དཔལ་གྱི་ཙཱ་རི་ཏྲའི་བསྔགས་བརྗོད་མདོར་བསྡུས་དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས།
དཔལ་གྱི་ཙཱ་རི་ཏྲའི་བསྔགས་བརྗོད་མདོར་བསྡུས་དཔྱིད་ཀྱི་ཕོ་ཉའི་མགྲིན་དབྱངས་བཞུགས་སོ། །
ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ཧཱུྃ། ཛམ་བུའི་གླིང་དང་གངས་ཅན་བོད་ཡུལ་ན། །གནས་ཆེན་གནས་ཕྲན་གྲངས་ལས་འདས་པ་བཞུགས། །ཀུན་ཀྱང་འབྲེལ་ཚད་དོན་ལྡན་སངས་རྒྱས་ཀྱི། །བྱིན་རླབས་རྒྱལ་བའི་ཕྲིན་ལས་ཡིན་མོད་ཀྱང་། །གནས་ཆེན་རྩ་བ་རྣམས་ལས་སྡོང་པོ་དང་། །ཡལ་ག་ལོ་འདབ་སོགས་སུ་གྱེས་པ་དང་། །ཕལ་ཆེར་གྲུབ་ཐོབ་རིག་འཛིན་རྣལ་འབྱོར་པས། །སྒྲུབ་པ་མཛད་ནས་གང་ཟག་གིས་ནི་གནས། །བྱིན་བརླབས་བདག་པོ་བཟང་ངན་རྗེས་འགྲོ་མང་། །ཀུན་ལས་ཁྱད་འཕགས་གདོད་ནས་རང་བྱུང་གནས། །ཡུལ་ཆེན་ཉེར་བཞི་གནས་ཆེན་སོ་གཉིས་ཀྱི། །ནང་ཚན་ཉེ་བའི་འཐུང་གཅོད་ཙཱ་རི་ཏྲ། །ནང་དུ་མིག་ཡིན་མིག་རྩ་གཉིས་ཡོད་པའི། །རང་
མདངས་ཕྱིར་ཤར་གཅིག་ནི་འཕགས་ཡུལ་གྱི། །ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ན་བཞུགས་པར་གྲགས། །གཅིག་ནི་བོད་ཡུལ་ལྷོ་མོན་ས་མཚམས་སུ། །བཞུགས་པ་མངའ་བདག་མར་པས་ཕྱོགས་ཙམ་གསུངས། །ཁྱད་པར་རྒྱལ་བས་ལུང་བསྟན་འཚོ་བྱེད་ཞབས། །མཉམ་མེད་དྭགས་པོ་ཟླ་འོད་གཞོན་ནུ་ཡིས། །ས་ཐོབ་སློབ་མ་སྐྱེས་ཆེན་ལྔ་བརྒྱའི་དབུས། །ཙཱ་རིའི་གནས་ཀྱི་བཀོད་པ་ཡོན་ཏན་བཅས། །མི་འཇིགས་སེང་གེའི་སྒྲ་ཡིས་ལུང་དུ་བསྟན། །ནམ་སྙིང་རྣམ་འཕྲུལ་སྐྱེ་སྒོམ་ཡེ་རྡོར་ཉིད། །བཀའ་ཡིས་མངགས་ཏེ་གནས་ངོ་ཐོག་མར་བཟུང་། །དེ་ལ་ཙཱ་རི་རྙིང་མ་ཞེས་སུ་གྲགས། །དྭགས་པོའི་ཞལ་སློབ་སངས་རྒྱས་འཁོར་བ་འཇིག། དངོས་བྱོན་དཔལ་ལྡན་ཕག་
མོ་གྲུ་པ་ཡི། །སློབ་མ་བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་ལས། །སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་ཡིས། །རྗེས་བགྲུང་གྲུབ་ཐོབ་གཉོས་འགར་ཆོས་གསུམ་གྱིས། །གནས་ཀྱི་མཚན་ཉིད་ཕྱོགས་ཙམ་མཚོན་པར་མཛད། །ཁྱད་པར་འཕགས་ཡུལ་མཁས་གྲུབ་ནཱ་རོ་པ། །བསམ་བཞིན་སྲིད་བཟུང་གཙང་པ་རྒྱ་རས་ཉིད། །བརྟུལ་ཞུགས་ཆོ་འཕྲུལ་ངོ་མཚར་ཆེན་པོ་བཅས། །ཕེབ་ནས་མཁའ་སྤྱོད་ཙཱ་རིའི་གནས་སྒོ་ཕྱེས། །རང་བྱོན་ངོ་སྤྲོད་བསྐོར་ལམ་ཕྱི་ནང་གཏོད། །བར་ཆད་མེད་ཅིང་རྟེན་འབྲེལ་མཐའ་རུ་ཕྱིན། །དེ་སྤྲུལ་འབྲུག་པ་ཐམས་ཅད་མཁྱེན་པ་ཡི། །སྐུ་ཕྲེང་རིམ་བྱོན་གནས་བདག་གཙོ་བོར་མཛད། །བཀག་པས་མི་ཁོག་འགྲོ་དོན་མཐའ་རུ་རྒྱས། །གྲུབ་ཐོབ་རྒྱལ་པོ་ཀརྨ་པཀྴི་ཡིས། །རྣལ་འབྱོར་ཡེ་ཤེས་དབང་ཕྱུག་བཀས་མངགས་ཏེ། །རང་བྱུང་གཏིང་ཟབ་ཕུག་སོགས་གསར་དུ་ཕྱེས། །དེ་ལ་ཙཱ་རི་གསར་མ་ཞེས་སུ་གྲགས། །རྒྱལ་དབང་བཞི་པ་རོལ་པའི་རྡོ་རྗེ་ཉིད། །པདྨ་འབྱུང་གནས་དངོས་མཚུངས་རྫུ་འཕྲུལ་གྱིས། །ཕེབ་ནས་མཚོ་དཀར་གནས་ཞལ་སྣང་བར་མཛད། །ཕྱིས་སུ་དགུ་པ་དབང་ཕྱུག་རྡོ་རྗེ་སོགས། །རྒྱལ་དབང་ན་རིམ་རྣམས་ཀྱང་ཀུས་ཆེར་མཛད། །དད་ལྡན་སྐོར་བྱེད་རྣམས་ཀྱི་འཚོ་ཆས་ནི། །འབད་མེད་རྙེད་དང་ངལ་གསོའི་མགྲོན་ཁང་
དུ། །ཀར་འབྲུག་འབྲི་གུང་རྣམས་ཀྱིས་ཚུགས་པ་བཞག །སོ་སོའི་ངོ་སྐལ་གཏོང་སྒོ་རྒྱ་ཆེན་དགོས། །སྣེ་མཐུད་འབུལ་སྡུད་སྟོད་སྨད་འབྱོན་སྲོལ་ཚུགས། །བོད་ཡུལ་གནས་ཀྱི་མཆོག་གྱུར་ཙཱ་རི་ཏྲ། །ཐ་མལ་མ་ཡིན་དག་པ་མཁའ་སྤྱོད་ཞིང་། །ཧེ་རུ་ཀ་དཔལ་བཅོམ་ལྡན་འཁོར་ལོ་སྡོམ། །དཔའ་བོ་མཁའ་འགྲོའི་ཚོགས་བཅས་དངོས་སུ་བཞུགས། །བཀའ་སྲུང་གཏེར་སྲུང་མངོན་སུམ་ཉིད་དུ་རྒྱུ། །དེ་རྟགས་ངོ་མཚར་བཀོད་པ་བསམ་མི་ཁྱབ། །རྣལ་འབྱོར་པ་རྣམས་བརྟུལ་ཞུགས་སྤྱོད་པའི་གནས། །སྒོམ་ཆེན་རྣམས་ཀྱི་ཉམས་རྟོགས་སྤེལ་བའི་ས། །འབྱོར་ལྡན་རྣམས་ཀྱི་བསོད་ནམས་གསོག་པའི་ཞིང་། །སྡིག་ཅན་སྒྲིབ་པ་བཙན་ཐབས་སྦྱོང་བའི་ཡུལ། །གནས་གཞན་ལོ་ཟླ་མང་པོར་བསྒོམས་པ་ལས། །ཙཱ་རིར་ཞགས་བདུན་བསྒྲུབས་པས་འགྲུབ་ཐག་ཉེ། །ལུས་ངག་དགེ་སྦྱོར་ལོ་བརྒྱར་འབད་པ་ལས། །གནས་འདིར་རྟེན་འབྲེལ་བསྒྲིགས་པས་ས་ཆོད་ཆེ། །སྒོམ་སྒྲུབ་བྱས་ན་ཚེ་གཅིག་གྲུབ་པ་ཐོབ། །གསོལ་བ་གང་བཏབ་འདོད་དོན་ཡིད་བཞིན་འགྲུབ། །བསྐོར་བ་རེ་ལ་དུང་ཕྱུར་མང་པོར་འགྱུར། །ཚོགས་འཁོར་མཆོད་འབུལ་ལ་སོགས་འབྲེལ་ཐོགས་ཀུན། །བར་ཆད་ཀུན་སེལ་མཆོག་ཐུན་དངོས་གྲུབ་སྩོལ། །གནས་འདིར་སྒོམ་སྒྲུབ་ཚུལ་བཞིན་མ་གྲུབ་ཀྱང་། །ཐོད་པ་
