Nitartha Digital Library
Tibetan
 
previousགནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་འགྲེལ་པ།next

གནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་འགྲེལ་པ།

གསུམ་པ་འཐོབ་བྱ་འགོག་ལམ་གྱི་བདེན་པ་གཏན་ལ་ཕབ་པ་ལ། ལམ་གྱི་རྣམ་བཞག །གང་ཟག་གི་རྣམ་བཞག །ལམ་གྱི་ཁྱད་པར་གཞན་བཤད་པ་དང་གསུམ། དང་པོ་ལ། ལམ་གྱི་ངོ་བོ། དམིགས་པ། སྒོམ་ཚུལ་ལོ། །དང་པོ་ནི། བདེན་པ་མཐོང་དང་སྒོམ་པ་ལས། །ཉོན་མོངས་སྤངས་པ་ཞེས་བཤད་པ། །སྒོམ་པའི་ལམ་ནི་རྣམ་གཉིས་ཏེ། །མཐོང་བ་ཞེས་བྱ་ཟག་པ་མེད། །ཅེས་པ་སྟེ། བདེན་པ་མངོན་སུམ་དུ་མཐོང་བས་མཐོང་སྤང་དང་། སྒོམ་པ་ལས་སྒོམ་སྤང་ཉོན་མོངས་སྤངས་པ་ཞེས་བཤད་པའི་མཐོང་ལམ་དང་སྒོམ་ལམ་ཇི་ལྟ་བུ་ཞེ་ན། སྒོམ་པའི་ལམ་ནི་སྒྲས་བརྗོད་རིགས་ཀྱི་ཟག་བཅས་ཟག་མེད་རྣམ་པ་གཉིས་ཡོད་དེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་རྣམ་པ་གཉིས་ཡོད་པའི་ཕྱིར། མཐོང་བ་ཞེས་བྱ་བའི་ལམ་ནི་ཟག་པ་མེད་པ་ཁོ་ན་ཡིན་ཏེ། ཁམས་གསུམ་གྱི་གཉེན་པོ་ཡིན་པའི་ཕྱིར།

གཉིས་པ་ལམ་གྱི་དམིགས་པ་ལ། བདེན་བཞི་བཤད་པ། བདེན་གཉིས་བཤད་པ་གཉིས། དང་པོ་ནི། བདེན་པ་དག་ནི་བཞིར་བཤད་དོ། །སྡུག་བསྔལ་ཀུན་འབྱུང་དེ་བཞིན་དུ། །འགོག་དང་ལམ་སྟེ་དེ་ལྟར་ན། །དེ་དག་ཇི་ལྟར་མངོན་རྟོགས་རིམ། །ཡིད་འོང་ཡིད་དུ་མི་འོང་དང་། །དེ་ལས་གཞན་ཟག་བཅས་རྣམ་གཉིས། །སྡུག་བསྔལ་ཉིད་གསུམ་ལྡན་པའི་ཕྱིར། །ཅི་རིགས་མ་ལུས་སྡུག་བསྔལ་ལོ། །ཞེས་པ་སྟེ། བདེན་པ་དག་ནི་བཞིར་ཡོད་དེ། འགོག་ལམ་གྱི་བདེན་པ་དང་། སྡུག་ཀུན་གྱི་བདེན་པ་ཞེས་གོང་དུ་བཤད་པའི་ཕྱིར། སྡུག་བསྔལ་གྱི་དང་། ཀུན་འབྱུང་གི་དང་། དེ་བཞིན་དུ་འགོག་པའི་དང་། ལམ་གྱི་བདེན་པ་སྟེ་གོ་རིམ་དེ་ལྟར་བསྟན་པ་ལ་རྒྱུ་མཚན་ཡོད་དེ། དེ་དག་བདེན་པ་མངོན་རྟོགས་ཇི་ལྟར་སྐྱེ་བའི་རིམ་པ་ལྟར་སྟོན་པའི་ཕྱིར། ཟག་བཅས་ཅི་རིས་པ་མ་ལུས་པ་སྡུག་བསྔལ་བདེན་པས་བསྡུས་ཏེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་ཉིད་གསུམ་དང་ལྡན་ཞིང་བསྡུས་པའི་ཕྱིར། དེ་ལྟར་བསྡུས་ཚུལ་ཡོད་དེ། ཚོར་བ་ཡིད་དུ་འོང་བ་བདེ་བ་ནི་འགྱུར་བའི་སྡུག་བསྔལ་གྱིས་བསྡུས། ཡིད་དུ་མི་འོང་བ་སྡུག་བསྔལ་གྱི་སྡུག་བསྔལ་གྱིས་བསྡུས། དེ་ལས་གཞན་པའི་ཟག་པ་དང་བཅས་པའི་སྡུག་བསྔལ་རྣམས་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་བསྡུས་པའི་ཕྱིར།

གཉིས་པ་ནི། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་པ་སྟེ། བུམ་པ་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། ཆོས་གང་ཞིག་བཅོམ་པ་ན་རང་འཛིན་གྱི་བློ་མི་འཇུག་པའི་ཕྱིར། བུམ་པའི་ཆུ་ཡོད་དེ། ཡུལ་གཞན་དུ་བསལ་བ་ན་དེར་འཛིན་གྱི་བློ་མི་འཇུག་པའི་ཕྱིར། གཞན་གྱི་གཟུགས་དང་ཚོར་བ་སོགས་ཀྱང་དེ་བཞིན་དུ་ཡོད་པ་ཡིན་ཏེ། བཅོམ་གཞིག་བྱས་ཀྱང་རང་འཛིན་པའི་བློ་མི་འདོར་བའི་ཕྱིར།

གསུམ་པ་ལ། ལམ་ལ་འཇུག་ཚུལ་གྱི་སྒོ་ནས་མདོར་བསྟན་པ་དང་། ལམ་སྒོམ་ཚུལ་གྱི་སྒོ་ནས་རྒྱས་པར་བཤད་པ་གཉིས། དང་པོ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་པ་སྟེ། བདེན་པ་སྒོམ་པ་ལ་འཇུག་ཚུལ་ཁྱད་པར་བཞི་ཡོད་དེ། དང་པོར་ངེས་འབྱུང་ཚུལ་ཁྲིམས་ལ་གནས་པ་དང་། དེའི་འོག་ཏུ་གསུང་རབ་མང་དུ་ཐོས་པ་དང་། དེ་དོན་རིག་པས་བསམ་པ་དང་ལྡན་པ་དང་། ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་སྒོམ་པ་ལ་ནི་རབ་ཏུ་སྦྱོར་དགོས་པའི་ཕྱིར། ཐོས་པ་དང་ལ་སོགས་པ་བསམ་སྒོམ་ལས་བྱུང་བའི་བློ་རྣམས་ནི། ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། མིང་དང་། མིང་དོན་གཉིས་ཀ་དང་། དོན་ལ་དམིགས་པའི་ཡུལ་ཡིན་པའི་ཕྱིར།

གཉིས་པ་ལ། ལམ་སྒོམ་པའི་གང་ཟག་དང་། སྒོམ་ཚུལ་དངོས་གཉིས། དང་པོ་ལ། གང་ཟག་གི་ངོ་བོ་མི་མཐུན་ཕྱོགས་དང་བཅས་པ། དེ་ལ་ལྡན་པའི་ཡོན་ཏན། རིགས་སུ་འཇོག་ཚུལ་དང་གསུམ། དང་པོ་ནི། བསྲིང་གཉིས་ལྡན་ཆོག་མི་ཤེས་དང་། །འདོད་ཆེན་ཅན་ལ་མ་ཡིན་ནོ། །རྙེད་ལ་ཡང་སྲེད་ཆོག་མི་ཤེས། །མ་བརྙེད་ལ་འདོད་འདོད་ཆེན་ཅན། །ཞེས་པ་སྟེ། ཆོག་མི་ཤེས་པ་དང་། འདོད་པ་ཆེན་པོ་རྣམས་ལམ་སྒོམ་དུ་མི་རུང་སྟེ། དེའི་བགེགས་དང་ལྡན་པའི་ཕྱིར། བགེགས་ཡོད་དེ། ལུས་འདུ་འཛི་དང་སེམས་མི་དགེ་བའི་རྟོག་པ་གཉིས་ཡིན་ལ། དེ་གཉིས་པོ་རྒྱང་བསྲིང་བ་དང་ལྡན་པ་ཅིག་དགོས་པའི་ཕྱིར། ཆོག་མི་ཤེས་པ་དང་། འདོད་པ་ཆེན་པོ་དེ་དག་གི་ངོ་བོ་ཡོད་དེ། ཟས་གོས་སོགས་རྙེད་པ་ལ་ཡང་སྲེད་པ་ནི་སྔ་མ་དང་། མ་རྙེད་པའམ་ཉུང་ངུ་རྙེད་པ་ལ་ཡིད་མི་བདེ་བ་ནི་ཕྱི་མ་ཡིན་པའི་ཕྱིར། གཉིས་པ་དེ་ལྟར་ལྡན་པའི་ཡོན་ཏན་ནི། བཟློག་པ་དེ་ཡི་གཉེན་པོ་དག །དེ་གཉིས་ཁམས་གསུམ་གཏོགས་དྲི་མེད། །ཅེས་པ་སྟེ། དེ་ལས་བཟློག་པ་འདོད་ཆུང་ཆོག་ཤེས་ནི། སྔར་བཤད་པ་གཉིས་པོའི་གཉེན་པོ་དག་ཡིན་ཏེ། དེ་གཉིས་དངོས་སུ་སྤོང་བྱེད་ཡིན་པའི་ཕྱིར། འདོད་ཆུང་ཆོག་ཤེས་གཉིས་པོ་དེ་དུ་མ་ཡོད་དེ། ཁམས་གསུམ་དུ་གཏོགས་པ་དང་དྲི་མ་མེད་པ་རྣམས་ཡོད་པའི་ཕྱིར། གསུམ་པ་ནི། མ་ཆགས་འཕགས་རིགས་དེ་དག་ལས། །གསུམ་ནི་ཆོག་ཤེས་བདག་ཉིད་དོ། །གསུམ་གྱིས་ཚུལ་བསྟན་ཐ་མས་ལས། །སྲེད་པ་སྐྱེ་བའི་གཉེན་པོའི་ཕྱིར། །བདག་གིར་བདག་འཛིན་དངོས་འདོད་པ། །དེ་ཡི་དུས་དང་གཏན་ཞིའི་ཕྱིར། །ཞེས་པ་སྟེ། འདི་ལ་རིགས་ཀྱི་ངོ་བོ། དབྱེ་བ། བྱེད་ལས། གྲངས་ངེས་དང་བཞིར་གནས་ཏེ། ངོ་བོའི་ཁྱད་པར་ནི་གང་ལའང་མ་ཆགས་པའི་རིགས་སུ་གནས་པ། དབྱེ་བ་ནི་འཕགས་པའི་རིགས་གནས་ཏེ། འཕགས་ཆོས་སྐྱེ་བའི་གཞི་ཡིན་པའི་ཕྱིར། ཆོས་གོས། བསོད་སྙོམས། མལ་སྟན་ངན་ངོན་ཙམ་གྱིས་ཆོག་ཤེས་པ་དང་། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཞེས་བྱ་བ་དེ་དག་ལས། དང་པོ་གསུམ་ནི་ཆོག་ཤེས་པའི་བདག་ཉིད་ཡིན་ཏེ། ཆོག་མི་ཤེས་ཀྱི་གཉེན་པོ་ཡིན་པའི་ཕྱིར། རིགས་བཞིར་བསྟན་པ་ལ་རྒྱུ་མཚན་ཡོད་དེ། དང་པོ་གསུམ་གྱིས་འཕགས་པའི་ཚུལ་བསྟན། ཐ་མས་འཕགས་པའི་བྱེད་ལས་བསྟན་པའི་ཕྱིར། བཞིར་བསྟན་པ་དགོས་པ་ཡོད་དེ། ཟས་གོས་སོགས་ལ་སྲེད་པ་སྐྱེ་བའི་གཉེན་པོ་བྱེད་པའི་ཕྱིར། དེ་ལྟར་བྱེད་དེ། འཕགས་པའི་རིགས་དང་པོ་གསུམ་གྱིས་བདག་གིར་འཛིན་པའི་དངོས་པོ་རང་འདོད་པ་དེའི་དུས་སུ་ཞི་བར་བྱེད་པ་དང་། ཕྱི་མས་བདག་དང་བདག་གིར་འཛིན་པ་གཏན་དུ་ཞི་བར་བྱེད་པའི་ཕྱིར།

གཉིས་པ་སྒོམ་ཚུལ་དངོས་ལ། ཞི་གནས་སྒོམ་ཚུལ་དང་། ལྷག་མཐོང་སྒོམ་ཚུལ་གཉིས། དང་པོ་ལ། བསྟན་བཤད་གཉིས་ལས། དང་པོ་ནི། དེ་ལ་འཇུག་པ་མི་སྡུག་དང་། །དབུགས་རྔུབ་འབྱུང་དང་དྲན་པ་ཡིས། །འདོད་ཆགས་རྣམ་རྟོག་ལྷག་རྣམས་སོ། །ཀེང་རུས་ཆགས་བཅས་ཐམས་ཅད་ལ། །ཞེས་པ་སྟེ། བདེན་པ་སྒོམ་པ་དེ་ལ་འཇུག་ཚུལ་ཡོད་དེ། འདོད་ཆགས་ལྷག་པར་གྱུར་པ་ན་མི་སྡུག་པ་སྒོམ་པ་ལ་འཇུག །རྣམ་རྟོག་ལྷག་པར་གྱུར་པ་ན་དབུགས་རྔུབ་པ་དང་། འབྱུང་བ་དྲན་པ་སྒོམ་པ་ལ་འཇུག་པའི་ཕྱིར། འདོད་ཆགས་དང་བཅས་པ་ཐམས་ཅད་ཀྱིས་ཀེང་རུས་སྒོམ་པ་ལ་འཇུག་པ་ཡིན་ཏེ། དེས་འདོད་ཆགས་མགོ་གནོན་དགོས་པའི་ཕྱིར། འདོད་ཆགས་ལ་བཞི་ཡོད་དེ། ཁ་དོག །དབྱིབས། རྙེད་བཀུར། རེག་བྱ་ལ་ཆགས་པ་རྣམས་སོ། །

