Nitartha Digital Library
Tibetan
རྒྱ་ཆེན་བཀའ་མཛོད།

1 occurrence of གཏེར་སྲུང་
[Clear Hits]


  
  
  
  
  
  
  
  
བྱམས་མགོན་མཆོག་གི་སྤྲུལ་པའི་སྐུ་སེང་གེའི་ཁྲིར་ཕེབས་པའི་མཎྜལ་རྒྱས་བཤད་ངོ་མཚར་སྒོ་བརྒྱ་འབྱེད་པའི་དགའ་སྟོན།
  
  
  
  
  
  
  
  
  
  
  
  
  
 


1 occurrence of གཏེར་སྲུང་
[Clear Hits]

 
previousབྱམས་མགོན་མཆོག་གི་སྤྲུལ་པའི་སྐུ་སེང་གེའི་ཁྲིར་ཕེབས་པའི་མཎྜལ་རྒྱས་བཤད་ངོ་མཚར་སྒོ་བརྒྱ་འབྱེད་པའི་དགའ་སྟོན།next

བྱམས་མགོན་མཆོག་གི་སྤྲུལ་པའི་སྐུ་སེང་གེའི་ཁྲིར་ཕེབས་པའི་མཎྜལ་རྒྱས་བཤད་ངོ་མཚར་སྒོ་བརྒྱ་འབྱེད་པའི་དགའ་སྟོན།


LT36_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

བྱམས་མགོན་མཆོག་གི་སྤྲུལ་པའི་སྐུ་སེང་གེའི་ཁྲིར་ཕེབས་པའི་མཎྜལ་རྒྱས་བཤད་ངོ་མཚར་སྒོ་བརྒྱ་འབྱེད་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ།། །


LT36_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་དགེ་ལེགས་སུ་གྱུར་ཅིག །རབ་དཀར་སྲིད་ཞིའི་དགེ་ལེགས་གངྒཱའི་བྱེ་མ་སྙེད། །གང་གི་ཞབས་པད་སྐད་ཅིག་དྲན་པས་ཡིད་བཞིན་འཇོ་བ་ཡི། །རིན་ཆེན་རྣམ་གསུམ་གཅིག་དངོས་དཔལ་ལྡན་ཀརྨ་པ། །སྲས་དང་བཅས་པའི་ཞབས་ཀྱི་པདྨོར་གུས་པས་ཕྱག་བགྱིའོ། །ཚེ་དང་དབང་ཕྱུག་འབྱོར་པའི་ཤེ་མོད་རྣམ་སད་དཔལ་གྱིས་འདིར་འབྱོར་བ། །དེ་ཀུན་དེ་རྒྱུ་ཉག་གཅིག་སྤྱོད་ལས་དེའི་གྲོང་ཁྱེར་རབ་འཕེལ་ཏེ། །ཐུབ་བསྟན་དྲི་མེད་ཛམ་གླིང་ཐ་གྲུར་གདུགས་གཅིག་བརྡལ་ལ་ཤེར་བརྩོན་མཉམ། སྲིད་པའི་ཕ་མཐར་སྣང་བ་ནུབ་མེད་སྲིད་པ་ཉེར་འཚོའི་དགེ་ལེགས་སྩོལ། །དེ་ལྟར་སྐྱབས་མཆོག་བླ་ན་མེད་པ་ལ་ཕྱག་གིས་བཏུད་ཅིང་། དགེ་ལེགས་སུ་བྱེད་པའི་ཚིག་བདུད་


LT36_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

རྩིའི་བཏུང་བ་ལྟ་བུས་བརྗོད་པའི་གོ་ཕྱེས་ཏེ། སྐབས་འདིར་ཀུན་མཁྱེན་བྱམས་མགོན་ཀརྨ་ཏཱའི་སི་ཏུ་མཆོག་གི་རྣམ་པར་རོལ་པའི་མཚན་དཔེའི་དཀྱིལ་འཁོར་གསར་དུ་བཞད་བགད་ཉིད། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཁྲི་ཆེན་པོར་འཇིགས་པ་མེད་པའི་ཞབས་ཟུང་བཀོད་གྲུབ་པའི་བཀའ་དྲིན་གྱི་གཏོང་རག་དང་། སླར་ཡང་གསང་གསུམ་རྡོ་རྗེའི་ཆོས་སུ་བརྟན་ཅིང་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་དུས་ཆད་པ་མེད་པར་བསྐོར་བར་སྐུལ་ཞིང་གསོལ་བ་འདེབས་པའི་རྟེན་དངོས་པོའི་མཆོད་སྤྲིན་གྱིས་ཚོགས་གསོག་བགྱིད་པའི་ཐོག་མར་ཞིང་ཁམས་རྒྱས་པར་འབུལ་བ་ལས་བརྩམས་པའི་འབེལ་གཏམ་ཅུང་ཟད་བྱ་བ་འདི་ལ་དོན་གསུམ། ཕུན་སུམ་ཚོགས་


LT36_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྔ་ལྡན་གྱི་བཤད་པས་གླེང་གཞིའི་ཁོག་དབུབ། མཆོད་ཡུལ་ཉིད་མཆོད་པའི་དགོས་པ་དང་འབྲེལ་བས་གླེང་སློང་གི་དམིགས་དབྱེ། མཆོད་པར་བྱ་བའི་རྣམ་བཞག་མཐར་ཆགས་སུ་སྨོས་པས་སྐབས་དོན་གཏན་ལ་འབེབས་པའོ། །དེ་ལའང་ཐིག་པ་ཆེན་པོའི་ཚུལ་དང་རྒྱུད་རྣམས་འབྱུང་བའི་རྒྱུ་ཕུན་སུམ་ཚོགས་པ་ལྔ་ཡིན་པ་བཞིན་ཏུ། འདིར་ཡང་རྒྱལ་བ་ཀུན་གྱི་དབང་ཕྱུག་རྗེ་བཙུན་ཕྱག་ན་པདྨོ་ཡབ་སྲས་ཀྱི་ཕྲིན་ལས་ཁྱད་པར་འཕགས་པའི་སྒོ་འདི་ལས་བརྩམས་ཏེ། འཇིག་རྟེན་ན་བདེ་ལེགས་སུ་བྱེད་པ་ཇི་སྙེད་པ་དག་དང་། ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ནོར་འཛིན་ཡངས་པའི་ཁྱོན་ཀུན་ཏུ་ཁྱབ་ཅིང་ངེས་པར་རྒྱས་པར་འགྱུར་བས་ན། ཐོག་མར་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་ཚུལ་སྨོས་པ་ལ། སྟོན་པ་དང་། གནས་དང་། དུས་དང་། འཁོར་དང་། ཆོས་ཕུན་སུམ་ཚོགས་པའོ། །དེ་ལ་ཐོག་མར་སྟོན་པ་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན། སངས་རྒྱས་ཕལ་པོ་ཆེ་ལས། བྱང་ཆུབ་རྒྱ་མཚོ་རབ་བརྙེས་གྱུར་ནས་ཀྱང་། །སེམས་ཅན་རྒྱ་མཚོ་རབ་ཏུ་སྨིན་བྱའི་ཕྱིར། །བྱང་ཆུབ་སེམས་བསྐྱེད་རྒྱ་མཚོར་སྟོན་མཛད་ཅིང་། །མི་འགྲིབ་སྤྱོད་པ་རྒྱ་མཚོ་དུས་ཀུན་སྟོན། །བདེ་གཤེགས་རྣམས་ཀྱི་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་ལྟར། བདག་ཅག་རྣམས་གྱི་སྟོན་པ། འགྲོ་བ་ལྷ་དང་བཅས་པའི་


LT36_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་གཅིག་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་འདི་ཉིད་ངེས་པའི་དོན་ཏུ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་སྐུར་གདོད་ནས་མངོན་པར་བྱང་ཆུབ་ཅིང་། ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུར་ངེས་པ་ལྔ་དང་ལྡན་པ་ལས་སྐུ་དང་ཞིང་ཁམས་ཀྱི་སྤྲིན་རྒྱ་མཚོ་བཀོད་དེ། ནམ་མཁར་ཇི་སྲིད་དེ་སྲིད་དུ་མཐའ་ཡས་པའི་འགྲོ་བ་འཁྲུལ་པའི་གཞན་དབང་དུ་གྱུར་པ་རྣམས་གང་འདུལ་སྤྲུལ་པའི་རོལ་པ་བསམ་གྱིས་མི་ཁྱབ་པས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡང་དག་པར་བསྒྲལ་བའི་སྙིང་སྟོབས་རླབས་ཆེན་གཅིག་པུས་སྲས་དང་བཅས་པའི་རྒྱལ་བ་རྣམས་ཀྱི་ཕྲིན་ལས་ཡོངས་སུ་བཟླུམ་པའི་ཕྱིར། རྒྱལ་བའི་དབང་པོ་དཔལ་ལྡན་ཀརྨ་པ་ཞེས་ཞིང་ཁམས་རྒྱ་མཚོ་མཚན་གྱི་གདུགས་གཅིག་གིས་ཁེབས་པ་དང་། རྣམ་པ་ཙམ་དུའང་གངས་ཅན་མགོན་པོ་སྤྱན་རས་གཟིགས་དང་རྣམ་དབྱེར་མི་ཕྱེད་པའི་ཚུལ་གྱིས། འཕགས་པའི་ས་ལ་བཞུགས་པར་ངེས་པའི་རྣམ་ཐར་མ་སྦས་གསལ་བར་བསྟན་པས་བསྟན་འགྲོ་རིས་སུམ་ཆད་པའི་སྐྱབས་སུ་གྱུར་ཅིང་། འཛམ་གླིང་བདག་པོ་གནམ་སྐོས་གོང་མ་ཆེན་པོ་སོགས་ཀྱིས་ལུང་གིས་སངས་རྒྱས་དངོས་སུ་བསྔགས་པའི་སྐྱེས་རབས་ནོར་བུའི་ཕྲེང་བ་རྒྱུན་མི་ཆད་དུ་བྱོན་པ་ལས་བཅུ་བཞི་པར་གྱུར་པ། མ་བྱོན་སངས་རྒྱས་དྲུག་པ་སེང་གེར་འཚང་རྒྱ་བའི་ཚུལ་སྟོན་བས་ན་རིམ་ཐམས་


LT36_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ཀྱི་མཚན་ཙམ་ཐོས་པས་ངན་སོང་གི་འཇིགས་པ་ལས་སྐྱོབ་ཅིང་དག་པའི་ཞིང་དུ་སྐྱེ་བ་དང་ཁྱད་པར་དྲུག་པ་སེང་གེའི་འདུས་པའི་འཁོར་དུ་འགྱུར་བར་ཨོ་རྒྱན་དུས་གསུམ་མཁྱེན་པས་རྡོ་རྗེའི་ལུང་གིས་ཡང་ཡང་བསྟན་པས་གང་ཟག་ལ་ཆེ་བ་བརྗོད་པ་ཙམ་མ་ཡིན་པར་གདོད་མ་ནས་ཆོས་ཐམས་ཅད་ཀྱི་དབང་ཕྱུག །རྒྱལ་བ་ཀུན་གྱི་ཡབ་གཅིག །བླ་ན་མེད་པའི་སྟོན་པར་གྲུབ་པ་ཉིད་དང་། རྒྱལ་བ་ཉིད་དང་ངོ་བོ་རྣམ་དབྱེར་མེད་ཀྱང་རེས་འགའ་བླ་མ་དང་། རེས་འགའ་སློབ་མའི་ཚུལ་འཛིན་ཅིང་ཕྲིན་ལས་ཀྱི་ཤིང་རྟ་འདྲེན་པ་ལ་གཞན་དྲིང་མི་འཇོག་པའི་ཐུགས་རྗེ་དང་མཐུ་སྟོབས་མངའ་བ་ཀུན་མཁྱེན་བྱམས་མགོན་ཏཱའི་སི་ཏུ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་སྟེ། ཡབ་སྲས་འདི་དག་གི་རྣམ་པར་ཐར་པ་དང་ཆེ་བའི་ཡོན་ཏན་ཇི་ལྟ་བ་ནི། བདག་ལྟ་བུའི་སོ་སྐྱེ་ཐ་ཤལ་པའི་བློ་གྲོས་ཀྱིས་ཆ་ཤས་ཕྲ་མོའི་ཕྱོགས་ཙམ་ཡང་མཐོང་ཞིང་བརྗོད་པར་ག་ལ་ནུས་ཏེ། འཇིག་རྟེན་ན་ཆེ་བར་གྲགས་པ་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་དང་། དེ་ལས་ཀྱང་གང་དུ་འཕགས་པ་ཉན་རང་ལ་སོགས་པ་རྣམས་ཀྱིའང་སྤྱོད་ཡུལ་དུ་གྱུར་པ་མ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། བྱ་ལམ་ནམ་མཁར་དཔག་པར་ནུས་ཀྱང་སྲིད། །རྒྱ་མཚོ་བུམ་པས་འཇལ་དུ་རུང་ཡང་སྲིད། །རི་རབ་སྲང་ལ་འཇལ་དུ་རུང་ཡང་སྲིད། །སངས་རྒྱས་ཡོན་ཏན་མཐའ་རྟོགས་མི་ནུས་སོ། །ཞེས་གསུངས་པ་བཞིན་ནོ། །འོ་ན་ཆེ་བའི་ཡོན་


LT36_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་དེ་ལྟ་བུ་ཞིག་ཡོད་ན་རང་རེ་རྣམས་ཀྱིས་ཆ་ཙམ་ཞིག་མི་མཐོང་བ་ཅི་ཡིན་སྙམ་ན། དཀོན་མཆོག་ཏ་ལིའི་མདོ་ལས། ཇི་ལྟར་དམུས་ལོང་ཉི་མ་མི་མཐོང་ཡང་། །དེ་མེད་མ་ཡིན་འཇིག་རྟེན་ཀུན་ལ་འཆར། །མིག་དང་ལྡན་པས་སྣང་བར་ཤེས་འགྱུར་ཏེ། །ཀུན་ཀྱང་སོ་སོ་རང་གི་ལས་ལ་འཇུག། ཅེས་གསུངས་པ་བཞིན་སངས་རྒྱས་བྱང་སེམས་འཕགས་པ་རྣམས་ཀྱི་རྣམ་པར་ཐར་པ་དང་ཆེ་བའི་ཡོན་ཏན་ཇི་ལྟ་བ་མཐོང་ཞིང་རྟོགས་པ་ལ་འཕགས་པ་དེ་དག་དང་རྒྱུད་ཚོད་མཉམ་པ་ཞིག་ཡོད་དགོས། དེ་ལས་གཞན་པའི་འགྲོ་བ་འཁྲུལ་པའི་རྒྱ་མཚོར་བྱིང་། མ་རིག་པའི་ལིང་ཏོག་གིས་ཤེས་རབ་ཀྱི་མིག་ལྡོངས་པ་རྣམས་ཀྱིས་འཕགས་པ་རྣམས་ཀྱི་རྣམ་ཐར་མཐོང་ཞིང་རྟོགས་པའི་གོ་སྐབས་མེད་དེ། ཇི་སྐད་དུ། སྲིད་པའི་གནས་ཅན་དད་པ་ཆུང་བ་ཡིས། །སངས་རྒྱས་བྱང་ཆུབ་ཤེས་པར་མི་ནུས་སོ། །ཞེས་གསུངས་པ་བཞིན་ནོ། །དེས་ན་རང་རེ་རྣམས་ཀྱི་སྐལ་པ་དང་མཐུན་པར་ཐབས་ལ་མཁས་པའི་མཛད་པ་བླ་ན་མེད་པ་ནི། འགྲོ་བའི་ལུས་དང་འཚམས་པ་སྐུ་སྤྲུལ། ངག་དང་འཚམས་པར་གསུང་སྒྲོགས། །ཡིད་དང་མཐུན་པར་ཐུགས་ཀྱི་དགོངས་པས་འདུལ་བ་འདི་ཉིད་ཐུགས་རྗེ་དེ་འཕྲིན་ལས་ངོ་མཚར་ཞིང་ཁྱད་པར་དུ་འཕགས་པ་ཡིན་པས་དད་པ་དང་མོས་པ་སྙིང་པོར་བཟུང་བར་བྱ་བ་ཡིན་ལ། མདོར་ན་རྒྱལ་བའི་དབང་པོ་ཀརྨ་


LT36_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཆེན་པོས་གངས་ཅན་བསྟན་འགྲོའི་དོན་ལ་ཐུགས་རྗེ་ཚད་མེད་པ་བསྐྱེད་དེ་སྤྲུལ་པའི་སྐུའི་རྣམ་པར་རོལ་པ་ཡང་ནས་ཡང་དུ་བསྟན། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པས་འཛམ་གླིང་ཁྱབ་པའི་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པའི་རྗེས་སུ། གྲུབ་མཐའ་གཞན་རྣམས་ཀྱིས་ཀྱང་སྤྲུལ་པའི་སྐུ་དང་ཆོས་ཀྱི་རྗེ་སོགས་མཚན་སྙན་མང་དུ་གསོལ་ནས་རྣམ་དཔྱོད་ཀྱི་སྲོལ་ཀ་ཇེ་རྒྱས་སུ་སོང་བ་ཡིན་པས་དོན་ལ་རྒྱལ་བ་ཀརྨ་པའི་སྟངས་ཀ་བྱས་པ་ཙམ་ཡིན། དེ་དག་ཀྱང་བརྗོད་འདོད་ཙམ་མ་ཡིན་པ་རྒྱལ་བ་ཡབ་སྲས་འདི་དག་གི་སྐྱེས་པ་རབས་ཀྱི་ཕྲེང་བ་རེ་རེ་བཞིན་སངས་རྒྱས་གཉིས་པ་ཨོ་རྒྱན་རིན་པོ་ཆེའི་རྡོ་རྗེའི་ལུང་གིས་མ་སྦས་གསལ་བར་བསྟན་ཅིང་ཆེ་བའི་ཡོན་ཏན་ལ་བསྔགས་པ་མཛད། གངས་ཅན་བསྟན་འགྲོའི་དཔལ་མགོན་དུ་མངའ་གསོལ་བ་ཡིན་ཅིང་། ལུང་བསྟན་པ་ཁོ་ན་ཙམ་མ་ཡིན་པར་དེ་ལྟ་བུའི་ཡོན་ཏན་དང་ཕྲིན་ལས་མ་སྦས་གསལ་བར་བསྟན་པ་རྒྱ་བོད་ཡོངས་སུ་གྲགས་པ་འདི་ཡིན་པས། གནས་སྐབས་ཁས་དྲག །སྟོབས་འབྱོར་ཆེ། གྲྭ་འཁོར་མང་། ལྟར་སྣང་འཇིག་རྟེན་པའི་ཆེན་པོ་རྣམས་ཀྱིས་གོ་ས་མཐོན་པོ་ལ་བཀུར་བསྟིར་བྱས་པ་སུས་ཀྱང་ཡབ་སྲས་འདི་དག་གི་རྣམ་ཐར་དང་ཆེ་བའི་ཡོན་ཏན་ལ་འགྲན་དུ་ཡོད་པ་མ་ཡིན། དེས་ན་རྗེས་དཔག་གི་བློ་ཚད་མ་དང་། མཁྱེན་ལྡན་གཟུ་བོར་གནས་པ་ཞིག་གིས་ལེགས་པར་བརྟགས་ན་རྒྱལ་བ་ཡབ་


