྱད་མ་མ་ལུས་པ༔ འགུགས་འཆིང་བསྡམས་ཤིང་མྱོས་པར་བྱས༔ ལས་ཀྱི་གཤིན་རྗེའི་ཁྲམ་ཏུ་བཏབ༔ ཁྲོ་བོ་ཁྲོ་མོ་བཀའ་སྡོད་ཀྱི༔ སྲུང་མའི་ཚོགས་ཀྱིས་བྲོ་བརྡུང་ཞིང༔ དྲག་ཤུལ་སྤྱོད་པས་ཐར་མེད་མནན༔ ཨོཾ་ལམ༔ ཨཱཿལམ༔ ཧཱུྃ༔ལམ༔ བསྟྭཾ་བྷ་ཡ་ནན༔ རྗེས་སུ་མཆོད་བསྟོད་རིམ་པ་བྱ༔ བཅུ་གཅིག་དངོས་གྲུབ་ལེན་པ་ནི༔ ཧྲཱིཿམ༔ དཀྱིལ་འཁོར་གཙོ་མཆོག་བླ་མ་རྡོ་རྗེ་འཆང༔ ཡི་དམ་ཞི་ཁྲོ་གནས་གསུམ་མཁའ་འགྲོའི་སྡེ༔ མ་ལུས་དུས་འདིར་སྙན་གྱིས་གསོན་མཛོད་དང༔ རེ་བའི་གཡར་དམ་གཉན་པོ་དེང་འདིར་བསྐུལ༔ རྟེན་འབྲེལ་ཡོ་བྱད་མ་ལུས་དེང་འདིར་ཚོགས༔ བསྙེན་སྒྲུབ་ཟབ་མོའི་ཞག་གྲངས་ཆད་མེད་ཚང༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས་ཉེ་བས༔ དངོས་གྲུབ་སྩོལ་བའི་དུས་ལ་ད་ལྟ་སླེབས༔ མེ་ཆུ་སེངྒེ་གླང་ཆེན་སྦྲུལ་ཤ་ཟ༔ ལྕགས་སྒྲོག་རྐུན་བུ་འཇིག་བརྒྱད་ཞི་བ་དང༔ ཚེ་དང་བསོད་ནམས་དཔལ་དང་གཟི་བརྗིད་དང༔ འཁོར་དང་ལོངས་སྤྱོད་འབྱོར་དྲུག་རྒྱས་པར་མཛོད༔ ཕ་མ་ལྟར་བྱམས་བླ་མ་བཞིན་དུ་གུས༔ རྒྱལ་པོར་མཐོང་བས་སྐྲག་དང་གྲོགས་བཞིན་བརྩེ༔ གྲོགས་དང་ཟས་ནོར་མཁའ་འགྲོ་འདུ་བ་གསུམ༔ མོས་བཞི་འདུ་བ་གསུམ་གྱི་དངོས་གྲུབ་སྩོལ༔ དགྲ་སྡེ་འཇིགས་བསད་བསྐྲད་དང་དགུགས་པ་སོགས༔ ཚར་གཅོད་རྣམ་བཞི་དྲག་པོའི་མཐུ་ནུས་སྩོལ༔ མིག་སྨན་རྐང་མགྱོགས་རལ་གྲི་ས་འོག་དང༔ རིལ་བུ་མཁའ་སྤྱོད་མི་སྣང་བཅུད་ལེན་ཏེ༔ ཐུན་མོང་གྲུབ་པ་ཆེན་པོ་རྣམ་པ་བརྒྱད༔ དུས་འདིར་བདག་ལ་དངོས་གྲུབ་ཉིད་དུ་སྩོལ༔ ཕྲ་རགས་གཟུགས་དང་ཡངས་དང་ཁྱབ་པ་དང༔ ཡང་དག་ཐོབ་དང་རབ་ཏུ་གསལ་བ་དང༔ བརྟན་དང་དབང་ཕྱུག་འདོད་དགུར་བསྒྱུར་བ་སྟེ༔ དབང་ཕྱུག་བརྒྱད་ཀྱི་དངོས་གྲུབ་བདག་ལ་སྩོལ༔ ལུང་དང་རྟོགས་པས་བསྡུས་པའི་ཆོས་ཚུལ་དང༔ དབང་དང་མངོན་ཤེས་གཟུངས་སྤོབས་ཡོན་ཏན་སོགས༔ ས་ལམ་ཡོན་ཏན་དངོས་གྲུབ་བདག་ལ་སྩོལ༔ ཁྱད་པར་རིམ་གཉིས་འབྲས་བུ་མཐར་ཐུག་པ༔ སྐུ་བཞི་རྡོ་རྗེ་འཆང་གི་གོ་འཕང་ཐོབ༔ རྟོགས་པས་བདག་བསྒྲལ་ཐུགས་རྗེས་གཞན་གྲོལ་བའི༔ སྨོན་པའི་སྙིང་པོ་ཐོབ་པའི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧོ༔ ཅེས་བླང་དངོས་གྲུབ་ཐོབ་པར་འགྱུར༔ བཅུ་གཉིས་པ་བསྡུ་ལྡང་ནི༔ ཧྲཱིཿ རིག་རྩལ་རྟེན་འབྲེལ་ལས་བྱུང་དཀྱིལ་འཁོར་ཀུན༔ འོད་ཞུ་ཆོས་ཉིད་སྟོང་པའི་དབྱིངས་སུ་ཡལ༔ དམིགས་བསམ་བརྗོད་བྲལ་ཀུན་ཏུ་བཟང་མོའི་མཁའ༔ རྣམ་པར་ཐར་བ་གསུམ་གྱི་ཀློང་དུ་ཨཿ ཨ་ཨ་ཨ་ཨ་ཨཿ ལྡང་བ་ནི༔ ཧྲཱིཿ བྱ་རྩོལ་བྲལ་བའི་དབྱིངས་ནས་སྒྱུ་མའི་སྐུ༔ མ་འདྲེས་གསལ་དྭངས་མཁའ་ལ་འཇའ་ཚོན་བཞིན༔ སྣང་གྲགས་རིག་པ་ལྷ་སྔགས་བདེ་བ་ཆེ༔ མ་བསྐྱེད་གཞིར་བཞུགས་དཀྱིལ་འཁོར་ཉིད་དུ་ཤར༔ བཅུ་གསུམ་པ་བསྔོ་སྨོན་ནི༔ ཧོ༔ ཟབ་མོའི་དཀྱིལ་འཁོར་འདིར་ཞུགས་བསྙེན་སྒྲུབ་ལས༔ ཐོབ་པའི་ཟག་བཅས་ཟག་མེད་དགེ་ཚོགས་རྒྱུན༔ དམིགས་བཅས་རྟེན་འབྲེལ་དམིགས་མེད་སྟོང་ཉིད་ངང༔ འགྲོ་ཀུན་རྫོགས་སངས་རྒྱས་པའི་ཆེད་དུ་བསྔོ༔ ཅི་ལྟར་བསྔོས་བཞིན་སྲིད་མཚོ་དོང་ནས་སྤྲུགས༔ འབྲེལ་ཚད་ཚོམ་བུ་གཅིག་ཏུ་བྱང་ཆུབ་པའི༔ ཀུན་བཟང་སྨོན་པ་ཡོངས་སུ་འགྲུབ་པ་ལ༔ མཆོག་གསུམ་ཀུན་འདུས་བླ་མའི་བྱིན་གྱིས་རློབས༔ བཅུ་བཞི་བ་བཀྲ་ཤིས་ནི༔ ཧོ༔ རྒྱལ་བ་རྒྱ་མཚོའི་འཕྲིན་ལས་གཅིག་འདུས་པ༔ སྐལ་ལྡན་ཐར་བར་འདྲེན་པའི་ལམ་མཁན་མཆོག༔ ཐ་མལ་ཤེས་རྒྱུད་སངས་རྒྱས་སར་སྦྱོར་བའི༔ བྱིན་རླབས་རྩ་བ་བླ་མའི་བཀྲ་ཤིས་ཤོག༔ ལོངས་སྤྱོད་རྫོགས་པ་ཞི་དང་ཁྲོ་བོའི་གར༔ སྣ་ཚོགས་སྤྲུལ་བས་འགྲོ་བ་འདུལ་མཁས་ཤིང༔ མཆོག་ཐུན་སིདྡྷི་འབད་མེད་སྟེར་བའི་བདག༔ དངོས་གྲུབ་རྩ་བ་ཡི་དམ་བཀྲ་ཤིས་ཤོག༔ འགགས་མེད་རྩལ་ལས་རང་བྱུང་གྲུབ་པའི་ལྷ༔ སྲིད་པ་རུ་བཟློག་བདེ་ཆེན་ལམ་གྱི་གྲོགས༔ མ་ངེས་ཚུལ་གྱིས་མཁའ་སྤྱོད་ཞིང་དུ་འདྲེན༔ འཕྲིན་ལས་རྩ་བ་མཁའ་འགྲོའི་བཀྲ་ཤིས་ཤོག༔ དཔལ་ཆེན་ཁྲག་འཐུང་བཀའ་བརྟགས་རྡོ་རྗེའི་རྒྱ༔ གཙུག་གི་རྒྱན་དུ་འཛིན་ཞིང་འཕྲིན་ལས་བཞིས༔ སྒྲུབ་མཆོག་འདོད་དོན་ཐོགས་མེད་བསྒྲུབ་བྱེད་པའི༔ ལེགས་ཉེས་སྟངས་འཛིན་སྲུང་མའི་བཀྲ་ཤིས་ཤོག༔ མཁའ་ལ་རྒྱལ་བ་རིག་འཛིན་བདེན་ཚིག་བརྗོད༔ བར་ན་གནས་གསུམ་མཁའ་འགྲོའི་གླུ་ལེན་ཞིང༔ དཀར་ཕྱོགས་སྲུང་མའི་མེ་ཏོག་ཆར་འབེབས་པའི༔ ཟུང་འཇུག་བྱང་ཆུབ་མཆོག་གིས་བཀྲ་ཤིས་ཤོག༔ ཅེས་བརྗོད་སྙན་པའི་རོལ་མོ་བརྡུང༔ དེ་ལྟར་འབད་པས་རྩ་གསུམ་གྱིས༔ རྗེས་འཛིན་མཆོག་ཐུན་འགྲུབ་རྨད་བྱུང༔ གནས་སྐབས་མཐར་ཐུག་བདེ་ཨ་ཧོ༔ ཞེས་རང་ལོ་ཉི་ཤུར་སོན་པའི་ཕྱི་སྟོན་ཀའི་འབྲུ་རིགས་སྨིན་ཞིང་ནང་རྩ་རླུང་ཐིག་ལེ་རྒྱས་པའི་མཁའ་འགྲོ་དུ་བའི་ཚེས་བརྒྱད་ཀྱི་སྲོད་ལ་རྡོ་རྗེ་མཁའ་འགྲོ་མི་མོའི་ཚུལ་ཅན་དེས་གསང་བའི་བརྡས་བསྐུལ་བ་དང༔ ཚེས་བཅུར་འདྲེན་མཆོག་བདེ་ཆེན་གླིང་བའི་རིགས་སྲས་ཆོས་སྐྱོང་མཚན་ཅན་གྱིས་བསྐུལ་ངོར་བོད་ལུགས་སྤྲུལ་ཟླའི་ཚེས་བཅུའི་དུས་བཟང་ལ་ཚེ་དབང་ནོར་བུ་གར་དབང་བདེ་ཆེན་རོལ་བ་རྩལ་གྱིས་ཡེ་ཤེས་མཁའ་འགྲོའི་བརྡ་རྟགས་ལམ་ཙམ་གསལ་བ་བཞིན་བགྱིས་པའི་ཡི་གེ་བ་ནི་གཏེར་ཆེན་བླ་མའི་མདུན་གཉེར་གཙོ་བོ་རྡོ་རྗེ་འཕན་ནོ༔ འདི་ལ་བརྟེན་ནས་འདུ་བ་གསུམ་པོ་མངོན་དུ་གྱུར་ཅིང་འབར་བ་གསུམ་གྱི་ཡེ་ཤེས་རྒྱས་ཏེ་དཔའ་བོ་མཁའ་འགྲོ་འདུས་པའི་ཚོམ་བུ་གཅིག་ཏུ་འཚང་རྒྱ་བའི་རྒྱུར་གྱུར་ཅིག༔ ཐོག་མར་དགེའོ༔ བར་ཏུ་དགེའོ༔ ཐ་མར་དགེའོ༔


previousགསང་བ་ཡེ་ཤེས་སྙིང་གི་ཐིག་ལེ་ལས་ཚོགས་འཁོར་བསོད་ནམས་སྤྲིན་ཆེན། next