གཉིས་པ་ལ། མི་སྡུག་པ་སྒོམ་ཚུལ་དང་། དབུགས་འབྱུང་རྔུབ་དྲན་པས་སྒོམ་ཚུལ་གཉིས། དང་པོ་ལ། དངོས་དང་། ཁྱད་ཆོས་གཉིས། དང་པོ་ལ། ལས་དང་པོ་པའི། ཅུང་ཟད་སྦྱང་བ་བྱས་པའི། ཡིད་ལ་བྱེད་པ་རྫོགས་པའི་ཚུལ་དང་གསུམ། དང་པོ་ནི། རུས་པ་རྒྱ་མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པས་ལས་དང་པོ། །ཞེས་པ་སྟེ། སྒོམ་ཚུལ་ཡོད་དེ། རང་གི་དཔྲལ་བར་རུས་པ་སྒོམ་པ་ན། དེ་རྒྱ་མཚོའི་བར་དུ་སྤྲོ་ཞིང་། སླར་སྡུད་པར་བྱེད་པས་ན་རྣལ་འབྱོར་པས་རང་གི་ལུས་སྐྱ་ཁྲོམ་སྟེ་སྒོམ་པས་རྣལ་འབྱོར་པས་སྦྱང་བར་རྣམ་པར་བཤད་པ་ཡིན་པས་སོ། །གཉིས་པ་ནི། རྐང་རུས་ནས་ནི་ཐོད་ཕྱེད་བར། །བཏང་བས་སྦྱང་བ་བྱས་པར་བཤད། །ཅེས་པ་སྟེ། གཞན་སྔར་དང་འདྲ་བ་ལས་སྡུད་པའི་ཚེ་རྐང་པའི་རུས་པ་ནས་ཐོད་པ་ཕྱེད་ཀྱི་བར་དུ་བཏང་སྟེ་སྒོམ་པ་ལས་སེམས་འཛིན་པའོ། །གསུམ་པ་ནི། སྨིན་མའི་བར་དུ་སེམས་འཛིན་པ། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཞེས་པ་སྟེ། སྔར་དང་འདྲ་བ་ལ་སྨིན་མ་གཉིས་ཀྱི་བར་དུ་རུས་པ་མཐེ་བོང་ཙམ་སྒོམ་པས་ཡིད་ལ་བྱེད་པ་རྫོགས་པའི་ཕྱིར་རོ། །གཉིས་པ་ཁྱད་ཆོས་ནི། མི་སྡུག་མ་ཆགས་ས་བཅུ་དང་། །དམིགས་པ་འདོད་སྣང་མིས་བསྐྱེད་དོ། །ཞེས་པ་སྟེ། མི་སྡུག་པ་སྒོམ་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཡོད་དེ། མ་ཆགས་པའི་རང་བཞིན་ཡིན་པའི་ཕྱིར། ས་བཅུ་ལ་བརྟེན་ཏེ། བསམ་གཏན་བཞི། དེའི་ཉེར་བསྡོགས་བཞི། བསམ་གཏན་ཁྱད་པར་ཅན་དང་། འདོད་པ་ལ་བརྟེན་པ་ཡིན་པ་ཕྱིར། དམིགས་པ་ཡོད་དེ། འདོད་པའི་སྣང་བ་ལ་འཇུག་པའི་ཕྱིར། རྟེན་ཡོད་དེ། གླིང་བཞིའི་མིས་སྐྱེད་པའི་ཕྱིར།

གཉིས་པ་དབུགས་འབྱུང་རྔུབ་དྲན་པ་སྒོམ་པ་ལ། ཡུལ་ཅན་གྱི། སྒོམ་ཚུལ་གྱི། ཡུལ་ཁྱད་པར་ཅན་དང་གསུམ། དང་པོ་ནི། དབུགས་རྔུབ་དབུགས་འབྱུང་དྲན་པ་ནི། །ཤེས་རབ་ས་ལྔ་སྤྱོད་ཡུལ་རླུང་། །འདོད་རྟེན་ཕྱི་པའི་མ་ཡིན་ནོ། །ཞེས་པ་སྟེ། དབུགས་ནང་དུ་རྔུབ་པ་དང་། ཕྱིར་འབྱུང་དྲན་པའི་ངོ་བོ་ཡོད་དེ། ཤེས་རབ་ཀྱིས་སྐྱེད་པའི་ཕྱིར། ས་ལྔ་ལ་བརྟེན་པ་ཡིན་ཏེ། བསམ་གཏན་ཉེར་བསྡོགས་དང་པོ་གསུམ། བསམ་གཏན་ཁྱད་པར་ཅན་དང་། འདོད་པ་ལ་བརྟེན་པ་ཡིན་པའི་ཕྱིར། སྤྱོད་ཡུལ་ཡོད་དེ། རླུང་ལ་དམིགས་པའི་ཕྱིར། རྟེན་ཡོད་དེ། འདོད་པའི་ལྷ་རྣམས་དང་མི་རྣམས་སུ་སྐྱེ་བའི་ཕྱིར། ཕྱི་རོལ་པ་རྣམས་ཀྱིས་འདི་སྒོམ་པ་མིན་ཏེ། དེའི་མན་ངག་མེད་པའི་ཕྱིར། གཉིས་པ་ནི། བགྲང་ལ་སོགས་པ་རྣམ་པ་དྲུག །ཅེས་པ་སྟེ། དབུགས་འབྱུང་རྔུབ་དྲན་པ་སྒོམ་ཚུལ་ཁྱད་པར་དང་ལྡན་ཏེ། བགྲང་བ་ལ་སོགས་པ་རྣམ་པ་དྲུག་གི་སྒོ་ནས་བྱེད་པའི་ཕྱིར། དྲུག་པོ་ཡོད་དེ། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་དང་ཡོངས་སུ་བསྒྱུར་བ་དང་། །ཡོངས་སུ་དག་པ་དྲུག་དེ་བཞིན། །ཞེས་སོ། །བགྲང་བ་ནི། དབུགས་ཕྱིར་རྒྱུ། ནང་དུ་རྔུབ། གནས་པ་གསུམ་ལ་ཡིད་གཏད་དེ་བྱེད་པའོ། །རྗེས་འགྲོ་ནི། དབུགས་གནས་པའི་ཡུན་ཚད་ལ་གཏད་པ་དེའོ། །འཇོག་པ་ནི། རླུང་སྣ་རྩེ་ནས་མཐེ་བོང་གི་བར་དུ་གནས་པ་ལ་ཡིད་གཏད་པ་དེ་ལའོ། །ཉེར་བསྡོགས་ནི། འབྱུང་བཞིའི་རླུང་དང་ཕུང་པོ་ལྔ་སོ་སོར་བརྟགས་ཏེ་སྒོམ་པའོ། །ཡོངས་སུ་བསྒྱུར་བ་ནི། སྦྱོར་ལམ་གྱི་གནས་སྐབས་སུ་རླུང་ལ་དམིགས་ནས་སྒོམ་པའོ། །ཡོངས་དག་ནི། མཐོང་སྒོམ་གྱི་ལམ་ལ་འཇུག་པའོ། །གསུམ་པ་ནི། དབུགས་རྔུབ་དབུགས་འབྱུང་གང་ལས་ལུས། །སེམས་ཅན་ཞེས་བྱ་མ་ཟིན་པའོ། །རྒྱུ་མཐུན་ལས་བྱུང་འོག་མ་ཡི། །ཡིད་ཀྱིས་དེ་གཉིས་མི་རྟོགས་སོ། །ཞེས་པ་སྟེ། དབུགས་རྔུབ་པ་དང་དབུགས་འབྱུང་བ་དྲན་པ་ནི། ལུས་ས་གང་དུ་གཏོགས་པ་དེར་གཏོགས་ཏེ། ལུས་ཀྱི་ཆ་ཤས་ཡིན་པའི་ཕྱིར། དེ་ཁྱད་ཆོས་བཞི་ལྡན་ཏེ། སེམས་ཅན་ཞེས་བྱ་བ་དང་། དབང་པོས་མ་ཟིན་པ་དང་། རྒྱུ་མཐུན་ལས་བྱུང་བ་དང་། ས་འོག་མ་ཡི་སྤྱོད་ལམ་དང་། སྤྲུལ་སེམས་པའི་ཡིད་ཀྱིས་དེ་གཉིས་ཀྱི་ཇི་ལྟ་བ་བཞིན་དུ་མ་རྟོགས་པའོ། །

གཉིས་པ་ལྷག་མཐོང་སྒོམ་ཚུལ་ལ། དྲན་པ་ཉེར་བཞག །དྲོད་སོགས་བཞི། བདེན་པ་མངོན་རྟོགས་བཅུ་དྲུག་སྒོམ་ཚུལ་དང་གསུམ། དང་པོ་ལ། སྤྱིར་བསྟན་པ་དང་། ཆོས་དྲན་པ་ཉེར་བཞག་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་བཞག་བསྒོམ་པར་བྱ། །ལུས་ཚོར་སེམས་དང་ཆོས་རྣམས་ལ། །མཚན་ཉིད་གཉིས་སུ་ཡོངས་བརྟགས་པས། །ཤེས་རབ་ཐོས་སོགས་ལས་བྱུང་བའོ། །གཞན་ནི་འབྲེལ་དང་དམིགས་པ་ལས། །རིམ་ནི་ཇི་ལྟར་སྐྱེ་བ་བཞིན། །ཕྱི་ཅི་ལོག་གི་གཉེན་པོར་བཞི། །ཞེས་པ་སྟེ། ཞི་གནས་གྲུབ་པའི་གང་ཟག་གིས་ལྷག་མཐོང་བསྒོམ་པར་བྱ་སྟེ། དེས་དྲན་པ་ཉེར་བཞག་བསྒོམ་པར་བྱ་བའི་ཕྱིར། དེ་ཡང་སྒོམ་ཚུལ་ཁྱད་པར་དང་ལྡན་ཏེ། ལུས་དང་ཚོར་བ་དང་སེམས་དང་ཆོས་རྣམས་ལ་རང་སྤྱིའི་མཚན་ཉིད་གཉིས་སུ་ཡོངས་སུ་བརྟགས་ནས་བསྒོམ་པར་བྱ་བ་ཡིན་པའི་ཕྱིར། དྲན་པ་ཉེར་བཞག་གསུམ་ཡོད་དེ། རང་བཞིན་འབྲེལ་པ་དམིགས་པ་རྣམས་ཡོད་པའི་ཕྱིར། དང་པོ་ཡོད་དེ། ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་རྣམས་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། གཞན་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་ནི་འབྲེལ་པ་ཡིན་པའི་ཕྱིར། གསུམ་པ་ཡོད་དེ། ལུས། ཚོར་བ། སེམས། ཆོས་བཞི་ཡོད་པའི་ཕྱིར། ཇི་ལྟར་སྐྱེ་ཚུལ་ཡོད་དེ། དང་པོར་ལུས་དྲན་པ་ཉེར་བཞག །དེ་ནས་ཚོར་བ་སེམས་ཆོས་དྲན་པ་ཉེར་བཞག་རྣམས་སྒོམ་པ་ནི་སྔ་མ་སྔ་མ་སྐྱེ་སླ་བའི་ཕྱིར། དགོས་པ་ཡོད་དེ། ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པའི་ཕྱིར་ཏེ། ལུས་ལ་གཙང་བ། ཚོར་བ་ལ་བདེ་བ། སེམས་ལ་རྟག་པ། ཆོས་ལ་བདག་ཏུ་འཛིན་པའི་ཕྱིན་ཅི་ལོག་བཞི་རིམ་བཞིན་འཇོམས་པའི་ཕྱིར། གཉིས་པ་ནི། དེ་ནི་ཆོས་དྲན་ཉེར་བཞག་པ། །སྤྱི་ལ་དམིགས་པ་ལ་གནས་ཏེ། །དེ་དག་ལ་ནི་མི་རྟག་དང་། །སྡུག་བསྔལ་སྟོང་བདག་མེད་པར་ལྟ། །ཞེས་པ་སྟེ། དྲན་པ་ཉེར་བཞག་དེ་ལ་ཆོས་དྲན་པ་ཉེར་བཞག་ཞེས་བྱ་སྟེ། ལུས་ཚོགས་གཅིག་ལ་དམིགས་པ་ལ། གཞན་དེ་དག་ལ་ནི་མི་རྟག་པ། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པར་ལྟ་བའི་དྲན་པའི་ཉེར་བཞག་ཡིན་པའི་ཕྱིར།