བོར་ཚད་མཁའ་སྤྱོད་གནས་སུ་སྐྱེ། །དེ་རྟགས་དུད་འགྲོ་ཤི་ཡང་རིང་བསྲེལ་འཁྲུངས། །དད་པ་བྱས་ནས་ཕྱོགས་དེར་གོམས་བདུན་བོར། །ཚེ་དུས་བྱས་ཀྱང་ངན་སོང་སྐྱེ་སྒོ་ཁེགས། །ཙཱ་རིའི་རྟེན་མཆོག་དབུ་རྭ་རིན་པོ་ཆེ། །ཐོད་པ་སྨུག་ཆུང་ལ་སོགས་ཞལ་མཇལ་ཡང་། །ཙཱ་རི་དངོས་སུ་མཇལ་དང་བྱིན་བརླབས་མཉམ། །ཚོགས་བསགས་བྱས་ན་དེ་མཚུངས་བསོད་ནམས་ཐོབ། །རང་འདོད་མ་ཡིན་བཀའ་བརྒྱུད་གྲུབ་ཐོབ་ཀྱི། །གསུང་བཟང་སྔར་ནས་ཡོངས་སུ་གྲགས་པ་ཉིད། །དད་ལྡན་རྣམས་ལ་དགེ་བསྐུལ་བགྱིད་སླད་དུ། །མང་ཐས་དགེ་སྦྱོང་བློ་གྲོས་མཐའ་ཡས་ཀྱིས་སྨྲས་འདིས་འབྲེལ་ཐོགས་མཁའ་སྤྱོད་གནས་བགྲོད་ཤོག །དགེ་ལེགས་འཕེལ།། ༈ །།ཨེ་མ། སྔོན་ཚེ་གདོད་མའི་སར་བཞུགས་ཤྲཱི་སི་ཧ། །འཆི་མེད་རྒྱལ་པོ་པདྨ་ཡབ་དང་ཡུམ། །རྣམ་སྣང་མཛད་སོགས་ཡེ་ཤེས་སྐུ་ཅན་རྣམས། །མངོན་སུམ་ཕེབ་ནས་རྡོ་རྗེའི་འོག་མིན་གྱི། །ཕོ་བྲང་ཉིད་དང་དབྱེར་མེད་བྱིན་གྱིས་བརླབས། །བར་དུ་བན་དེ་ཡེ་ཤེས་ཞབས་དང་ནི། །གྲུབ་ཐོབ་ཤར་པ་ལ་སོགས་བན་བོན་གྱི། །རིག་འཛིན་དུ་མས་སྒྲུབ་པའི་གནས་སུ་མཛད། །ཕྱིས་དུས་སྤྲུལ་པའི་གཏེར་ཆེན་རྣམ་པ་གཉིས། །ཆོས་རྒྱལ་ཡབ་སྲས་ལས་
སྨོན་འཕྲོ་སད་ནས། །ཞལ་འཛོམ་གནས་དང་གཏེར་གྱི་སྒོ་འཕར་ཕྱེས། །སྡེ་གསུམ་གཙོར་བྱས་ཆོས་དང་དམ་རྫས་ནི། །གྲོལ་བ་བཞི་ལྡན་གདུལ་བྱའི་དཔྱིད་དུ་དྲངས། །སྔོན་མེད་ངོ་མཚར་རྨད་དུ་བྱུང་བ་ཡི། །གཏམ་སྙན་ས་གསུམ་རྣ་བའི་བཅུད་དུ་ལེན། །དེང་སང་བདག་ཀྱང་གུ་རུ་རིན་པོ་ཆེའི། །ལུང་གི་རྗེས་སྐྱོང་མོས་གུས་རིག་པའི་རྩལ། །ཏིང་འཛིན་རོལ་མོ་ཅི་ཡང་སྒྱུར་བཞིན་ཏུ། །ཁྱབ་བདག་བླ་མའི་སྐུ་ཚེ་བརྟན་པ་དང་། །རྣལ་འབྱོར་དོན་འགྲུབ་རྒྱལ་ཁམས་བདེ་བའི་སླད། །རྩ་གསུམ་དགོངས་པ་འདུས་པའི་དཀྱིལ་འཁོར་དུ། །ཕྱི་ནང་གསང་བའི་ཚོགས་འཁོར་ཚུལ་བཞིན་སྤྱད། །སྨོན་ལམ་འབྲས་བུ་སྨིན་པའི་ས་བོན་བཏབ། །དེ་ལྟའི་གནས་མཆོག་པདྨ་ཤེལ་ཕུག་ཅེས། །ཡོན་ཏན་གསུང་གི་གནས་ཆེན་རྨད་དུ་བྱུང་། །ཀུན་ལས་ཁྱད་པར་འཕགས་པ་ལུང་གིས་བསྔགས། །དབུས་ལྟེ་ཙིཏྟ་ཤེལ་གྱི་གུར་ཕུབ་འདྲ། །སྙིང་པོ་པདྨ་འོད་ཀྱི་གཞལ་མེད་ཁང་། །ཐབས་མཆོག་བདེ་ཆེན