དཔལ་ཆེན་མོ་སྲིད་གསུམ་གཡང་བདག་དང་བཅས་པའི་བསངས་མཆོད་ནོར་བུའི་ཆར་སྤྲིན།
དཔལ་ཆེན་མོ་སྲིད་གསུམ་གཡང་བདག་དང་བཅས་པའི་བསངས་མཆོད་ནོར་བུའི་ཆར་སྤྲིན་ཞེས་བྱ་བ་བཞུགས་སོ།། །།
ཨོཾ་སྭ་སྟི། ནོར་སྦྱིན་ལྷ་མོ་དཔལ་ལ་འདུད། །བོད་ཀྱི་ཡུལ་ཆོས་བསང་མཆོད་ལ། །གྲོང་སྔགས་པ་རྣམས་དགའ་བའི་ཕྱིར། །རྒྱུད་ནས་མེ་ཏོག་འདུག་པ་ཡིས། །མཆོད་ཅིང་བསྙེན་བའི་ལུང་དོན་གྱི། །རྗེས་འབྲང་འདི་ཡང་དོན་མེད་མིན། །དེའང་ཙན་དན་ཨ་ག་རུ་སོགས་དྲི་བཟང་གི་བདུག་སྤོས་བཏུལ། ཁ་དོག་སེར་པོ་གཙོ་བོར་གྱུར་པའི་མེ་ཏོག་གི་ཕྲེང་བ་བསྟར། བཟང་ཤིང་ཚོགས་ཚད་ཀྱི་མེ་ལ་དཀར་མངར་ཟས་སྣ་བསྲེག་པའི་གསུར་དང་། །རིན་པོ་ཆེས་འཕྲད་པ་སྩལ་བའི་གསེར་སྐྱེམས་སོགས་གཙང་མར་སྦྱར་བའི་མཆོད་རྫས་འདུ་བྱས་ལ། རཾ་ཡཾ་ཁཾ། མི་གཙང་བའི་དྲི་མ་བསྲེག་ས་གཏོར་བཀྲུས། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་
གྱིས་བརླབས་པའི་སྟོབས་དང་། བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་། རིག་སྔགས་ཀྱི་སྟོབས་ཀྱིས་མེ་ཏོག་དང་། བདུག་པ་ལ་སོགས་པ་འདི་དག་ཀུན་བཟང་མཆོད་པའི་སྤྲིན་ཕུང་འདོད་ཡོན་ནམ་མཁའ་མཛོད་ཀྱི་ཆར་པ་ཟད་མི་ཤེས་པ་འཇོ་བས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ་པར་གྱུར་ཅིག །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥ་ར་་ཨི་མི་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ལན་བརྒྱད་བརྗོད། དབྱངས་སྙན་རོལ་མོ་བཅས་འདི་སྐད་དོ། །ཀྱཻ། སངས་རྒྱས་བྱང་སེམས་སྨོན་ལམ་དང་། །འབྱུང་བ་འདུས་པའི་རྟེན་འབྲེལ་ལས། །རང་བྱུང་བདུད་རྩི་
ཅན་གྱི་ཤིང་། །སྤོས་ཀྱི་སྤྲིན་ཆེན་དྲ་བར་འཁྲིགས། །བདུག་པའི་དྲི་བསུང་ཞིང་ཀུན་ཁྱབ། །མེ་ཏོག་ཕྲེང་བས་བར་སྣང་ཁེབས། །གསེར་སྐྱེམས་ཡེ་ཤེས་བདུད་རྩིར་འཁྱིལ། །ཀུན་བཟང་མཆོད་པའི་སྤྲིན་ཕུང་གཏིབས། །འདོད་ཡོན་ནམ་མཁའ་མཛོད་ཆར་འབེབས། །དབྱངས་སྙན་རོལ་མོའི་སྒྲ་ཡིས་འབོད། །དད་མོས་རྩེ་གཅིག་གུས་པ་ཡིས། །མཆོད་ཡུལ་རྒྱ་མཚོ་སྤྱན་འདྲེན་ན། །རབ་འབྱམས་དག་པའི་ཞིང་ཁམས་ནས། །རྒྱལ་དང་རྒྱལ་སྲས་ཐུགས་རྗེ་ཅན། །རྫུ་འཕྲུལ་བྱིན་རླབས་ཆེན་པོ་ཡིས། །ཡེ་ཤེས་རང་གཟུགས་ཆུ་ཟླའི་གར། །མདུན་མཁར་སྤྲིན་བཞིན་གཏིབ་པར་མཛོད། །ཕོ་བྲང་ལྕང་ལོ་ཅན་གྱི་འཁོར། །སྐྱེད་ཚལ་བསོད་ནམས་མེ་ཏོག་འོད། ཁང་བཟང་པདྨ་དམ་པ་ནས། །ནོར་གྱི་ལྷ་མོ་ཆེན་མོ་དཔལ། །ནོར་རྒྱུན་མ་སོགས་གྲོགས་མོ་བརྒྱད། །ནོར་བདག་བྱེ་བའི་འཁོར་དང་བཅས། །སྤྱན་འདྲེན་དགྱེས་པའི་ཐུགས་ཀྱིས་གཤེགས། །ཚོགས་ཀྱི་བདག་པོ་མི་མགོན་དཀར། །རྨ་
རྒྱལ་པཾ་ར་གཉན་པོ་སོགས། །སྲིད་གསུམ་གཡང་བདག་འཁོར་བཅས་རྣམས། །བསངས་དང་མཆོད་པའི་གནས་འདིར་བྱོན། །རིན་ཆེན་མེ་ཏོག་དར་ཟབ་ཁྲི། །དགྱེས་པའི་གདན་ལ་བཞུགས་སུ་གསོལ། །པདྨ་ཨུདྤལ་ཀུ་མུད་སོགས། །མདངས་མཛེས་མེ་ཏོག་ཕྲེང་བས་མཆོད། །ཙན་དན་བལ་བུ་ཨ་གར་སོགས། །ངད་བཟང་བདུག་པའི་སྤྲིན་གྱིས་མཆོད། །སྦྲང་རྩི་བུ་རམ་རོ་སྦྱར་བའི། །འོ་ཆབ་ཨརྒྷཾ་རྒྱུན་གྱིས་མཆོད། །རོ་བརྒྱ་ནུས་པ་སྟོང་ལྡན་པའི། །ཞལ་ཟས་བཟའ་བཏུང་དུ་མས་མཆོད། །བསྟོད་དབྱངས་ཡན་ལག་བརྒྱ་ལྡན་པས། །འཇིག་རྟེན་འདས་དང་མ་འདས་པའི། །མགྲོན་རིགས་མ་ལུས་བསྔགས་པར་བགྱི། །མཉེས་ནས་མཆོག་དང་ཐུན་མོང་གི། །དངོས་གྲུབ་ཆུ་བོའི་རྒྱུན་ལྟར་སྩོལ། །ཀྱེ། །དཀོན་མཆོག་རྒྱལ་བ་ཤཱཀྱ་ཐུབ། །དམ་ཆོས་གསེར་འོད་དམ་པ་དང་། །འཕགས་པའི་དགེ་འདུན་ཚོགས་བཅས་ལ། །ཕྱག་འཚལ་བསངས་དང་མཆོད་པ་འབུལ། །ལྷ་མོ་ཆེན་
མོ་བྱང་ཆུབ་ཏུ། །ཐུགས་མཆོག་བསྐྱེད་མཛད་དགེ་བའི་བཤེས། །རིན་ཆེན་མེ་ཏོག་ཡོན་ཏན་མཚོ། །བཻཌཱུརྻ་དང་གསེར་གྱི་རི། །མདོག་བཟང་གསེར་དུ་སྣང་བའི་དཔལ། །བྱང་སེམས་ཉན་ཐོས་ཚོགས་བཅས་ལ། །ཕྱག་འཚལ་བསངས་དང་མཆོད་པ་འབུལ། །དེ་བཞིན་གཤེགས་པ་དཔལ་སྟུག་པོ། །བཀྲ་ཤིས་དཔལ་དང་སྐར་འོད་དཔལ། །གཡུལ་རྒྱལ་སྣང་བའི་དཀྱིལ་འཁོར་དཔལ། །རྒྱལ་མཚན་ཤུགས་དཔལ་སྤོས་སྣང་དཔལ། །ཞི་མཛད་སྐུ་དང་མཚོ་སྣང་དཔལ། །མཚན་དཔའ་རིན་ཆེན་གནས་ཀྱི་དཔལ། །འོད་འཕགས་ཡང་དག་རྫོགས་པའི་དཔལ། །གསེར་མཆོག་སྣང་དཔལ་སྒྲ་དབྱངས་དཔལ། །འོད་ཀྱི་ཏོག་དང་ལྷུན་པོའི་དཔལ། །ཚངས་དཔལ་དབང་ཕྱུག་ཆེན་པོའི་དཔལ། །འོད་དཔལ་ཆོས་འོད་རྒྱལ་པོའི་དཔལ། །འོད་བཟང་དཔལ་དང་ཏོག་གི་དཔལ། །སྤོས་སྒྲོན་རྒྱ་མཚོའི་སྙིང་པོའི་དཔལ། །སྙན་དཔལ་ཆོས་སྣང་བཀོད་པའི་དཔལ། །ཤིང་རྒྱལ་ལྟར་སྐྱེས་རི་བོའི་དཔལ། །ཡེ་འོད་
སྨོན་ཆེན་ཤུགས་ཀྱི་དཔལ། །སྤྲིན་ཆེན་དཔལ་དང་དྲན་ཏོག་རྒྱལ། །དབང་པོའི་ཏོག་གི་རྒྱལ་མཚན་དཔལ། །ནོར་འབྲུ་ཀུན་སྡུད་ཞི་འདྲེན་དཔལ། །ཕུན་སུམ་ཚོགས་པ་འགུགས་པའི་དཔལ། །རྒྱལ་བའི་མྱུ་གུའི་ཚོགས་བཅས་ལ། །ཕྱག་འཚལ་བསངས་དང་མཆོད་པ་འབུལ། །བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན། །དྲི་མེད་རིན་ཆེན་འོད་སྣང་ཏོག །འཇམ་བུའི་གསེར་གྱི་རྒྱལ་མཚན་དར། །གསེར་སྣང་འོད་སྣང་སྙིང་པོ་མཆོག །གསེར་རི་རིན་འབྱུང་གདུགས་བརྩེགས་པ། །གསེར་གྱི་མེ་ཏོག་འོད་འབར་ཏོག །སྒྲོན་མ་ཆེན་པོ་རིན་ཆེན་ཏོག །མི་འཁྲུགས་རིན་འབྱུང་ཚེ་དཔག་མེད། །རྔ་སྒྲ་ལ་སོགས་ཕྱོགས་བཅུ་དང་། །དུས་གསུམ་གཤེགས་པའི་རྒྱལ་རྣམས་ལ། །ཕྱག་འཚལ་བསངས་དང་། འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །སྒྲིབ་སེལ་ནམ་སྙིང་ཀུན་ཏུ་བཟང་། །བྱམས་པ་ས་སྙིང་མཛེས་པའི་ཏོག །གསེར་འོད་དམ་པ་གསེར་གྱི་སྙིང་། །རྟག་དུ་
ཆོས་འཕགས་རབ་གནས་སོགས། །རྒྱལ་སྲས་བྱང་སེམས་ཚོགས་རྣམས་ལ། །ཕྱག་འཚལ་བསངས་དང་། ཁྱེད་རྣམས་མཆོད་པའི་བྱིན་རླབས་ཀྱིས། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི། །ཉེས་སྡིག་ཐམས་ཅད་མེད་པ་དང་། །ལུས་དང་སེམས་ཀྱི་དྲི་མ་སོལ། །ནོར་དང་འབྲུ་རྣམས་འདུ་ཞིང་འཕེལ། །དབུལ་ཞིང་ཕོངས་པའི་རྒྱུན་ཆད་དེ། །ལྷ་ཀླུ་གནོད་སྦྱིན་ལྷ་མ་ཡིན། །དྲི་ཟ་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་ཆེ་སོགས་འདུན་ཅིང་འགུགས། །ཡམས་ནད་གནོད་འཚེ་འཐབ་དང་འཁྲུག །འགྱེད་དང་རྩོད་སོགས་རབ་ཞི་ཞིང་། །ཕ་རོལ་ཕྱིན་དྲུག་ཡོངས་སུ་གྲུབ། །ཀུན་མཁྱེན་ཡེ་ཤེས་རྫོགས་པ་སོགས། །ཆོས་མཐུན་བསམ་པའི་དོན་རྣམས་ཀུན། །མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཀྱཻ། བསང་ངོ་དཔལ་ཆེན་ལྷ་མོ་བསང་། །མཆོད་དོ་དཔལ་ཆེན་ལྷ་མོ་མཆོད། །དཔལ་ལྡན་བཀྲ་ཤིས་པད་ཕྲེང་མ། །ནོར་བདག་དཀར་ཤམ་གྲགས་པ་ཆེ། །པད་སྤྱན་འོད་ཆེན་
བྱེད་པ་མོ། །ཟས་སྦྱིན་རིན་ཆེན་རབ་སྦྱིན་མ། །བཅུ་གཉིས་མཚན་ལྡན་དཔལ་ཆེན་མོ། །བྱང་ཆུབ་སེམས་མའི་ཚོགས་བཅས་ལ། །ཕྱག་འཚལ་བསངས་དང་མཆོད་པ་འབུལ། །དེ་བཞིན་གཤེགས་པ་ཐམས་ཅད་དང་། །ལྷ་རྣམས་ཀྱིས་ནི་དབང་བསྐུར་བ། །དེ་བཞིན་གཤེགས་དང་ལྷ་རྣམས་ཡུམ། །བདེ་གཤེགས་བྱང་སེམས་ཉན་རང་དང་། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ལྷ་སོགས་གནས་ཀུན་ཡོད་པའི་དཔལ། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །ལྷ་མིན་མཁའ་ལྡིང་མིའམ་ཅི། །ལྟོ་འཕྱེ་ཆེན་པོ་རིག་སྔགས་འཆང་། །ལག་ན་རྡོ་རྗེ་རྡོ་རྗེ་འཆང་། །འཇིག་རྟེན་སྐྱོང་བ་བཞི་དང་ལྔ། །གཟའ་དང་རྒྱུ་སྐར་དཔལ་དེ་ལ། །ཕྱག་འཚལ་བསངས་དང་། ཉི་བུ་རིག་བྱེད་བཞི་ཡི་དཔལ། །བཀྲ་ཤིས་མ་དང་སེམས་ཅན་མ། །རྒྱལ་མ་རྣམ་རྒྱལ་གངྒཱ་མ། །མུ་སྟེགས་བཀྲ་ཤིས་ཐམས་ཅད་མ། །དྲི་མེད་བྱེད་དཔལ་སྡིག་འཕྲོག་མ། །རྒྱགས་བྱེད་ཟླ་ཉི་གཟའ་
ཀུན་དཔལ། །ཕྱག་འཚལ་བསངས་དང་། སེང་ཞོན་པད་མཆོག་འབུམ་གྱིས་བཀབ། །པདྨ་པད་བྱུང་པད་གནས་མ། །པད་འཛིན་པདྨ་དང་ལྡན་མ། །ཤིས་འཛིན་བསོད་ནམས་བསགས་པའི་ལུས། །ཤེས་ཉེན་ཅན་གྱི་བུ་མོ་ལ། །ཕྱག་འཚལ་བསངས་དང་། །ཕྱག་དང་སྤྱན་དང་དབུ་འབུམ་མངའ། །ནོར་བུ་སྣ་ཚོགས་ཅོད་པན་ལྡན། །གཟུགས་བཟང་ཀུན་གྱི་གཟུགས་ཅན་མ། །གྲགས་མ་ཤིན་གྲགས་ཞི་བ་མ། །སྤྲིན་འདྲའི་སྐྲ་གཙང་ཟླ་ལྟར་མཛེས། །དགེ་མ་དགེ་བྱེད་སེམས་ཅན་ལ། །མངོན་ཕྱོགས་འཕགས་མ་མེ་ཏོག་དཔལ། །མེ་ཏོག་དག་གི་དབང་ཕྱུག་མར། །ཕྱག་འཚལ་བསངས་དང་། །རི་རྒྱལ་རི་རབ་ཆུ་ཀླུང་དང་། །མཚོ་ཆུ་རྒྱ་མཚོ་ཀུན་གྱི་དཔལ། །མུ་སྟེགས་ཐམས་ཅད་མངོན་ཕྱོགས་དཔལ། །སྨན་ནགས་རྩྭ་དང་ནོར་འབྲུའི་དཔལ། །གསེར་སྦྱིན་ཟས་དང་སྐོམ་སྦྱིན་མ། །འོད་གསལ་སྣང་མ་ལུས་གཙང་མ། །བདེ་གཤེགས་དབང་སྒྱུར་ལྷ་མངོན་ཕྱོགས། །བརྒྱ་བྱིན་ལ་སོགས་