གཉིས་པ་དྲོད་སོགས་བཞི་ལ། གོ་རིམ། ཁྱད་ཆོས། ཞར་ལ་ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་དང་གསུམ། དང་པོ་ནི། དེ་ལས་དྲོ་བར་གྱུར་པ་འབྱུང་། །དེ་ནི་བདེན་བཞིའི་སྤྱོད་ཡུལ་ཅན། །རྣམ་པ་བཅུ་དྲུག་དྲོ་བ་ལས། །རྩེ་མོ་དེ་ཡང་དེ་དང་འདྲ། །གཉིས་ག་ཆོས་ཀྱི་རྣམ་པ་གཏོད། །གཞན་དག་གིས་ཀྱང་འཕེལ་བར་བྱེད། །དེ་ལས་བཟོད་པ་ཡང་སྐྱེ་སྟེ། །རྣམ་གཉིས་དེ་བཞིན་བཟོད་པ་ནི། །ཐམས་ཅད་ཆོས་ཀྱིས་འཕེལ་བར་བྱེད། །ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་གཅིག་དེ་བཞིན། །ཆོས་མཆོག་ཐམས་ཅད་ཕུང་པོ་ལྔ། །ཐོབ་པ་མ་གཏོགས་དེ་ལྟར་ན། །ངེས་འབྱེད་ཆ་མཐུན་རྣམ་པ་བཞི། །ཞེས་པ་སྟེ། དྲན་པ་ཉེར་བཞག་སྒོམ་པ་ལ་དགོས་པ་ཡོད་དེ། དེ་སྒོམ་པ་ལས་སྦྱོར་ལམ་དྲོ་བར་གྱུར་པ་འབྱུང་བའི་ཕྱིར། སྦྱོར་ལམ་དྲོད་དེ་དམིགས་རྣམ་གྱི་ཁྱད་པར་དང་ལྡན་ཏེ། དམིགས་པ་བདེན་བཞིའི་སྤྱོད་ཡུལ་ཅན་དང་། རྣམ་པ་མི་རྟག་པ་སོགས་བཅུ་དྲུག་གི་རྣམ་པ་ཅན་ཡིན་པའི་ཕྱིར། སྦྱོར་ལམ་དྲོ་བ་དེ་ལས་སྦྱོར་ལམ་རྩེ་མོ་སྐྱེ་བར་འགྱུར་ཏེ། དྲོ་བ་སྒོམ་པ་ལ་བརྟེན་ནས་འབྱུང་བའི་ཕྱིར། རྩེ་མོ་དེ་ཡང་དམིགས་རྣམ་ཁྱད་པར་ཅན་དང་ལྡན་ཏེ། དྲོད་དང་དེ་འདྲ་བའི་ཕྱིར། དྲོད་རྩེ་གཉིས། ཆོས་དྲན་པ་ཉེར་བཞག་གི་རྣམ་པར་གཏོད་པར་བྱེད་དེ། དེས་ཐོག་མར་གཏོད་པར་བྱེད་པའི་ཕྱིར། ལུས་དྲན་པ་ཉེར་བཞག་སོགས་གཞན་དག་གིས་ཀྱང་གོང་ནས་གོང་དུ་འཕེལ་བར་བྱེད་དེ། དེ་དག་གིས་ཆུང་ངུ་ལས་ཆེན་པོ་སོགས་འཕེལ་བར་བྱེད་པའི་ཕྱིར། རྩེ་མོ་དེ་ལས་སྦྱོར་ལམ་བཟོད་པ་ཆུང་འབྲིང་གཉིས་སྐྱེ་སྟེ། དེ་དེའི་རྒྱུ་ཡིན་པའི་ཕྱིར། དེ་གཉིས་ཀྱི་དམིགས་རྣམ་ཡོད་དེ། སྔ་མ་དེ་བཞིན་ཡིན་པས་སོ། །སྦྱོར་ལམ་བཟོད་པ་ཐམས་ཅད་ཆོས་དྲན་པ་ཉེར་བཞག་གིས་འཕེལ་བར་བྱེད་དེ། དེས་གོང་ནས་གོང་དུ་འཕེལ་བའི་ཕྱིར། སྦྱོར་ལམ་བཟོད་པ་ཆེན་པོ་དམིགས་པ་ཁྱད་པར་ཅན་དང་ལྡན་ཏེ། འདོད་ཁམས་སུ་གཏོགས་པའི་སྡུག་བསྔལ་སོགས་སྤྱོད་ཡུལ་དུ་བྱེད་པའི་ཕྱིར། དེ་རྒྱུན་ཆགས་པ་མ་ཡིན་ཏེ། དུས་ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་ཏུ་ཟད་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་དེ་ཁྱད་ཆོས་གཉིས་དང་ལྡན་ཏེ། བཟོད་པ་ཆེན་པོ་དེ་བཞིན་དུ་སྐད་ཅིག་མ་གཅིག་ཡིན་པ་དང་། འདོད་པར་གཏོགས་པའི་སྡུག་བསྔལ་ལ་དམིགས་པའི་ཕྱིར། སྦྱོར་ལམ་དྲོད་སོགས་ཐམས་ཅད་ཕུང་ལྔས་བསྡུས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱིས་བསྡུས་པའི་ཕྱིར། སྦྱོར་ལམ་གྱི་ཐོབ་པ་ནི་སྦྱོར་ལམ་དུ་མ་གཏོགས་ཏེ། འཕགས་པའི་རྒྱུད་ལ་སྦྱོར་ལམ་གྱི་ཐོབ་པ་ལྡན་པ་ཡོད་པའི་ཕྱིར། ངེས་འབྱེད་ཆ་མཐུན་རྣམ་པ་བཞི་ཡོད་དེ། དྲོད། རྩེ་མོ། བཟོད་པ། ཆོས་མཆོག་བཞི་ཡོད་པའི་ཕྱིར། གཉིས་པ་ཁྱད་ཆོས་ལ། ངོ་བོ་རྟེན་གྱི་ཁྱད་པར། བྲལ་ཐོབ་ཀྱི་ཁྱད་པར། དེ་ལ་ལྡན་པའི་ཡོན་ཏན། ལམ་གཞན་དུ་འཇུག་ཚུལ་དང་ལྔ། དང་པོ་ངོ་བོ་དང་གཉིས་པ་རྟེན་ནི། སྒོམ་བྱུང་མི་ལྕོགས་མེད་པ་དང་། །ཁྱད་པར་བསམ་གཏན་ས་པའོ། །གཉིས་ནི་འོག་ནའང་ཡོད་པའོ། །འདོད་རྟེན་ཆོས་མཆོག་བུད་མེད་ཀྱིས། །གཉིས་ཀའི་རྟེན་ཅན་འཐོབ་པར་འགྱུར། །ཞེས་པ་སྟེ། ངོ་བོའི་ཁྱད་པར་སྒོམ་བྱུང་གཙོ་བོར་གྱུར་པ་ཡིན་ཞིང་། རྟེན་ལ་སེམས་རྟེན་དང་ལུས་རྟེན་གཉིས་ལས། དང་པོ་ནི་ས་དྲུག་ལ་བརྟེན་ཏེ། བསམ་གཏན་བཞི། བསམ་གཏན་དངོས་གཞིའི་ཉེར་བསྡོགས་མི་ལྕོགས་མེད་པ་དང་། བསམ་གཏན་ཁྱད་པར་ཅན་ལ་བརྟེན་པ་ཡོད་པས་སོ། །བཙུན་པ་དབྱངས་སྒྲོག་ན་རེ། ངེས་འབྱེད་ཆ་མཐུན་གཉིས་ནི་ས་བདུན་པོ་ལ་བརྟེན་པ་ཡིན་ཏེ། གཟུགས་ཀྱི་འོག་འདོད་ཁམས་ནའང་ཡོད་པའི་ཕྱིར་ཟེར་རོ། །གཉིས་པ་ལུས་རྟེན་ནི། ངེས་འབྱེད་ཆ་མཐུན་རྣམས་འདོད་པའི་རྟེན་ཅན་ཡིན་ཏེ། གླིང་གསུམ་གྱི་མི་དང་། འདོད་ལྷའི་ལྷ་དག་གི་ནང་ནས་སྐྱེད་པའི་ཕྱིར། སྦྱོར་ལམ་ཆོས་མཆོག་ཐོབ་ཚུལ་ཁྱད་པར་དང་ལྡན་ཏེ། བུད་མེད་ཀྱི་རྟེན་ལ་གཉིས་ཀའི་རྟེན་ཅན་ཐོབ་ཅིང་སྐྱེས་པའི་རྟེན་ལ་དེ་ཁོ་ན་འཐོབ་པར་འགྱུར་བའི་ཕྱིར། གསུམ་པ་ཐོབ་བྲལ་གྱི་ཁྱད་པར་ནི། འཕགས་པས་དེ་དག་ས་བོར་ནས། །གཏོང་ངོ་འཕགས་མིན་འཆི་བས་སོ། །དང་པོ་གཉིས་ཡོངས་ཉམས་པས་ཀྱང་། །དངོས་གཞིས་དེ་ཉིད་ལ་བདེན་མཐོང་། །རྣམ་པར་ཉམས་ཚེ་སྔོན་མེད་ཐོབ། །ཉམས་པ་གཉིས་ནི་མི་ལྡན་པ། །ཞེས་པ་སྟེ། འཕགས་པས་ནི་ངེས་འབྱེད་ཆ་མཐུན་དེ་དག་ས་བོར་ཞིང་འཕོས་པས་གཏོང་། འཕགས་པ་མིན་པའི་གང་ཟག་གིས་ནི་འཆི་འཕོས་པས་གཏོང་བར་འགྱུར་བའི་ཕྱིར། ངེས་འབྱེད་ཆ་མཐུན་དང་པོ་གཉིས་ནི། གཏོང་རྒྱུ་ཡོད་དེ། དང་པོ་གཉིས་ཀྱི་སྟེང་དུ་ཡོངས་སུ་ཉམས་པས་ཀྱང་གཏོང་བའི་ཕྱིར། བསམ་གཏན་གྱི་དངོས་གཞི་ལས་ངེས་འབྱེད་ཆ་མཐུན་སྐྱེས་པ་ན་ཚེ་དེ་ཉིད་ལ་བདེན་པ་མངོན་སུམ་དུ་མཐོང་བར་འགྱུར་ཏེ། དེའི་ཚེ་ཡིད་འབྱུང་ཤས་ཆེ་བའི་ཕྱིར། ངེས་འབྱེད་ཆ་མཐུན་ལས་རྣམ་པར་ཉམས་ནས་སླར་ཐོབ་པ་ན་སྔོན་མེད་ཐོབ་པ་ཡིན་ཏེ། དེ་དག་མ་འདྲེས་ཤིང་འབད་མེད་གྲུབ་པ་ཡིན་པའི་ཕྱིར། ངེས་འབྱེད་ཆ་མཐུན་ལས་རྣམ་པར་ཉམས་པ་དང་། ཡོངས་སུ་ཉམས་པ་གཉིས་ནི། ངེས་འབྱེད་ཆ་མཐུན་དང་མི་ལྡན་པ་ཞེས་བྱ་སྟེ། དེ་དང་བྲལ་བའི་ཕྱིར། བཞི་པ་ཡོན་ཏན་ནི། རྩེ་མོ་ཐོབ་པ་རྩ་མི་ཆད། །བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་པ་སྟེ། དེ་དག་ལས་ཉམས་ཀྱང་སྦྱོར་ལམ་རྩེ་མོ་ཐོབ་ནས་དགེ་རྩའི་རྒྱུན་ཆད་མི་སྲིད་དེ། དེ་ནས་ལོག་ལྟའི་གོ་སྐབས་བཅོམ་པའི་ཕྱིར། སྦྱོར་ལམ་བཟོད་པ་ཐོབ་ནས་ངན་སོང་དུ་མི་འགྲོ་སྟེ། དེ་ནས་སོ་སོར་བརྟགས་མིན་གྱི་འགོག་པ་ཐོབ་པའི་ཕྱིར། ལྔ་པ་ནི། གཉིས་སློབ་རིགས་ལས་བཟློག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་པ་སྟེ། སྦྱོར་ལམ་དྲོད་རྩེ་གཉིས་ལ་སློབ་པའི་ཉན་ཐོས་རྣམས་ནི་རིགས་ལས་བཟློག་ནས་ནི་སངས་རྒྱས་སུ་འགྱུར་བ་ཡོད་དེ། ཐེག་ཆེན་དུ་འཇུག་པ་སྲིད་པའི་ཕྱིར། དྲོད་རྩེ་གཉིས་ལས་རིགས་ལོག་ནས་རང་རྒྱལ་དུ་འགྱུར་བ་སྲིད་དེ། དེ་གསུམ་ནས་རང་རྒྱལ་གྱི་ལམ་དུ་འཇུག་པ་ཡོད་པའི་ཕྱིར། གསུམ་པ་ཐེག་པ་གསུམ་གྱི་ལམ་བགྲོད་ཚུལ་ནི། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །མྱུར་བ་སྲིད་པ་གསུམ་གྱི་ཐར། །ཐོས་བསམ་ལས་བྱུང་ལས་གསུམ་མོ། །མི་ཡི་ནང་ནས་འཕེན་པར་བྱེད། །ཅེས་པ་སྟེ། རང་རྒྱལ་ལས་ལོག་ནས་སངས་རྒྱས་སུ་གྱུར་བ་མི་སྲིད་དེ། སྟོན་པ་སངས་རྒྱས་དང་། བསེ་རུ་རང་སངས་རྒྱས་རྣམས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་གྱི་ཡོན་ཏན་རྣམས་བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། སྟན་ཐོག་གཅིག་ཏུ་ཀུན་རྫོགས་པར་བྱེད་པའི་ཕྱིར། ངེས་འབྱེད་ཆ་མཐུན་དེའི་སྔོན་དུ་འགྲོ་བའི་ལམ་ཡོད་དེ། དེའི་སྔོན་དུ་ཐར་པ་ཆ་མཐུན་གྱི་ལམ་འགྲོ་དགོས་པའི་ཕྱིར། ཉན་ཐོས་བརྩོན་འགྲུས་ཤིན་ཏུ་མྱུར་བ་སྲིད་པ་གསུམ་དུ་ཚོགས་བསགས་པས་འཁོར་བ་ལས་ཐར་བར་འགྱུར་ཏེ། དེས་ཚེ་དང་པོ་ལ་ཐར་པ་ཆ་མཐུན། གཉིས་པ་ལ་ངེས་འབྱེད་ཆ་མཐུན། གསུམ་པ་ལ་འཕགས་ལམ་རྣམས་རྫོགས་པར་བྱེད་ནུས་པའི་ཕྱིར། ཐར་པ་ཆ་མཐུན་ངོ་བོ་ཁྱད་པར་ཅན་དང་ལྡན་ཏེ། ཐོས་བསམ་ལས་བྱུང་བའི་ཤེས་རབ་གཙོ་བོར་གྱུར་པ་ཡིན་པའི་ཕྱིར། ལས་གསུམ་གྱིས་བསྡུས་ཏེ། ལུས་ངག་ཡིད་གསུམ་གྱིས་བསྡུས་པའི་ཕྱིར། དེ་རྟེན་ཁྱད་པར་ཅན་དང་ལྡན་ཏེ། གླིང་གསུམ་གྱི་མི་ཁོ་ན་ཡི་ནང་ནས་སྐྱེད་པར་བྱེད་པའི་ཕྱིར།