LT36_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་འདི་དག་གི་སྐྱེས་རབས་ཀྱི་ཕོང་པ་ཐམས་ཅད་དུ། སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་ཆོས་ཀྱི་སྒོ་མོས་འདུལ་བ། ཐུགས་མངོན་པར་ཤེས་པས་འདུལ་བ། ཡོན་ཏན་དང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ་འདུལ་བ་བཞིའི་ཆོ་འཕྲུལ་རྫོགས་པའི་སངས་རྒྱས་དང་རྗེས་སུ་མཐུན་པ་མངའ་བས་སངས་རྒྱས་གཉིས་པ་ལྟ་བུར་གྲུབ་པ་སྟེ། དེ་ལྟར་ན་ཉི་ཟླ་ལྟ་བུའི་སྐྱབས་མགོན་རྣམ་པ་གཉིས་ཀྱི་གསང་གསུམ་དྲི་མ་མེད་པའི་སྣང་བས་ས་གསུམ་མཛེས་པར་མཛད་པའོ། །གཉིས་པ་གནས་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན། འཛམ་གླིང་དུམ་བུ་བཅུ་གཉིས་པའི་ནང་ཚན་འཛམ་གླིང་ཆུང་ངུ་རྫོགས་པའི་སངས་རྒྱས་སྟོང་རྩ་འབྱོན་ཅིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཞིང་ཁམས། བྱེ་བྲག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གདུལ་བྱའི་ཞིང་དུ་བདག་གིར་མཛད་པའི་ཁ་བ་ཅན་གྱི་ཡུལ། དེ་ལ་བོད་དང་བོད་ཆེན་པོ་གཉིས་ལས་སའི་ཁྱོན་དང་སྟོབས་འབྱོར་གྱིས་ཁྱད་པར་དུ་བྱས་པ་བོད་ཆེན་པོའི་ལྗོངས་ལ་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ནང་གསེས་འབྲི་ཟླས་ལ་མོ་སྒང་ཞེས། བདེ་གཤེགས་ཕག་མོ་གྲུབ་པ། ཀཿདམ་པ་བདེ་གཤེགས། གྲུབ་ཆེན་ཀརྨ་པཀྵི། ཀུན་མཁྱེན་བསྟན་པའི་ཉིན་བྱེད་སོགས་མཁས་ཤིང་སྒྲུབ་པ་བརྙེས་པ་ཛམ་གླིང་དུ་གྲགས་པའི་སྐྱེས་མཆོག་མི་ཡི་སེང་གེ་


LT36_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

དུ་མ་སྐྱེ་བའི་སྲིད་པ་བཟུང་ཞིང་། ལྟ་རིགས་པའི་ཚངས་པ་སྡེ་དགེ་ཆོས་རྒྱལ་ཆེན་པོ་གསེར་ཕྲེང་རིམ་བྱོན་གྱིས་རྒྱལ་བསྟན་ལ་སྲི་ཞུའི་ཕྱག་རིས་ཟླ་མེད་པར་མཛད་པའི་ཐིག་ལེ། དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་གདོད་ནས་གྲུབ་པའི་གནས་ཆེན་རྣམས་དང་དབྱེ་བ་མེད་པར་བྱིན་གྱིས་བརླབས་པའི་མདོ་ཁམས་གནས་ཆེན་ཉེར་ལྔའི་ནང་ཚན་ཡོན་ཏན་ཐུགས་ཀྱི་གནས་ཆེན་པོ་བཛྲ་ཙིཏྟ་དེ་བི་ཀོ་ཊ་ཞེས་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་དང་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་རི་བོ། སྐུ་གསུང་ཐུགས་ཀྱི་རྟགས་བརྒྱ་རྩ་བརྒྱད་ལ་སོགས་པ་རང་བྱུང་གི་རྟེན་དང་ཆོས་ནོར་གཏེར་ཁ་དུ་མས་བརྒྱན་པ། ཐུགས་རྗེ་ཆེན་པོའི་ཕོ་བྲང་སྐྱོང་བ་དཀར་ཕྱོགས་ཀྱི་དགེ་བསྙེན་རྡོ་རྗེ་དཔལ་འབར་གྱི་མདུན་རོལ། མཁའ་སྤྱོད་དཔལ་གྱི་ཙཱ་རི་ཊ་དང་རྣམ་དབྱེར་མེད་པའི་ཙཱ་འདྲ་རིན་ཆེན་བྲག་གི་གཡས་ཟུར། ཡུལ་གྱི་དགེ་བཅུ་དང་སའི་དཔྱད་ལེགས་ཐམས་ཅད་མ་ཚང་བ་མེད་པ། མཐིང་དམར་ཅོད་པན་འཆང་བ་རིམ་བྱོན་གཙོ་བོར་གྱུར་པའི་འཕགས་ཆེན་ཡེ་ཤེས་ཀྱི་སྐུ་ཅན་དུ་མས་བྱིན་གྱིས་བརླབས་ཤིང་ཆོས་ཀྱི་མངའ་བོ་ཆེ་སྒྲོགས་པའི་གཙུག་ལག་ཁང་། དགེ་འདུན་གྱི་ཀུན་དགའ་ར་བས་ལེགས་པར་བསྐོར་པ་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཞེས་གངས་རིའི་ལྗོངས་སུ་སྙན་པར་གྲགས་པ་ཉིད་དོ། །གསུམ་པ་དུས་ཕུན་སུམ་ཚོགས་པ་ནི། གསུང་རབ་ཀྱི་དབང་དུ་བྱས་ན། བདག་ཅག་གི་སྟོན་པ་མཉམ་མེད་


LT36_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

དོན་ཀུན་གྲུབ་པ་ཉིད་མཉན་དུ་ཡོད་པར་ཆོ་འཕྲུལ་གྱི་འདུན་ཁང་ཆེན་པོར་ལྷ་དང་བཅས་པའི་འཁོར་ཚོགས་རྒྱ་མཚོ་ལྟ་བུའི་དབུས་སུ་བཞུགས་ཏེ། གསལ་རྒྱལ་ལ་སོགས་པས་གསོལ་བ་བཏབ་པའི་ངོར་དགུང་ཞག་བཅོ་ལྔའི་བར་དུ་འཇིག་རྟེན་གསུམ་ན་རྨད་དུ་བྱུང་བའི་ཐུན་མོང་དང་ཐུན་མོང་མིན་པའི་ཆོ་འཕྲུལ་ཆེན་པོ་བསྟན་ཏེ། བདུད་སྡེ་མུ་སྟེགས་དང་བཅས་པ་ཚར་བཅད། སངས་རྒྱས་ཀྱི་བསྟན་པ་སྤྲིན་བྲལ་གྱི་ཟླ་བ་ལྟར་སྲིད་པ་གསུམ་ན་ལྷམ་མེར་སྣང་བར་མཛད་པས་བཀྲ་ཤིས་ཤིང་དགེ་བའི་བྱ་བ་སྟོབས་དང་འགྱུར་ཆེ་བའི་དུས་ཆེན་ཡོངས་སུ་གྲགས་པ་ཡིན་ལ། གཙུག་ལག་གི་དབང་དུ་བྱས་ན། གནམ་ལོ་ལྕགས་ཕོ་སྤྲེའུའི་ལོ་གསར་དུ་བཞད་པ་སྟེ་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་སཾ་བྷ་ཝ་ཉིད་རྡོ་རྗེའི་མཚན་དཔེ་མཚོ་དབུས་པདྨའི་གེ་སར་ལས་ཐོག་མར་སྣང་བ་སོགས་མཛད་པའི་སྒོ་ཁྱད་པར་ཅན་བསྟན་པས་བྱིན་གྱིས་བརླབས་པ། བགྲོད་པ་གཉིས་ལས་རྟ་བདུན་པའི་དཀྱིལ་འཁོར་བྱང་བགྲོད་ལྷའི་ཉིན་མོར་གྲགས་པ་ཚེ་བསོད་དཔལ་འབྱོར་སྟོབས་རྩལ་སྙན་གྲགས་རྒྱས་པའི་ལས་ལ་ཤིན་ཏུ་བསྔགས་པ། དུས་ཚིགས་རྣམས་ལས་དཔྱིད་ཟླར་བསྐྱེ་དགུ་ཉེ་བར་འཚོ་བའི་དབྱར་སོས་ཀྱི་ལེགས་དགུའི་ཡོན་ཏན་མཐའ་དག་ཐོག་མར་འབྱུང་བའི་སྒོར་གྱུར་པ། ཟླ་བའི་ཕྱོགས་གཉིས་ལས་ཉེས་པའི་སྐྱོན་རྣམས་ཆ་ཡིས་འཛད་ཅིང་བཀྲ་ཤིས་དགེ་ལེགས་ཀྱི་དཀྱིལ་འཁོར་གོང་ནས་གོང་དུ་འཕེལ་


LT36_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

བ་དཀར་པོའི་ཕྱོགས། ཚེས་ཀྱི་གྲངས་ལས་བསམ་དོན་མཐའ་དག་ཡིད་བཞིན་ཏུ་རྫོགས་པར་མཚོན་པའོ་གས་པ་དང་པོའི་སྔ་དྲོའི་ཆ། གཟའ་དང་ཉི་ཟླའི་སྐར་མ་སྦྱོར་བ་དང་བྱེད་པ་སྟེ་དཔལ་དུས་ཀྱི་འཁོར་ལོ་ནས་གསུངས་པའི་ཡན་ལག་ལྔ་རྩ་བ་འཕྲོད་དང་བཅས་པ་ཤིན་ཏུ་དགེ་ཞིང་། དབྱངས་འཆར་ནས་བཤད་པའི་ཏརྐ་ལ་དང་། མ་ཧཱ་ཙི་ནའི་གཞུང་ལུགས་ལས་འབྱུང་བའི་གཙུག་ལག་གི་རྩིས་འབྲས་ཉེས་དགུ་རིང་དུ་སྤངས་ཤིང་ལེགས་དགུ་ལྷུན་གྱིས་སྒྲུབ་པ་ཉིད་དོ། །བཞི་པ་འཁོར་ཕུན་སུམ་ཚོགས་པ་ལ། འདི་ལྟར་སངས་རྒྱས་དང་བྱང་སེམས་འཕགས་པ་རྣམས་ཀྱིས་ཕྲིན་ལས་ཁྱད་པར་ཅན་སྟོན་པ་ན། མངོན་ཤེས་རྫུ་འཕྲུལ་ལ་དབང་འབྱོར་བའི་བྱང་སེམས་དང་ཉན་ཐོས། རིག་པ་འཛིན་པ་དང་མཁའ་འགྲོ་མ། ཆོས་སྐྱོང་བའི་སྲུང་མ་དམ་ཅན་རྒྱ་མཚོ། དཀར་ཕྱོགས་ཀྱི་འབྱུང་པོ་མཐུ་བོ་ཆེ། གཞན་ཡང་ལྷ་ཀླུ་གནོད་སྦྱིན་མིའམ་ཅི་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དགའ་བ་མཐའ་དག་ས་སྟེང་དང་ས་བླའི་གོ་མཚམས་རྣམས་སུ་ཏིལ་གྱི་གོང་བུ་སྨིན་པ་ལྟར་འདུ་ཞིང་འཁོད་དེ་དད་པས་ཞལ་ལ་ལྟ་ཞིང་གསུང་གི་བདུད་རྩི་འཐུང་བ་ཆོས་ཉིད་ཡིན་ལ། ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པའི་འཁོར་ཡང་སངས་རྒྱས་ཐམས་ཅད་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཕྱག་རྒྱའི་མདོ་ལས། ད་མྱ་ངན་ལས་འདས་པའི་རྗེས་སུ་བྱང་ཆུབ་སེམས་དཔའ་དང་དགྲ་བཅོམ་པ་རྣམས་གདུལ་བྱ་དེ་དག་དང་འཚམས་


LT36_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལུས་ཀྱི་ཆོས་ཀྱིས་སྙིགས་མའི་དུས་སུ་སྐྱེ་བ་བླངས་ཏེ་སྣ་ཚོགས་པའི་གཟུགས་སུ་སྤྲུལ་ནས་འཁོར་བར་འཁོར་བ་རྣམས་གྲོལ་བར་བྱེད་དོ། །ཞེས་གསུངས་པ་ལྟར། ཆོས་ཀྱི་རྒྱལ་པོ་ཚངས་པ་ལྷའི་མེ་ཏོག་འབྲས་བུ་མཐར་ཕྱིན་པའི་གསུང་གི་རྣམ་འཕྲུལ་གྲུབ་ཐོབ་གཏེར་སྟོན་ཐམས་ཅད་ཀྱི་རྒྱལ་པོ་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གི་རྣམ་པར་རོལ་པ། རྒྱལ་དབང་བྱང་ཆུབ་རྡོ་རྗེའི་རིགས་དཔོན་སྣང་སེམས་རོ་མཉམ་དུ་རྟོགས་པས་སྲ་མཁྲེགས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་བཞག་པ་སོགས་གྲུབ་པའི་དབང་ཕྱུག་ཡོངས་སུ་གྲགས་པ་བླ་མ་ཆོས་དབང་ཉིད་བསམ་བཞིན་སྐྱེ་བ་བཞེས་པ་ཆོས་དབང་སྤྲུལ་པའི་སྐུ། རྗེ་བརྒྱད་པས་ཉིད་ཀྱི་ཕྲིན་ལས་ཀྱི་སྤྲུལ་པར་ཞལ་གྱིས་བཞེས་པའི་དྭགས་པོ་སྒོ་སྨྱོན་ནམ་སྐུ་མདུན་ཀརྨ་སྲིད་བྲལ་དུ་གྲགས་པ་གདན་ས་ཆེན་པོ་འོག་མིན་མཚུར་ཕུའི་མ་མགོན་གྱི་འཆམས་སྐུ་ཆེན་མོ་སོགས་ཕྱག་བལྟར་མཛད་པ་པོ། །འབུར་སྐུ་སྡེར་བཟོ་ལ་རང་དབང་ཐོབ་པ་དེའི་སྐུ་སྐྱེ་དགེ་སློང་དོན་གྲུབ་ཅེས། རྗེ་བདུད་འདུལ་རྡོ་རྗེ་ལ་སློབ་དཔོན་དང་ཉེ་གནས་གཉིས་ཀའི་སྒོ་ནས་མཉེས་པ་བསྒྲུབ་པ་དེ་ཉིད་ཀྱི་ཡང་སྲིད་དོན་གྲུབ་སྤྲུལ་པའི་སྐུ་སྟེ་རྣམ་པ་གཉིས་ཀའང་རྒྱལ་དབང་བཅུ་བཞི་པའི་རིགས་ཀྱི་དཔོན་དང་ཆོས་ཀྱི་སྲས་སུ་འཁྲུངས་པས་སྤངས་རྟོགས་ཡོན་ཏན་ཆ་ཡིས་རྫོགས་ཤིང་བསྟན་འགྲོའི་དཔལ་མགོན་ཏུ་གྱུར་བ། ལང་གྲོ་ལོ་ཙཱ་བ་དཀོན་མཆོག་འབྱུང་གནས་ཀྱི་ཡང་སྲིད་གཏེར་ཆེན་


LT36_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་པོ་རཏྣ་གླིང་པ་ཉིད་འབྲས་བུ་མཐར་ཕྱིན་པའི་རྣམ་པར་རོལ་པ་རིག་འཛིན་ཆེན་པོ་ཀློང་གསལ་སྙིང་པོས་རང་གིས་ཞལ་བཞེས་དང་མཐུན་པར་སྒྲུབ་བརྒྱུད་བསྟན་པའི་གསལ་བྱེད་དུ་བསམ་བཞིན་སྐྱེ་བ་བཞེས་པ་རྗེ་དཔོན་ནོར་བུ་བསམ་འཕེལ་སོགས་ན་རིམ་གསུམ་གྱིས་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ལ་སྲི་ཞུའི་ཕྱག་རྗེས་ཡབ་སྲས་ཞིག་དང་ངོ་མཉམ་དུ་མཛད་ཅིང་ཨོ་རྒྱན་སངས་རྒྱས་གཉིས་པས་རྡོ་རྗེའི་ལུང་གིས་བསྟན་པ་ཀརྨ་སྒྲུབ་བརྒྱུད་བསྟན་འཛིན་ཕྲིན་ལས་མཆོག་དང་། རྗེ་བླ་མའི་ཞལ་ནས། ཟླ་འོད་གཞོན་ནུ་གུ་་ནཱ་ཐ་དང་། །ཚེ་རིག་གྲུབ་བརྙེས་ཐང་རྒྱལ་རྣམ་པར་རོལ། །འཚོ་བྱེད་དྷྱཱན་ཞེས་གྲགས་ཞེས་སོགས་གསུངས་པ་ལྟར། དྭགས་པོ་ཟླ་འོད་གཞོན་ནུ། གཡུ་ཐོག་ཡོན་ཏན་མགོན་པོ། གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་སོགས་ཀྱི་བྱིན་གྱིས་བརླབས་ཤིང་འཚོ་བྱེད་གཞོན་ནུས་གསོས་གཉིས་པར་གྱུར་པ། རྗེ་དཔོན་བསམ་གཏན་གྱི་ཡང་སྲིད་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་རྗེ་བཙུན་བླ་མ་ཀརྨ་ཐེག་མཆོག་བསྟན་འཕེལ་གྱི་སྤྲུལ་པའི་སྐུ་ཆེན་པོ་སྟེ་དཔོན་སྤྲུལ་རིན་པོ་ཆེ་རྣམ་པ་གཉིས། སྟོན་པའི་སྤྱན་སྔར་གནས་བརྟན་ཆེན་པོ་མ་འགགས་པ། ཨོ་རྒྱན་སྤྱན་སྔར་ལྷ་སྲས་མུ་ཁྲི་བཙན་པོ། འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་སོགས་དག་པའི་སྐྱེ་བ་བརྒྱུད་མར་བཞེས་པའི་ཕྱི་མ་གཏེར་སྟོན་རིག་འཛིན་མི་འགྱུར་རྡོ་རྗེ་དྲག་པོ་ནུས་ལྡན་རྩལ་ཞེས་མངོན་ཤེས་


LT36_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

།རྫུ་འཕྲུལ་སོགས་གྲུབ་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་མངའ་བ་དེ་ཉིད་ཀྱི་ཡང་སྲིད་སྐྱེས་རབས་ཀྱི་ཕྲེང་བ་བཞི་པ། འཕགས་བའི་ཡུལ་དུ་གྲུབ་ཆེན་ཧཱུྃ་ཀཱ་ར། བོད་ཀྱི་ཡུལ་དུ་འཁོན་སྟོན་ཀླུའི་དབང་པོ་སོགས་ཀྱི་རྣམ་པར་རོལ་པ། སྙིགས་དུས་ཀྱི་གདུལ་བྱ་འདུལ་བ་ལ་ངོ་མཚར་བའི་རྣམ་པར་ཐར་པ་བསམ་ལས་འདས་པ་གཏེར་སྟོན་རིག་འཛིན་རོལ་པའི་རྡོ་རྗེ་རྟ་བདུན་སྤྲིན་སྒྲ་མཐའ་ཡས་སྩལ་གྱི་ཡང་སྲིད་སྐྱེས་བ་རབས་ཀྱི་ཕྲེང་བ་བཞི་པ་སོགས་ཁྱད་པར་དུ་འཕགས་པའི་གང་ཟག་རྣམས་གཙོ་བོར་སྨོས་པའི་སྐལ་པ་བཟང་པོ་ཅན་གྱི་འདུས་པ་ཤ་སྟག་འཁོད་པ་སྟེ། མདོར་ན། བསམ་བཞིན་སྨོན་ལམ་དབང་གིས་སྲིད་པ་ཉེ་བར་བཟུང་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་པ་མཆོག་གི་སྤྲུལ་པའི་སྐུ་ཆེན་པོ་རྣམས་དང་། རང་དོན་དུ་ཐོས་བསམ་སྒོམ་གསུམ་མཐར་ཕྱིན། གཞན་དོན་ཏུ་བསྡུ་དངོས་རྣམ་པ་བཞིས་རྒྱལ་བའི་སྲས་ཀྱི་སྤྱོད་པ་སྐྱོང་བ་དགེ་བའི་བཤེས་གཉེན་གྱི་ཚོགས་རྣམས་དང་། དཀའ་སྤྱད་དང་སྙིང་རུས་ཆེན་པོས་ཆོས་བརྒྱད་རྒྱབ་ཏུ་དོར་ཞིང་མོས་གུས་སྙིང་རྗེའི་ལམ་ནས་ཉམས་དང་རྟོགས་པའི་གཏེར་མཛོད་ཐོབ་པ་རྣལ་འབྱོར་གྱི་དབང་ཕྱུག་རྣམས་དང་། སྐྱེས་ཐོབ་དང་སྦྱོར་བྱུང་གི་ཤེར་བརྩོན་ཕུལ་དུ་བྱུང་བས་མདོ་རྒྱུད་རིག་གནས་དང་བཅས་པ་ལ་མཁྱེན་རབ་ཀྱི་རྩལ་ཁ་རྒྱས་ཏེ་སྤོབས་པའི་གཏེར་


LT36_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོ་ཡོངས་སུ་གྲོལ་ནས་འཆད་རྩོད་རྩོམ་པའི་བྱ་བས་རྒྱལ་བསྟན་གསལ་བར་མཛད་པ་ཁྱུ་མཆོག་མཁས་པའི་ཚོགས་རྣམས་དང་། སྡོམ་པ་གསུམ་གྱི་བླང་དོར་དང་ལྡན་ཅིང་བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པས་བསོད་ནམས་ཀྱི་ཞིང་དམ་པར་གྱུར་པ་མཁས་བཙུན་བཟང་པོའི་ངང་ཚུལ་ཅན་གྱི་དགེ་འདུན་འདུས་པའི་ཚོགས་རྣམས་དང་། དཔའ་ཞིང་བརྟུལ་ཕོད་ལ་རྣམ་དཔྱོད་ཀྱི་བློ་གྲོས་དཀྱིལ་ཆེ་བས་ཆོས་ལྡན་གྱི་རྒྱལ་སྲིད་བརྟན་པའི་སྲོག་ཤིང་དུ་གྱུར་པ་སའི་བདག་པོའི་མདུན་ན་འདོན་འཁོར་དང་བཅས་པ་རྣམས་དང་། དད་པ་དང་འབྱོར་པའི་ནོར་གྱིས་ཕྱུག་ཅིང་དགེ་བའི་གནས་ལ་བསམ་སྦྱོར་གཅིག་ཏུ་མཐུན་པ་ཁྱིམ་བདག་ཕོ་མོ་སྟེ་ཟླ་བ་ཉ་བ་རྒྱུ་སྐར་གྱིས་བསྐོར་བ་ལྟ་བུའི་འདུས་བ་རྒྱ་མཚོ་མི་ཕྱེད་པའི་འདུན་པ་ཅན་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །ལྔ་པ་ཆོས་ཕུན་སུམ་ཚོགས་པའི་དབང་དུ་བྱས་ན། དེའང་ཌུདྷྲྀ་།།།འཛིན་པའི་བྱིངས་ལས་གྲུབ་པའི་དྷརྨ་ཞེས་བྱ་བའི་སྒྲ་ཐང་ལོག་ཏུ་བསྒྱུར་བ་ཆོས་ཀྱི་སྒྲ་ནི་དོན་དགུ་ལ་འཇུག་སྟེ། རྣམ་བཤད་རིག་པ་ལས། ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་འབྱུང་བ་ལས་སྐབས་འདིར་ནི་དེ་རྣམས་ཀྱི་ནང་ནས་ཁྱད་པར་དུ་འཕགས་པ་དམ་པའི་ཆོས་ཉིད་གཟུང་བར་བྱ་བ་ཡིན་ལ། །དེའང་མཚན་ཉིད་ཀྱི་དབང་དུ་བྱས་


LT36_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

ན། སློབ་དཔོན་དབྱིག་གཉེན་ཞབས་ཀྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་འགོག་པའི་བདེན་པས་བསྡུས་པ་རྟོགས་པ་དམ་པའི་ཆོས་དང་། ལུང་གི་དམ་པའི་ཆོས་ཟག་པ་མེད་པ་རྣམས་ནི་བརྗོད་བྱ་ཡིན་ལ། དེ་བཞིན་གཤེགས་པའི་ཞལ་ནས་གསུངས་པའི་བཀའ་དང་དེའི་དགོངས་པ་འགྲེལ་པ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག །མང་དུ་བྱུང་བའི་སློབ་དཔོན་གཉིས། ཆེན་པོ་བཞི། མཁས་པ་སྒོ་དྲུག། བོད་ཀྱི་ལྗོངས་སུ་བཤད་རྒྱུད་འདེགས་པར་བྱེད་པའི་ཀ་ཆེན་བཅུ། སྒྲུབ་བརྒྱུད་ཤིང་རྟ་ཆེན་པོ་བརྒྱད་ཀྱི་སྲོལ་ཆེན་ཐོག་མར་ཕྱེ་བ་པོ་རྣམས་དང་། དེ་དག་གི་རྗེས་སུ་འབྲང་བའི་གང་ཟག་ཚད་ལྡན་རྣམས་ཀྱིས་སྦྱར་བའི་བསྟན་བཅོས་རྣམས་ཀྱང་འགོག་ལམ་གྱིས་བསྡུས་པའི་ཆོས་དེ་རྗོད་བྱེད་ཡིན་པའི་ཕྱིར་དམ་པའི་ཆོས་ཞེས་བྱ་སྟེ། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་པ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་འབྱུང་བ་ལྟར་ཐམས་ཅད་ལ་གྲགས་ཤིང་གྲུབ་པ་ཉིད་ཀྱི་ཕྱིར་སྐབས་འདིར་རྒྱས་པར་མི་སྤྲོའོ། །ངོ་བོའི་དབང་དུ་བྱས་ན། ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །


LT36_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་འབྱུང་བ་ལྟར། གང་ཞིག་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་བ་དང་སྒྲིབ་ནའི་གཉེན་པོར་གྱུར་པ་ཐམས་ཅད་ནི་དམ་པའི་ཆོས་ཀྱི་རང་བཞིན་ཡིན་ལ། ཆོས་ཀྱི་འཁོར་ལོ་ཞེས་པའང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་མཐོང་ལམ་ཁོ་ན་ཆོས་འཁོར་དུ་བཞེད་ལ། མདོ་སྡེ་ལ་རྣམས་ཀྱིས་མཐོང་སྒོམ་མི་སློབ་པའི་ལམ་གསུམ་དང་། ཐེག་ཆེན་པ་རྣམས་ཀྱིས་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔ་དང་རྣམ་པར་གྲོལ་བའི་ལམ་དང་བཅས་པའང་ཆོས་འཁོར་དུ་བཞེད་པ་ཡིན། དེའང་འཁོར་ལོའི་སྐད་དོད་ཙཀྲའི་སྒྲ་ནི་འཕོ་བ་དང་ཚོགས་པ་དང་གཅོད་པ་སོགས་ལ་འཇུག་པས། སྐབས་འདིར་ཡང་གདུལ་བྱའི་རྒྱུད་ལ་བྱིན་རླབས་འཕོ་བ་དང་། དགེ་བའི་བྱ་བ་མང་པོ་ཚོགས་པ་དང་སྒྲིབ་པ་དང་ཉོན་མོངས་གཅོད་པའི་ཐབས་རང་བཞིན་ཤུགས་ལས་གྲུབ་པ་ཡིན་ཏེ། སྐྱེས་རབས་ལས། ཟླ་བའི་ཀུན་དགའ་ཉི་མའི་རབ་གསལ་དང་། །མེ་ཡི་ཚ་བ་རླུང་གི་མགྱོགས་པ་དང་། །སྙིང་རྗེ་དགའ་བ་སྐྱེ་བོ་ཆེ་རྣམས་ཀྱིས། །གཞན་ལ་ཕན་པ་ལྷན་སྐྱེས་རང་བཞིན་ཡིན། །ཞེས་འབྱུང་བ་ལྟར། སངས་རྒྱས་དང་བྱང་སེམས་འཕགས་པ་རྣམས་ཀྱིས་སྐུ་གསུང་ཐུགས་ཀྱི་མཛད་པ་ཇི་ལྟར་བསྟན་ཀྱང་གཞན་གྱི་སྡུག་བསྔལ་གཅོད་པ་དང་སྒྲིབ་པ་སེལ་བའི་ཐབས་སུ་གྱུར་པ་ཁོ་ན་ཡིན་པའི་ཕྱིར་གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་མཛད་པ་ཐམས་ཅད་ཆོས་ཀྱི་འཁོར་ལོར་


LT36_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུན་གྱིས་གྲུབ་པ་སྟེ། ཇི་ལྟར་དགའ་ལྡན་གྱི་གནམ་དུ་ལྷའི་བུ་དམ་པ་ཏོག་དཀར་པོས་བྱང་ཆུབ་སེམས་དཔའ་བྱམས་པ་ཉིད་ཁང་བཟང་ཆོས་ཀྱི་མཐོ་བར་ཆོས་བཟང་ཞེས་བྱ་བའི་སེང་གེའི་ཁྲི་ག་ལ་བར་བསྐོས་ཏེ་ཐོད་དང་ཅོད་པན་དབུ་ལ་བཞག་ནས་རང་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བས་སངས་རྒྱས་ཀྱི་གདུང་མི་གཅོད་པའི་ཆོས་འཁོར་ཆེན་པོར་ལྷུན་གྱི་གྲུབ་པ་དེ་བཞིན་ཏུ་སྐྱེས་པ་རབས་ཀྱི་ཕྲེང་བ་དུ་མར་ཆོས་སྨྲ་བའི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་ཕྲིན་ལས་ཀྱི་ཤིང་རྟ་བར་མངའ་གསོལ་བའི་རྟེན་ཅིང་འབྲེལ་བར་འབྱུང་བ་དུས་སུ་སོན་པ་ལས། རྒྱལ་བ་ཐམས་ཅད་ཀྱི་ཡབ་གཅིག་གངས་ཅན་མགོན་པོ་དཔལ་ལྡན་འཇིག་རྟེན་དབང་ཕྱུག་མཆོག་ཉིད་ཀྱིས། རྒྱལ་སྲས་ཐུ་བོ་བྱམས་མགོན་དངོས་སྣང་འཇིག་རྟེན་གསུམ་གྱི་བླ་མ་གང་ཉིད་ཐེག་ཆེན་ཆོས་ཀྱི་སྒྲ་དབྱངས་འཇིགས་པ་མེད་པར་རྟག་ཏུ་སྒྲོག་པས་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་ཡང་དག་པར་མངའ་གསོལ། ཡང་དག་པར་གཟེངས་བསྟོད་པའི་ཐོག་མར་དགེ་བའི་སྣང་བས་གསུམ་དུ་ཁྱབ་པ་འདི་ལས། ལུང་དང་རྟོགས་པས་བསྡུས་པའི་བསྟན་པ་རིན་པོ་ཆེ་སྤང་ཀློག་གཉིས་ཀྱི་སྒོ་ནས་ས་ཆེན་པོའི་ཁོངས་སུ་ངེས་པར་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་བར་དུ་དགེ་བ་དང་། དེའི་མཐུས་འཇིག་རྟེན་སྲིད་པས་བསྡུས་པའི་སྐྱེ་དགུ་མཐའ་དག་གནས་སྐབས་མངོན་པར་མཐོ་བ་དང་། མཐར་


LT36_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

ཐུག་ངེས་པར་ལེགས་པའི་དཔལ་ལ་བདེ་བླག་ཏུ་སྤྱད་པས་ནམ་ཟླ་དྲོས་པ་ན་དབྱར་གྱི་དཔལ་ཡོན་དང་གིས་རྒྱས་པ་ལྟར་དཀར་པོ་རྣམ་པར་འཕེལ་བའི་ལེགས་དགུ་ཤུགས་ཀྱིས་རྒྱས་པར་འགྱུར་བ་གདོན་མི་ཟ་བས་ཐ་མར་དགེ་བ་འབྲེལ་པས་གྲུབ་པའི་ངོ་མཚར་གྱི་སྣང་བ་རྒྱས་པ་ཉིད་དོ། །དེས་གླིང་གཞིའི་ཁོག་ཕུབ་པ་སོང་ནས། གཉིས་པ་མཆོད་ཡུལ་ཉིད་ཀྱི་ཡོན་ཏན་མཆོད་པའི་དགོས་པ་དང་འབྲེལ་བར་མདོ་ཙམ་སྨོས་ན། འགྲོ་བ་ལྟ་དང་བཅས་པའི་མཆོད་འོས་ཀྱི་ཞིང་དང་སྐྱབས་དམ་པར་གྱུར་བ་ཐམས་ཅད་མཁྱེན་པ་༧ཀརྨ་ཏཱའི་སི་ཏུ་འདི་ཉིད་གདོད་མ་ཉིད་ནས་ཆོས་ཀྱི་དབྱིངས་སུ་མངོན་པར་བྱང་ཆུབ་ཅིང་མཛད་པ་མཐའ་རུ་ཕྱིན་ཀྱང་དམིགས་པ་མེད་པའི་ཐུགས་རྗེའི་མཐུ་ལས་སྲིད་པ་ཇི་སྲིད་དེ་སྲིད་དུ་ནམ་མཁའ་དང་མཉམ་པའི་འགྲོ་བའི་དོན་རྟག་ཏུ་མཛད་པ་སྟེ། ཡབ་སྲས་མཇལ་བའི་མདོ་ལས། དཔའ་བོ་ཆེན་པོ་ཐབས་མཁས་ཏེ། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །སེམས་ཅན་ཡོངས་སུ་སྨིན་བྱའི་ཕྱིར། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་གསུངས་པ་ལྟར་ཞིང་ཁམས་ལ་ལར་མངོན་པར་རྫོགས་པར་བྱང་ཆུབ་པའི་མཛད་པ་སྟོན་ཅིང་། ཁ་གཅིག་ཏུ་བྱང་སེམས་དང་ཉན་ཐོས། གཞན་དག་ཏུ་འཁོར་ལོས་བསྒྱུར་བའི་རྒྱལ་པོ། ཚངས་པ་དང་དབང་ཕྱུག །ཉི་ཟླ་ནོར་བུ།


LT36_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

རྩི་སྨན་གྲུ་ཟམ་ལ་སོགས་པ་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་པའི་སྐུ་གང་འདུལ་གྱི་རྣམ་པར་རོལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་ཅིང་། མ་འོངས་སྐྱེ་དགུ་རྣམས་ཀྱིས་ཚེ་ལོ་བརྒྱད་ཁྲི་ཐུབ་པའི་རྫོགས་ལྡན་གྱི་བསྐལ་པ་འབྱུང་བ་ན། བསྐལ་བཟང་གི་རྣམ་འདྲེན་ལྔ་བ་དེ་བཞིན་གཤེགས་པ་བྱམས་པ་མགོན་པོ་ཞེས་བྱ་བར་འཚང་རྒྱ་བར་འགྱུར་ཞིང་དེ་ཙམ་གྱིས་སངས་རྒྱས་ཀྱི་མཛད་པ་རྒྱུན་གཅོད་པར་ཡང་མི་འགྱུར་ཏེ། མདོ་སྡེ་རྒྱན་ལས། རྒྱལ་སྲས་བརྩོན་འགྲུས་མཆོག་ལ་བརྟེན་པ་དེ། སེམས་ཅན་དོན་ཕྱིར་བརྩོན་ལ་ཞུགས་པ་ན། །ཕ་རོལ་སེམས་དགེ་གཅིག་གི་ཕྱིར་དུ་ནི། །བསྐལ་པ་བྱེ་བ་སྟོང་དུ་སྐྱོ་མི་འགྱུར། །ཞེས་གསུངས་པ་ལྟར། སླར་ཡང་འཁོར་བ་མ་སྟོང་གི་བར་དུ་འགྲོ་བའི་དོན་ཚད་མེད་པར་མཛད་ཅིང་། ཁྱད་པར་སྙིགས་མ་ལྔ་དང་ལྡན་པའི་འཇིག་རྟེན་འདི་ལྟ་བུ་རྣམས་སུ་ལྷག་པར་ཐུགས་རྗེ་དང་བརྩོན་འགྲུས་ཀྱི་མཐུ་ཆེན་པོ་བསྐྱེད་ནས་མགོན་མེད་པའི་འགྲོ་བ་རྣམས་སྒྲོལ་བ་ལ་མི་འཇིགས་པའི་གོ་ཆ་ཆེན་པོ་བཞེས་པ་ཡིན་ཏེ། རྒྱན་ལས། གཞན་ཕན་བརྩོན་ལྡན་སྙིང་རྗེའི་བདག་ཉིད་དེ། །གང་ཚེ་མནར་མེད་ལ་ཡང་དགར་འཛིན་པ། །དེ་འདྲ་བདག་སྲིད་ན་གཞན་རྟེན་ཅན། །སྡུག་བསྔལ་འབྱུང་བ་རྣམས་ཀྱིས་ག་ལ་འཇིགས། །ཞེས་གསུངས་པའི་དོན་མངོན་དུ་མཛད་དོ། །ད་ལྟར་ན་སྲིད་པའི་གནས་སུ་ཡང་ནས་ཡང་དུ་