སྐྱོང་བཞིའི་དཔལ། །ཕྱག་འཚལ་བསངས་དང་། །སྦྱིན་བྱེད་ལོངས་སྤྱོད་གཟི་བརྗིད་མ། །གཟི་ལྡན་ཕུན་ཚོགས་འབྱོར་འཕེལ་ལ། །མཐོང་མ་ཆོས་དཔལ་ཁྱབ་འཇུག་རྟེན། །ཀུ་མུད་ལ་གནས་གནོད་བཟོད་སྦྱིན། །མཐུག་ནས་དག་བྱེད་བཀྲ་ཤིས་ལག །མི་ཤིས་ཀུན་འཇིགས་བསོད་ནམས་སྡུད། །ས་དང་རྒྱལ་པོ་སྔགས་འཆང་རྒྱལ། །འབྱུང་པོ་གནོད་སྦྱིན་སོགས་ཀྱི་དཔལ། །ལྷ་གནས་ལྷ་དང་བཟླས་བརྗོད་དང་། །བཟླས་བརྗོད་སྦྱིན་སྲེག་བྱ་དང་བྱེད། །བཀྲ་ཤིས་ཀུན་གྱི་དཔལ་གྱུར་ལ། །ཕྱག་འཚལ་བསངས་དང་། འོད་ལྡན་མཆོག་དགའ་སྐལ་པས་འགྱུར། །དྲང་སྲོང་དགའ་བརྗོད་བུད་མེད་ཀྱི། །གནས་ཀུན་གཙོ་མོ་དཔལ་གྱི་མཆོག །ལྷ་མིན་མིའམ་ཅི་མོའི་དཔལ། ཁ་ན་མ་ཐོ་མེད་གནས་འདུག །ཡིད་འོང་སིམ་བྱེད་ལུས་ངན་གྱི། །སྙིང་སྡུག་ཆོས་ཀྱི་རྒྱལ་པོའི་དཔལ། །ཕྱག་འཚལ་བསངས་དང་། །ནོར་རྒྱུན་མ་དང་ཟླ་ཤེལ་མ། །སྦྱིན་བྱེད་མ་དང་རབ་སྦྱིན་
མ། །འཕགས་མ་སྦས་མ་རབ་བཟང་མ། །དབྱངས་ཅན་མ་སྟེ་གྲོགས་མོ་བརྒྱད། །འཁོར་དང་བཅས་པ་ཐམས་ཅད་ལ། །ཕྱག་འཚལ་བསངས་དང་། རྣམ་མང་ཐོས་དོང་དེ་ཡི་སྲས། །ཀུ་བེ་ར་སོགས་རྟ་བདག་བརྒྱད། །ཛམ་ལྷ་དཀར་སེར་དམར་ནག་སོགས། །རིན་ཆེན་ནོར་གྱི་ཆར་འབེབས་པའི། །གནོད་སྦྱིན་བྱེ་བ་འབུམ་བཅས་ལ། །ཕྱག་འཚལ་བསངས་དང་། །ལྷ་མོ་འཁོར་བཅས་མཆོད་པའི་མཐུས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཉེས་ལྟུང་སྡིག་པ་ཟད་ཅིང་འཇོམས། །བཀྲ་མི་ཤིས་ཀུན་མེད་པར་མཛོད། །མི་མཐུན་ཕྱོགས་ཀུན་མྱུར་དུ་འཇིག། །ནམ་ཡང་བྲེལ་ཞིང་ཕོངས་མེད་མཛོད། །བསོད་ནམས་དཔལ་དང་བདེ་བ་དང་། །སྐལ་པ་བཟང་རྣམས་སྡུད་པར་མཛོད། །སྡུག་བསྔལ་ཀུན་ལས་སྒྲོལ་ཞིང་ཐར། །བསོད་ནམས་ཚོགས་ཀུན་མངོན་གྱུར་མཛོད། །ས་ལ་ས་ཡི་བཅུད་འཕེལ་ཞིང་། །ལོ་ཏོག་འབྲས་བུ་རབ་རྒྱས་མཛོད། །ལྷ་རྣམས་རྟག་ཏུ་རབ་དགའ་ཞིང་། །སྡུག་