གསུམ་པ་བདེན་པ་མངོན་པར་རྟོགས་པ་བཅུ་དྲུག་སྒོམ་ཚུལ་ལ། གོ་རིམ། སའི་ཁྱད་པར། ཤེས་བཟོད་ཀྱི་ཁྱད་པར་དང་གསུམ། དང་པོ་ནི། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལ་དེ་ནས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས། །བདེན་པ་གསུམ་ལའང་དེ་བཞིན་ནོ། །དེ་ལྟར་བདེན་པ་མངོན་རྟོགས་འདི། །སེམས་བཅུ་དྲུག་གོ་རྣམ་གསུམ་སྟེ། །མཐོང་དམིགས་བྱ་བ་ཞེས་བྱའོ། །ཞེས་པ་སྟེ། འཇིག་རྟེན་པའི་ཆོས་མཆོག་འབྲས་བུ་དང་ལྡན་ཏེ། ཆོས་ཀྱི་བཟོད་པ་ཟག་པ་མེད་པ་སྟེ་ཡིན་པའི་ཡེ་ཤེས་སྐྱེ་བ་དེ་ཡིན་པས་སོ། །ཆོས་བཟོད་དང་ཆོས་ཤེས་གཉིས། དམིགས་པ་ཁྱད་པར་ཅན་དང་ལྡན་ཏེ། འདོད་ཁམས་ཀྱི་སྡུག་བསྔལ་ལ་དམིགས་ཤིང་། ཆོས་བཟོད་ཀྱི་རྗེས་དེ་ནས་ནི་འདོད་ཁམས་ཀྱི་སྡུག་བསྔལ་དེ་ཉིད་ལ་དམིགས་ནས་ཆོས་ཤེས་སྐྱེ་བར་འགྱུར་བའི་ཕྱིར། རྗེས་བཟོད་དང་རྗེས་ཤེས་གཉིས་ཀྱང་དམིགས་པ་ཁྱད་པར་ཅན་དང་ལྡན་ཏེ། གོང་དུ་བཤད་པ་དེ་བཞིན་དུ་འདོད་ཁམས་ཀྱི་སྡུག་བསྔལ་གྱི་ལྷག་མ་ཁམས་གོང་མའི་སྡུག་བསྔལ་ལ་དམིགས་ནས་རྗེས་བཟོད་དང་རྗེས་ཤེས་རིམ་པ་བཞིན་དུ་སྐྱེ་བའི་ཕྱིར་ཀུན་འབྱུང་ལ་སོགས་པའི་བདེན་པ་གཞན་གསུམ་ལ་དམིགས་པའི་སྐྱེ་ཚུལའང་དེ་བཞིན་ཡིན་ཏེ། འདོད་ཁམས་ཀྱི་ཀུན་འབྱུང་ལ་དམིགས་ནས་ཀུན་འབྱུང་ཆོས་བཟོད་དང་། ཆོས་ཤེས། ཁམས་གོང་གི་ཀུན་འབྱུང་ལ་དམིགས་ནས་ཀུན་འབྱུང་རྗེས་བཟོད་དང་རྗེས་ཤེས་སྐྱེ་བའི་ཕྱིར། བདེན་པ་མངོན་རྟོགས་འདི་ལ་སེམས་བཅུ་དྲུག་ཡོད་དེ། གོང་དུ་བཤད་ཟིན་པ་དེའོ། །དེ་ཡང་རྣམ་པ་གསུམ་ཡོད་དེ། ཆོས་བཟོད་སོགས་མཐོང་སྤང་མངོན་རྟོགས། དེ་དང་མཚུངས་ལྡན་གྱི་སེམས་བྱུང་། དམིགས་པ་མངོན་རྟོགས་དེའི་མཚན་ཉིད་སྐྱེ་འཇིག་སོགས་ལ་མངོན་པར་རྟོགས་པ་ཞེས་བྱ་བ་རྣམས་ཡོད་པའི་ཕྱིར། གཉིས་པ་ནི། དེ་ནི་ཆོས་མཆོག་དང་ས་གཅིག །ཅེས་པ་སྟེ། བདེན་པ་མངོན་རྟོགས་དེ་ནི། བསམ་གཏན་ས་དྲུག་ལ་བརྟེན་པ་ཡིན་ཏེ། སྦྱོར་ལམ་ཆོས་མཆོག་དང་རྟེན་གཅིག་པའི་ཕྱིར། གསུམ་པ་ནི། བཟོད་དང་ཤེས་པ་གོ་རིམ་བཞིན། །བར་ཆད་མེད་དང་རྣམ་གྲོལ་ལམ། །དེ་ལ་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་པ་སྟེ། སེམས་བཅུ་དྲུག་པོ་དེ་ཡང་། གོ་རིམ་བཞིན་དུ་བཟོད་པ་རྣམས་བར་ཆད་མེད་ལམ་དང་། ཤེས་པ་རྣམས་རྣམ་གྲོལ་ལམ་གྱིས་བསྡུས་པའོ། །

གཉིས་པ་གང་ཟག་གི་རྣམ་བཞག་ལ། ཞུགས་གནས་ཀྱི་རྣམ་བཞག་སྤྱིར་བསྟན་པ། ནང་ཚན་གྱི་སྒོ་ནས་བདུན་དུ་དབྱེ་བ། གང་ཟག་གི་རིགས་བསྡུ་བ་དང་གསུམ། དང་པོ་ལ། རྒྱུན་ཞུགས་དང་ཆགས་བྲལ་སྔོན་སོང་གི་རྣམ་བཞག་དང་། འབྲས་བུ་རིམ་གྱིས་པའི་རྣམ་བཞག་གཉིས། དང་པོ་ནི། དབང་པོ་རྣོ་རྟུལ་དེ་དག་ཏུ། །དད་དང་ཆོས་ཀྱི་རྗེས་འབྲང་བ། །སྒོམ་པས་སྤང་བྱ་མ་སྤངས་ན། །འབྲས་བུ་དང་པོ་ལ་ཞུགས་པ། །རྣམ་ལྔའི་བར་བཅོམ་གཉིས་པ་ལ། །དགུ་པ་ཚུན་ཆད་ཟད་པ་ཡིན། །འདོད་པའམ་ཡན་ན་གོང་མ་ལས། །ཆགས་བྲལ་གསུམ་པ་ལ་ཞུགས་པ། །གང་ཞིག་གང་ལ་བཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །དེ་ཚེ་དབང་པོ་རྣོ་རྟུལ་དག །དད་པས་མོས་དང་མཐོང་བས་ཐོབ། །འབྲས་ཐོབ་འབྲས་བུའི་ཁྱད་པར་གྱི། །ལམ་ཐོབ་མེད་པས་དེ་ཡི་ཕྱིར། །འབྲས་གནས་ཁྱད་པར་བྱ་བའི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་པ་སྟེ། བདེན་པ་མངོན་རྟོགས་དེ་དག་ཏུ་གནས་པའི་གང་ཟག་ལ་གཉིས་ཡོད་དེ། དབང་པོ་རྣོ་བ་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དབང་རྟུལ་དད་པའི་རྗེས་སུ་འབྲང་བ་གཉིས་ཡོད་པའི་ཕྱིར། གང་ཟག་དེ་གཉིས་སྔོན་འཇིག་རྟེན་པའི་ལམ་སྒོམ་པས་སྤང་བར་བྱ་བ་ཅུང་ཟད་ཀྱང་མ་སྤངས་ན་འབྲས་བུ་དང་པོ་ལ་ཞུགས་པ་ཡིན་ཏེ། རྒྱུན་ཞུགས་ཀྱི་འབྲས་བུ་ལ་ཞུགས་པའི་ཕྱིར། དེ་གཉིས་འདོད་པའི་ཉོན་མོངས་གཅིག་ནས་རྣམ་པ་ལྔའི་བར་བཅོམ་པ་ན་འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་ཏེ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པའི་ཕྱིར། དེ་གཉིས་འདོད་པའི་ཉོན་མོངས་པ་དགུ་པ་ཚུན་ཆད་ཙམ་ཟད་པ་ནི། འབྲས་བུ་གཉིས་པ་ལ་ཞུགས་པ་ཡིན་གྱི་གནས་པ་མ་ཡིན། དེ་ལ་ཞུགས་པ་ཞེས་བྱ་བའི་ཕྱིར་རོ། །གང་ཟག་དེ་གཉིས་ཀྱི་སྔ་རོལ་དུ་འདོད་པའི་གོང་ན་གོང་མ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་འདོད་ཆགས་དང་བྲལ་བའི་ཚེ་འབྲས་བུ་གསུམ་པ་ལ་ཞུགས་པ་ཡིན་ཏེ། ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པའི་ཕྱིར། གང་ཟག་གང་གིས་འབྲས་བུ་གང་ལ་ཞུགས་པ་དེ་ནི་བཅུ་དྲུག་པའི་རྗེས་ཤེས་ལ་གནས་པའི་ཚེ། འབྲས་གནས་ཞེས་བྱ་སྟེ། དེའི་ཚེ་བཅུ་དྲུག་པའི་རྟོགས་པ་ཐོབ་པ་མ་བཏང་བ་ཡིན་པའི་ཕྱིར། དེའི་ཚེ་དབང་རྣོན་དབང་རྟུལ་གྱི་གང་ཟག་དེ་དག་ལ་མིང་ཁྱད་པར་ཅན་ཡོད་དེ། དབང་རྟུལ་ལ་དད་པས་མོས་པ་དང་། དབང་རྣོན་ལ་མཐོང་བས་ཐོབ་པ་ཞེས་བྱ་བ་ཡིན་པའི་ཕྱིར། ཕྱིར་མི་འོང་གི་འབྲས་གནས་ཁྱད་པར་དུ་བྱས་པའི་མི་བརྩོན་པའི་ཕྱིར་འོང་ནི། ཕྱིར་མི་འོང་གི་འབྲས་བུ་ལ་ཞུགས་པ་མིན་ཏེ། ཕྱིར་འོང་གི་འབྲས་བུ་ཐོབ་པ་གང་ཞིག །འབྲས་བུ་ཁྱད་པར་ཅན་གྱི་ལམ་ཐོབ་པ་མེད་པའི་ཕྱིར།

གཉིས་པ་ལ། སྤང་བྱ་སྤོང་ཚུལ་དང་། ཞུགས་གནས་ཀྱི་རྣམ་བཞག་དངོས་གཉིས། དང་པོ་ནི། ས་དང་ས་ན་ཉེས་རྣམ་དགུ། །དེ་བཞིན་དུ་ཡང་ཡོན་ཏན་རྣམས། །ཆུང་དང་འབྲིང་དང་ཆེ་རྣམས་ཀྱིས། །ཆུང་ངུ་ལ་སོགས་ཐ་དད་ཕྱིར། །ཞེས་པ་སྟེ། འདོད་པའི་ས་དང་གཟུགས་ལ་སོགས་པའི་ས་ན་ཉེས་པ་རྣམ་པ་དགུ་ཡོད་དེ། དེ་སྒོམ་སྤང་ཆུང་འབྲིང་ཆེ་གསུམ། དེ་རེ་རེ་ལ་ཆུང་ངུའི་ཆུང་ངུ་ནས། ཆེན་པོའི་ཆེན་པོའི་བར་ཡོད་པའི་ཕྱིར། ཉེས་པ་དགུ་ཡོད་པ་དེ་བཞིན་དུ། སྒོམ་ལམ་གྱི་ཡོན་ཏན་དགུ་རྣམས་ཡོད་དེ། སྒོམ་ལམ་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ། དེ་རེ་རེ་ལ་ཆུང་ངུའི་ཆུང་ངུ་ལ་སོགས་པ་ནི། ཆེན་པོའི་ཆེན་པོའི་བར་ཐ་དད་པ་རྣམས་ཡོད་པའི་ཕྱིར།

གཉིས་པ་ལ། རྒྱུན་ཞུགས་ཞུགས་གནས། ཕྱིར་འོང་། ཕྱིར་མི་འོང་། དགྲ་བཅོམ་ཞུགས་གནས་ཏེ་བཞི། དང་པོ་ལ། ཞུགས་པ་དང་། གནས་པ་གཉིས། དང་པོ་བཤད་ཟིན། གཉིས་པ་ལ། ཙམ་པོ་པ་དང་། ཁྱད་པར་བ་གཉིས་ལས། དང་པོ་ནི། འབྲས་གནས་སྒོམ་སྤང་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་པ་སྟེ། རྒྱུན་ཞུགས་སྲིད་པ་ལན་བདུན་པ་དེ་གང་ཞེ་ན། རྒྱུན་ཞུགས་འབྲས་གནས་ཙམ་པོ་བ་གང་ཞིག །སྒོམ་པས་སྤང་བར་བྱ་བ་ཅུང་ཟད་ཀྱང་མ་ཟད་ཅིང་། རེ་ལྟར་ཏེ་མཆོག་ཏུ་ཐོགས་ན་སྲིད་པ་ལན་བདུན་ལེན་པའི་རིགས་སུ་གནས་པའོ། །གཉིས་པ་ཁྱད་པར་བ་ནི། རྣམ་གསུམ་རྣམ་བཞི་ལས་གྲོལ་བ། །ཚེ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་པ་སྟེ། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་དེ་གང་ཞེ་ན། རྒྱུན་ཞུགས་འབྲས་གནས་ཁྱད་པར་བ་གང་ཞིག །འདོད་པའི་སྒོམ་སྤང་རྣམ་པ་གསུམ་མམ་རྣམ་པ་བཞི་ལས་གྲོལ་བ་དང་། དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ། ཚེ་གཉིས་སམ་གསུམ་དུ་འདོད་པའི་ལྷ་མི་གང་རུང་གི་རིགས་ནས་རིགས་སུ་སྐྱེ་བ་ལེན་པའི་རིགས་སུ་གནས་པ་དེའོ། །

གཉིས་པ་ཕྱིར་འོང་ཞུགས་གནས་ལ། ཞུགས་པ་དང་། འབྲས་གནས་གཉིས། དང་པོ་ནི། རྣམ་པ་ལྔ་ཡི་བར་བཅོམ་པ། །གཉིས་པ་ལ་ནི་ཞུགས་པའང་ཡིན། །ཞེས་པ་སྟེ། འབྲས་གནས་དེ་ཉིད་འདོད་པའི་སྒོམ་སྤང་རྣམ་པ་ལྔའི་བར་དུ་བཅོམ་ཞིང་སྤངས་ནས། དྲུག་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་ཉན་ཐོས་དེ་ཕྱིར་འོང་ཞུགས་པ་ཡིན་ཏེ། འདོད་པའི་སྒོམ་སྤང་རྣམ་པ་ལྔ་སྤངས་པ་གང་ཞིག །དེ་ཉིད་ལ་ཕྱིར་འོང་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཡིན་པས་སོ། །གཉིས་པ་ལ། ཙམ་པོ་བ་དང་། ཁྱད་པར་བ་གཉིས་ལས། དང་པོ་ནི། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་གཅིག་ཕྱིར་འོང་བ། །ཞེས་པ་སྟེ། འདོད་ཉོན་དྲུག་པ་ཟད་པར་གྱུར་པ་ན། ལན་གཅིག་ཕྱིར་འོང་བ་ཞེས་བྱ་བ་ཡིན་ཏེ། ཕལ་ཆེར་ལ་འདོད་ཆགས་དང་བྲལ་ཞིང་། ལྷའི་ནང་ནས་མིའི་ནང་དུ་ལན་གཅིག་ཕྱིར་འོང་བའི་ཕྱིར་རོ། །གཉིས་པ་ནི། ཉེས་ཆ་བདུན་དང་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང་། །ཞེས་པ་སྟེ། འབྲས་བུ་ལ་གནས་པ་དེ་ཉིད་ཉེས་པ་སྟེ་འདོད་པའི་སྒོམ་སྤང་གི་ཆ་བདུན་ནམ་བརྒྱད་ཟད་པ་དེའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་པ་མྱ་ངན་ལས་འདའ་བ་ལ་ཚེ་གཅིག་ལུས་པའི་ཚེ། ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱ་སྟེ། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་འདོད་ཉོན་དགུ་པས་བར་དུ་ཆོད་ཅིང་། དགྲ་བཅོམ་ཐོབ་པ་ལ་ཚེ་གཅིག་གིས་བར་དུ་ཆོད་པའི་ཕྱིར།

གསུམ་པ་ཕྱིར་མི་འོང་ཞུགས་གནས་ལ། ཞུགས་པ་དང་། འབྲས་གནས་གཉིས། དང་པོ་ནི། གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་པ་སྟེ། འབྲས་གནས་དེ་འབྲས་བུ་གསུམ་པ་ཕྱིར་མི་འོང་གི་འབྲས་བུ་ལ་ནི་ཞུགས་པའང་ཡིན་ཏེ། དེ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཡིན་པས་སོ། །གཉིས་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས། དང་པོ་ནི། དེ་དགུ་ཟད་པས་ཕྱིར་མི་འོང་། །ཞེས་པ་སྟེ། འབྲས་གནས་དེ་འདོད་པའི་ཉོན་མོངས་པ་དགུ་ཟད་པར་སྤངས། སྲིད་རྩེའི་ཉོན་མོངས་པ་དགུ་པ་མ་ཟད་པའི་ཚེ་ཕྱིར་མི་འོང་ཞེས་བྱ་སྟེ། དེའི་ཚེ་ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་པས་འདོད་པར་ཕྱིར་མི་འོང་བའི་ཕྱིར། གཉིས་པ་ལ། གཟུགས་སུ་ཉེར་འགྲོ། གཟུགས་མེད་དུ་ཉེར་འགྲོ། མཐོང་ཆོས་ཞི། ཚེ་ཡོངས་གྱུར། ལུས་མངོན་བྱེད་དང་ལྔ། དང་པོ་ལ། རྩ་བའི་སྒོ་ནས་ལྔར་དབྱེ། ཡན་ལག་གི་སྒོ་ནས་དགུར་དབྱེ། དེ་དག་གི་ཁྱད་པར། སྐྱེས་བུ་དམ་པའི་འགྲོ་བ་ངོས་བཟུང་བ་དང་བཞི། དང་པོ་ནི། དེ་ནི་བར་སྐྱེས་འདུ་བྱེད་དང་། །འདུ་བྱེད་མེད་ཡོངས་མྱ་ངན་འདའ། །གོང་དུ་འཕོ་བ་རྣམས་དེ་ནི། །བསམ་གཏན་སྤེལ་ནས་འོག་མིན་འགྲོ། །དེ་འཕར་ཕྱེད་འཕར་ཐམས་ཅད་དུ། །འཆི་འཕོ་གཞན་སྲིད་རྩེ་མོར་འགྲོ། །གཞན་ནི་གཟུགས་མེད་འགྲོ་རྣམ་བཞི། །ཞེས་པ་སྟེ། ཕྱིར་མི་འོང་དེ་ནི་རྣམ་པ་ལྔ་ཡོད་དེ། བར་སྲིད་ལ་བརྟེན་ནས་དེ་མངོན་དུ་བྱེད་པ་བར་འདའ། སྐྱེས་ཙམ་ནས་མྱ་ངན་ལས་འདའ་བ་སྐྱེས་འདའ། དེ་ཡང་འདུ་བྱེད་དང་བཅས་ནས་མྱ་ངན་ལས་འདའ་བ་དང་། འདུ་བྱེད་མེད་པར་ཡོངས་སུ་མྱ་ངན་ལས་འདའ་བ་གོང་དུ་འཕོ་བ་རྣམས་ཡོད་པའི་ཕྱིར། ཕྱིར་མི་འོང་གོང་དུ་འཕོ་བ་དེ་ལ་རྣམ་པ་གཉིས་སུ་ཡོད་དེ། བསམ་གཏན་སྤེལ་སྒོམ་བྱས་ནས་འོག་མིན་གྱི་མཐར་ཐུག་པར་འགྲོ་བ་དང་། མ་བྱས་པར་སྲིད་རྩེའི་མཐར་ཐུག་འགྲོ་བ་གཉིས་ཡོད་པའི་ཕྱིར་རོ། །ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་དེ་གང་ཞེ་ན། འཕར་བ་དང་། ཕྱེད་དུ་འཕར་བ་དང་། གནས་ཐམས་ཅད་དུ་འཆི་འཕོ་ཞིང་འཕར་བ་རྣམས་སོ། །ཕྱིར་མི་འོང་གཟུགས་སུ་ཉེར་འགྲོ་ལས་གཞན་སྲིད་རྩེའི་མཐར་ཐུག་ཏུ་འགྲོ་བ་རྣམས་ཀྱི་རྒྱུ་གང་ཞེ་ན། བསམ་གཏན་སྤེལ་སྒོམ་མ་བྱས་ཤིང་། ཞི་གནས་ཤས་ཆེ་བའི་དབང་གིས་འབྱུང་བའོ། །གཉིས་པ་ནི། གཞན་ནི་འདི་ལ་མྱ་ངན་འདའ། །གསུམ་ལའང་རྣམ་གསུམ་ཕྱེ་ནས་ནི། །གཟུགས་སུ་ཉེ་འགྲོ་དགུར་བཤད་དོ། །ཞེས་པ་སྟེ། ཕྱིར་མི་འོང་གཟུགས་སུ་ཉེ་བར་འགྲོ་བ་དེ་ལ་དགུར་བཤད་དོ། །ཕྱིར་མི་འོང་བར་འདའ་བ་ལ་མྱུར་བ། མྱུར་བ་མ་ཡིན་པ། རིང་མོ་ནས་འདའ་བ་དང་གསུམ། སྐྱེས་འདའ་བ་ལ་སྐྱེས་ཙམ་དང་། འདུ་བྱེད་དང་བཅས་མ་བཅས་གསུམ། གོང་འཕོ་བ་ལ་འཕར་བ་སོགས་གསུམ་སྟེ་དགུ་ཡོད་པའོ། །གསུམ་པ་ནི། དེ་དག་གི་ནི་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག་ལས། །ཞེས་པ་སྟེ། དེ་ལྟར་དབྱེ་བ་ལ་རྒྱུ་མཚན་ཡོད་དེ། དགུ་པོ་དེ་དག་གི་ཁྱད་པར་རྣམས་ལས་དང་། དབང་པོ་དང་། ཉོན་མོངས་པའི་བྱེ་བྲག་ལས་དེ་ལྟར་འབྱུང་བའི་ཕྱིར་ཏེ། བར་འདའ་བ་གསུམ་མངོན་པར་འགྲུབ་པའི་ལས་ཅན། དབང་རྣོན་ཉོན་མོངས་ཆུང་ངུ་། སྐྱེས་འདའ་གསུམ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཅན་དབང་པོ་དང་ཉོན་མོངས་འབྲིང་། གོང་འཕོ་གསུམ་དེས་ཤེས་པར་བྱའོ། །བཞི་པ་ནི། གོང་དུ་འཕོ་བ་མ་ཕྱེ་བར། །དམ་པའི་འགྲོ་བ་བདུན་དུ་འདོད། །དམ་པ་དམ་མིན་འཇུག་མིན་འཇུག །སོན་པ་ཕྱིར་མི་འོང་ཕྱིར་ཏེ། །ཞེས་པ་སྟེ། སྐྱེས་བུ་དམ་པའི་འགྲོ་བ་དེ་ལ་བདུན་ཡོད་དེ། སྔར་གྱི་དགུ་པོ་ལས། གོང་དུ་འཕོ་བ་མ་ཕྱེ་བར་གཅིག་ཏུ་བགྲངས་པས་དེ་ལྟར་འབྱུང་བའི་ཕྱིར། སྐྱེས་བུ་དམ་པ་ཞེས་བྱ་བའི་རྒྱུ་མཚན་ཡོད་དེ། དགེ་ལས་ཁོ་ནར་འཇུག་ཅིང་། དམ་པ་མིན་པ་ལ་མི་འཇུག་པ་དང་། འདོད་པ་ལས་སོན་ཞིང་། དེར་སླར་ཕྱིར་མི་འོང་བའི་ཕྱིར་རོ། །གཉིས་པ་གཟུགས་མེད་ཉེར་འགྲོ་ནི། གཞན་གཟུགས་མེད་ཉེར་འགྲོ་ནི་བཞི་ཡོད་དེ། སྐྱེས་འདའ་བ་གསུམ། གཞན་གོང་དུ་འཕོ་བའི་མིང་ཅན་དང་བཞིའོ། །གསུམ་པ་མཐོང་ཆོས་ཞི་བ་ནི། མཐོང་ལམ་ཐོབ་པའི་ཚེ་འདི་ཉིད་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་དེ་ལ་འཇོག་པའོ། །བཞི་པ་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་ལ། དངོས་དང་། ཞར་བྱུང་བསམ་གཏན་སྤེལ་སྒོམ་བཤད་པ་གཉིས། དང་པོ་ནི། འདོད་པར་ཚེ་ཡོངས་འགྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །དེ་དང་གོང་མར་སྐྱེས་པ་རྣམས། །ཡོངས་ཉམས་དབང་པོ་འཕོ་མི་བརྟེན། །ཞེས་པ་སྟེ། འདོད་པར་ཚེ་རབས་ལན་གྲངས་དུ་མར་ཡོངས་སུ་གྱུར་པ་སྟེ་བླངས་པའི་ཕྱིར་མི་འོང་དེ་གང་ཞེ་ན། དེ་ནི་འདོད་པར་ཚེ་ཡོངས་སུ་གྱུར་པའི་འཕགས་པ་ཞེས་བྱ་སྟེ། དེ་འདྲའི་འཕགས་པ་དེ་འདོད་ཁམས་ལས་གཟུགས་ཁམས་སུ་འགྲོ་བ་མེད་དེ། འདོད་པའི་རྟེན་དེ་ཉིད་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་དང་། འདོད་པར་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་དེ་དང་ཁམས་གོང་མར་སྐྱེས་པའི་འཕགས་པ་ནི། ཡོངས་སུ་ཉམས་པ་དང་དབང་པོ་འཕོ་བ་མི་བརྟེན་ཏེ། དབང་པོ་ཡོངས་སུ་སྨིན་པ་དང་རྟེན་ཁྱད་པར་ཅན་ཐོབ་པའི་ཕྱིར་རོ། །གཉིས་པ་ལ། སྤེལ་སྒོམ་བྱེད་ཚུལ། གྲུབ་པའི་ཚད། བྱས་པའི་དགོས་པ། སྤེལ་སྒོམ་གྱི་འབྲས་བུ་དང་བཞི། དང་པོ་ནི། དང་པོར་བཞི་པ་སྤེལ་བར་བྱེད། །ཅེས་པ་སྟེ། དང་པོར་བསམ་གཏན་བཞི་པ་སྤེལ་བར་བྱེད་པའོ། །གཉིས་པ་ནི། སྐད་ཅིག་མ་ལ་བསྲེས་པས་འགྲུབ། །ཅེས་པ་སྟེ། སྤེལ་སྒོམ་གྲུབ་པའི་ཚད། བསམ་གཏན་ཟག་བཅས་ཟག་མེད་སྐད་ཅིག་མ་རེ་རེ་ལ་ནི་བསྲེ་ཐུབ་པ་རྣམས་ནི་སྤེལ་སྒོམ་གྲུབ་པའི་ཚད་དོ། །གསུམ་པ་ནི། སྐྱེས་དང་གནས་པར་བྱ་ཕྱིར་དང་། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང་། །ཞེས་པ་སྟེ། སྤེལ་སྒོམ་བྱེད་པའི་རྒྱུ་མཚན་ཡོད་དེ། ཕྱིར་མི་འོང་དབང་རྣོན་རྣམས་གནས་གཙང་མར་སྐྱེ་བ་དང་། མཐོང་ཆོས་ལ་བདེ་བར་གནས་པར་བྱ་བའི་ཕྱིར་སྒོམ་པ་དང་། དབང་རྟུལ་རྣམས་ཉོན་མོངས་པས་འཇིགས་པའི་ཕྱིར་ཡང་སྒོམ་པའི་ཕྱིར་རོ། །བཞི་པ་ནི། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་སྐྱེ་བ་ལྔ་ཁོ་ན། །ཞེས་པ་སྟེ། གནས་གཙང་མའི་སྐྱེ་བ་ལ་མི་ཆེ་བ་སོགས་ལྔ་ཁོ་ནར་ཡོད་དེ། དེའི་རྒྱུ་བསམ་གཏན་སྤེལ་སྒོམ་དེ་ནི་རྣམ་པ་ལྔ་ཁོ་ནར་ངེས་པའི་ཕྱིར་རོ། །ལྔ་པ་ནི། འགོག་པ་ཐོབ་པ་ཕྱིར་མི་འོང་། །ལུས་ཀྱི་མངོན་དུ་བྱེད་པར་འདོད། །ཅེས་པ་སྟེ། འགོག་པའི་སྙོམས་འཇུག་ཐོབ་པའི་ཕྱིར་མི་འོང་དེ་ལུས་ཀྱི་ཆ་མངོན་སུམ་དུ་བྱེད་པ། ཞེས་འདོད་དེ། མྱང་འདས་དང་འདྲ་བའི་འགོག་པའི་བདེན་པ་ལུས་ཀྱིས་མངོན་དུ་བྱེད་པའི་ཕྱིར་མི་འོང་བ་ཡིན་པས་སོ། །

བཞི་པ་དགྲ་བཅོམ་ཞུགས་གནས་ལ། ཞུགས་པ་དང་། འབྲས་གནས་གཉིས་ལས། དང་པོ་ནི། སྲིད་རྩེའི་བར་ཆད་བརྒྱད་ཟད་པ། །དགྲ་བཅོམ་ཉིད་ལ་ཞུགས་པ་ཡིན། །དགུ་པའི་བར་ཆད་མེད་ལམ་ཡང་། །དེ་ནི་རྡོ་རྗེ་ལྟ་བུ་ཡིན། །ཞེས་པ་སྟེ། བསམ་གཏན་དང་པོའི་སྒོམ་སྤང་གཅིག་སྤངས་ནས་སྲིད་རྩེའི་བར་སྒོམ་སྤང་བརྒྱད་ཟད་པའི་ཕྱིར་མི་འོང་དེ་དགྲ་བཅོམ་གྱི་འབྲས་བུ་ཉིད་ལ་ཞུགས་པ་ཡིན་ཏེ། དེ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཡིན་པའི་ཕྱིར། སྲིད་རྩེའི་སྒོམ་སྤང་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་ཕྱིར་མི་འོང་དེ་ཡང་དགྲ་བཅོམ་གྱི་འབྲས་བུ་ལ་ཞུགས་པ་ཡིན་ཏེ། དེ་ཐོབ་ཕྱིར་དུ་བརྩོན་པའི་ཉན་ཐོས་ཡིན་པའི་ཕྱིར། བར་ཆད་མེད་ལམ་དེ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན་ཏེ། ཕྲ་རྒྱས་ཉོན་མོངས་པ་ཐམས་ཅད་འཇོམས་ནུས་པའི་ཕྱིར་རོ། །