་གུ་རུ་དངོས་སུ་བཞུགས། །གཡོན་ཏུ་ཤེས་རབ་ཕར་ཕྱིན་མཚོ་རྒྱལ་མས། །ཏིང་འཛིན་སྒོམ་པའི་གནས་སུ་བྱིན་བརླབས་པ། །མཁའ་འགྲོའི་འདུ་བ་དྲི་བཟང་ངད་པས་མཚོན། །རྒྱབ་རི་ཀུན་བཟང་རྡོ་རྗེ་སེམས་དཔའ་ཡིས། །བྱིན་བརླབས་བརྒྱུད་གསུམ་རིག་འཛིན་བླ་མའི་ཞིང་། །གཡས་ཕྱོགས་རིགས་
གསུམ་སེམས་དཔའ་ཐབས་ཀྱི་གནས། །གཡོན་ཕྱོགས་མྱུར་མཛད་དཔའ་མོ་ཤེས་རབ་འཕྲུལ། །མདུན་ཕྱོགས་འཕགས་པ་ཛམ་ལྷ་རིགས་ལྔ་ཡི། །ཕོ་བྲང་སྙིང་པོ་ཕྱག་རྒྱའི་མཚན་མ་གསལ། །བླ་དྭགས་མིང་ཡང་ཛཾ་ནང་ཞེས་པར་གྲགས། །ཕྱོགས་མཚམས་ཆོས་ནོར་གཏེར་མཛོད་དུ་མས་གཏམས། །ངོ་མཚར་བཀའ་རྟགས་རང་བྱོན་ཅི་ཡང་བཀྲ། །ཡེ་ཤེས་ཅན་ངོར་མཁའ་སྤྱོད་རྡོ་རྗེའི་གྲོང་། །དག་པའི་སྣང་བར་ཞིང་ཁམས་མངོན་སུམ་བཞིན། །རྩ་བ་གསུམ་གྱི་བྱིན་རླབས་སྤྲིན་ལྟར་འཐིབས། །རིག་འཛིན་དཔའ་བོ་མཁའ་འགྲོ་དངོས་སུ་འདུ། །བཀའ་སྲུང་གིང་བཙན་དཀར་དམར་ལས་ལ་མྱུར། །ཡུལ་བདག་དཀར་པོའི་ཕྱོགས་སྐྱོང་དམ་ལ་གནས། །ནག་ཕྱོགས་ལྷ་སྲིན་གདུགས་པའི་རྒྱུ་སྲང་མེད། །ཚུར་མཐོང་སྐྱེ་བོ་ཀུན་གྱི་སྣང་ངོར་ཡང་། །ས་ཡི་ཁད་མཐོ་གཙང་ཞིང་ཡིད་དུ་འོང་། །དབྱིབས་ལེགས་བྲག་རི་དཀར་དམར་ཕྲེང་བར་བསྟར། །སྤང་ལྗོང་མེ་ཏོག་ཚོམ་བུ་ཀུན་ནས་མཛེས། །ལྷ་བྱ་རྩེད་འཇོའི་མགྲིན་གླུ་རྣ་དབང་སྙན། །སྤོས་ཀྱི་ཤིང་དང་སྨན་གྱི་མྱུ་གུ་འཁྲུངས། །ལྗོན་ཤིང་འདབ་རྒྱས་ནགས་ཚལ་ཁྱུད་མོས་བསྐོར། །སྐྱེ་བོའི་རྒྱུ་འགྲུལ་ཉུང་བས་འདུ་འཛིས་དབེན། །ཉམས་དགའ་བག་ཕེབ་བསམ་གཏན་སྒོམ་པའི་གནས། །ཐོས་པས་ཡིད་སྤྲོ་མཐོང་བས་དད་མོས་བསྐྱེད། །
བསྡད་ན་འབྲལ་མི་ཕོད་པའི་ཏིང་འཛིན་ཤར། །སྐྱོ་ཤས་མོས་གུས་སྙིང་རྗེའི་བོགས་རྩལ་ཐོན། །ཕྱག་བསྐོར་མཆོད་སོགས་ཕན་ཡོན་ཚད་ལས་འདས། །ཆེ་ཆུང་བཟང་ངན་འབྲེལ་ཚད་དོན་དང་ལྡན། །ཁྱད་པར་དམ་ལྡན་དགོངས་ཉམས་རྩལ་རྫོགས་པའི། །རྣལ་འབྱོར་ཚོགས་ཀྱི་འདུ་བར་སྤྱོད་པ་ལ། །གནས་མཆོག་ཀུན་ལས་དངོས་གྲུབ་ཁྱད་པར་འཕགས། །ཤོད་ཆེན་བཞི་ཡི་ཡ་གྱལ་སྨན་ཤོད་ཀྱི། །གནས་ཀྱི་གཙོ་བོ་ཡུལ་གྱི་བཅུད་ཡིན་པས། །དད་ལྡན་རྣམས་ཀྱིས་བསོད་ནམས་གསོག་པར་རིགས། །མཆོག་འདོད་རྣམས་ཀྱིས་པདྨའི་ཁང་དུ་བསྒྲུབ། །ཁྱད་པར་གསུང་གི་རིགས་མཆོག་གྲུབ་ཐག་ཉེ། །ཐུན་མོང་དོན་གཉེར་ཛཾ་ལྷའི་གནས་སུ་བསྒྲུབ། །གཡང་སྒྲུབ་བྱས་ན་ཡུལ་ཕྱོགས་རྒུད་པ་གསོ། །གནས་མཆོག་འདི་དང་འདི་འདྲའི་ཉེ་སྐོར་དུ། །སྐྱེས་ཀྱང་དད་མེད་བསོད་ནམས་མི་གསོག་པ། །མི་ལུས་དུད་འགྲོའི་སེམས་ལྡན་སྐལ་དམན་ཏེ། །དབུལ་པོའི་ཐབ་འོག་གསེར་བཞིན་དགོས་པའི་དོན། །འགྲུབ་མིན་དད་དང་ཡིད་ཆེས་སྐྱེ་བ་སོགས། །རིགས་སང་སྨོན་ལམ་འདེབས་ལ་བརྩོན་པར་འཚལ། །ཁོང་པར་སྙིང་ཡོད་རྣམས་ཀྱིས་ཚོགས་ཆུང་ངུས། །འདི་གཏན་དོན་ཆེན་སྒྲུབ་བྱེད་སྤྱི་ཡི་ནོར། །གུ་རུ་པདྨས་བཀའ་དྲིན་སྩལ་འདི་ལ། །ཡིད་ཆེས་མོས་
པས་ཕྱག་བསྐོར་ཚོགས་གསོག་དང་། །སྒོམ་སྒྲུབ་འབྲེལ་བས་མི་ཡི་ལུས་ཐོབ་ཅིང་། །གནས་མཆོག་མཇལ་བའི་སྙིང་པོ་ལེན་ཡང་མཛོད། །ཨ་ཧོ། འཁོར་འདས་ཆོས་རྣམས་རིག་པའི་མདངས་རྩལ་ཤར། །རྟོགས་ན་ཞིང་ཁམས་མ་རྟོགས་ཐ་མལ་དངོས། །རྣལ་འབྱོར་པ་ནི་བླང་དོར་གཟའ་གཏད་མེད། །གར་བལྟས་འོད་གསལ་ཉི་མ་ཁོར་ཡུག་ཤར། །ཆོས་དབྱིངས་མཁའ་ཁྱབ་འདི་ནི་བསྒྲུབ་མི་དགོས། །ཡངས་པ་ཆེན་པོ་འཛིན་རྟོགས་ཀུན་ལས་འདས། །སེམས་ཀྱི་སྤྲིན་ཚོགས་འདུ་འགོད་ཅི་བྱེད་ཀྱང་། །རང་རིག་ཟང་ཐལ་མཁའ་ལ་སྒྲིབ་པ་མེད། །བདེ་ཆེན་ཆོས་སྐུ་འགྱུར་མེད་ཁྱབ་གདལ་ཆེ། །གནས་དང་གང་ཟག་གཉིས་པོ་གཅིག་ཏུ་འདྲེས། །བལྟ་བྱ་མ་མཆིས་ལྟ་མཁན་གཞི་རྩ་སྟོང་། །བསྒོམ་པ་མ་མཆིས་སྒོམ་མཁན་དབྱིངས་སུ་ནུབ། །སྤྱོད་མེད་སྤྱོད་པ་ཚུལ་འཆོས་རྩིས་གདབ་ཞིག །རིག་སྟོང་ཆོས་སྐུ་འདུ་འབྲལ་མེད་པ་ལས། །འབྲས་བུ་གཞན་ནས་ཚོལ་བའི་རེ་དོགས་བྲལ། །པདྨ་གར་དབང་སྐལ་པ་བཟང་བཟང་འདྲ། །བློ་གྲོས་མཐའ་ཡས་བན་རྒན་སྨྱོ་སྨྱོ་འདྲ། །བསྟན་གཉིས་གླིང་པ་སྐྱིད་སྡུག་མེད་མེད་འདྲ། །རེ་མེད་དོགས་མེད་བཀྲ་ཤིས་དཔལ་འབར་ཤོག །ཁོ་བོ་གུ་འི་མིང་ཅན་ཆོས་རྗེ་མ་ཧཱ་གུ་རུའི་བཀའ་བཞིན་སྒྲུབ་གནས་ཀྱི་རྒྱལ་པོ་པདྨ་ཤེལ་ཕུག་ཏུ་གནས་