ཞིང་སྐྱོབ་དང་སྦེད་པར་མཛོད། །ཟས་གོས་མལ་ཆ་སྨན་ལ་སོགས། །བདེར་གནས་ཡོ་བྱད་ལྷུན་གྲུབ་མཛོད། །ནོར་བུ་མུ་ཏིག་གསེར་དངུལ་སོགས། །རིན་ཆེན་ནོར་གྱི་ཆར་འབེབས་མཛོད། །མུ་གེ་མེད་ཅིང་ལོ་ཏོག་ལེགས། །འབྲུ་ཡི་ཕུང་པོ་ཆེར་འཕེལ་མཛོད། །ངན་འགྲོའི་སྐྱེ་གནས་རྒྱུན་ཆད་ཅིང་། །ལྷ་མིའི་བདེ་བ་རྟག་མྱོང་མཛོད། །ཡིད་བདེ་ཐོབ་ཅིང་དཔལ་རྣམས་མཐོར། །བསམ་པའི་དོན་ཀུན་ཡོངས་རྫོགས་མཛོད། ཀྱེ །འདོད་ཁམས་རྩ་གསུམ་ལྷ་ཡི་གནས། །འདོད་འབྱུང་གཏེར་གྱི་ཁང་བཟང་ནས། །ཚོགས་རྗེ་ཚོགས་བདག་བགེགས་ཀྱི་གཙོ། །ཕོངས་སེལ་འབྱོར་པ་ཀུན་གྱི་བདག །ལྷ་གནས་སྐྱོང་ཞིང་ལྷ་མིན་འཇོམས། །ཚོགས་ཀྱི་བདག་པོ་འཁོར་དང་བཅས། །འདིར་གཤེགས་བསངས་དང་མཆོད་པ་བཞེས། །སྐུ་ཡི་ཚོགས་བདག་དཀར་པོ་བསངས། །ནད་གདོན་འཇིགས་བརྒྱད་ཞི་བར་མཛོད། །གསུང་གི་ཚོགས་བདག་དམར་པོ་བསངས། ཁམས་གསུམ་
དབང་དུ་སྡུད་པར་མཛོད། །ཐུགས་ཀྱི་ཚོགས་བདག་མཐིང་ག་བསངས། །མཆོག་ཐུན་དངོས་གྲུབ་ཐོབ་པར་མཛོད། །ཡོན་ཏན་ཚོགས་བདག་སེར་པོ་བསངས། །ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད། །ཕྲིན་ལས་ཚོགས་བདག་ལྗང་གུ་བསངས། །དགྲ་འདྲེ་གདོན་གསུམ་བརླག་པར་མཛོད། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཚུལ་འཛིན་ལྷ་ཆེན་འཁོར་བཅས་ལ། །རིན་ཆེན་བདུན་དང་བཀྲ་ཤིས་བརྒྱད། །བསངས་མཆོད་བརྔན་ཡོན་རྒྱ་ཆེན་འབུལ། །རིགས་ཀྱི་བུ་ལ་རྒྱུད་ཀྱི་ལྷ། །འཁོར་བ་སྲིད་པའི་ལུགས་ཡིན་པས། །ལུས་མེད་རྡོ་རྗེའི་བཀའ་བཞིན་ཏུ། །མི་དང་ལྷ་རུ་མ་འབྲལ་བར། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མཛོད། །སྟེང་ཕྱོགས་ལྷ་ཡི་ཕྱ་གཡང་ཕོབ། །དབུ་འཕང་དགུང་བས་མཐོ་བར་མཛོད། ཀྱེ། རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ནས། །རིན་ཆེན་གཞལ་ཡས་ཁང་པ་ནས། །རྒྱལ་བ་ཀུན་གྱི་བསྟན་སྐྱོང་ཞིང་། །ནོར་བུ་གཏེར་གྱི་བདག་པོ་སྟེ། །ཀླུ་རྒྱལ་མི་མགོན་དཀར་པོ་ནི། །སྦྲུལ་
མགོ་བདུན་གྱི་གདེངས་ཀས་མཛེས། །ཐུགས་རྗེ་སྤྲིན་གྱི་དབུ་རྒྱན་ཅན། །གཏེར་བུམ་ནོར་བུས་གང་བ་འཛིན། །འཁོར་བཅས་འདིར་གཤེགས་བསངས་མཆོད་བཞེས། །ནོར་བདག་མི་མགོན་དཀར་པོ་བསངས། །ཀླུ་མོ་ཀུན་ཤེས་འོད་ལྡན་བསངས། །བློན་པོ་དུང་སྐྱོང་འོད་འབར་བསངས། །དགའ་བོ་འཇོག་པོ་ལ་སོགས་པའི། །ཀླུ་ཆེན་བརྒྱད་པོ་འཁོར་བཅས་བསངས། །མ་དྲོས་གཟི་ཆེན་ལ་སོགས་པ། །རྒྱལ་བའི་ཞལ་མཐོང་བསྟན་པ་སྲུང་། །གཙུག་ན་རིན་ཆེན་ཐོགས་པ་ཡི། །ཀླུ་རྒྱལ་བརྒྱ་སྟོང་ཁྲི་འབུམ་བསངས། །ཀླུ་བྲན་བྱེ་བ་དུང་ཕྱུར་བསངས། །རིགས་བཞི་ཀླུ་ཡི་ཚོགས་རྣམས་ལ། །དཀར་གསུམ་ཀླུ་སྨན་དཀོར་ཆ་དང་། །བསངས་མཆོད་བརྔན་ཡོན་རྒྱ་ཆེན་འབུལ། །ཆར་ཆུ་དུས་སུ་འབེབས་པ་དང་། །ལོ་ཕྱུགས་རྟག་ཏུ་ལེགས་པར་མཛོད། །མི་ནད་ཕྱུགས་ནད་ཞི་བ་དང་། །བདེ་སྐྱིད་དཔལ་འབྱོར་ཕུན་ཚོགས་མཛོད། །འོག་ཕྱོགས་ཀླུ་ཡི་ཕྱཱ་གཡང་ཕོབ། །དབང་ཐང་
མཚོ་ལྟར་འཁྱིལ་བར་མཛོད། ཀྱཻ། ཤར་ཕྱོགས་གངས་དཀར་རྩེ་རྒྱལ་ན། །འཇའ་ཚོན་འོད་ཀྱི་གུར་ཁང་ནས། །རྨ་རྒྱལ་པཾ་ར་ལྷ་ཡི་སྲས། །དུང་ཁྲབ་དུང་རྨོག་སྐུ་ལ་གསོལ། །དུང་རྟ་དཀར་པོ་རི་ཙམ་བཅིབས། །སྟག་རལ་གཟིག་ཤུབས་འཁོར་གསུམ་བསྐོར། །སྟག་འཕྲུ་ཁྱུང་དང་ཉི་ཟླས་བརྒྱན། །ཐུགས་ཀར་ཡིད་བཞིན་ནོར་བུ་ལས། །རྨ་གཡང་དངོས་གྲུབ་ཆར་ལྟར་འབེབས། །རྨ་སྲས་དུང་མི་དཀར་པོ་དགུ། །སྤུ་རིས་ལྡན་པའི་རྟ་དགུ་ཆིབས། །སྲིང་མོ་ལྕམ་དགུ་ཡུམ་དང་བཅས། །མེ་ལོང་སྦ་གླིང་ཀྱུ་རུ་རུ། །ཤ་རྐྱང་དགོ་གཙོངབན་དང་རོལ། །ལྕམ་སྲིང་བཞི་བཅུ་རྩ་ལྔ་དང་། །རྨ་རིགས་སུམ་བརྒྱ་དྲུག་ཅུ་མཆེད། །ཡང་འཁོར་སུམ་བརྒྱ་དྲུག་ཅུ་དང་། །ཕྱི་འཁོར་བྱེ་བ་འབུམ་ཕྲག་སོགས། །ལྷ་འཁོར་སྟོང་དང་རྨ་སྨན་འབུམ། །མདོ་ཁམས་ཆུ་བཞི་སྒང་དྲུག་གི། །ཡུལ་བདག་གཉན་པོའི་འཁོར་བཅས་རྣམས། །འདིར་གཤེགས་བསངས་མཆོད་བརྔན་ཡོན་