གཉིས་པ་ལ། སྤྱིར་བསྟན་པ། ཁྱད་ཆོས་རྒྱས་པར་བཤད་པ། འབྲས་གནས་ཀྱི་དབྱེ་བ་དང་གསུམ། དང་པོ་ནི། དེ་ཟད་ཐོབ་དང་ཟད་པ་ཤེས། །ཞེས་པ་སྟེ། ཟད་པ་ཤེས་པའི་ཡེ་ཤེས་ཐོབ་པའི་དུས་ཡོད་དེ། སྲིད་རྩེའི་སྒོམ་སྤང་དགུ་པ་དེ་ཟད་པའི་འགོག་པ་ཐོབ་པ་དང་དུས་མཚུངས་པའི་ཕྱིར།

གཉིས་པ་ལ། ཆགས་བྲལ་གྱི་རྣམ་བཞག་དང་། དགེ་སྦྱོང་ཚུལ་འབྲས་ཀྱི་རྣམ་བཞག་གཉིས། དང་པོ་ལ། ལམ་གང་གིས་ཆགས་པ་དང་བྲལ་བ། བྲལ་ཐོབ་སྐྱེ་བའི་ཚུལ། ས་གང་གིས་ཆགས་པ་དང་བྲལ་བ། ལམ་གྱི་དམིགས་པ་དང་བཞི། དང་པོ་ནི། དེ་ཚེ་དེ་མི་སློབ་དགྲ་བཅོམ། །འཇིག་རྟེན་འདས་ཀྱི་སྲིད་རྩེ་ལས། །ཆགས་བྲལ་གཞན་ལ་རྣམ་པ་གཉིས། །ཞེས་པ་སྟེ། དེའི་ཚེ་གང་ཟག་དེ་ལ་མི་སློབ་པ་དང་དགྲ་བཅོམ་པ་ཞེས་བྱ་སྟེ། དེའི་ཚེ་ཐོབ་དགོས་མཐའ་དག་ཐོབ་ཟིན་པའི་ཕྱིར། དེ་ཡང་སྲིད་རྩེ་ལས་འཇིག་རྟེན་པའི་ལམ་གྱིས་ཆགས་པ་དང་བྲལ་མི་ནུས་ཏེ། དེའི་འདོད་ཆགས་དང་བྲལ་བ་ལ་འདས་ལམ་ཁོ་ན་དགོས་པས་སོ། །སྲིད་རྩེ་ལས་གཞན་པའི་ས་ལས་འདོད་ཆགས་དང་བྲལ་ཚུལ་རྣམ་པ་གཉིས་ཡོད་དེ། འཇིག་རྟེན་པའི་ལམ་ཞི་རགས་གཉིས་ཀྱིས་འདོད་ཆགས་དང་བྲལ་བ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་གཉིས་ཡོད་པའོ། །གཉིས་པ་ནི། འཇིག་རྟེན་པ་ཡི་ཆགས་བྲལ་བའི། །འཕགས་ལ་བྲལ་བའི་ཐོབ་རྣམ་གཉིས། །ཁ་ཅིག་འཇིག་རྟེན་འདས་ཀྱིས་ཀྱང་། །བཏང་ལ་ཉོན་མོངས་མི་ལྡན་ཕྱིར། །སྲིད་རྩེའི་ཕྱེད་ལས་རྣམ་གྲོལ་དང་། །གོང་དུ་སྐྱེས་པ་བཞིན་མི་ལྡན། །ཞེས་པ་སྟེ། འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བའི་འཕགས་པ་ལ་བྲལ་བའི་ཐོབ་པ་རྣམ་པ་གཉིས་ཡོད་དེ། འདས་མ་འདས་གཉིས་ཡོད་པའོ། །ཁ་ཅིག་ན་རེ། འཇིག་རྟེན་ལས་འདས་པའི་ལམ་གྱིས་ཀྱང་འདོད་ཆགས་དང་བྲལ་བ་རྣམ་གཉིས་ཡོད་དེ། ས་གོང་མའི་ལམ་བཏང་ཡང་དེའི་ཉོན་མོངས་དང་མི་ལྡན་པ་ཡོད་པའི་ཕྱིར་ཟེར་བ་ལ་ཁྱབ་པ་མེད་དེ། སྲིད་རྩེའི་ཕྱེད་ལས་རྣམ་པར་གྲོལ་བ་ལ། ལམ་སྔ་མ་བཏང་ཡང་ཉོན་མོངས་དང་མི་ལྡན་པ་དང་། བསམ་གཏན་དང་པོའི་གོང་སར་སྐྱེས་པ་བཞིན་དུ་སྔར་གྱི་ཉོན་མོངས་དང་མི་ལྡན་པའི་ཕྱིར། གསུམ་པ་ས་གང་གིས་ཆགས་པ་དང་བྲལ་བ་ནི། ཟག་མེད་མི་ལྕོགས་མེད་པ་ཡིས། །ཐམས་ཅད་ལས་ནི་འདོད་ཆགས་བྲལ། །ས་གསུམ་རྒྱལ་ལ་བསམ་གཏན་ནམ། །ཉེར་བསྡོགས་ལས་མཐའི་རྣམ་གྲོལ་ལམ། །གོང་མའི་ཉེར་བསྡོགས་ལས་མིན་འཕགས། །བརྒྱད་ཀྱིས་རང་གོང་ས་ལས་རྒྱལ། །ཞེས་པ་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་ཡིས། རང་ས་གོང་ས་འོག་ས་ཐམས་ཅད་ལས་འདོད་ཆགས་དང་བྲལ་བར་བྱེད་ནུས་ཏེ། དེས་ས་གསུམ་པོ་དེའི་དངོས་གཉེན་བྱེད་ནུས་པའི་ཕྱིར། གསུམ་པ་མན་ཆད་ཀྱིས་ས་གསུམ་ལས་རྒྱལ་བ་སྟེ། འདོད་ཆགས་དང་བྲལ་བའི་རྣམ་གྲོལ་ལམ་ས་གཉིས་ལས་འཐོབ་སྟེ། བསམ་གཏན་གྱི་དངོས་གཞིའམ་ཉེར་བསྡོགས་ལས་ཐ་མའི་རྣམ་གྲོལ་ལམ་ཐོབ་པའི་ཕྱིར། བཞི་པ་སོགས་ཀྱི་མཐའི་རྣམ་གྲོལ་ལམ་ནི། ཉེར་བསྡོགས་ལས་ཐོབ་པ་མ་ཡིན་ཏེ། དངོས་གཞི་ཁོ་ནས་ཐོབ་པའོ། །ཟག་མེད་ཀྱི་བསམ་གཏན་བཞི་གཟུགས་མེད་དང་པོ་གསུམ། བསམ་གཏན་ཁྱད་པར་བ་དང་བརྒྱད་ཀྱིས་རང་ས་དང་འོག་ས་ལས་རྒྱལ་བར་བྱེད་ནུས་ཏེ། དེས་ས་དེ་དག་ལ་ཆགས་པ་དང་བྲལ་བར་བྱེད་ནུས་པའི་ཕྱིར། བཞི་པ་དམིགས་རྣམ་ལ། དངོས་དང་། དཀྱུས་མ་གཉིས། དང་པོ་ནི། འཇིག་རྟེན་པ་ཡི་རྣམ་གྲོལ་དང་། །བར་ཆད་མེད་ལམ་གོ་རིམ་བཞིན། །ཞི་སོགས་རགས་སོགས་རྣམ་པ་ཅན། །གོང་དང་འོག་མའི་སྤྱོད་ཡུལ་ཅན། །ཞེས་པ་སྟེ། འཇིག་རྟེན་པའི་རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་གྱི་དམིགས་པ་ཡོད་དེ། གོ་རིམ་བཞིན་དུ་རྣམ་གྲོལ་ལམ་གྱིས་གོང་ས་ལ་ཞི་སོགས་ཀྱི་རྣམ་པ་ཅན་གྱི་སྤྱོད་ཡུལ་དུ་བྱེད། བར་ཆད་མེད་ལམ་གྱིས་འོག་ས་ལ་རགས་སོགས་ཀྱི་རྣམ་པ་ཅན་གྱི་སྤྱོད་ཡུལ་དུ་བྱེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་མི་གཡོའི་ཟད་ཤེས་ལས། །མི་སྐྱེའི་བློ་གྲོས་གལ་ཏེ་མིན། །ཟད་པ་ཤེས་སམ་མི་སློབ་ལྟ། །དེ་ནི་དགྲ་བཅོམ་ཐམས་ཅད་ལ། །ཞེས་པ་སྟེ། གལ་ཏེ་དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་ཡིན་ན། ཟད་པ་ཤེས་པའི་ཡེ་ཤེས་ལས་ཆོས་གཉིས་འབྱུང་སྟེ། དེའི་ཟད་པ་ཤེས་པའི་ཡེ་ཤེས་སམ། མི་སློབ་པའི་ལྟ་བ་འབྱུང་བའི་ཕྱིར། ལྟ་བ་དེ་ནི་དགྲ་བཅོམ་པ་ཐམས་ཅད་ལ་ཡོད་དེ། དེ་དབང་པོ་རྣོ་རྟུལ་གཉིས་ཀ་ལ་ཡོད་པའི་ཕྱིར། གཉིས་པ་དགེ་སྦྱོང་ཚུལ་འབྲས་ཀྱི་རྣམ་བཞག་ལ། ངོ་བོ་དབྱེ་བ་དང་བཅས་པ། རྩོད་པ་སྤོང་བ། དོགས་པ་དཔྱད་པ། ཐོབ་ཚུལ་དང་བཞི། དང་པོ་ལ། ཚིག་དོན་དང་། མཐའ་དཔྱད་པ་གཉིས། དང་པོ་ནི། དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །དེ་དག་བརྒྱད་ཅུ་རྩ་དགུའོ། །གྲོལ་ལམ་ཟད་པ་རྣམས་དང་བཅས། །ཞེས་པ་སྟེ། དགེ་སྦྱོང་ཚུལ་གྱི་ངོ་བོ་ནི་དྲི་མེད་ཟག་མེད་ཀྱི་བར་ཆད་མེད་ལམ་ཡིན་ཞིང་། དེའི་ཚུལ་འབྲས་གཉིས་སུ་ཡོད་དེ། འདུས་བྱས་དང་འདུས་མ་བྱས་གཉིས་སུ་ཡོད་པའོ། །དེ་དག་སོ་སོར་ཕྱེ་ན་བརྒྱད་ཅུ་རྩ་དགུ་རེ་ཡོད་དེ། མཐོང་སྤང་སྤངས་པའི་རྣམ་གྲོལ་ལམ་བརྒྱད། ཟད་པ་འགོག་བདེན་དང་བཅས་པ། ས་དགུའི་སྒོམ་སྤང་སྤངས་པའི་རྣམ་གྲོལ་ལམ་དགུ་དགུ་བརྒྱད་ཅུ་རྩ་གཅིག་ཟད་པ་འགོག་བདེན་དང་བཅས་པ་ཡོད་པའོ། །རྒྱུ་མཐུན་དང་བྲལ་འབྲས་གཉིས་སུ་ཡོད་དེ། རྣམ་གྲོལ་ལམ་རྒྱུ་མཐུན་དང་། འགོག་བདེན་རྣམས་བྲལ་འབྲས་ཡིན་པས་སོ། །གཉིས་པ་མཐའ་དཔྱད་པ་ལ། ཁ་ཅིག །དགེ་སྦྱོང་ཚུལ་གྱི་འབྲས་བུ་ཡིན་ན། འབྲས་བུ་བཞི་པོ་གང་རུང་ཡིན་པས་ཁྱབ་ཟེར་ན། འོ་ན་དེ་ཐོབ་པའི་གང་ཟག་ཡིན་ན། ཅིག་ཤོས་ཀྱི་འབྲས་བུ་གང་རུང་ཐོབ་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྟོན་པ་ཤཱཀྱ་ཐུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དགེ་སྦྱོང་ཚུལ་གྱི་འགོག་བདེན་ལ་གནས་པའི་གང་ཟག་ཡིན་པའི་ཕྱིར་རོ། །རྩ་བར་འདོད་ན། དེ་བཞིའི་ནང་གི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པའི་གང་ཟག་ཏུ་ཐལ། གཞན་གསུམ་ལ་དོགས་པ་མེད་པའི་ཕྱིར། འདོད་ན། དགྲ་བཅོམ་འབྲས་གནས་ཡིན་པར་ཐལ། དེ་ཡང་འདོད་ན། ཐེག་དམན་གྱི་གང་ཟག་ཡིན་པར་ཐལ་ལོ། །ཁ་ཅིག །རྒྱུན་ཞུགས་སྲིད་པ་ལན་བདུན་པ་ཡིན་ན། འདོད་པར་རིས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པར་ངེས་པས་ཁྱབ་ཟེར་ན། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཏེ། ལུང་ལས། ལན་བདུན་པ་ལ་སྐྱེ་འཕགས་གཉིས། །འཕགས་པ་ལའང་ངེས་མ་ངེས། །ཞེས་འདོད་པ་ཡོད་དོ། །ཁ་ཅིག །ཕྱིར་འོང་ཞུགས་པ་ཡིན་ན། མཐོང་ལམ་པ་ཡིན་པས་ཁྱབ་ཟེར་ན། འདོད་ཉོན་དྲུག་པའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་པའི་རྒྱུན་ཞུགས་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འབྲས་བུ་རིམ་གྱིས་ཐོབ་པའི་ཕྱིར་འོང་ཞུགས་པ་ཡིན་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། སྒོམ་ལམ་པ་ཡིན་པའི་ཕྱིར། དེར་ཐལ། རྒྱུན་ཞུགས་འབྲས་གནས་ཡིན་པའི་ཕྱིར། ཁ་ཅིག་ཕྱིར་མི་འོང་འབྲས་གནས་ཡིན་ན། དེ་དགུ་ཟད་པས་ཕྱིར་མི་འོང་། །ཞེས་པའི་སྐབས་ནས་དངོས་བསྟན་གྱི་ཕྱིར་མི་འོང་འབྲས་གནས་ཡིན་པས་ཁྱབ་ཟེར་ན། འབྲས་བུ་ཐོད་རྒལ་བའི་ཕྱིར་མི་འོང་འབྲས་གནས་ཆོས་ཅན། དེར་ཐལ། དེའི་ཕྱིར། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་ཡིན་ན། གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པས་ཁྱབ་ཟེར་ན། གཟུགས་སུ་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་སྲིད་རྩེའི་མཐར་ཐུག་འགྲོ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཁ་ཅིག་དགྲ་བཅོམ་པ་ཡིན་ན། དགྲ་བཅོམ་དྲུག་འདོད་དེ་དག་ལས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་དགྲ་བཅོམ་པ་ཡིན་པས་ཁྱབ་ཟེར་ན། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སངས་རྒྱས་གཉིས་དང་ཉན་ཐོས་བདུན། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན་དགྲ་བཅོམ་འབྲས་གནས་ཡིན་པར་ཐལ་ལོ། །གཉིས་པ་ནི། འབྲས་བུ་བཞིར་རྣམ་བཞག་པ་ནི། །རྒྱུ་ལྔ་དག་ནི་སྲིད་ཕྱིར་རོ། །འབྲས་ལ་སྔོན་ལམ་བཏང་བ་དང་། །གཞན་ཐོབ་པ་དང་ཟད་བསྡོམས་དང་། །ཤེས་པ་བརྒྱད་ཚན་ཐོབ་པ་དང་། །རྣམ་པ་བཅུ་དྲུག་ཐོབ་པའོ། །ཞེས་པ་སྟེ། དགེ་སྦྱོང་ཚུལ་གྱི་འབྲས་བུ་བརྒྱད་ཅུ་རྩ་བཞི་བཤད་པས་མདོ་ལས་འབྲས་བུ་བཞིར་གསུངས་པ་དང་འགལ་བའི་སྐྱོན་མེད་དེ། བཞིར་བཞག་པ་ལ་རྒྱུ་མཚན་རྣམ་པ་ལྔ་སྲིད་པའི་ཕྱིར། དེ་སྲིད་དེ། འབྲས་བུ་ལ་ཞུགས་ལམ་སྔོན་དུ་བཏང་བ་དང་། གཞན་ཟག་མེད་ཀྱི་ལམ་ཐོབ་པ་དང་། ཟད་པ་སྟེ་སྤངས་བ་བསྡོམས་པ་དང་། ཆོས་ཤེས་བཞི་རྗེས་ཤེས་བཞི་སྟེ་ཤེས་པ་བརྒྱད་ཚན་ཐོབ་པ་དང་། མི་རྟག་སོགས་རྣམ་པ་བཅུ་དྲུག་རྟོགས་པ་ཐོབ་པའི་སྒོ་ནས་དེ་ལྟར་བཤད་པའི་