LT36_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

འཇུག་པ་དེ་དག་ལ་རང་དོན་ཏུ་བགྱི་བ་ནི་རྡུལ་ཙམ་ཡང་ཡོད་པ་མ་ཡིན་ཏེ། སྡུད་པ་ལས། བདག་ཉིད་ཆེན་པོ་སེམས་ཅན་ཡོངས་སུ་སྨིན་བྱ་དང་། ཞིང་སྦྱོང་ཕ་རོལ་ཕྱིན་རྫོགས་དོན་བྱེད་ཁོ་ནར་ཟད། ཅེས་གསུངས་པ་ལྟར། གཞན་ཕན་ཁོ་ནའི་དོན་ཏུ་སངས་རྒྱས་ཀྱི་ཞིང་སྦྱོང་བ། སེམས་ཅན་ཡོངས་སུ་སྨིན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་གི་དོན་སྒྲུབ་པའི་ཚུལ་བསྟན་པ་ཡིན་པས། དེས་ན་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་སངས་རྒྱས་ཉག་གཅིག་གི་སྤྱོད་ཡུལ་ཁོ་ན་སྟེ། ཚུར་མཐོང་ཕྱོགས་རེའི་སྣང་ངོར་གྲགས་པ་ལྟར་ནའང་དགའ་ལྡན་གྱི་གནས་སུ་རྒྱལ་ཚབ་བྱམས་པ་མགོན་པོ། བདེ་བ་ཅན་དུ་སེམས་དཔའ་ཆེན་པོ་ཆོས་ཀྱི་འབྱུང་གནས་ལ་སོགས་པ་དག་པའི་ས་ལ་བཞུགས་པའི་རྒྱལ་སྲས་རྒྱ་མཚོའི་རྣམ་པར་རོལ་པས་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བར་མཛད། འཕགས་པའི་ཡུལ་དུ་སློབ་དཔོན་ཆེན་པོ་ཌིམྦི་པ། རྡོ་རྗེའི་སྐུ་བརྙེས་ཤྲཱི་སེང་ཧ། འཆི་མེད་ཀྱི་སྐུ་ཅན་དཱ་རི་ཀ་པ་སོགས་གྲུབ་པ་ཆེན་པོའི་ས་ལ་བཞུགས་པའི་སློབ་དཔོན་དུ་མའི་ཚུལ་འཛིན་ནས་རྡོ་རྗེ་ཐེག་པའི་བསྟན་པ་སྤེལ། བོད་ཀྱི་ལྗོངས་སུ་བསྟན་པ་སྔ་དར་གྱི་སྐབས་རྒྱ་འཇམ་དཔལ་གསང་བའམ་གྱིམ་ཤང་ཞབས་ཞེས་སྔགས་རྩིས་ལ་མངའ་བརྙེས་ཤིང་བསམ་ཡས་ཀྱི་ས་དཔྱད་མཛད། སྐད་གཉིས་སྨྲ་བ་འདན་མ་རྩེ་མང་ཞེས་ལོ་ཙཱ་བ་མཆན་བུའི་གནས་སུ་བཞུགས་ཤིང་དཔལ་


LT36_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

ཨོ་རྒྱན་ཆོས་ཀྱི་རྒྱལ་པོས་རྗེས་སུ་བཟུང་སྟེ་དྲག་སྔགས་ཀྱི་བཀའ་བབ་ཅིང་ཤོག་སེར་ཕལ་ཆེར་གྱི་ཡིག་མཁན་མཛད། ཕྱི་དར་གྱི་སྐབས་སུ་དཔལ་ནཱ་རོ་དང་མེ་ཏྲིའི་ཐུགས་སྲས་དགྱེས་མཛད་དངོས་བྱོན་ལྷོ་བྲག་མར་པ་ལོ་ཙཱ་ཞེས་བོད་གངས་ཅན་ན་སྙན་པར་གྲགས་ཤིང་བཀའ་བརྒྱུད་གྲུབ་ཐོབ་རྒྱ་མཚོའི་ཆུ་མགོ་བཙུགས། དེ་ནས་གཅིག་དང་དུ་མའི་ཚུལ་གྱི་རྣམ་པར་འཕྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་སྒྲུབ་པ་ལས། སྤང་མཁན་ཆེན་འོད་ཟེར་བླ་མ་དང་། ཇོ་ནང་རྗེ་བཙུན་ཆེན་པོ་ཏཱ་ར་ནཱ་ཐ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་མང་པོར་སྤྲུལ་ནས་བསྟན་པ་རྒྱ་ཆེར་སྤེལ། རྒྱད་རྩེ་ཆོས་རྒྱལ་རབ་བརྟན་ཀུན་བཟང་འཕགས་དང་། རིན་སྤུངས་པ་ངག་དབང་འཇིག་རྟེན་དབང་ཕྱུག་སོགས་རྒྱལ་པོ་དང་རྒྱལ་ཕྲན་རྣམས་སུ་སྤྲུལ་ནས་ས་ཆེན་ཆོས་བཞིན་ཏུ་བསྐྱངས། ཁྱད་པར་སྒྲུབ་བརྒྱུད་སྙིང་པོའི་བསྟན་སྲོག་འཛིན་པ་ལ་བསམ་བཞིན་ཏུ་སྐྱེ་བ་བརྒྱུད་མར་བཞེས་པ། མཉམ་མེད་དྭགས་པོ་ལྷ་རྗེའི་དབོན་སྒོམ་པོ་ཚུལ་ཁྲིམས་སྙིང་པོ་ཞེས་ཕྱག་རྒྱ་ཆེན་པོའི་རྟོགས་པའི་བཀའ་བབ་པ་དང་། དཔལ་ལྡན་དུས་གསུམ་མཁྱེན་པས་རྒྱལ་ཚབ་ཏུ་དབང་བསྐུར་བ་འགྲོ་མགོན་རས་ཆེན་བསོད་ནམས་གྲགས་པ་གྲུབ་ཆེན་ཀརྨ་པཀྴིའི་ཉེ་གནས་ཙཱ་རི་གསར་མའི་གནས་སྒོ་ཐོག་མར་འགྱེད་པ་པོ་ཡེ་ཤེས་འོད། ཀུན་མཁྱེན་


LT36_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

རང་བྱུང་རྡོ་རྗེའི་ཐུགས་སྲས་གྲུབ་ཆེན་རི་མགོ་པ་རཏྣ་བྷ་དྲ། རྗེ་རོལ་པའི་རྡོ་རྗེའི་སྐབས་སུ་རྒྱ་ནག་ཏུ་འཕགས་པའི་གནས་བརྟན་བཅུ་དྲུག་དང་བི།།།པ་སོགས་སྤྱན་འདྲེན་པའི་ཏཱ་ཞིང་རྫུ་འཕྲུལ་ཅན། རྗེ་དེ་བཞིན་གཤེགས་པའི་རྒྱལ་ཐེབས་འོག་མིན་ཀརྨའི་གདུང་རབས་སུ་བྱོན་པ་སི་ཏུ་ཆོས་ཀྱི་རྒྱལ་མཚན་རྗེ་འདིའི་སྐབས་སུ་གོང་མ་ཏཱ་མིང་ཆེན་པོས་ཀྭ་ན་ཏིང་ཡན་ཐང་མྱའུ་ཙི་གཱི་ཤིར་ཏེ་སྤྱི་བོ་ནས་དབང་བསྐུར་བའི་བླ་མ་བརྩེ་ལྡན་འཇིག་རྟེན་འདྲེན་པ་ཞེས་པའི་མཚན་དང་ལས་ཀ །གསེར་ཡིག་འཇའ་ས་ཤེལ་ཐམ་སོགས་ཕུལ་བས་དེ་ནས་བཟུང་ད་ལྟའི་བར་དུ་མཚན་དང་གོས་ཉམས་མེད་དཀྱུས་སུ་འཇུག་པ་ཡིན་ཅིང་། རྗེ་དྲུག་པ་མཐོང་བ་དོན་ལྡན་གྱི་སྐབས་སུ་ཏཱའི་སི་ཏུ་བཀྲ་ཤིས་རྣམ་རྒྱལ། བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་སུ་ཏཱའི་སི་ཏུ་བཀྲ་ཤིས་དཔལ་འབྱོར་རྣམ་པ་གཉིས་ཀྱང་བོད་ཆོས་རྒྱལ་གྱི་གདུང་རིགས་སུ་འཁྲུངས། གོང་མ་ཆེན་པོའི་ལུང་གིས་མངོན་པར་མཐོ་བ་ཡིན། རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་སྟོན་འཁོར་ཐ་མི་དད་དུ་ཞལ་གྱིས་བཞེས་ཤིང་ཡོངས་སུ་གྲགས་པའི་མཁས་གྲུབ་ཆེན་པོ་སི་ཏུ་མི་འཁྲུགས་ཆོས་ཀྱི་འོད་ཟེར་གོ་ཆ། དགུ་པ་དབང་ཕྱུག་རྡོ་རྗེས་ཉིད་དང་རྣམ་དབྱེར་མེད་པར་ཞལ་གྱིས་བཞེས་ཏེ་ཞྭ་དམར་གསེར་མདངས་མཐོང་གྲོལ་ཆེན་མོ་དབུ་ལ་གསོལ། སྙིང་པོ་དོན་གྱི་བསྟན་པ་གཏད། མཛད་པའི་ཕྱག་རྗེས་རླབས་སུ་ཆེ་བ་སི་ཏུ་ཆོས་


LT36_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ། རྗེ་བཅུ་པ་ཆོས་དབྱིངས་རྡོ་རྗེའི་ཐུགས་སྲས་ན་བཟའ་ཉི་ཟེར་ལ་འགེལ་བ་སོགས་སྐུ་གཞོན་ནུའི་དུས་ནས་མངོན་ཤེས་དང་རྫུ་འཕྲུལ་ལ་ཆགས་ཐོགས་མེད་པ་ཆོས་རྒྱལ་མི་ཕམ་ཕྲིན་ལས་རབ་བརྟན། བཅུ་གཅིག་ཡེ་ཤེས་རྡོ་རྗེས་རྗེས་སུ་བཟུང་ཞིང་གྲོལ་བ་བཞི་ལྡན་གྱི་ཕྲིན་ལས་ཅན་ལེགས་བཤད་སྨྲ་བའི་ཉི་མ། བཅུ་གཉིས་པ་བྱང་ཆུབ་རྡོ་རྗེས་ངེས་པ་དོན་གྱི་རྒྱལ་ཚབ་ཏུ་དབང་བསྐུར་ཞིང་། རྗེ་བཅུ་གསུམ་པའི་རིགས་བདག་ཏུ་ཕེབ་པ་སོགས་སྒྲུབ་བརྒྱུད་སྙིང་པོའི་བསྟན་པ་ལ་སྲོག་མཐུད་པ་ལྟ་བུའི་བཀའ་དྲིན་ཅན། སྐྱེས་བུ་དམ་པ་རྣམས་ཀྱི་ལུང་བསྟན་གྱི་ཆེ་བ། སྔོན་སྦྱངས་སྐྱེས་ཐོབ་ཀྱི་ཆེ་བ། སྦྱང་སྟོབས་གཞུང་ལུགས་ཀྱི་ཆེ་བ། མཁས་གྲུབ་བཤེས་གཉེན་བསྟེན་པའི་ཆེ་བ། ཐུགས་དམ་བསགས་སྦྱངས་ཉམས་རྟོགས་ཀྱི་ཆེ་བ། སྐད་རིགས་མཐའ་དག་ལ་མི་རྨོངས་པའི་ཆེ་བ། མཛད་པ་ཕྱག་རྗེས་ཀྱི་ཆེ་བ། རིས་མེད་བཤེས་གཉེན་རྣམས་ཀྱིས་བསྔགས་པའི་ཆེ་བ། བསྐྱངས་པའི་སློབ་ཚོགས་ཀྱི་ཆེ་བ་སྟེ་བོད་ཀྱི་བཤེས་གཉེན་གཞན་ལས་ཁྱད་པར་དུ་འཕགས་པའི་ཆེ་བ་དགུ་དང་ལྡན་པ་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས། རྗེ་བདུད་འདུལ་རྡོ་རྗེས་ངེས་དོན་སྙིང་པོའི་བསྟན་པ་གཏད་ཅིང་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། རྗེ་བཅུ་བཞི་པའི་རིགས་བདག་ཏུ་ཕེབ། གྲུབ་པ་ཆེན་པོའི་


LT36_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་ཐར་ཟོལ་མེད་དུ་བསྟན་ཅིང་སྒྲུབ་བརྒྱུད་རིན་པོ་ཆེའི་བསྟན་པ་ལ་ཕྱག་རྗེས་རླབས་སུ་ཆེ་བ། སངས་རྒྱས་ཀུན་དངོས་པདྨ་ཀ་ར་དང་ཞལ་མི་གཉིས་པ་པདྨ་ཉིན་བྱེད་དབང་པོ། རྗེ་དེ་ཉིད་འགྲོ་བའི་དོན་མཐར་ཕྱིན་ནས་རེ་ཞིག་གཞན་དོན་དུ་དགོངས་པ་ལྟར་སྣང་ནའང་། ཇི་སྐད་དུ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། །དུས་རླབས་ཡོལ་བར་འགྱུར་ཡང་སྲིད། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་ཡོལ་བ་མེད། །ཅེས་གསུངས་པ་ལྟར་གདུལ་བྱའི་ཡུལ་ལ་འཇུག་པའི་ཐུགས་རྗེ་དུས་ལས་མ་ཡོལ་བར་སྐུ་བརྗེས་པ་ཙམ་ལས་ཐུགས་འཁྲུལ་བ་མེད་པར་བསམ་བཞིན་བསྟན་འགྲོའི་དཔལ་མགོན་ཏུ་སྐྱེ་བ་བཞེས་པ་སྐྱབས་མགོན་༧ཏཱའི་སི་ཏུ་པདྨ་ཀུན་བཟང་ཆོས་ཀྱི་རྒྱལ་པོ་མཚན་དཔེའི་དཀྱིལ་འཁོར་ལྷ་མ་མེར་གསལ་བ་འདི་ཉིད་དེ། དེའང་གསང་བ་བསམ་གྱིས་མི་ཁྱབ་པར་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་ཆོས་ཀྱི་སྐུ་དང་ལྡན་པ་ལ་སྐྱེ་བ་དང་། འཆི་འཕོ་དང་། འབྱུང་བ་མེད་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་སྐྱེ་བ་དང་། འཆི་འཕོ་དང་། འབྱུང་བ་ཡང་སྟོན་ཏོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་ནི་སེམས་དག་ཅིང་དྲི་མ་མེད་དེ་དྲི་མ་དང་བྲལ་ལ་འདུས་མ་བྱས་ཀྱི་ཆོས་མངོན་སུམ་དུ་གྱུར་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར། བསམ་བཞིན་ཏུ་ཁམས་གསུམ་དུ་ཉིང་མཚམས་སྦྱོར་རོ། །ཞེས་


LT36_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཕགས་པ་ཀླུས། བྱང་ཆུབ་སེམས་དཔའ་དེ་ལྟ་ན། །རྫོགས་པའི་བྱང་ཆུབ་ངེས་པར་འདོད། །དེ་ནི་སྙིང་རྗེ་འབའ་ཞིག་གིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་གསུངས་པ་ལྟར་རང་དོན་ཞི་བའི་བདུད་རྩི་ལ་མ་ཆགས་པར། སྲིད་ལས་འདས་ཀྱང་ཡང་ཡང་སྲིད་པ་རྣམས་སུ་སྐྱེ་བ་སྤྲུལ་པའི་སྐུར་བསྟན་པ་སྟེ། དེའི་ཚུལ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོའི་ཆགས་ཐོགས་དྲི་མ་མེད་པའི་ཡེ་ཤེས་ཀྱི་གཟིགས་པར་སྐུ་འཁྲུངས་པའི་ཡུལ་དང་ཡབ་ཡུམ་གྱི་མཚན་དགུང་སྙིར་བཅས་ས་ལེར་ཤར་བ་རང་བྱུང་རྡོ་རྗེའི་གསུང་གིས་གསལ་བར་ལུང་བསྟན་པ་འདི་ལྟ་སྟེ། ཨེ་མ། ཡུལ་གངས་ཅན་བོད་ཡུལ་བྱང་གི་ཕྱོགས། །ལྷ་ཆེན་པོ་ཐང་ལྷས་སྐྱོང་བའི་ཡུལ། །གནམ་ཐང་ལ་ལྟུང་འདྲིའི་མཚོ་ཆེན་གྱི། །ཕྱོགས་མཚམས་ཀུན་སྦྲ་ཁྱིམ་འཛིན་པ་ཡིས། །སྡེ་དུད་ཀྱི་བཀོད་ལེགས་ཚོམ་བུར་བཀྲ། །སྔོན་ཨོ་རྒྱན་པདྨ་འབྱུང་གནས་དང་། །དཔལ་རྒ་ལོ་རྒྱལ་བ་ལོངས་པ། །མཐིང་དམར་གྱི་ཅོད་པན་འཆང་བ་སོགས། །མགོན་དུ་མ་མཆོག་དངོས་བརྙེས་པའི་གནས། །དེའི་བྱང་ཕྱོགས་ཤར་དུ་ཉེ་བའི་སར། །འབྲོག་སྦྲ་ཁྱིམ་འཛིན་བའི་སྐལ་བཟང་ནི། །སྐྱེད་བྱེད་ཀྱི་ཕ་མ་ཚེ་ཡི་མིང་། །རིགས་བཟང་པོར་གྲགས་པ་དེ་གཉིས་ཀྱི། །བུ་ཤིང་སྟག་ལོ་པའི་ཚུལ་བཟུང་ནས། །བསྟན་


LT36_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བའི་དོན་ཆེན་སྒྲུབ་པ་ལ། །བསམ་བཞིན་དུ་སྐྱེ་བ་བཞེས་པ་ཞིག །ཐེ་ཚོམ་དང་བྲལ་བའི་མཚན་རྟགས་ནི། །གསལ་པོ་ཞིག་ཤར་བས་རང་སེམས་ལ། །དད་གུས་དང་སྤྲོ་བས་ལུས་སེམས་བདེ། །ཞེས་བཀའ་སྩལ་བ་དང་ཤིན་ཏུ་མཐུན་པར་ཡུལ་དང་ཡབ་ཡུམ་དེ་ལྟ་བུར་ལྷུམས་སུ་ཞུགས་ཤིང་སྐུ་བལྟམས་པའི་ཚེ་ངོ་མཚར་བའི་ལྟས་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་དང་། གཞོན་ནུ་རོལ་རྩེད་ཀྱི་ཚེ་ནའང་སྔོན་གནས་རྗེས་སུ་དྲན་པ་དང་དུས་གསུམ་སྒྲིབ་བྲལ་དུ་མཁྱེན་པ་སོགས་སྐལ་ལྡན་ཀུན་ངོ་མཚར་སྐྱེད་པས་འཁྲུལ་བ་དང་བྲལ་བ་ཡིད་ཆེས་པ་དང་། རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་གཏེར་ལུང་ཡེལ་ཕུག་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ལས་ཀྱང་། ཐང་གི་ལྷ་ལ་གནམ་གྱི་མཚེ་ཡོད་པར། །ང་ཡི་སྤྲུལ་པས་མནྟ་བྷ་དྲ། ཤིང་སྟག་ལོ་བ་འགྲོ་བའི་མགོན་པོ་འབྱུང་། ཞེས་པས་མཚོན་མཁའ་འགྲོ་འབུམ་རྫོང་། འོག་མིན་ཀརྨ། པདྨ་ཤེལ་ཕུག །སེང་ཆེན་གནམ་བྲག་གཙོ་བོར་གྱུར་པའི་གཏེར་ཁ་ཐམས་ཅད་ལས་ཨོ་རྒྱན་ཉིད་ཀྱི་སྤྲུལ་པར་ཤིན་ཏུ་གསལ་བར་ལུང་གིས་བསྟན་པར་མཛད་པས། བླ་མ་དགོངས་འདུས་ཀྱི་ལུང་བསྟན་ཆེན་མོར་ཆོས་ཀྱི་སྤྱན་ཅན་དྲུག་གི་རྗེས་ཐོག་ཏུ་པདྨའི་ལྗགས་ལྡན་དྲུག་གིས་བསྟན་པ་སྤེལ་བར་གསུངས་པའི་པདྨའི་ལྗགས་ལྡན་གཉིས་པ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ་གདོད་ནས་