འབྲེལ་བྱས་པའི་ཚེ་ཆེད་དུ་བརྗོད་པ་དགེ་ལེགས་འཕེལ།། ༈ །།ཨ་ཧོ། སྟོབས་བཅུ་མངའ་བའི་རྒྱལ་བ་སྲས་བཅས་ལས། །ངོ་མཚར་ཕྲིན་ལས་ཁྱད་འཕགས་ཨོ་རྒྱན་རྗེའི། །གང་འདུལ་རྣམ་རོལ་ནམ་མཁའི་མུ་ཁྱུད་ལས། །བརྒལ་ཡང་ཕྱོགས་རེའི་བློ་ཅན་དྲང་བའི་སླད། །མཚན་མཆོག་བརྒྱད་སོགས་ཕྱི་ནང་གསང་བ་ཡི། །རྣམ་དག་ངེས་བཟང་ཅན་གྱི་བཀོད་པའི་ཆ། །དག་གཏུམ་རྔམས་བརྗིད་པདྨ་ཧེ་རུ་ཀ །འཆོལ་བའི་ཁྲོ་རྒྱལ་རྡོ་རྗེ་གྲོ་བོ་ལོད། །ཟླ་གཟུགས་གཅིག་ཉིད་ཆུ་སྣོད་དུ་མ་རུ། །འཆར་བ་ལ་འཁུ་གངས་ཅན་གནས་སྤྱི་དང་། །ཁྱད་པར་སྟག་ཚང་མིང་ཅན་བཅུ་གསུམ་དུ། །སྐུ་གཅིག་ཞིང་ཀུན་ཁྱབ་པའི་ཆོ་འཕྲུལ་ཆེས། །གཟུགས་ཅན་གཟུགས་མེད་གདུག་པའི་དཔུང་ཚོགས་བཏུལ། །སྐད་ཅིག་བསྐལ་པར་སྒྱུར་བའི་རྫུ་འཕྲུལ་གྱིས། །རི་བྲག་གངས་སོགས་སྒྲུབ་གནས་བྱིན་གྱིས་བརླབས། །མ་འོངས་འགྲོ་ལ་ཕན་ཕྱིར་ཆོས་རྟེན་ནོར། །དམ་རྫས་གཏེར་གྱིས་ས་འོག་ཁྱད་པར་བཀང་། །དེ་ལས་ཤོད་བཞིའི་ནང་ཚན་སྨན་ཤོད་ཞེས། །སྦས་པའི་ཡུལ་མཆོག་ཟིལ་ཁྲོམ་གངས་རའི་མདུན། །སྲིད་པའི་ལྷ་གཉན་གསུམ་གྱི་ཕོ་བྲང་དབུས། །རོང་མེ་དཀར་མོ་སྟག་ཚང་ཞེས་བྱ་བ། །རྨུ་སྟག་ཅན་
ཟན་མི་ཕྱུགས་སྲོག་གི་གཤེད། །བཏུལ་ནས་ཁྱད་པར་གནས་སུ་བྱིན་བརླབས་པ། །ལྷ་ཤིང་ལྗོན་པའི་ནགས་ཚལ་འཁྲིགས་པའི་དབུས། །གདོང་ལྔའི་དབང་པོ་སྙེམས་པས་འགྱིང་འདྲ་བའི། །བརྗིད་ཆགས་རིན་ཆེན་བྲག་རི་ཡ་མཚན་ཅན། །མངོན་དང་མི་མངོན་སྒྲུབ་ཕུག་ཀེའུ་ཚང་དང་། །ཟབ་མོའི་གཏེར་ཁ་དུ་མས་ཡོངས་སུ་གཏམས། །རིན་ཆེན་འབྱུང་གནས་ཆུ་རྒྱུན་མདུན་ནས་འབབས། །ཕུ་མདའ་གཡས་གཡོན་སྒྲུབ་གནས་མང་པོས་བསྐོར། །སྟོད་ན་གངས་དཀར་ཤེལ་གྱི་གུར་ཆེན་ཕུབ། །དེ་ལ་ལྷོ་སྤྲིན་མཐིང་ཞུན་ལ་ཐོད་བཅིངས། །བར་ན་མཚོ་མོ་གཡུ་ཡི་མཎྜལ་འཁྱིལ། །དེ་ནས་ན་བུན་བདུད་རྩིའི་ཆར་ཟེགས་འཕྱུར། །འདབ་རལ་ལྗོན་ཤིང་དུ་མའི་ཕྲེང་བས་བསྐོར། །ནགས་ཁྲོད་བྱ་དང་རི་དྭགས་དགའ་བས་རྩེ། །གངས་ཆུ་རྫ་ཆུའི་ཀླུང་ཆེན་ལྷུང་ལྷུང་འགྲོ། །རྦ་རླབས་མུ་ཏིག་དོགས་པ་ཀུན་ཏུ་འཐོར། །ནེའུ་གསེང་མརྒད་ཞུན་མའི་དོ་ར་མཛེས། །སྤང་ཐང་གསེར་གཡུའི་ཡོལ་བ་ཕྱོགས་སུ་བྲེས། །དབྱིབས་ལེགས་མདངས་མཛེས་མེ་ཏོག་ཚོམ་བུ་བརྡལ། །དྲི་བཟང་ངད་འཐུལ་ནུས་ལྡན་སྨན་རིགས་འཁྲུངས། །བསམ་གཏན་འཚེ་བ་རྒྱུ་འགྲུལ་གླགས་ཅོར་མེད། །ལྷ་དང་དྲང་སྲོང་ཏིང་འཛིན་བསྒོམ་པའི་གནས། །མཁའ་འགྲོ་ཚོགས་ཀྱི་འདུ་བར་རོལ་པའི་