ཕྱིར། གསུམ་པ་ནི། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་དང་ཟག་མེད་ཐོབ་འཛིན་ཕྱིར། །དེ་ཉིད་ཚངས་ཚུལ་ཚངས་པ་ཡི། །འཁོར་ལོ་ཚངས་པས་བསྐོར་ཕྱིར་རོ། །ཆོས་ཀྱི་འཁོར་ལོ་མཐོང་བའི་ལམ། །མྱུར་བར་འགྲོ་སོགས་རྩིབས་སོགས་ཀྱིས། །ཞེས་པ་སྟེ། འཇིག་རྟེན་པའི་ལམ་གྱིས་ཐོབ་པའི་ཕྱིར་འོང་དང་། ཕྱིར་མི་འོང་གི་འབྲས་བུ། དགེ་སྦྱོང་ཚུལ་གྱི་འབྲས་བུར་མི་རུང་བའི་སྐྱོན་མེད་དེ། འཇིག་རྟེན་པ་ཡི་ལམ་གྱིས་ཐོབ་པའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ནི། མཐོང་ལམ་གྱིས་ཐོབ་པའི་སྤངས་བ་དང་། སྒོམ་ལམ་གྱིས་ཐོབ་པའི་སྤངས་པར་བསྲེས་པ་དང་། ཟག་མེད་ཀྱི་ཐོབ་པ་ཡང་འཛིན་པའི་ཕྱིར། གོང་དུ་བཤད་པའི་དགེ་སྦྱོང་ཚུལ་དེ་ཉིད་ལ་ཚངས་པའི་ཚུལ་ཞེས་བཤད་པའི་རྒྱུ་མཚན་ཡོད་དེ། ཉོན་མོངས་སྤོང་བའི་ལམ་ཡིན་པའི་ཕྱིར། ཚངས་པའི་འཁོར་ལོ་སྐོར་བ་པོ་ཡོད་དེ། ཚངས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྐོར་བའི་ཕྱིར། མཐོང་ལམ་གྱི་ངོ་བོར་གྱུར་པའི་འཕགས་ལམ་ཡན་ལག་བརྒྱད་པོ་དེ་ལ་ཆོས་ཀྱི་འཁོར་ལོ་ཞེས་བྱ་སྟེ། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དང་ཆོས་མཚུངས་པའི་ཕྱིར། དེ་ལྟར་མཚུངས་ཏེ། རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་སྟེ་རྟེན་པར་བྱེད་པའི་ལྟེ་བ། སྡུད་ཅིང་མྱུར་བར་འགྲོ་བའི་མུ་འཁྱུད། གཅོད་པར་བྱེད་པའི་རྩིབས་གསུམ་དང་ལྡན་པ་ལྟར། འཕགས་ལམ་ཡན་ལག་བརྒྱད་པོ་དེ་བསྡུ་ན་བསླབ་པ་གསུམ་དུ་འདུ་ཞིང་། དེ་རྣམས་སྔ་མ་གསུམ་དང་ཆོས་མཚུངས་པའི་ཕྱིར། བཞི་པ་ཐོབ་ཚུལ་ནི། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ་གོང་ན་མཐོང་ལམ་མེད། །མི་སྐྱོ་ལུང་ལས་འདིར་རྩོམ་ཞིང་། །དེ་མཐར་ཕྱིན་ཅེས་འབྱུང་ཕྱིར་རོ། །ཞེས་པ་སྟེ། འདོད་པར་དགེ་སྦྱོང་ཚུལ་གྱི་འབྲས་བུ་གསུམ་ཐོབ་སྟེ། དེར་རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་གི་འབྲས་བུ་གསུམ་ཐོབ་པའི་ཕྱིར། ཐ་མ་དགྲ་བཅོམ་པའི་འབྲས་བུ་ནི་ཁམས་གསུམ་དུ་ཐོབ་སྟེ། འདོད་ཁམས། གཟུགས་ཁམས། གཟུགས་མེད་ཀྱི་ཁམས་རྣམས་སུ་ཐོབ་པའི་ཕྱིར། རྒྱུན་ཞུགས། ཕྱིར་འོང་། ཕྱིར་མི་འོང་གི་འབྲས་བུ་གསུམ་པོ་དེ་རྣམས་ཁམས་གོང་མར་མི་ཐོབ་སྟེ། དེ་ན་དེའི་རྟེན་ལ་མཐོང་ལམ་གསར་དུ་སྐྱེ་བ་མེད་པའི་ཕྱིར། དེ་ལྟར་མེད་དེ། གཟུགས་མེད་ཁམས་ན་འཆད་ཉན་མེད། གཟུགས་ཁམས་ན་སྐྱོ་ཤས་མི་སྐྱེ་བའི་ཕྱིར་དང་། མདོ་ལས་ཀྱང་། བར་མ་དོར་ཡོངས་སུ་མྱ་ངན་ལས་འདའ་བ་ནས་གོང་དུ་འཕོ་བའི་བར་གང་ཟག་ལྔ་ནི་འདིར་རྩོམ་ཞིང་། དེ་མཐར་ཕྱིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་དགྲ་བཅོམ་འབྲས་གནས་ཀྱི་དབྱེ་བ་ལ། མཚན་གཞིའི་སྒོ་ནས་དྲུག་ཏུ་དབྱེ། འབྲས་བུ་ཉམས་པ་ཡོད་མེད་ལ་དཔྱད། དབང་པོ་འཕོ་ཚུལ། དགྲ་བཅོམ་པ་དགུར་ཡོད་ཚུལ་དང་བཞི། དང་པོ་ནི། དགྲ་བཅོམ་དྲུག་འདོད་དེ་དག་ལས། །ལྔ་ནི་དད་པས་མོས་ལས་སྐྱེས། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །མི་གཡོའི་ཆོས་ཅན་མི་གཡོ་བ། །དེ་ཕྱིར་དེ་དུས་མི་སྦྱོར་གྲོལ། །དེ་ནི་མཐོང་ཐོབ་རྒྱུ་ལས་བྱུང་། །ཁ་ཅིག་དང་པོ་ནས་དེའི་རིགས། །ཁ་ཅིག་སྦྱངས་པ་ལས་གྱུར་ཏོ། །ཞེས་པ་སྟེ། དགྲ་བཅོམ་པ་ལ་དྲུག་ཡོད་དེ། ཡོངས་སུ་ཉམས་པའི། བདག་གསོད་པའི། གནས་པ་ལ་མི་བསྐྱོད་པའི། རྟོགས་པའི་སྐལ་བ་ཅན་གྱི། རྗེས་སུ་བཟུང་བའི། མི་གཡོ་བའི་དགྲ་བཅོམ་པ་རྣམས་སུ་ཡོད་པའི་ཕྱིར། དྲུག་པོ་དེ་དག་ལས་དང་པོ་ལྔའི་རྒྱུ་ཡོད་དེ། དད་པས་མོས་པ་ལས་སྐྱེས་པའི་ཕྱིར། ལྔ་པོ་དེ་དག་ལ་རྣམ་གྲོལ་དུས་དང་སྦྱོར་བ་ཟེར་བའི་རྒྱུ་མཚན་ཡོད་དེ། མྱང་འདས་མངོན་དུ་བྱེད་པ་:ས་ཆར་འབྱམས་པ་༼ལ་ཡོ་བྱད་༽དང་། ནད་མེད་པ་དང་། ཡུལ་ཁྱད་པར་ཅན་ལ་ལྟོས་དགོས་པའི་ཕྱིར། དགྲ་བཅོམ་མི་གཡོ་བའི་མཚན་དོན་མི་གཡོ་བ་ཟེར་བའི་རྒྱུ་མཚན་ཡོད་དེ། དབང་པོ་མི་གཡོ་བ་སྟེ་མི་ཉམས་པའི་དགྲ་བཅོམ་པ་ཡིན་པས་སོ། །དེ་དུས་མི་སྦྱོར་བ་རྣམ་པར་གྲོལ་བ་ཞེས་པའི་རྒྱུ་མཚན་ཡོད་དེ། དབང་པོ་མི་གཡོ་བའི་དགྲ་བཅོམ་པ་ཡིན་པའི་ཕྱིར། དེའི་རྒྱུ་ཡོད་དེ། མཐོང་བས་ཐོབ་པའི་རྒྱུ་ལས་བྱུང་བའི་ཕྱིར། དགྲ་བཅོམ་པ་དེ་དག་ལའང་རིགས་གཉིས་སུ་ཡོད་དེ། ཁ་ཅིག་དང་པོ་ནས་དེའི་རིགས་དང་། ཁ་ཅིག་སྦྱངས་པའི་ཡོན་ཏན་ལས་མི་གཡོ་བར་འགྱུར་བའི་ཕྱིར། གཉིས་པ་ནི། བཞི་ནི་རིགས་ལས་ལྔ་འབྲས་ལས། །ཉམས་གྱུར་དང་པོ་ལས་མ་ཡིན། །སློབ་དང་འཕགས་མིན་རིགས་དྲུག་ལྡན། །མཐོང་བ་ལ་ནི་འཕོ་བ་མེད། །ཐོབ་དང་མ་ཐོབ་ཉེར་སྤྱད་ལས། །ཡོངས་ཉམས་རྣམ་པ་གསུམ་ཞེས་བྱ། །སྟོན་ལ་ཐ་མ་མི་གཡོ་ལ། །བར་མའང་གཞན་ལ་རྣམ་གསུམ་མོ། །འབྲས་ལས་ཉམས་པ་འཆི་བ་མེད། །བྱ་བ་མ་ཡིན་དེ་མི་བྱེད། །ཅེས་པ་སྟེ། དགྲ་བཅོམ་པ་དང་པོ་ལྔ་ལ་ཉམས་པར་འགྱུར་བ་ཡོད་དེ། ཉམས་པའི་ཆོས་ཅན་མ་གཏོགས་བཞི་ནི་རིགས་ལས་ཉམས་པར་འགྱུར། ལྔ་ཀ་འབྲས་བུ་ལས་ཉམས་པར་འགྱུར་བའི་ཕྱིར། རང་གི་དང་པོར་འབྲས་བུ་གང་ཐོབ་པ་ལས་ཉམས་པར་འགྱུར་བ་མིན་ཏེ། དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གཉིས་ཀྱིས་བརྟན་པར་བྱས་པའི་ཕྱིར། དགྲ་བཅོམ་པར་མ་ཟད་ཉན་ཐོས་སློབ་པ་འཕགས་པ་མིན་པ་སོ་སོ་སྐྱེ་བོའང་རིགས་དྲུག་དང་ལྡན་པ་ཡོད་དེ། ཉམས་པའི་ཆོས་ཅན་ནས་མི་གཡོ་བའི་བར་དུ་ཡོད་པའི་ཕྱིར། མཐོང་ལམ་ལ་གནས་པ་ལ་ནི། དེ་ལ་གནས་བཞིན་དུ་དབང་པོ་འཕོ་བ་མེད་དེ། དེ་ནི་ཤིན་ཏུ་ཡུན་ཐུང་བའི་ཕྱིར། ཡོན་ཏན་ལས་ཡོངས་སུ་ཉམས་པ་ལ་རྣམ་པ་གསུམ་དུ་ཤེས་པར་བྱ་སྟེ། ཡོན་ཏན་ཐོབ་པ་ལས་ཉམས་པ་དང་། མ་ཐོབ་པ། འཐོབ་བྱ་མངོན་དུ་མི་བྱེད་པས་ཉེས་སྤྱད་ལས་ཉམས་པ་རྣམས་སུ་ཡོད་པའི་ཕྱིར། སྟོན་པ་སངས་རྒྱས་ལ་ཉམས་པ་གཅིག་ཡོད་དེ། མཐའ་མ་ཉེར་སྤྱད་ལས་ཉམས་པའི་ཕྱིར། དགྲ་བཅོམ་མི་གཡོ་བའི་ཆོས་ཅན་ལས་ཉམས་པ་གཉིས་ཡོད་དེ། ཉེར་སྤྱད་ལས་ཉམས་པ་དང་། བར་མ་ཐོབ་པ་ལས་ཉམས་པ་གཉིས། དགྲ་བཅོམ་གཞན་ལ་ཉམས་ཚུལ་ཡོད་དེ། རྣམ་པ་གསུམ་ཀ་ཡོད་པའི་ཕྱིར། དེ་ལྟར་ཉམས་པས་དགྲ་བཅོམ་འཁོར་བར་སྐྱེ་བའི་སྐྱོན་མེད་དེ། དེ་ནི་འབྲས་བུ་ལས་ཉམས་པ་སོར་མ་ཆུད་ཀྱི་བར་དུ་འཆི་བ་མེད་ཅིང་། འབྲས་བུ་དང་འགལ་བའི་བྱ་བ་མ་ཡིན་པ་དེ་མི་བྱེད་པའི་ཕྱིར། དཔེར་ན་རྩལ་པོ་ཆེ་འདྲེད་ཀྱང་འགྱེལ་བུབ་མི་ཡོང་བ་བཞིན་ནོ། །གསུམ་པ་དབང་པོ་འཕོ་ཚུལ་ནི། མི་གཡོ་རྣམ་གྲོལ་བར་ཆད་མེད། །ལམ་དགུའོ་ཤིན་ཏུ་བརྟེན་ཕྱིར་རོ། །མཐོང་བས་ཐོབ་ལ་རེ་རེའོ། །ཟག་མེད་མི་ཡི་ནང་དུ་འཕེལ། །མི་སློབ་ས་དགུ་ལ་བརྟེན་ཏེ། །སློབ་པ་དྲུག་ལ་གང་གི་ཕྱིར། །འཕེལ་བ་འབྲས་བུ་ཁྱད་པར་ཅན། །བཏང་སྟེ་འབྲས་བུ་ཐོབ་པར་འགྱུར། །ཞེས་པ་སྟེ། རྟོགས་པའི་སྐལ་བ་ཅན་མི་གཡོ་བར་དབང་པོ་འཕོ་བ་ལ། རྣམ་གྲོལ་ལམ་དང་བར་ཆད་མེད་ལམ་དགུ་ལ་བརྟེན་ནས་འཕོ་དགོས་ཏེ། དེ་སྔར་དབང་པོ་རྟུལ་པོའི་རིགས་ཤིན་ཏུ་བརྟེན་པའི་ཕྱིར་རོ། །དད་པ་དང་མོས་པ་མཐོང་བས་ཐོབ་པར་དབང་པོ་འཕོ་བ་ལ་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་དུ་མ་བརྟེན་མི་དགོས་ཏེ། དེ་གཉིས་རེ་རེ་ནས་འཕོ་ནུས་པའི་ཕྱིར། འཕགས་པའི་གང་ཟག་དབང་པོ་འཕོ་བའི་ལམ་ཡོད་དེ། ཟག་མེད་ཀྱི་ལམ་ལ་བརྟེན་ནས་འཕོ་བའི་ཕྱིར། དབང་པོ་འཕོ་བའི་རྟེན་ཡོད་དེ། མིའི་ནང་དུ་དབང་པོ་འཕེལ་ཞིང་འཕོ་བའི་ཕྱིར། མི་སློབ་པ་དབང་པོ་འཕོ་བ་ལ་ས་དགུ་ལ་བརྟེན་ཏེ། བསམ་གཏན་ས་དྲུག་ཟག་མེད་དང་པོ་གསུམ་ལ་བརྟེན་དགོས་པའི་ཕྱིར། སློབ་པ་དབང་པོ་འཕོ་བ་ན་ས་དྲུག་ལ་བརྟེན་དགོས་ཏེ། བསམ་གཏན་ས་དྲུག་ལ་བརྟེན་དགོས་པའོ། །དབང་པོ་འཕོ་བའི་རྒྱུ་མཚན་ཡོད་དེ། གང་གི་ཕྱིར་ན་དབང་རྟུལ་གྱི་དབང་པོ་འཕེལ་བས་འབྲས་བུ་ཁྱད་པར་ཅན་བཏང་སྟེ། དབང་རྣོན་གྱི་འབྲས་བུ་ཕྱི་མ་ཐོབ་པར་འགྱུར་བའི་ཕྱིར། བཞི་པ་ནི། སངས་རྒྱས་གཉིས་དང་ཉན་ཐོས་བདུན། །དེ་དགུ་དབང་པོ་རྣམ་དགུ་ཅན། །གང་ཟག་བདུན་པོ་སྦྱོར་བ་དང་། །དབང་པོ་སྙོམས་འཇུག་རྣམ་གྲོལ་དང་། །གཉིས་ཀས་བྱས་པའོ། །ཞེས་པ་སྟེ། དགྲ་བཅོམ་པ་ལ་དབང་པོའི་སྒོ་ནས་དགུར་ཡོད་དེ། རང་སངས་རྒྱས་དང་ཡང་དག་པ་རྫོགས་པའི་སངས་རྒྱས་གཉིས་དང་ཉན་ཐོས་བདུན་དང་དགུར་ཡོད་པའི་ཕྱིར། དགུ་པོ་དེ་དབང་པོ་རྣམ་པ་དགུ་པ་ཅན་ཡིན་ཏེ། ཆུང་ངུའི་ཆུང་ངུ་ནས་ཆེན་པོའི་ཆེན་པོའི་བར་ཡོད་པའི་ཕྱིར། ཉན་ཐོས་ཀྱི་གང་ཟག་བདུན་པོ་དེ་དག་སྦྱོར་བ་དང་། དབང་པོ་དང་། སྙོམས་འཇུག་དང་། རྣམ་པར་གྲོལ་བ་གཉིས་རྫོགས་པར་བྱ་བ་ཡིན་ཏེ། དད་པའི་རྗེས་འབྲང་དང་ཆོས་ཀྱི་རྗེས་འབྲང་གཉིས་ནི་ཆོས་ཀྱི་སྦྱོར་བས་རྫོགས། དད་མོས་པ་དང་མཐོང་ཐོབ་ནི་དབང་པོ་དང་ལུས་མངོན་བྱེད་སྙོམས་འཇུག་གིས་རྫོགས། ཤེས་རབ་ཀྱི་རྣམ་གྲོལ་ནི་རྣམ་པར་གྲོལ་བ་དང་། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ། སྙོམས་འཇུག་དང་རྣམ་གྲོལ་གཉིས་ཀ་རྫོགས་པར་འགྱུར་བའོ། །