LT36_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་པའི་འགྲོ་བའི་མགོན་པོ་ཉིད། རྒྱལ་བ་ཀུན་གྱི་ཡབ་གཅིག་འཇིག་རྟེན་དབང་ཕྱུག་དངོས་ཉིད་ཀྱིས་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། དམ་པ་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར། ངེས་དོན་སྙིང་པོའི་བསྟན་པ་གཏད་པའི་དུས་དང་སྐལ་པ་བཟང་པོ། སངས་རྒྱས་འཇིག་རྟེན་ཏུ་བྱོན་པ་ལྟ་བུ་བརྒྱ་ལམ་རེས་འགའ་ཙམ་ཡང་མཐོང་བ་དང་འབྱུང་བར་དཀོན་པའི་མཆོག་འདི་ལ། ལྷ་དང་ཀླུ་དང་མིའི་འགྲོ་བ་གཙོ་བོར་གྱུར་པའི་སྐྱེ་དགུ་ཀུན་གྱིས་བདོག་པའི་དངོས་པོ་ཐམས་ཅད་ཀྱིས་མཆོད་ཅིང་སྲི་ཞུར་བྱ་བ་སོགས་སྒོ་དུ་མ་ནས་ཚོགས་གསོག་ཅིང་བསོད་ནམས་སྤེལ་བའི་འོས་སུ་གྱུར་པ་སྟེ། དེ་ལྟ་བུའི་ཚུལ་དང་དགོས་པ་མདོ་རྒྱུད་ཀུན་ལས་རྒྱ་ཆེར་གསུངས་པ་ནི། བ་ཚ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱིས་འོང་། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་ལྔ་བརྒྱའི་ཐ་མ་འདིར་རྫོགས་པའི་སངས་རྒྱས་ཉིད་དགེ་བའི་བཤེས་གཉེན་གྱི་སྐུར་བསྟན་པ་ལན་གཅིག་མིན་པར་གསུངས་པ་དང་། མཐུ་སྟོབས་དབང་ཕྱུག་བི་རཱུ་པས། །བླ་མ་དང་ནི་རྡོ་རྗེ་སེམས་ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་


LT36_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

འཆང་། །རྩོད་པའི་དུས་འདིར་བདག་དོན་ཏུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་འཐོབ་པར་འགྱུར། །ཞེས་བླ་མ་མཆོག་གསུམ་ཀུན་འདུས་ཀྱི་རྩ་བར་གསུངས་ཤིང་། དེ་ཉིད་མཆོད་པས་བསོད་ནམས་ཀྱི་མཆོག་ཏུ་གྱུར་པའི་ཚུལ་ཡང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། །དེ་བས་ཐབས་ནི་ཐམས་ཅད་ཀྱིས། །རྡོ་རྗེ་འཛིན་པ་བླ་མ་མཆོག །རྗེས་སུ་མཐུན་པས་མཉེས་པར་བྱ། །དེ་མཉེས་སངས་རྒྱས་ཐམས་ཅད་མཉེས། །ཞེས་དང་། དུས་འཁོར་རྩ་རྒྱུད་ཀྱི་དུམ་བུ་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། དཀོན་མཆོག་གསུམ་ལ་མཆོད་པ་དང་། །སྲོག་ཆགས་བྱེ་བའི་ཚེ་བསྐྱབས་ཀྱང་། །ཚེ་འདིར་སངས་རྒྱས་མི་འཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དང་བའི་ཡིད་ཀྱིས་མཉེས་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་ངེས་པར་འཐོབ། །ཅེས་དང་། གསང་འདུས་རིམ་ལྔ་ལས། མཆོད་པ་ཐམས་ཅད་ཡང་སྤངས་ཏེ། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །གོ་འཕང་མཆོག་ནི་འཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །


LT36_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་གསུངས་པ་དང་། བླ་མ་བསྟེན་ཚུལ་ལྔ་བཅུ་པ་ལས། རྟག་ཏུ་བླ་མར་ཡང་དག་དབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །མི་བཟོད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེར་ནི་བླ་མར་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་སོགས་ལུང་མཐའ་ཡས་པ་འབྱུང་བ་ལྟར་རྣམ་པ་ཀུན་ཏུ་དཔལ་ལྡན་བླ་མ་མཆོག་གི་རྡོ་རྗེ་འཆང་བ་ཉིད་མཆོད་ཅིང་བསྙེན་བཀུར་བ་ནི་བསགས་སྦྱང་ཀུན་གྱི་རབ་དང་ཕུལ་དུ་གྱུར་པ་མ་ཟད། ད་ལམ་གྱི་སྐབས་འདིར་གོང་དུ་སྨོས་པ་ལྟར་དགོས་པ་ཁྱད་པར་ཅན་དང་འབྲེལ་བས་བསོད་ནམས་བྱ་བའི་དངོས་པོ་ལ་འཇུག་པར་རིགས་ཏེ། དེ་ཙམ་གྱིས་གླེང་སློང་གི་དམིགས་དབྱེ་བ་མདོ་ཙམ་སྨོས་ཟིན་ཏོ། །གསུམ་པ་མཆོད་པར་བྱ་བའི་རྣམ་བཞག་ཐར་ཆགས་སུ་སྨོས་པས་སྐབས་དོན་གཏན་ལ་འབེབས་པ་ལ་གསུམ། ཚོགས་གཉིས་ཀྱི་བྱ་བ་སྤྱིར་སྨོས། ཆོས་ཀྱི་ཁྲི་ཆེན་པོར་ཕེབས་པའི་མངའ་འབུལ་གྱི་ས་བཅད་བྱེ་བྲག་ཏུ་བཤད། ཞིང་ཁམས་འབུལ་བའི་སྐབས་དོན་ཁྱད་པར་དུ་དབྱེ་བའོ། །དང་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ཚོགས་ནི་སྤྱིར་བསོད་ནམས་དང་ཡེ་ཤེས་གཉིས་ཀྱིས་བསྡུས་པ་སྟེ། མདོ་


LT36_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་བར་མངོན་མཐོར་བྱེད། །གཞན་གྱིས་ཉོན་མོངས་མེད་པར་འཁོར། །སྦྱིན་པ་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །རྒྱུན་དུ་གོམས་པ་ཐོབ་ནས་ནི། །དགེ་བ་ཡང་དང་ཡང་དུ་བསྒྲུབ། །བསྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་སྒྲུབ་པར་བྱེད་པའང་ཡིན། །ཅེས་འབྱུང་། དེས་ན་ཚོགས་གཉིས་ཀྱི་རང་བཞིན་ཅན་གྱི་ཕ་རོལ་དུ་ཕྱིན་པ་དྲུག་གིས་བསགས་སྦྱང་ཐམས་ཅད་ལ་ཁྱབ་པ་ཡིན་པའི་ཕྱིར། འདིར་ཡང་ཡན་ལག་བདུན་ལ་གཙོ་བོར་གྱུར་པའི་ཆོས་སྤྱོད་དང་དགེ་བའི་ལས་སུ་བྱ་བ་ཐམས་ཅད་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པ་མཉེས་པར་བྱ་བའི་ཐབས་ཚུལ་ཁོན་ལྷུར་ལེན་པ་ལ་ཚོགས་གཉིས་ཀྱིས་བསྡུས་པའི་ཕར་ཕྱིན་དྲུག་གི་རང་བཞིན་ཅན་གྱི་ཚོགས་གསོག་ཏུ་ལྷུན་གྱིས་གྲུབ་པ་མ་ཟད། བསམ་པ་རྣམ་པར་དག་པས་བསྒྲུབ་པའི་བྱ་བའི་ཁྱད་པར་ཕྲ་མོ་རེ་ལའང་ཕན་ཡོན་དགོས་པ་ཆེན་པོ་ཡོད་པ་ཡིན་ཏེ། དཔེར་ན། གནས་ཁང་བྱི་དོར་བྱས་ཤིང་རྒྱན་གྱི་བཀོད་པས་སྤྲས་པ་དང་། ཆོས་ཀྱི་ཁྲི་སྟན་བཟང་པོ་བཤམས་པ་འདི་ཙམ་ཡང་ཆེ་འདོད་སྤྲོས་བཅས་ཁོ་ན་མ་ཡིན་པར་དགོས་པ་ཁྱད་པར་ཅན་མངའ་བ་ཡིན་ཏེ་འཕགས་


LT36_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། དམ་ཆོས་འཆད་པ་རབ་ཏུ་ཕེབ་པ་དེར། །སེང་གེའི་ཁྲི་སྟན་གདུགས་དང་རྒྱ་མཚན་བསྒྲེང་། མུ་ཏིག་རིན་ཆེན་སིལ་སྙན་རོལ་མོའི་སྒྲ། །མཆོད་པ་རྣམ་པ་མང་པོས་བརྒྱན་པར་བྱ། །སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་ཏུ་འབུལ། །ཡིད་དུ་འོང་བས་མཁན་པོ་སློབ་དཔོན་བསྟེན། །གཞན་ལ་བསྟི་སྟང་བྱེད་པས་སྐྱོ་བ་མེད། །དེ་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན། །ཅེས་གསུངས་པས་མཚོན་གཞན་ལའང་རྒྱ་ཆེར་སྤྲོར་ཡོད་པ་ཡིན་ནོ། །གཉིས་པ་མངའ་དབུལ་གྱིས་བཅད་བྱེ་བྲག་ཏུ་བཤད་ན། དེའང་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་སྐྱབས་མགོན་མཆོག་གི་སྤྲུལ་པའི་སྐུ་གོང་མ་རྣམས་ཀྱིས་ཆོས་འཁོར་བསྐོར་བའི་སེང་གེའི་ཁྲི་ཆེན་པོར་ཕེབ་པ་ལ། ཚོགས་གསོག་དགའ་སྟོན་དང་འབྲེལ་པར་མངའ་དབུལ་ཞལ་བསྲོ་འབུལ་བ་ལའང་གསུམ། སྔོན་དུ་བྱ་བ་དང་། དངོས་གཞིའི་བྱ་བ་དང་། རྗེས་ཀྱི་བྱ་བ་གསུམ་ཡོད། དང་པོ་སྔོན་དུ་བྱ་བ་ནི། ཇི་ལྟར་བཅོམ་ལྡན་འདས་བྱང་ཆུབ་སྙིང་པོར་གཤེགས་པའི་སྔ་ལོགས་སུ་བདུད་འདུལ་བའི་མཛད་པ་སྟོན་པ་བཞིན་ཏུ། ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་མངའ་གསོལ་བའི་སྔ་ལོགས་སུ་བགེགས་དང་ལོག་འདྲེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་བསལ་དགོས་པ་ནི་དཀྱིལ་འཁོར་ཀུན་གྱི་ཁྱབ་


LT36_Page_0154
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱལ་དབང་རིན་པོ་ཆེའི་ཐུགས་རྗེའི་མཐུ་སྟོབས་ཆེན་པོ་ལས་གྲུབ་ཟིན། དེ་ནས་དེ་བཞིན་གཤེགས་པའི་སྟོབས་བཅུ་དང་། མི་འཇིག་པ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་བཅུ་དང་། ཕྲིན་ལས་བཞིའི་བདག་ཉིད་ཅན་གྱི་ཆོས་ཀྱི་ཁྲི་ཆེན་པོར། ལྷ་རྫས་ཀྱི་མཆོད་སྤྲིན་དཔག་ཏུ་མེད་པས་མདུན་བདར་ཏེ་སྤྱན་དྲངས་པ་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་ཏུ་འབྱུང་བའི་ཚེ། གླང་ཆེན་ས་སྲུང་གི་བུས་སུམ་ཅུ་རྩ་གསུམ་ལྷའི་གནས་ནས་རིན་པོ་ཆེའི་སྣོད་བདུད་རྩིས་གཏམས་པ་བླངས་ཏེ་སྤྱི་བོར་བླུགས་ཤིང་ཁྲུས་བྱས་ནས་རྒྱལ་པོར་མངའ་དབང་བསྐུར་བ་དང་། ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱོན་པ་ན། ལྷ་ཀླུའི་རྒྱལ་པོ་རྣམས་ཀྱིས་ལྷའི་ཆུ་གཙང་མས་སྐུ་ཁྲུས་གསོལ་བ་ལྟར་ཁྲུས་ཁང་བསྐྱེད་པ་སྔོན་དུ་འགྲོ་བའི་སྐུ་ཁྲུས་གསོལ་བས་ལྟར་སྣང་གློ་བུར་གྱི་དྲི་མ་གཙང་བར་མཛད་པ་དང་། དེ་བཞིན་གཤེགས་པ་སྲས་དང་བཅས་བའི་སྨོན་ལམ་དང་ཕྲིན་ལས་ཀྱི་ཁྱད་པར་ཐམས་ཅད་གཅིག་ཏུ་བསྡུས་ནས་འཁོར་བ་མ་སྟོང་གི་བར་དུ་ལྷ་དང་མི་རྣམས་ཀྱི་སྟོན་པ་བླ་ན་མེད་པའི་མཛད་པ་སྟོན་པ་ལས་ནམ་ཡང་གཡོ་བ་མི་མངའ་བར་ཚེ་དང་ཡེ་ཤེས་ཀྱི་སྣང་བ་དཔག་ཏུ་མེད་པར་གདོད་ནས་གྲུབ་པ་ལ། མཁའ་ཁྱབ་ཏུ་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་


LT36_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

ལོའི་གཟི་ཕྱིན་ཐམས་ཅད་བསྡུས་ཏེ་གཉིས་སུ་མེད་པའི་ཕྱག་རྒྱས་མི་གཡོ་བར་བཅིངས་པ་དེ་དག་ཀྱང་རྒྱལ་དབང་ཐམས་ཅད་མཁྱེན་པའི་བྱིན་རླབས་ལས་གྲུབ་པ་ཡིན། །གཉིས་པ་དངོས་གཞིའི་བྱ་བ་ལ་གཉིས། ཐུན་མོང་གི་མཆོད་པས་མངའ་དབུལ་ཞལ་བསྲོབ་དང་། ཐུན་མོང་མ་ཡིན་པའི་མཆོད་པས་མངའ་དབུལ་ཞལ་བསྲོ་བའོ། །དང་པོ་ནི་བསོད་ནམས་ཀྱི་ལས་སུ་བྱ་བ་ཐམས་ཅད་ཡིན་ཏེ། དེ་ལའང་ཡན་ལག་བདུན་པས་ཚོགས་ཀྱི་སྒོ་སྤྱིར་བསྒྲུབ་པ་ལ། རང་གཞན་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་ཀྱི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བ། དངོས་འབྱོར་དང་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་རྒྱ་མཚོས་མཆོད་པ་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་གནང་འགྱོད་དྲག་པོའི་སྒོ་ནས་བཤགས་ཤིང་བསྡམས་པ། འཕགས་པ་དང་སོ་སོའི་སྐྱེ་བོ་མཐའ་དག་གི་རྣམ་པར་དཀར་བ་ལ་རྗེས་སུ་ཡི་རང་བ། ཐེག་པ་གསུམ་གྱིས་བསྡུས་པའི་དམ་པའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བར་བསྐུལ་བ། འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་གཟུགས་སྐུ་འདི་ཉིད་བརྟན་པར་བཞུགས་སུ་གསོལ་བ། དུས་གསུམ་གྱི་དགེ་བའི་རྩ་བ་ཐམས་ཅད་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ་རྣམས་ཀྱང་ཕྱག་ལེན་ཏུ་བསྟར་བ་ཡིན་ལ། བྱེ་བྲག་ཞིང་


LT36_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་འབུལ་བ་སྔོན་དུ་འགྲོ་བའི། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོར་ལྷུན་གྱིས་གྲུབ་པའི་རྟེན་རྣམས་དང་། འཇིག་རྟེན་ན་རིན་ཐང་ཆེ་བའི་རིན་པོ་ཆེ་དང་དར་ཟབ་ཀྱིས་མཚོན་པའི་འབྱོར་པའི་ཁྱད་པར། བཟའ་བ་དང་བཅའ་བ་བསོད་པ་མང་པོའི་ཞལ་ཟས་ཀྱི་བྱེ་བྲག་ལ་སོགས་པ་ནི་རིམ་པ་བཞིན་ཏུ་མཆོད་ཅིང་འབུལ་ཏེ་བསྙེན་བཀུར་ལྷུར་ལེན་པར་འགྱུར་བ་ལགས། གཉིས་པ་ཐུན་མོང་མ་ཡིན་པའི་མཆོད་པས་མངའ་དབུལ་བ་ནི། དྲི་མ་མེད་པར་གྲགས་པས་ཞུས་པའི་མདོ་ལས། ལྷ་ཡི་དབང་པོ་ཇི་ཙམ་ན་དེ་བཞིན་གཤེགས་པ་རྣམས་ལ་མཆོད་པ་ཐམས་ཅད་ཀྱི་ནང་ནས་ཆོས་ཀྱི་མཆོད་པ་ནི་མཆོག་ཅེས་བྱའོ། །མཆོག་དང་། དམ་པ་དང་། མཆོག་རབ་དང་། གྱ་ནོམ་པ་དང་། བླ་མ་དང་། བླ་ན་མེད་པ་ཞེས་བྱའོ། །ལྷའི་དབང་པོ་དེ་ལྟ་བས་ན་ང་ལ་ཟང་ཟིང་གིས་མ་མཆོད་པས་ཆོས་ཀྱི་མཆོད་པས་མཆོད་ཅིག །ང་ལ་ཟང་ཟིང་གི་བསྟི་སྟངས་མ་བྱེད་པར་ཆོས་ཀྱིས་བསྟི་སྟངས་གྱིས་རི་མོར་གྱིས་ཤིག །ཅེས་དང་། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། ཟང་ཟིང་གི་སྦྱིན་པ་ནི་ཉན་ཐོས་ཀྱི་སྦྱིན་པ་ཡིན་ཏེ་ཚེ་དང་ལོངས་སྤྱོད་བསྐྱེད་པར་ཟད་ཀྱིས་འཁོར་བ་ལས་མི་ཐར་རོ། །ཐེག་པ་ཆེན་པོ་ཆོས་ཀྱི་སྦྱིན་པ་ནི་སེམས་ཅན་རྣམས་ཀྱི་བྱང་ཆུབ་ཀྱི་རྩ་བ་སྐྱེད་པ་དང་། ཐེག་པ་གསུམ་གྱི་ཡེ་