བཞེས། །འདོད་ཡོན་ལྔ་དང་རིན་ཆེན་བདུན། །འབྲུ་སྣ་དར་ཟབ་ཇ་ཆང་ཕུད། །རིན་ཆེན་སྨན་སྣ་ཤེལ་ཚིག་བཤོས། །གཡག་ལུག་ར་སོགས་གཟུགས་འགྲོས་ཚོགས། །བལ་བུ་མཁན་དཀར་ཨ་ག་རུ། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །ཞི་བ་བསངས་ཀྱིས་མཆོད་ཅིང་བརྔན། །རྨ་གཡང་ཟས་དང་དཀོར་མཛོད་ནོར། །རྐང་བཞི་ཕྱུགས་དང་བང་མཛོད་འབྲུ། །རིགས་བརྒྱུད་འཕེལ་དང་བཙན་དར་ཆེ། །ཚེ་བསོད་དབང་ཐང་ལོངས་སྤྱོད་སོགས། །དངོས་གྲུབ་མ་ལུས་སྩལ་དུ་གསོལ། །རྨ་གཡང་ནམ་མཁའི་ཆར་བཞིན་ཕོབ། །ཚེ་དཔལ་རི་ལྟར་བརྟན་པར་མཛོད། ༈ ཀྱཻ། སྲས་བཅས་རྒྱལ་བ་ཐུགས་རྗེ་ཅན། །དཔལ་གྱི་ལྷ་མོ་འཁོར་དང་བཅས། །སྲིད་གསུམ་གཡང་གི་བདག་པོ་རྣམས། །སྤྱན་འདྲེན་མཆོད་པའི་གནས་མཆོག་འདིར། །དགྱེས་
པས་བྱོན་པ་བཀའ་དྲིན་ཆེ། །མ་འབྱོར་མ་དག་མ་ཚང་སོགས། །བྱིས་བློས་ནོངས་པ་ཅི་མཆིས་པ། །བརྩེ་བའི་ཐུགས་ཀྱིས་བཟོད་བཞེས་ལ། །མཆོད་ཅིང་གསོལ་བཏབ་བཅོལ་བའི་དོན། །རྒྱ་ཆེན་རྒྱུན་མི་ཆད་པའི་གཏེར། །དྲི་མེད་བཻ་ཌཱུརྱ་བཞིན་ཏུ། །འདོད་དགུ་ཆར་དུ་བསྙིལ་བར་མཛོད། །ཡེ་ཤེས་ལྷ་རྣམས་ཇི་སྲིད་བར། །བརྟན་བཞུགས་ཐུགས་རྗེའི་བྱིན་རླབས་སྩོལ། །འཇིག་རྟེན་པ་རྣམས་རང་གནས་གཤེགས། །དུས་དང་དུས་སུ་སླར་འབྱོན་ནས། །མཆོད་བཞེས་དགྱེས་པའི་ཐུགས་ཀྱིས་དགོངས། །ཚོགས་གཉིས་མཐར་ཕྱིན་ཕྱ་གཡང་དཔལ། །སྲིད་དང་ཞི་བའི་བཅུད་དུ་འཁྱིལ། །བླ་མེད་བཀྲ་ཤིས་འོད་པོ་ཆེས། །འཇིག་རྟེན་མཐའ་དག་ཁྱབ་པར་ཤོག། །།ཅེས་པའང་སྡེ་བཞི་དང་དགེ་བ་བཅུས་ནོར་འཛིན་གྱི་སྐྱེ་དགུ་སྐྱོང་བའི་ལྷའི་སྲས་རིན་པོ་ཆེས་བཀྲ་ཤིས་པའི་ལྷ་རྫས་བཅས་བཀའི་བསྐུལ་མ་གནང་བ་དང་། དོན་གཉེར་ཅན་སྔ་ཕྱི་འགའ་ཞིག་གི་བཞེད་བསྐོང་སླད། །རིག་འཛིན་གྱི་བཙུན་པ་ཡོན་
ཏན་རྒྱ་མཚོས་ལུགས་གཉིས་ཀྱི་དཔལ་ཡོན་ཀུན་ནས་འདུ་བའི་རྒྱལ་པོའི་ཕོ་བྲང་ཆེན་པོ་ལྷུན་གྲུབ་སྟེང་དུ་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།མངྒ་ལཾ།། །།གསེར་འོད་དམ་པ་ལྷ་མོ་དཔལ། །ལུང་བསྟན་ལ་སོགས་མདོ་སྡེའི་དོན། །སངས་རྒྱས་བྱང་སེམས་དཔལ་ཆེན་མོའི། །མཚན་བརྒྱ་རྩ་བརྒྱད་དོན་འདུས་ཕྱིར། །ཚིག་དོན་གཉིས་ཀས་གྲོང་སྔགས་པའི། །བསངས་མཆོད་དཀྱུས་ལས་ཁྱད་འཕགས་པས། །གནས་སྐབས་མཐར་ཐུག་ཕན་ཡོན་གྱི། །འབྲས་བུ་བླ་མེད་འཐོབ་པར་ངེས།། །།ཞེས་པའང་སྨྲས་སོ།། །།