ཞིང་། །གྲུབ་བ་རིག་འཛིན་བརྟུལ་ཞུགས་སྤྱོད་པའི་ས། །དེ་འདྲའི་གནས་མཆོག་ཁྱད་པར་འཕགས་པའི་དབུས། །ཡི་དམ་བདེ་གཤེགས་འདུས་པའི་ཕོ་བྲང་ལ། །ཞི་ཁྲོ་རྒྱལ་བ་རབ་འབྱམས་དངོས་སུ་བཞུགས། །གུ་རུ་ཡབ་ཡུམ་བདེ་ཆེན་དགྱེས་རོལ་པའི། ། གསང་ཕུག ་ངོ་མཚར་བྱིན་བརླབས་གཟི་བརྗིད་ལྡན། །ལོ་ཆེན་བཻ་རོ་གནུབས་ཆེན་ནམ་སྙིང་སོགས། །སྒྲུབ་པའི་གནས་མཆོག་བྲག་སྐྱིབས་ཀེའུ་ཚང་། །ཆོས་རྒྱལ་ཡབ་སྲས་ཐུགས་བསྐྱེད་སྨོན་ལམ་མཐུས། །གཏེར་ཆེན་མདོ་སྔགས་གླིང་དང་མཆོག་གྱུར་གླིང་། །ཞལ་འཛོམ་བྲག་རི་རྡོ་རྗེའི་རྒྱ་བཀྲོལ་ནས། །ཁྱད་འཕགས་སྐུ་གསུང་ཐུགས་རྟེན་སྤྱན་དྲངས་པའི། །ཕྱག་རྗེས་དད་ལྡན་དབང་པོའི་སྤྱོད་ཡུལ་སྣང་། ཁམས་བོད་སྟག་ཚང་མིང་ཅན་བཅུ་གསུམ་དུ། །གུ་རུ་རྡོ་རྗེ་གྲོ་ལོད་སྐུར་བཞེངས་ནས། །ལྷ་སྲིན་བཏུལ་ཞིང་གནས་གཏེར་བྱིན་བརླབས་ཚེ། །འདིར་ཡང་རྫུ་འཕྲུལ་བཀོད་པ་མཐའ་ཡས་བསྟན། །བྲག་རྩེར་བསམ་གྱིས་མི་ཁྱབ་ཆོ་འཕྲུལ་ཆེའི། །ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ན། །ཆོས་རྒྱལ་ཁྲི་སྲོང་བརྒྱ་བྱིན་སྲས་སྐྱེས་པ། །ལྷ་ཡི་བྱར་སྤྲུལ་འཇའ་ཚོན་ལམ་ལས་གཤེགས། །དགུང་སྔོན་དབྱིངས་ནས་དེའུའི་རྩེ་ལ་བབས། །གུ་རུ་མཇལ་ཏེ་རང་གནས་བྱོན་པའི་ཤུལ། །
དེང་སང་ལྷ་བྱ་སྒང་ཞེས་བླ་དྭགས་གྲགས། །གཡས་ཕྱོགས་ཐུགས་རྗེ་ཆེན་པོས་བྱིན་རླབས་གནས། །ཕུག་པར་སྤྱན་རས་གཟིགས་དབང་སྒྲུབ་པ་ན། །བོད་ཁམས་ཡོངས་ལ་བཀྲ་ཤིས་བདེ་ལེག་འབྱུང་། །དེ་ཕྱིར་སྔོན་དུས་སྒྲུབ་པའི་སྔ་ཆགས་ནས། །འཚོ་བ་སྐྱོར་བའི་འགྲོག་དུད་མཆིས་པ་ལ། །ཐུགས་རུ་མ་ཞེས་གྲགས་པས་དེང་སང་ཡང་། །ས་ཕྱོགས་དེ་ལ་མིང་དེ་གྲགས་པར་གསུངས། །གཡོན་ཕྱོགས་མཁའ་འགྲོ་འབུམ་འདུ་མཁའ་སྤྱོད་རྫོང་། །ཨོ་རྒྱན་རྡུ་མ་ཐ་ལར་གཉིས་སུ་མེད། །དཔལ་ཆེན་ཁྲག་འཐུང་དེ་སྤྲུལ་བཀའ་སྡོད་བཅས། །རོལ་བའི་ཕོ་བྲང་ཙིཏྟ་འབར་བའི་དབྱིབས། །ཡ་མཚན་རྟགས་དང་དྲག་པོའི་རྔམ་ཟིལ་ལྡན། །བར་མཚམས་རྩ་གསུམ་ཆོས་སྲུང་བླ་མཚོ་ལ། །ཆོས་བོན་ནོར་གྱི་གཏེར་ཁ་དུ་མས་གཏམས། །གཞན་ཡང་སྒྱུ་མས་འཕྲུལ་པའི་ལྟད་མོ་བཞིན། །གནས་དང་གཏེར་གྱི་བཀོད་པ་ཅི་ཡང་སྣང་། །ཀྱེ་མ་ཧོ། ལོག་ཤེས་ཅན་ངོར་ས་རྡོ་ཆུ་ཤིང་ཉིད། །འཁྲུལ་པའི་བློ་ངོར་གདོས་བཅས་རེམ་པོའི་དངོས། །རྣལ་འབྱོར་ཅན་ངོར་སྣང་ལ་རང་བཞིན་མེད། །དག་པའི་སྣང་བར་ལྷ་དང་གཞལ་ཡས་ཁང་། །རྟོགས་ན་ཀུན་ཀྱང་རང་རིག་འོད་གསལ་མདངས། །ཀུན་ཁྱབ་ཀུན་བཟང་སྐུ་དང་ཞིང་ཁམས་སུ། །བརྡལ་བ་ཆེན་པོར་ཡེ་ནས་རྣམ་པར་དག །མ་དག་འཁྲུལ་པའི་མིང་དང་ཐ་སྙད་ཙམ། །བཏགས་པ་དེ་ཡང་བྱིས་
བློའི་འཛིན་རྟོག་ལས། །དོན་ལ་གང་ཡང་མ་གྲུབ་ནམ་མཁའ་འདྲ། །འཁོར་བ་མྱང་འདས་བློ་ཡིས་བརྟགས་པ་ཙམ། །དག་དང་མ་དག་མིང་གི་ཐ་སྙད་ཙམ། །སངས་རྒྱས་སེམས་ཅན་སེམས་ཀྱི་འཛིན་སྟངས་ཙམ། །གདོད་མའི་གཤིས་སུ་ཅི་ཡང་གྲུབ་པ་མེད། །མ་གྲུབ་པ་ལས་སྣ་ཚོགས་ཤར་བ་ཉིད། །རིག་པའི་རང་རྩལ་སྐུ་གསུམ་རང་བཞིན་ཏུ། །ཤེས་ནས་སྤང་བླང་འདོར་ལེན་མི་བྱེད་པ། །རྣལ་འབྱོར་དབང་ཕྱུག་རྣམས་ཀྱི་ཁྱད་པར་ཆོས། །ངས་ཀྱང་དེ་འདྲའི་གནས་ལུགས་ཕྱོགས་ཙམ་གེ། །གོ་བ་གང་སྐྱེས་བཤད་ན་ཟད་མཐའ་མེད། །མེད་པའི་གནས་སྣང་བརྗོད་ཀྱང་རྐྱག་བརྫུན་འདྲ། །འདྲ་ཆོས་འགའ་ཞིག་ད་རུང་འཆད་དུ་ཡོད། །ཀྱེ་ཀྱེ་འཇིག་རྟེན་འདི་དང་ཕ་རོལ་དུ། །བདེ་སྐྱིད་འདོད་པའི་བློ་ལྡན་མི་ཡོད་ན། །གནས་འདིར་སྡིག་པ་སྤང་ཞིང་ཚོགས་ཆེན་གསོག །བསྐྱེད་རྫོགས་དོན་བསྒོམ་བསྙེན་སྒྲུབ་ལས་སྦྱོར་བརྩོན། །ཐ་ན་བཟང་པོའི་ལས་ཀྱི་འབྲེལ་ཐོགས་བྱ། །གནས་དང་རྒྱུན་ཏུ་འགྲོགས་ཀྱང་དད་གུས་མེད། །ཐ་མལ་ས་རྡོ་ཙམ་ཞིག་ཡིན་སེམས་པ། །དུད་འགྲོ་མི་གཟུགས་ཡིན་པར་ཤེས་གྱིས་ལ། །ཅི་ནུས་བསོད་ནམས་བསགས་ལ་འབད་པར་འཚལ། །ཆེ་ཆུང་འབྲེལ་བ་གང་ཐོགས་དེ་ཙམ་དུ། །གནས་སྐབས་མཐར་ཐུག་མཆོག་ཐུན་དངོས་གྲུབ་འཐོབ། །
གུ་རུའི་ཐུགས་བསྐྱེད་མཛད་པ་བསམ་མི་ཁྱབ། །ཁྱད་པར་གདུལ་དཀའ་འདུལ་བའི་ཕྲིན་ལས་ནི། །དུས་གསུམ་སངས་རྒྱས་ཀུན་ལས་ཁྱད་འཕགས་པས། །འདིར་སྐྱེས་མི་དང་དུད་འགྲོ་ཡན་ཆད་ཀྱང་། །དཔལ་ཆེན་རྡོ་རྗེ་གྲོ་ལོད་གདུལ་བྱ་སྟེ། །གསང་བའི་ལམ་ལ་སྐལ་པ་ལྡན་པར་འགྱུར། །འདིས་ཀྱང་གནས་ཀྱི་ཡོན་ཏན་ལེགས་མཐོང་ནས། །ཕྲིན་ལས་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག །དགེ་ལེགས་འཕེལ།། །།