LT36_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་ཀྱི་སྲོག་སྡུད་པར་བྱེད་པའོ། །ཞེས་དང་། མདོ་གཞན་ལས་ཀྱང་། སྐྱེས་བུ་དམ་པ་ཆོས་ཀྱི་མཆོད་པ་ནི་མཆོད་པ་རྣམས་ཀྱི་ནང་ན་མཆོག་གོ། །ཞེས་འབྱུང་བ་ལྟར་སྟོང་གསུམ་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་རིན་ཐང་མེད་པའི་རིན་པོ་ཆེ་རྣམས་ཀྱིས་ཕྱུར་བུར་བཀང་སྟེ་མཆོད་པ་ལས་ཀྱང་། དམ་པའི་ཆོས་ཚིག་བཞིའི་ཚིགས་སུ་བཅད་པ་གཅིག་གི་དོན་བཀྲོལ་ཏེ་ལེགས་པར་བཤད་པས་མཆོད་པ་ཉིད་ཆེས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་ཉིད་ཆོས་ཀྱི་མཆོད་པ་ཡིན་པའི་ཁུངས་ཀྱང་དཀོན་བརྩེགས་དྲི་མ་མེད་པས་ཞུས་པ་ལས། མདོ་སྡེ་རྣམས་གང་ཡང་དག་པར་སྟོན་པ་དང་། འཆང་བ་དང་། སོ་སོར་རྟོག་པ་དང་། དམ་པའི་ཆོས་ཀུན་སྡུད་པ་དེ་ནི་ཆོས་ཀྱི་མཆོད་པ་ཞེས་བྱའོ། །ཞེས་འབྱུང་བ་ལྟར་རོ། །དེ་ལྟ་བུའི་དགོས་པ་ཆེན་པོ་དང་ལྡན་པའི་མཆོད་པ་ནི། དེ་བཞིན་གཤེགས་པའི་ཆོས་ཀྱི་འཁོར་ལོ་མཐའ་དག་གི་སྙིང་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྟ་བ་ཀུན་རྫོབ་ཀྱི་སྤྲོས་པ་གཅོད་པ་ལས་བརྩམས་ཏེ་མཉམ་བཞག་ཏུ་ལ་ཟླ་བ་ཟབ་མོའི་གནས་ལུགས་གཙོ་བོར་སྟོན་པ་དབུ་མ་ལ་འཇུག་པ། དོན་དམ་འོད་གསལ་དབྱིངས་ཀྱི་རང་བཞིན་གཏན་ལ་འབེབས་མ་ལས་བརྩམས་ཏེ་རྗེས་ཐོབ་ཏུ་ཤན་འབྱེད་པ་རྒྱ་ཆེ་བའི་གནས་ལུགས་གཙོ་བོར་སྟོན་པ་རྒྱུད་བླ་མ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྦས་


LT36_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མངོན་རྟོགས་བརྒྱད་ལས་བརྩམས་ཏེ་རྒྱལ་བའི་སྲས་པོ་རྣམས་ཀྱིས་བསྒྲུབ་པར་བྱ་བའི་ལམ་གྱི་རིམ་པ་གཙོ་བོར་སྟོན་པ་མངོན་རྟོགས་རྒྱན་ཏེ་འཁོར་ལོ་བར་པ་དང་ཐ་མ་གཉིས་ཀྱི་དགོངས་འགྲེལ་མཆོག་ཏུ་གྱུར་པའི་གཞུང་གསུམ། ཕུང་ཁམས་སྐྱེ་མཆེད་རྣམ་པར་བཞག་པ་གཙོ་བོར་གྱུར་པའི་ཆོས་ཐམས་ཅད་ཀྱི་མཚན་ཉིད་གཏན་ལ་འབེབས་པ་མངོན་པའི་སྡེ་སྣོད་ཀྱི་དགོངས་འགྲེལ་མངོན་པ་མཛོད། ཐུན་མོང་གི་ཐེག་པ་ལས་ཁྱད་པར་དུ་མས་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་རྒྱུད་སྡེ་བཞིའི་ཡང་རྩེ་རྣལ་འབྱོར་མ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་བཅོམ་ལྡན་དགྱེས་པ་རྡོ་རྗེའི་རྩ་བའི་རྒྱུད་བརྟག་པ་གཉིས་པ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་གསང་ཆེན་ཟབ་མོ་ནང་གི་དོན་རྒྱལ་བ་གཉིས་པ་རང་བྱུང་ཞབས་ཀྱིས་བཀའི་བསྡུ་བ་མཛད་པའི་གཞུང་ཆེན་པོ་སྟེ་ཕ་རོལ་ཕྱིན་པ་དྲུག་གི་གྲངས་དང་ལྡན་པའི་གཞུང་ལུགས་རྣམས་ཀྱི་ལེགས་བཤད་འབྲེལ་བའི་གཏམ་དུ་སྨྲ་བས་དམ་པ་ཆོས་ཀྱི་མཆོད་སྤྲིན་ཆེན་པོ་ནི། བསླབ་པ་གསུམ་དང་ལྡན་ཞིང་མང་དུ་ཐོས་པ། འཆད་ན་གཞུང་ལུགས་ཀྱི་མགྲིན་པ་ཡངས་པ། རྩོད་ན་གཏན་ཚིགས་ཀྱི་སྤོོབས་པ་མྱུར་བ། རྩོམ་ན་དབྱངས་ཅན་ངག་ལ་ཞུགས་པ། བསྟན་པ་རིན་པོ་ཆེའི་གསལ་བྱེད་དུ་གྱུར་པའི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རྣམ་པ་གསུམ་གྱིས་འདིའི་རྗེས་ཐོག་ཉིད་དུ་སྤྲོ་བར་འགྱུར་བ་ལགས།


LT36_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་པ་མངའ་དབུལ་གྱི་རྗེས་ཀྱི་བྱ་བ། གཙོ་བོར་གྱུར་པ་ནི། བདག་ཅག་གི་སྟོན་པ་བྱང་ཆུབ་ཀྱི་སྙིང་པོར་མངོན་པར་རྫོགས་པར་སངས་རྒྱས་མ་ཐག་ཏུ། ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ་ལ་སོགས་པའི་རྫས་བརྒྱད་པོ་སྲིད་ཞིའི་བཀྲ་ཤིས་མཐའ་དག་འབྱུང་བའི་རྫས་སུ་བྱིན་གྱིས་བརླབས་པ་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་ཏུ་འབྱུང་བའི་ཚེ་ནའང་ཞལ་བསྲོ་བའི་རྫས་སུ་འབུལ་བར་གྲགས་པ་དང་། རིག་བྱེད་ཀྱི་གཞུང་ནས་ཀྱང་ཞོ་ཐོགས་པ་དང་ལམ་དུ་འཕྲད་ན་ཤིན་ཏུ་དག་པར་བཤད་པས་མཚོན། རྫས་བརྒྱད་འདི་དག་རང་གི་ཆོས་ཉིད་ཀྱིས་དགེ་བའི་དངོས་པོར་གྲུབ་པའི་ཕྱིར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྤྱི་དབང་རྣམ་པར་སྣང་མཛད་ཐིག་ལེར་དབང་བསྐུར་བ་རྒྱལ་པོའི་རྒྱུད་ལས་ཆེ་ཐང་དུ་བསྔགས་པར་མཛད་པའི་བཀྲ་ཤིས་པའི་རྫས་བརྒྱད། ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་གྱི་གཡུལ་ལས་རྣམ་པར་རྒྱལ་བའི་ཚེ་བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མངའ་གསོལ་བ་ལྟར། སངས་རྒྱས་རྣམས་ཀྱི་སྐུའི་མཚན་བཟང་ལས་གྲུབ་པ་བཀྲ་ཤིས་པའི་རྟགས་བརྒྱད། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ཀྱིས་གླིང་བཞི་ལ་མངའ་དབང་སྒྱུར་བར་ནུས་པའི་སྒྲུབ་བྱེད་དང་འབྱོར་པའི་གཙོ་བོ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་རྣམས་རིམ་བཞིན་འབུལ་བ་དང་། ཀུན་མཁྱེན་རྒྱལ་བའི་དབང་པོ་གཙོ་བོར་གྱུར་པའི་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་


LT36_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ། ནམ་མཁའ་གང་བའི་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པ། རིག་འཛིན་གྲུབ་ཐོབ་མངོན་ཤེས་དང་རྫུ་འཕྲུལ་ལྡན་པ། བསོད་ནམས་ཀྱི་ཞིང་གྱུར་དགེ་འདུན་འདུས་པའི་ཚོགས་དང་བཅས་པ་རྣམས་ཀྱིས་དཔལ་གྱི་མགུར་ནས་གསུངས་པའི་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་ཆར་དུ་བསྙིལ་བས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ཁྱབ་པའི་བྱ་བའང་སླད་ནས་འབྱུང་བ་ལགས། །གསུམ་པ་ཞིང་ཁམས་འབུལ་བའི་སྐབས་དོན་ཁྱད་པར་དུ་དབྱེ་བ་ལ་བརྒྱད། མཆོད་པའི་གཙོ་བོ་མཎྜལ་བྱེད་པའི་རྒྱུ་མཚན། དེའི་ངོ་བོ། སྒྲ་དོན། འབུལ་ཚུལ་གྱི་དབྱེ་བ། དེ་ལ་ཕར་ཕྱིན་དྲུག་ཚང་ཚུལ་དགོས་པ་དང་བཅས་པ། ལག་ལེན། དམིགས་པའི་ཚུལ། འདུན་པ་ཇི་ལྟར་མཛད་པ་སྟེ་བཀྲ་ཤིས་པའི་གྲངས་ཀྱིས་དགེ་ལེགས་སུ་བྱེད་པའོ། །དེ་ལ་དང་པོ་ནི། སྤྱིར་མཎྜལ་འབུལ་བ་ནི་ཞིང་དང་བསམ་པ་དང་དངོས་པོ་གསུམ་ཤིན་ཏུ་རྒྱ་ཆེ་ཞིང་རྣམ་པར་དག་པའི་སྒོ་ནས་མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། ཞིང་ཕྱོགས་རེ་མ་ཡིན་པ་ཕྱོགས་བཅུ་དུས་གསུམ་གྱི་བླ་མ་དཀོན་མཆོག་ལ་དམིགས་པ་དང་། བསམ་པ་ཕྱོགས་རེར་མ་ཡིན་པར་བླ་ན་མེད་པའི་བྱང་ཆུབ་དོན་ཏུ་གཉེར་བས་མཁའ་ཁྱབ་ཀྱི་སེམས་ཅན་བསམ་འོག་ཏུ་བཅུག་པ་དང་། དངོས་པོ་ཕྱོགས་རེ་མ་ཡིན་པ་ནམ་མཁས་གར་ཁྱབ་ཀྱི་ཞིང་དང་


LT36_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་པའི་བཀོད་པ་བློས་བླངས་ཏེ་འབུལ་བའི་ཕྱིར་རྒྱ་ཆེ་ཞིང་། ཟང་ཟིང་གི་དངོས་པོ་གཞན་འབུལ་བ་ལྟ་བུའི་ངས་བྱས་ཀྱི་རློམ་སེམས་སོགས་སྦྱོར་དངོས་རྗེས་གསུམ་གྱི་དྲི་མ་མེད་པས་ཤིན་ཏུ་རྣམ་པར་དག་པ་ཡིན་པའི་ཕྱིར། ཇོ་བོ་རྗེས་ཀྱང་། ལག་པ་ནར་གྱིས་བརྐྱངས་པའི་ཚོགས་གསོག་ཞིག་ལ་མཎྜལ་ལས་བསོད་ནམས་ཆེ་བ་མེད་ཅེས་གསུངས་པ་ཡིན། ཁྱད་པར་དོན་དམ་བསྙེན་པ་ལས། ཐུན་མཚམས་གསུམ་དུ་ཤིན་ཏུ་རྣམ་པར་དག་པ་ཡི། ཁ་དང་ལག་བརྐང་པ་དག་ནི་བཀྲུས་བྱས་ནས། །མེ་ཏོག་ཡང་དག་བླངས་ཏེ་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་ཟླུམ་པོ་བྱ། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། མཆོག་ཏུ་གུས་པས་དུས་གསུམ་དུ། །མཎྜལ་མེ་ཏོག་བཅས་ཐལ་མོས། །བླ་མ་སྟོན་པ་བསྙེན་བཀུར་ཞིང་། །ཞབས་ལ་སྤྱི་བོས་ཕྱག་དག་བྱ། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་མ་དམ་པ་ཞལ་མཇལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། །བླ་མ་དྲན་པའི་དུས་སུའང་མཎྜལ་གྱི་མཆོད་པ་བྱས་པས་རྒྱལ་བ་ཐམས་ཅད་མཉེས་ཤིང་རང་ཉིད་ཀྱི་ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་འགྲིགས་པར་འགྱུར་བ་སོགས་མཎྜལ་འདི་ལ་དགོས་པ་དང་རྟེན་འབྲེལ་གྱི་གནད་ཁྱད་པར་འཕགས་པ་མང་དུ་ཡོད་པས་མཆོད་པ་ཐམས་ཅད་ཀྱི་གཙོ་བོར་ཕྱག་ལེན་མཛད་པ་ཡིན་ནོ། །


LT36_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ་འབུལ་བྱའི་ངོ་བོ་ནི། དཀྱིལ་འཁོར་དང་ཚོམ་བུ་ཙམ་གྱིས་མཚོན་བྱེད་དུ་བྱས་ནས། མདོ་ལྟར་ན་གླིང་བཞི་རི་རབ་བྱེ་བ་བླག་བརྒྱས་མཚོན་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཆོད་པའི་སྤྲིན་སྣ་ཚོགས་པས་བཀང་སྟེ་བློས་ལིང་གིས་བླངས་ནས་བླ་མ་དཀོན་མཆོག་རབ་འབྱམས་རྒྱ་མཚོར་འཕུལ་བ་ཡིན་ལ། སྔགས་ལྟར་ན། ཕྱི་འཇིག་རྟེན་གྱི་ཁམས་འདི་ལྟར་སྣང་བ་ཐམས་ཅད། ནང་རྡོ་རྗེའི་ལུས་ཀྱི་གནས་ལུགས་ལས་ཤར་ཞིང་། དེ་གཉིས་ཀྱང་གཞན་དཀྱིལ་འཁོར་གྱི་འཁོར་ལོར་ལྷུན་གྱིས་གྲུབ་ལ། གསུམ་ཀའང་དེ་ཁོ་ན་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་རྩལ་ལས་ཤར་བའི་གནས་ལུགས་གཉུག་མའི་རང་བཞིན་ཤེས་པས་མཆོད་པའི་རྣམ་པ་གཅིག་གི་གོ་ན། ཕྱི་ནང་གཞན་གསུམ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེའི་ཞིང་ཁམས་བདེ་སྟོང་གི་རོལ་མོ་རྣམ་པ་ཐམས་ཅད་པར་འཆར་བས་མཆོད་པའོ། །གསུམ་པ་སྒྲ་དོན་ནི། མཎྜ་ལའི་སྒྲ་ལས་དྲངས་ན། མན་ཞེས་པ་ལའོ་ཞེས་པའི་བྱིངས་ལ། ཉ་མྲ་མཐའ་ལས་ཌའོ་ཞེས་པས་ཨ་སོགས་ཀྱིཌ་རྐྱེན་ཏུ་བྱིན། རྣམ་འགྱུར་བྱས་པས། མཎྜ་གྲུབ་པ་ཤེས་པར་བྱ་བ་ཉིད་ཀྱི་ཕྱིར་སྙིང་པོ་སོགས་ལ་འཇུག །དེ་ལ་འཛིན་པའམ་ལྡན་པའི་དོན་ཏུ་དེ་ཕན་གྱི་རྐྱེན་ལ་སྦྱར་བས། མཎྜ་ལ། ཞེས་གྲུབ་པ་


LT36_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོའི་དཀྱིལ་དང་ལྡན་པའི་ཁོར་ཡུག་དང་བཅས་པ་ལ་འཇུག །ཡང་ན། མ་ཌི་རྒྱན་ལའོ་ཞེས་པའི་བྱིངས་ལ། ཨི་དི་ཏྲའི་ནུ་མྲ་དང་། ཀྲྀ་ཏྲ་རྐྱེན་ཨ་ཙ།། །དེ་ཕན་གྱི་ལ་སྦྱར་བ་སོགས་ཀྱིས། མཎྜ་ལ། གྲུབ་པ་རྒྱན་གྱི་བཀོད་པ་འཛིན་པའི་ཕྱིར་སྐབས་འདིར་ཞིང་ཁམས་ལ་འཇུག་པ་ཡིན་ནོ། །བཞི་པ་འབུ་ལ་ཚུལ་ཕྱག་ལེན་ཙམ་གྱི་སྒོ་ནས་དབྱེ་ན། སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་སུ་གྲགས་པའི་ཡ་གྱལ་མཆོད་པའི་མཎྜལ་ལ། གསང་སྔགས་སྔ་འགྱུར་གྱི་ལུགས་སུ། རི་རབ་གླིང་བཞི་ཉི་ཟླ་དང་བཅས་པའི་ཚོམ་བུ་བདུན་མ་ཉིད་གྲགས་ཆེ་ཞིང་གཞན་བཅུ་གཅིག་པ། བཅོ་ལྔ་པ། སོ་བདུན་ལས་ཀྱང་རྒྱས་པར་སྤྲོས་པ་དང་། ཁྱད་པར་མན་ངག་རྫོགས་པ་ཆེན་པོའི་གཞུང་རྣམས་སུ། སྤྲུལ་སྐུའི་མཎྜལ་གོང་སྨོས། ལོངས་སྐུའི་མཎྜལ་ཚོམ་བུ་བརྒྱད་པ། ཆོས་སྐུའི་མཎྜལ་ཚོམ་བུ་ལྔ་པ་རྣམས་སུ་བཤད་ལ། གསང་སྔགས་གསར་མའི་ཕྱོགས་འདིར་རྒྱ་གཞུང་གི་ཁུངས་སློབ་དཔོན་སུ་ཙཱ་རི་ཏ་དང་། རྙོགས་མེད་དཔལ་གྱི་མཎྜལ་གྱི་ཆོ་ག་སོགས་མང་ཡང་གཙོ་བོར་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བ་དང་ཀམྦ་ལ་སོགས་ཀྱིས་རི་རབ་གླིང་བཞི་གླིང་ཕྲན་རྒྱལ་སྲིད་སྣ་བདུན་གཏེར་བུམ་ཉི་ཟླ་སྟེ་ཚོམ་བུ་ཉེར་གསུམ་དུ་བཤད་ཤིང་། དེ་ལ་འཇམ་དཔལ་གྲགས་པས་གཏེར་བུམ་གྱི་ཚབ་ཏུ་རང་ལུས། རྙོགས་མེད་རྡོ་


LT36_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་དབང་སྔོན་སོགས་གཏེར་ཐམས་ཅད་འབུལ་བའི་ཁྱད་ཆོས་ལས་ངོ་བོ་ཚོམ་བུ་ཉེར་གསུམ་མར་མཐུན། ཛེ་ཏཱ་རིས་ཚོམ་བུ་བཅུ་བདུན་ཏུ་བཤད་པ་སོགས་ལས་གྱེས་ཏེ་བོད་འདིར་ལུགས་སྲོལ་མང་བ་ལས། དུས་འཁོར་བ་རྣམས་ཀྱིས་ཚོམ་བུ་བདུན་མའི་སྟེང་དུ་སྒྲ་གཅན་དུས་མེ་བསྣན་པའི་དགུ་མདའ། ཉེར་གསུམ་མ་ལ་དེ་གཉིས་བསྣན་པའི་ཉེར་ལྔ་མ་གཉིས་སུ་མཆིས་པ་རི་གླིང་གི་རྣམ་བཞག་སོགས་དུས་འཁོར་གྱི་ཕྱོགས་ཡིན་ལ། གཞན་ཚོམ་བུ་མང་ཉུང་གང་འགོད་ཀྱང་རི་གླིང་གི་རྣམ་བཞག་མདོ་སྔགས་ཐུན་མོང་བ་ཉིད་ཀྱི་ཕྱིར་མངོན་པ་མཛོད་ཀྱི་གནས་གསུམ་པ་དང་མཐུན་པར་བཞེད་པ་ཡིན། དེ་ལ་ད་ལྟ་མཎྜལ་རྒྱས་པའི་ཕྱོགས་སུ་གྲུབ་མཐའ་ཀུན་ལ་གྲགས་ཤིང་དར་རྒྱས་ཆེ་བ་ནི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པར་གྲགས་པ་ཚོམ་བུ་ཉེར་གསུམ་མའི་སྟེང་དུ་གླིང་བཞིའི་འབྱོར་བའི་ཁྱད་པར་བཞི། སྒེག །སོགས་ལྷ་མོ་བརྒྱད། གདུགས་དང་རྒྱ་མཚན་བསྣན་པའི་ཚོམ་བུ་སོ་བདུན་མ་ཉིད་ཕྱག་ལེན་ཏུ་བསྟར་བ་ཡིན་ནོ། །ལྔ་པ་མཎྜལ་གྱི་བྱ་བ་ཙམ་ལ་ཕ་རོལ་དུ་ཕྱིན་པ་དྲུག་ཀའི་ཆ་ཤས་ཚང་ཞིང་། ཞར་བྱུང་ཕན་ཡོན་དགོས་པ་ཁྱད་པར་ཅན་སྟོན་པའི་ལུང་ཡང་། མཎྜལ་གྱི་མདོ་ལས། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་པ་བརྩོན། །བསམ་གཏན་དེར་སེམས་སྐད་


LT36_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །ཞེས་དང་། འདིར་ནི་ལུས་ཀྱི་ལས་བྱས་ན། ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བརྗིད་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་འབྱུང་བ་མ་ཟད། ཇི་སྐད་དུ། ལོངས་སྤྱོད་ལུས་ནི་ཕུན་སུམ་ཚོགས་པ་དང་། །འཁོར་ཙམ་ཕུན་སུམ་ཚོགས་དང་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་ཕར་ཕྱིན་དྲུག་གི་རྒྱུ་མཐུན་གྱི་འབྲས་བུ་རྣམས་ཀྱང་མཎྜལ་གྱི་མཆོད་པ་ཚད་དང་ལྡན་པ་ཚར་གཅིག་ལས་འབྱུང་བ་ཉིད་དོ། །དྲུག་པ་དེ་ལྟ་བུའི་ཁྱད་པར་ཅན་གྱི་མཆོད་པའི་ཆོ་ག་ལ་ལག་ལེན་གྱི་ཁྱད་པར་ཡང་རྣམ་པར་དག་པ་དང་ལྡན་དགོས་པ་ཡིན་ཏེ། མཎྜལ་གྱི་རྒྱུ་རབ་གསེར་དངུལ། འབྲིང་ཟངས་ལྕགས། ཐ་མ་རྡོ་ཤིང་རྣམས་སུ་གསུངས་པ་ལས། འདིར་འབྱོར་པ་རབ་ཀྱི་བྱེ་བྲག་རིན་ཆེན་གཉིས་པའི་མཎྜལ་བཀོད་པའི་ཁྱད་པར་དུ་མས་མཛེས་པ་དང་། །ཚོམ་བུའི་རྒྱུར་བ་རིན་པོ་ཆེ། འབྲིང་འབྲུའི་རིགས། ཐ་མ་མགྲོན་བུ་སོགས་སུ་གསུངས་པ་ལས་འདིར་རིན་པོ་ཆེ་དང་འབྲུ་གཙང་མ་བྱང་ཆུབ་སེམས་


LT36_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་བརླན་པར་མཚོན་པའི་དྲི་བཟང་པོའི་ཆུས་གཤེར་བ། ཉེས་པའི་སྐྱོན་དང་བྲལ་བའི་རྟེན་འབྲེལ་དུ་རྡུལ་ལེགས་པར་ཕྱིས་པའི་གཞི་ལ་ཡོན་ཏན་ལྷུན་གྱིས་གྲུབ་པར་མཚོན་པ་བ་བྱུང་ཆུས་དྲི་བཟང་གི་ལྡེ་གུ་སྦྱར་བས་ཆགས་ཆགས་གདབ་པ་ལ། ཚོམ་བུ་རྣམས་མ་འཆོལ་བར་བཀོད་དེ་ལུས་ངག་ཡིད་གསུམ་གཙང་དག་གུས་པ་དང་ལྡན་པས་འབུལ་བའོ། །བདུན་པ་དེ་ལྟར་ཞིང་ཁམས་རྒྱ་མཚོའི་མཎྜལ་འབུལ་བའི་ཁྱད་པར་དུ་གལ་ཆེ་བ་དམིགས་པའི་རྣམ་གྲངས་མདོ་ཙམ་སྨོས་ན། ཐོག་མར་ཡིག་བརྒྱ་བརྗོད་བཞིན་པས་གཡས་བསྐོར་ལན་གསུམ་གྱིས་རྡུལ་ཕྱི་བའི་ཚེ་རང་གཞན་སེམས་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བྱང་ཞིང་དག་པར་བསམ་པ་དང་། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ་ཞེས་བརྗོད་པའི་ཚེ་འོག་གཞི་འབྱུང་བའི་དཀྱིལ་འཁོར་གྱི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་རེག་ན་བདེ་བ། ཡངས་ཤིང་རྒྱ་ཆེ་བ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ་ཞེས་པའི་སྐབས་སུ་ས་གཞིའི་མཐའ་བསྐོར་དུ་ལྕགས་རིའི་མུ་ཁྱུད་འཁོར་ཡུག་ཏུ་གྲུབ་པར་མོས་པ་ཡིན། འདིར་ཆོག་བསྡུས་པའི་ལུགས་སུ་སོང་བས་ས་བོན་ལས་བསྐྱེད་པ་སོགས་མི་དགོས་པའི་ཕྱིར། ཚོམ་བུ་རིམ་པར་བཀོད་པ་དང་ལྷན་ཅིག་རི་གླིང་སོགས་སྐད་ཅིག་གིས་གསལ་འདེབས་པ་ཡིན་ཏེ། དེའང་དབུས་སུ་རི་རབ་ལྷུན་པོ་བང་རིམ་བཞི་དང་ལྡན་ལ་གྲུ་བཞིར་འདུག་པ། ཤར་ཤེལ།


LT36_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་གསོར་ལས་གྲུབ་ཅིང་འོད་འབར་བས་ནམ་མཁའི་མདོག་ཀྱང་དེ་དང་མཚུངས་པ། ལྷུན་པོའི་ཕྱི་རོལ་དུ་རིམ་པར་གཉའ་ཤིང་འཛིན། གཤོལ་མདའ་འཛིན། སེང་ལྡེང་ཅན། བལྟ་ན་སྡུག །རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ཏེ་གསེར་རི་བདུན་པོས་གྲུ་བཞིར་ཡོལ་ཐབས་སུ་བསྐོར་བའི་བར་རྣམས་སུ་འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་བར་བྱམས་པ་དང་། །མགྲིན་པ་ལ་ཡང་མི་གནོད་པ། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་འབྱུང་བ་ལྟར་ཡན་ལག་བརྒྱད་དང་ལྡན་པའི་རོལ་མཚོ་རྣམས་ཀྱིས་གདབ། ལྷུན་པོའི་སྟེང་གི་མཚམས་བཞིར་ལྕོགས་བཞི། དབུས་སུ་རྣམ་པར་རྒྱལ་བའི་ཁང་བཟང་དང་བཅས་པའི་བལྟན་སྡུག་གི་གྲོང་ཁྱེར། དེའི་ཕྱོགས་བཞིར་ཤིང་རྟ་སྣ་ཚོགས་སོགས་སྐྱེད་མོས་ཚལ་བཞི། བྱང་ཤར་ན་ཡོངས་འདུས་ས་བརྟོལ། དེའི་དྲུང་དུ་ཨ་མོ་ལི་ཀའི་རྡོ་ལེབ། ལྷོ་ནུབ་ཏུ་ཆོས་བཟང་ལྷའི་འདུན་ས་སོགས་བཀོད་པའི་ཁྱད་པར་དང་ལྡན་པས་མཚོན་ལྷའི་འཇིག་རྟེན་དཔལ་འབྱོར་དང་བཅས་པ་རྣམས་ཀྱང་རི་རབ་ཀྱི་རྗེས་འབྲང་དུ་སྐད་ཅིག་གིས་གསལ་འདེབས། ཚོམ་བུ་གཞན་རྣམས་སོ་སོའི་བཀོད་ཚིག་དང་མཐུན་པར། ཤར་ལུས་འཕགས་ཟླ་གམ་གྱི་དབྱིབས། ལྷོ་འཛམ་བུ་གླིང་སོག་ཁ། ནུབ་བ་གླང་སྤྱོད་ཟླུམ་པོ། བྱང་སྒྲ་མི་


LT36_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གྲུ་བཞི། ཁ་དོག་རི་རབ་ཀྱི་ཕྱོགས་མདོག་དང་ཆ་མཚུངས་པ། གླིང་ཆེན་བཞིའི་གཡས་གཡོན་ཤར་དུ་ལུས་དང་ལུས་འཕགས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་སྟེ་གླིང་ཕྲན་བརྒྱད་པོའང་གཙོ་བོའི་གླིང་དང་མདོག་དབྱིབས་མཚུངས་ཤིང་རྒྱ་ཚད་དེ་ལས་དམན་པ། ཤར་གླིང་དུ་བཻ་ཌཱུརྱ་དང་གསེར་ལ་སོགས་པའི་ནོར་བུ་དང་རིན་པོ་ཆེའི་རི་བོས་གང་བ། ལྷོ་གླིང་དུ་དགོས་འདོད་ཐམས་ཅད་འབྱུང་བ་དཔག་བསམ་ལྗོན་ཤིང་གི་ནགས་ཚལ་མཐུག་པོ། ནུབ་གླིང་དུ་ཡིད་ལ་ཅི་འདོད་ཟད་མེད་དུ་འཇོ་བབ་མོ་དང་གླང་པོའི་ཁྱུ་འཁྲིགས་པ། བྱང་གླིང་དུ་རོ་བརྒྱ་ནུས་པ་སྟོང་དང་ལྡན་ཞིང་ནད་གདོན་བཀྲེས་སྐོམ་སེལ་བ་མ་རྨོས་པའི་ལོ་ཏོག་གིས་ཕྱུར་བུར་གཏམས་པ་རྣམས་དང་། ཁྱད་པར་གྱི་མཆོད་པ་དཔལ་ལྡན་འདུས་པ་ལས། ཞིང་འདིར་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་སོགས་གསུངས་པའི་དོན་སློབ་དཔོན་རྣམས་ཀྱིས་འདིར་ཕྱག་ལེན་ཏུ་མཛད་པ་འཁོར་ལོས་སྒྱུར་བ་འཇིག་རྟེན་ཏུ་འབྱུང་བའི་ཚེ་རྒྱལ་སྲིད་ཀྱི་དཔལ་འབྱོར་དུ་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་རིན་པོ་ཆེ་རྣམ་པ་བདུན་མདོ་སྡེ་རྒྱ་ཆེན་རོལ་པ་དང་མངོན་འབྱུང་དང་འདུལ་བ་ལུང་ལས་བཤད་པ་ལྟར། ཐོག་མར་འཁོར་ལོ་རིན་པོ་ཆེ་ནི། གསེར་སོགས་ལྷ་རྫས་ཀྱི་དྭངས་མ་ལས་གྲུབ་ཅིང་དབྱིབས་


LT36_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

དང་ལྟེ་བ་ཤིན་ཏུ་ཟླུམ་པ། རྩིབས་སྟོང་རྣམ་པར་བཀྲ་བའི་མུ་ཁྱུད་དང་ལྡན་ལ་བཟོ་བོས་མ་བྱས་པར་རང་བྱུང་བ། ནམ་མཁའ་ལ་འཕགས་ཏེ་ཉི་མ་གཅིག་ལ་དཔག་ཚད་འབུམ་དུ་བགྲོད་ཅིང་གླིང་ཐམས་ཅད་དབང་བྱེད་པའི་ནུས་པ་དང་ལྡན་པ་སོགས་ཡོན་ཏན་གྱི་ཁྱད་པར་དུ་མ་མངའ་བ། ནོར་བུ་རིན་པོ་ཆེ་ནི། བཻ་ཌཱུརྻ་ཟུར་བརྒྱད་པ་མི་ཆེན་པོའི་བརླ་གང་ཙམ་པ། དྭངས་ལ་གསལ་བ། དེའི་འོད་ཀྱིས་ཁོར་ཡུག་དཔག་ཚད་གཅིག་ལ་སྣང་ཞིང་མཚན་མོ་དང་ཉིན་མོ་བཞིན་ཏུ་གསལ་བའི་ཁྱད་ཆོས་གསུམ་དང་། གཞན་ཡང་སྐོམ་པའི་ཚེ་ཡན་ལག་བརྒྱད་ལྡན་གྱི་ཆུ་འབྱུང་ལ། དཔག་ཚད་བརྒྱའི་ཁོར་ཡུག་ཏུ་ནད་དང་དུས་མ་ཡིན་པའི་འཆི་བ་མི་འབྱུང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པ། བཙུན་མོ་རིན་པོ་ཆེ་ནི། རྒྱལ་རིགས་གཟུགས་དང་ཁ་དོག་མཛེས་ཤིང་བལྟ་ན་སྡུག་པ། ཁ་ནས་ཨུཏྤ་ལའི་ངད་དང་བ་སྤུའི་བུ་ག་ལས་ཙནྡན་གྱི་དྲི་བྲོ་བ། ལྤགས་པ་ཀ་ཙ་ལིནྡྲའི་གོས་ལྟར་རེག་ན་བདེ་བ། གྲང་བའི་ཚེ་དྲོ་ཞིང་དྲོ་བའི་ཚེ་བསིལ་བ། དགེ་བ་ལ་རྗེས་སུ་ཞུགས་ཤིང་ཁ་ན་མ་ཐོ་བ་ཐམས་ཅད་དང་བྲལ་བ། བུད་མེད་ཀྱི་སྐྱོན་སུམ་ཅུ་རྩ་གཉིས་སྤངས་པའི་ཡོན་ཏན་གྱིས་འབྱོར་པ། །བློན་པོ་རིན་པོ་ཆེ་ནི། །མཁས་པ་གསལ་བ་ཡིད་གཞུངས་པ། ལྷའི་མིག་གིས་དཔག་ཚད་ཁོར་ཡུག་ཏུ་གཏེར་མཐོང་ནས་རིན་ཆེན་མང་པོ་རྩོལ་མེད་དུ་འབྱུང་ཞིང་ཟད་པ་མེད་པ། རྒྱལ་པོའི་བཀའ་ཉན་ཅིང་ལས་ལ་འཇུག་པ།


LT36_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་བསམ་པ་ཤེས་པས་མ་བསྒོས་ཀྱང་སྒྲུབ་ཅིང་གཞན་ལ་གནོད་པ་མེད་པ་སྟེ་ཡོན་ཏན་བཞི་དང་ལྡན་པ། གླང་པོ་རིན་པོ་ཆེ་ནི། རྐང་ལག་བཞི་མཇུག་མ་མཚན་མ་སྣ་ཞགས་ཏེ་ཡན་ལག་བདུན་པོ་ས་ལ་ལེགས་པར་གནས་པ། གཟུགས་ཆེ་ཞིང་མཛེས་ལ་བལྟ་ན་སྡུག་ཅིང་བརྟན་པ། མེ་ཏོག་ཀུ་མུ་དའི་མདངས་ལྟར་དཀར་ཞིང་མཁའ་ལ་འགྲོ་བ། །རྒྱལ་པོ་མཐོང་ན་སེམས་མངོན་པར་དང་བ་སྟེ། དེ་ལའང་ཅང་ཤེས་པ། བཀའ་ལ་ཉན་པ། ཡན་ལག་བདུན་ཤིན་ཏུ་གནས་པ། ཕ་རོལ་གྱི་སྡེ་ལས་རྒྱལ་བ་ཆུ་དང་སྐམ་དང་བར་སྣང་ལ་གཡུལ་འགྱེད་ནུས་པ། ཉིན་གཅིག་ལ་འཛམ་གླིང་སྐོར་ནུས་པ། རྒྱལ་པོ་གང་དུ་འགྲོ་འདོད་པ་དེར་མ་སྐུལ་ཡང་འཇུག་པ། གཙུག་ན་གསེར་གྱི་རྒྱ་མཚན་གྱིས་བརྒྱན་ཅིང་གསེར་གྱི་དྲྭ་བས་གཡོགས་པ་སྟེ་ཡོན་ཏན་བརྒྱད་དང་ལྡན་པ། རྟ་མཆོག་རིན་པོ་ཆེ་ནི། རྨ་བྱའི་མགྲིན་པའི་སྤུའི་ཁ་དོག་ལྟར་མཚར་ཞིང་ཡིད་དུ་འོང་བ། དབྱིབས་ཕུན་སུམ་ཚོགས་པ། ཐོ་རངས་ཁོ་ནར་ས་ཐམས་ཅད་བསྐོར་ནས་སླར་ལྡོག་པའམ་ཉིན་གཅིག་ལ་ཛཾ་གླིང་ལན་གསུམ་བསྐོར་ནུས་པ། ལུས་ལ་ནད་དང་གཅོད་མེད་པ། ནོར་བུའི་གཙུག་སོགས་མཚན་མ་བཟང་པོ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ། རྒྱལ་པོས་ཞོན་ཚེ་གུས་པར་བྱེད་པ། རྣམ་པར་འཕྲུལ་བའི་ཆོས་ཅན་གྱི་རྫུ་འཕྲུལ་དང་ལྡན་པ་སྟེ་ཡོན་ཏན་བརྒྱད་དང་


LT36_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་པ། དམག་དཔོན་རིན་པོ་ཆེ་ནི། མཁས་ཤིང་གསལ་ལ་ཡིད་གཞུངས་པ། རྒྱལ་པོའི་འདོད་པ་རྣམས་མ་བསྒོས་ཀྱང་སྒྲུབ་པ། དཔའ་སྩལ་གྱི་ཡོན་ཏན་རྫོགས་པ། རང་དོན་ལ་ཆོས་མ་ཡིན་པ་རྣམ་པར་སྤངས་པ། གཞན་དོན་གྱི་ངོ་དགར་མ་ཆགས་པས་རིགས་པའི་བྱ་བ་ཚུལ་བཞིན་ཏུ་བྱེད་པ། གཞན་ལ་གླགས་ལྟ་བའི་འགྲོ་ལྡོག་དང་དུས་ཚོད་ཤེས་བས་ཕས་རྒོལ་འཇོམས་པའི་མཐུ་སྟོབས་ཀྱིས་དཔལ་མདའ་བ་སོགས་ཡོན་ཏན་བརྒྱད་དང་ལྡན་པ་སྟེ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན། རྡོ་རྗེ་དང་འཐོན་ཀ་དང་མ་རྒད་དང་གསེར་དངུལ་ལ་སོགས་པ་འཛད་མེད་དུ་འཇོ་བའི་གཏེར་གྱི་བུམ་པ་བཟང་པོ་རྣམས་དང་། ཡོ་ག་དང་ཐུན་མོང་པར་གྱུར་པ་རྒྱལ་བ་རྣམས་ཟག་པ་མེད་པའི་བདེ་བས་དགྱེས་པ་སྐྱེད་པའི་མཆོད་པ་ཕུལ་དུ་བྱུང་བ་ལྷ་མོ་བརྒྱད་ནི། སྒེག་མོ་དཀར་མོ་རྡོ་རྗེ་ཁུ་ཚུར་གཉིས་དཀུར་བརྟེན་པ། ཕྲེང་བ་མ་སེར་མོ་མེ་ཏོག་དང་རིན་པོ་ཆེའི་རྒྱན་ཕྲེང་ཐོགས་པ། གླུ་མ་དཀར་དམར་པི་ཝཾ་རྡུང་ཞིང་དབྱངས་བདུན་ལ་སོགས་པའི་གླུ་དབྱངས་ལེན་པ། གར་མ་སྣ་ཚོགས་པའི་མདོག་ཅན་གར་སྟབས་ཀྱི་བྱེ་བྲག་དུམ་སྒྱུར་བ། མེ་ཏོག་མ་དཀར་མོ་ཨུཏྤ་ལ་སོགས་མེ་ཏོག་གི་ཆུན་པོ་བསྣམས་པ། བདུག་སྤོས་མ་སེར་མོ་ཨ་ག་རུ་དང་ཙནྡན་སོགས་དྲི་བཟང་པོ་འཐུལ་བའི་སྤོས་སྣོད་བཏེགས་པ་


LT36_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

མར་མེ་མ་དམར་སྐྱ་ཉི་ཟླ་དང་མཚུངས་པའི་རིན་པོ་ཆེའི་སྒྲོན་མེ་འདེགས་པ། དྲི་ཆབ་མ་ལྗང་གུ་ག་བུར་དང་གུར་གུམ་ལ་སོགས་པ་ཆུ་གཙང་དང་སྦྱར་བས་བཀང་བའི་དུང་ཞལ་འཐོར་བ་བརྒྱད་ཀའང་མཉེན་ལྕུག་འཁྲིལ་ལྡེམ་མཛེས་འཛུམ་ཡིད་འཕྲོག་པའི་རྣམ་འགྱུར་ཅན། དར་དང་རིན་པོ་ཆེ་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ་རྣམས་དང་། གཞན་ཡང་ཤར་གླིང་གི་ནམ་མཁར་འོག་གཞི་རིན་པོ་ཆེ་མེ་ཤེལ་ལས་གྲུབ་ཅིང་མུ་ཁྱུད་གསེར་གྱི་རབས་བསྐོར་བ་དཔག་ཚད་ལྔ་བཅུ་རྩ་གཅིག་གི་ཁྱོན་དང་ལྡན་པའི་ཉི་མའི་དཀྱིལ་འཁོར། ནུབ་གླིང་གི་ནམ་མཁར་འོག་གཞི་རིན་པོ་ཆེ་ཆུ་ཤེལ་ལས་གྲུབ་ཅིང་མུ་ཁྱུད་དངུལ་གྱི་ར་བས་བསྐོར་བ་དཔག་ཚད་ལྔ་བཅུའི་ཁྱོན་དང་ལྡན་པ་ཟླ་བའི་དཀྱིལ་འཁོར། གཉིས་ཀ་ལྷའི་འབྱོར་པའི་ཁྱད་པར་དང་ལྡན་པ། ལྷོ་གླིང་བྱང་གླིང་གཉིས་ཀྱི་སྟེང་གི་ཆར། ནོར་བུའི་ཏོག་དང་ལྡན་ཅིང་རིན་པོ་ཆེ་དུ་མ་ལས་གྲུབ་པའི་གདུགས་གསེར་གྱི་ཡུབ་ཅན། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་མཚན་མ་ཁྱད་པར་ཅན་གྱི་ཏོག་གིས་སྤྲས་པའི་རིན་པོ་ཆེའི་ཡུ་བ་ལ་དར་ལྷབ་ལྷུབ་ཏུ་འཕྱང་བ། གཞན་ཡང་དཱུརྦ་དང་མེ་ལོང་ལ་སོགས་པ་བཀྲ་ཤིས་པར་བྱེད་པའི་རྫས་བརྒྱད། བུམ་པ་དང་དཔལ་བེའུ་ལ་སོགས་པ་བཀྲ་ཤིས་པའི་རྟགས་བརྒྱད། རལ་གྲི་དང་པགས་པ་ལ་སོགས་པའི་ཉེ་བའི་རིན་པོ་ཆེ་རྣམ་པ་བདུན། ཉེ་


LT36_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྤྱོད་པ་དང་འདོད་པའི་ཡོན་ཏན་ལྔ། འཆི་མེད་གྲུབ་པའི་བཅུད་ལེན། བསྙུན་གྱི་གསོས་སྨན། ཞམ་རེང་རིམ་གྲོ་པའི་ཚོགས། ཁྲི་སྟན་ན་བཟའ། རྒྱན་དང་ཉེ་བར་མཁོ་བའི་བྱེ་བྲག་ལ་སོགས་པ་མདོར་ན་ལྷ་དང་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པས་ཕྱུར་བུར་བཀང་བའི་འཇིག་རྟེན་གྱི་ཁམས་གཅིག་ཇི་ལྟ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་ཀྱང་དེ་ལྟར་མཆོད་པའི་རྣམ་གྲངས་ཁྱད་པ་བདག་གིས་རབ་ཏུ་བཀང་སྟེ། མདོར་ན་སངས་རྒྱས་དང་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་དང་སྨོན་ལམ་དང་འདུན་པའི་སྟོབས་ལས་ཉེ་བར་བཀོད་ཅིང་རྣམ་པར་འཕྲུལ་བ་ལས་བྱུང་བ་ལྟ་བུའི་མཆོད་པའི་སྤྲིན་རབ་འབྱམས་རྒྱ་མཚོའི་རྡུལ་རྙེད་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་པ་རྣམས་ཀྱིས། དུས་འཁོར་བ་ཇི་སྲིད་དུ་བར་མ་ཆད་པར་མཆོད་པའི་འདུན་པ་རྒྱ་ཆེ་ཞིང་རྣམ་པར་དག་པས་ཁྱབ་དགོས་པ་ཡིན་ནོ། །བརྒྱད་པ་དེ་ལྟར་འབུལ་བའི་དགོས་དོན་གྱི་འདུན་པ་ཇི་ལྟར་གཏོད་ན། སྤྱིར་སློབ་དཔོན་རྟ་དབྱངས་ཀྱིས། དགེ་བའི་རྩ་བ་བསྒྲུབས་བདེ་ཀུན་ཀྱང་། །གྲགས་དང་སྙན་དང་ལྷ་མའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་པ་རྣམས་བྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུར་བསྔོའོ། །ཞེས་གསུངས་པ་ལྟར། བསོད་ནམས་ཀྱི་ལས་སུ་བྱ་བ་དེ་ཐམས་ཅད་ཀྱང་འཇིག་


LT36_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ལས་འདས་པ། ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱིས་མ་ཟིན་ན་འཁོར་བའི་རྒྱུ་འབྲས་ཙམ་དུ་འགྱུར་ཞིང་། དེ་དག་ལས་ཀྱང་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ཁོ་ན་གལ་ཆེ་བ་ཡིན་ལ་ཟབ་མོའི་ཤེས་རབ་དེའང་། ཇི་སྲིད་དགེ་བའི་རྩ་བ་ཡོངས་སུ་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་ཐོབ་མི་བྱེད། །ཅེས་པས་དགེ་རྩ་ཚོགས་ཆེན་ཡོངས་སུ་མ་རྫོགས་ཀྱི་བར་དུ་སྟོང་ཉིད་མངོན་སུམ་དུ་མི་རྟོགས་ཀྱང་། རྗེས་སུ་མཐུན་པའི་ལྟ་བ་ནི། རྒྱལ་སྲས་ཞི་བ་ལྟས། །གང་ཚེ་དངོས་དང་དངོས་མེད་དག། བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་འབྱུང་བ་ལྟར། མཚན་མའི་རྣམ་པར་རྟོག་པ་གང་ཡང་ཡིད་ལ་མི་བྱེད། མཚན་མ་མེད་པའི་སྟོང་པ་ཉིད་ཀྱང་ཡིད་ལ་མི་བྱེད། མཚན་བཅས་ཀྱི་དངོས་པོ་དང་། མཚན་མེད་ཀྱི་རྣམ་པ་གཉིས་ཀ་ལས་འདས་པ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངང་དུ་མི་གནས་པའི་ཚུལ་དུ་གནས་པས་བསོད་ནམས་ཀྱི་ཚོགས་རྣམ་པར་དག་པར་འགྱུར་བ་སྟེ། འདིར་མཚོན་ན། འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་གཏོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །ཞེས་གསུངས་པ་ལྟར། ཞིང་ཁམས་འབུལ་བའི་ཡུལ། འབུལ་བྱའི་དངོས་པོ། དབུལ་མཁན་བདག་ཉིད་བཅས་གདོད་ནས་དངོས་མཚན་ཏུ་སྲུབ་པ་མེད་པས་སྤྲོས་པ་ཐམས་ཅད་དང་བྲལ་བ་


LT36_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུམ་རྣམ་པར་མི་རྟོག་པའི་རང་ངོ་ལ་མཉམ་པར་འཇོག་བཞིན་ཏུ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྣང་ཆ་སྒྱུ་མ་ཙམ་གྱི་འཆར་སྒོ་མ་འགགས་པར་འབུལ་བ་ནི། ཤེས་རབ་ཀྱི་མིག་དང་ལྡན་པའི་སྦྱིན་སོགས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚོགས་གཉིས་ཟུང་དུ་འཇུག་པའི་དགེ་བ་བླ་ན་མེད་པར་འགྱུར་བ་ཡིན་ལ། བྱེ་བྲག་དམིགས་སུ་བསལ་བའི་འདུན་པ་ནི། ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏུ། །འདུན་པའི་རྩ་ལ་རབ་ཏུ་གནས། །ཞེས་དང་། དགེ་འདུན་མི་ཕྱེད་འདུན་པའི་བྱིན་བརླབས་ཞེས་པའི་དོན། རང་འདོད་ཐ་དད་པས་མི་ཕྱེད་པ་དགེ་བའི་ལས་ལ་ཐུགས་མཐུན་པའི་འདུན་པ་ཆིག་སྒྲིལ་དུ་མཛད་དགོས་ཤིང་། དེའང་ཁྱད་པར་ཅན་གྱི་མཆོད་པ་རྒྱ་ཆེན་པོ་དེ་ཉིད་ཕུལ་བའི་ཡུལ་རིས་སུ་མ་ཆད་ཅིག་ནམ་མཁའི་མཐས་གཏུགས་པའི་དཀོན་མཆོག་རྒྱལ་བ་རྒྱ་མཚོ་མ་ལུས་ཤིང་ལུས་པ་མེད་པ་ཐམས་ཅད་དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་ཐག་ཆོད་པའི་གཅིག་ཤེས་ཀུན་རྫོགས་ཀྱི་མཆོད་ཡུལ་དེ་ལ་གུས་པ་ཆེན་པོས་མཆོད་ནས་མངོན་པར་འདོད་པའི་དོན་འབྲས་གསོལ་བ་འདེབས་པ་བྱའི་སྙིང་པོ། ལུང་དང་རྟོགས་པས་བསྡུས་པའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་རིས་སུ་མ་ཆད་པ་གོང་ན་སུ་བཞུགས་པ་ཐམས་ཅད་ཞབས་པད་བརྟན་ཅིང་ཐུགས་


LT36_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་དང་། ཕྱོགས་བཅུའི་དགེ་འདུན་གྱི་དུས་པའི་སྡེ་རབ་ཏུ་རྒྱས་ཤིང་བསླབ་པ་གསུམ་དང་འཁོར་ལོ་གཉིས་ཀྱི་མཛད་ཕྲིན་དབྱར་གྱི་མཚོ་ལྟར་གོང་ནས་གོང་དུ་འཕེལ་ཞིང་བྲི་བ་མེད་པ་དང་། ཡུལ་རིས་རྒྱལ་ཁམས་འདི་ཉིད་ཀྱིས་མཚོན་པའི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ནད་མུག་མཚོན་འཁྲུགས་ལ་སོགས་པ་སྙིགས་དུས་ཀྱི་རྒུད་པ་མཐའ་དག་མིང་ཡང་མི་གྲགས་ཤིང་། ཚེ་དང་ནོར་དང་དབང་ཕྱུག་ལ་སོགས་པ་སྡེ་བཞིའི་དཔལ་འབྱོར་མཐའ་དག་རྫོགས་ལྡན་གྱི་དུས་ལྟར་རྒྱས་པ་དང་། དེ་ལྟ་བུའི་དགེ་བའི་རྩ་བ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་གཅིག་ཏུ་བསྡོམས་པའི་མཐུ་དཔལ་དང་བྱིན་རླབས་ཀྱིས། བདག་ཅག་རྣམས་ཀྱི་སྐྱབས་དང་དཔལ་མགོན་བླ་ན་མེད་པ། འཇིག་རྟེན་གསུམ་གྱི་འདྲེན་པ། དཔལ་རྒྱལ་དབང་ཀརྨ་པ་ཆེན་པོ་དང་། ཐམས་ཅད་མཁྱེན་གཟིགས་བྱམས་མགོན་ཏཱའི་སི་ཏུ་ཡབ་སྲས་བརྒྱུད་པ་དང་བཅས་པ། གསང་གསུམ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་ལྟ་བུར་ཇི་སྲིད་རྒྱལ་བ་བྱམས་པའི་ཉི་མ་འཇིག་རྟེན་ཏུ་ཤར་བ་དེ་སྲིད་དུ་འཕོ་འགྱུར་སྐྱེ་འཆི་གཞོམ་གཞིག་དང་བྲལ་བའི་རྟག་བརྟན་ཐེར་ཟུག་གཡུང་དྲུང་སྙིང་པོའི་རང་བཞིན་ཏུ་འཚོ་ཞིང་གཞེས་ལ། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྔ་བོ་ཆེ་རྡུང་། ཆོས་ཀྱི་དུང་ནི་འབུད། ཆོས་ཀྱི་ཆར་པ་ནི་འབེབས། ཆོས་ཀྱི་རྒྱལ་མཚན་ནི་ཡང་དག་པར་རབ་ཏུ་སྒྲེང་སྟེ། སྒྲུབ་བརྒྱུད་ཀརྨ་


LT36_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ཀཾ་ཚང་གི་རིང་ལུགས་དྲི་མ་མེད་པ་འདི་ཉིད་ཛམྦུ་བྲྀཀྵས་ཉེ་བར་མཚོན་པའི་ས་ཆེན་པོའི་ཁོངས་སུ། བཤད་པ་དང་། སྒྲུབ་པ་དང་། བྱ་བ་ལས་ཀྱི་འཁོར་ལོའི་སྒོ་ནས་སྐལ་བཟང་རྣམ་འདྲེན་ལྔ་པའི་ཆོས་ཀྱི་འཁོར་ལོ་འཇིག་རྟེན་དུ་བདལ་བར་མ་གྱུར་པ་དེ་སྲིད་དུ་དར་ཞིང་ཀུན་ཏུ་རྒྱས་ལ་ལེགས་པར་གནས་པར་འགྱུར་བའི་ཐུགས་འདུན་རྩེ་གཅིག་པ་དང་ལྡན་པས་ཚོགས་ཀྱི་ཞིང་གྱུར་དགེ་འདུན་འདུས་པའི་སྡེ་རྣམས་ཞིང་ཁམས་འབུལ་བའི་ལས་རིམ་ལ་ཐུགས་གཏོད་པར་ཞུ། །འབེལ་གཏམ་བྱེད་ལ་ལེགས་བཤད་དགོས། །དེ་ཉིད་མཁས་པའི་ཞལ་ནས་འབྱུང་། །བླུན་པོ་ཁ་འཆལ་སྨྲ་མཁས་ཀྱང་། །དམ་པའི་སྐྱེས་བུ་ག་ལ་དགྱེས། །རང་ཕྱོགས་ཟུར་གྱིས་སྒྲོགས་པ་དང་། །གཞན་ལ་ཁྱད་གསོད་སྨྲ་བ་ཡང་། །ཟས་ཞིམ་དུག་དང་འདྲེས་པ་བཞིན། །སྐྱེ་བོའི་སྙིང་གི་ཚེར་མར་བྱེད། །དེ་བས་རང་བཞིན་བརྗོད་པ་ཉིད། །གཟུར་གནས་རྣམས་ཀྱི་འདུན་སར་བྲིམ། །དེ་ཡང་རྣ་བར་མི་ཤོང་ན། །རང་ཉིད་བློ་གྲོས་འཁྱོགས་པའི་སྐྱོན། །ལེགས་བཤད་ཚིག་གཅིག་སྨྲར་མེད་པ། །གྲལ་དང་སྟོན་མོ་བྱེད་པ་ཀུན། །ཕལ་ཆེར་ལྐུགས་པ་ཆུ་འཐུང་ཉིད། །ཡ་རབས་གནའ་བོའི་ལུས་ལས་འགོང་། །སྒྲུབ་བརྒྱུད་བསྟན་པའི་ཉི་མ་ཤར། །རྗེས་འཇུག་སྐལ་པ་བཟང་པོ་མྱོང་། །ཤེས་ན་སྨྲ་བའི་དུས་ཡིན་ཕྱིར། །བྲེལ་ཡང་ངག་ཏུ་གང་ཐོན་བྲིས། །འཕེལ་གཏམ་ས་བོན་ཙམ་དུ་སྤྲོས་པ་ལས། །


LT36_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

སྨྲ་བ་རྣམས་ཀྱི་བློ་གྲོས་འདབ་རྒྱས་ཏེ། །ལེགས་བཤད་སྦྲང་རྩིའི་དོགས་བས་མགྲིན་བརྒྱན་པའི། །བློ་ལྡན་བུང་བས་ས་སྟེང་ཀུན་ཁྱབ་ཤོག །ཅེས་པའང་བྱམས་མགོན་རྡོ་རྗེ་འཆང་ཆེན་པོའི་མཆོག་གི་སྤྲུལ་པའི་སྐུ་གདན་ས་ཆེན་པོའི་སེང་གེའི་ཁྲིར་མངའ་གསོལ་བའི་སྐབས་སུ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས་བློ་གྲོས་ལྡན་པ་དག་གི་བརྗོད་པའི་ས་བོན་ཙམ་དུ་བགྱིས་པ་དགེ་ལེགས་འཕེལ།། །།། །མངྒ་ལཾ།། །།


previousབྱམས་མགོན་མཆོག་གི་སྤྲུལ་པའི་སྐུ་སེང་གེའི་ཁྲིར་ཕེབས་པའི་མཎྜལ་རྒྱས་བཤད་ངོ་མཚར་སྒོ་བརྒྱ་འབྱེད་པའི་དགའ་སྟོན།next