གསུམ་པ་གང་ཟག་གི་རིགས་བསྡུ་བ་ནི། དེ་དག་དྲུག །འདི་ལྟར་ལམ་གསུམ་ལ་གཉིས་གཉིས། །འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །ཞེས་པ་སྟེ། ཉན་ཐོས་བདུན་པོ་དེ་དག་ཀྱང་བསྡུ་ན་དྲུག་ཏུ་འདུ་སྟེ། འདི་ལྟར་མཐོང་སྒོམ་ལམ་གསུམ་ལ་གང་ཟག་གཉིས་གཉིས་འཇོག་པའི་ཕྱིར། འགོག་པའི་སྙོམས་འཇུག་ཐོབ་པའི་དགྲ་བཅོམ་པ་ཉོན་མོངས་པ་དང་སྙོམས་འཇུག་གི་སྒྲིབ་པ་གཉིས་ལས་རྣམ་པར་གྲོལ་ཏེ། དེ་གཉིས་སྤངས་པའི་ཕྱིར། ཤེས་རབ་རྐྱང་པའི་ཆ་ལས་རྣམ་པར་གྲོལ་བའི་དགྲ་བཅོམ་པ་སྙོམས་འཇུག་གི་སྒྲིབ་པ་ལས་མ་གྲོལ་ཏེ། དེས་ནི་ཅིག་ཤོས་ཉོན་མོངས་པའི་སྒྲིབ་པ་ཙམ་བཅོམ་པའི་ཕྱིར། ཞར་ལ་ཡན་ལག་གི་རྫོགས་ཚུལ་ནི། སྙོམས་འཇུག་དབང་པོ་འབྲས་རྣམས་ཀྱིས། །སློབ་པ་ཡོངས་རྫོགས་ཤེས་བྱའོ། །གཉིས་ཀྱི་མི་སློབ་ཡོངས་སུ་རྫོགས། །ཞེས་པ་སྟེ། བསླབ་པ་ཡོངས་སུ་རྫོགས་པར་བྱེད་པའི་ཆོས་གསུམ་ཡོད་དེ། སྙོམས་འཇུག་དང་། དབང་པོ་དང་། འབྲས་བུ་རྣམས་ཡོངས་སུ་རྫོགས་པར་ཤེས་པར་བྱ་བ་ཡིན་པའི་ཕྱིར། རྫོགས་ཚུལ་ཡོད་དེ། དད་མོས་པ་ལུས་མངོན་བྱེད་མིན་པ་ནི་འབྲས་བུ་ཁོ་ནས་རྫོགས། ཡིན་པ་ནི་འབྲས་བུ་དང་སྙོམས་འཇུག་གཉིས་ཀྱིས་རྫོགས། མཐོང་ལམ་ཐོབ་པ་ལུས་མངོན་བྱེད་ནི། དེ་གསུམ་ཀས་རྫོགས་པའི་ཕྱིར། ཆོས་གཉིས་ཀྱིས་སློབ་པ་ཡོངས་སུ་རྫོགས་ཏེ། དབང་པོ་དང་སྙོམས་འཇུག་གིས་ཡོངས་སུ་རྫོགས་པའི་ཕྱིར།

གསུམ་པ་ལམ་གྱི་ཁྱད་ཆོས་གཞན་བཤད་པ་ལ། ལམ་གྱི་དབྱེ་བ་སྤྱིར་བསྟན། བྱང་ཆུབ་ཕྱོགས་མཐུན་བྱེ་བྲག་ཏུ་བཤད་པ། ལམ་གྱིས་ཐོབ་པའི་རྣམ་གྲོལ་ལམ་ངོས་བཟུང་བ་དང་གསུམ། དང་པོ་ནི། མདོར་ན་ལམ་ནི་རྣམ་བཞི་སྟེ། །ཁྱད་པར་ཅན་དང་རྣམ་གྲོལ་དང་། །བར་ཆད་མེད་དང་སྦྱོར་ཞེས་བྱ། །བསམ་གཏན་དག་གི་ལམ་རྣམས་སླ། །ས་གཞན་དག་གི་དཀའ་བ་ཡིན། །བློ་རྟུལ་མངོན་ཤེས་བུལ་བ་སྟེ། །ཅིག་ཤོས་ཀྱི་ནི་མངོན་ཤེས་མྱུར། །ཞེས་པ་སྟེ། མདོར་ན་འབྲས་བུ་ཐམས་ཅད་པར་བྱེད་པའི་ལམ་ནི་རྣམ་པ་བཞི་ཡོད་དེ། ཁྱད་པར་གྱི་ལམ་དང་། ཁྱད་པར་ཅན་གྱི་ལམ་དང་། བར་ཆད་མེད་ལམ་དང་། སྦྱོར་བའི་ལམ་ཞེས་བྱ་བ་རྣམས་ཡོད་པའི་ཕྱིར། ཡང་ན་ལམ་དེ་ལ་དཀའ་བ་དང་། སླ་བའི་ལམ་གཉིས་ཡོད་དེ། བསམ་གཏན་གྱི་དངོས་གཞི་ལ་བརྟེན་པའི་ལམ་རྣམས་སླ་ཞིང་། ས་གཞན་ཉེར་བསྡོགས་དང་གཟུགས་མེད་ཁམས་ལ་བརྟེན་པའི་ལམ་རྣམས་དཀའ་བ་ཡིན་པས་སོ། །ཡང་ལམ་དེ་ལ་མངོན་པར་ཤེས་པ་བུལ་བ་དང་མྱུར་བ་གཉིས་སུ་ཡོད་དེ། བློ་སྟེ་དབང་པོ་རྟུལ་པོའི་ལམ་རྣམས་མངོན་ཤེས་བུལ་ལ། ཅིག་ཤོས་དབང་རྣོན་གྱི་ལམ་རྣམས་མངོན་ཤེས་མྱུར་བའི་ཕྱིར། མུ་བཞི་ཡོད་དེ། སླ་བ་ལ་མྱུར་བུལ་གཉིས་དང་། དཀའ་བ་ལ་མྱུར་བུལ་གཉིས་ཡོད་པའི་ཕྱིར།

གཉིས་པ་ལ། སྒྲ་བཤད་དབྱེ་བ་དང་བཅས་པ། ལམ་གང་དུ་ཐོབ་པ། ས་གང་ལ་བརྟེན་ནས་ཐོབ་པ། ཤེས་ནས་དད་པ་ཐོབ་པའི་ཚུལ་དང་བཞི། དང་པོ་ནི། ཟད་དང་མི་སྐྱེ་ཤེས་པ་ནི། །བྱང་ཆུབ་དེ་དང་མཐུན་ཉིད་ཕྱིར། །སུམ་ཅུ་རྩ་བདུན་དེའི་ཕྱོགས་མཐུན། །མིང་གི་སྒོ་ནས་རྫས་སུ་བཅུ། །དད་དང་བརྩོན་འགྲུས་དྲན་པ་དང་། །ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ། །རྟོག་དང་ཚུལ་ཁྲིམས་ཤིན་ཏུ་སྦྱངས། །དྲན་པ་ཉེར་བཞག་ཤེས་རབ་སྟེ། །བརྩོན་འགྲུས་ཡང་དག་འཇོག་ཅེས་བྱ། །རྫུ་འཕྲུལ་རྐང་པ་ཏིང་འཛིན་ཏེ། །གཙོ་བོ་སྨོས་པ་དེ་དག་ནི། །སྦྱོར་བྱུང་ཡོན་ཏན་ཀུན་ཀྱང་ཡིན། །ཞེས་པ་སྟེ། ཟད་པ་དང་མི་སྐྱེ་བ་ཤེས་པའི་ལས་དེ་ལ་བྱང་ཆུབ་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་ལམ་གྱི་བསླབ་བྱ་རྫོགས་པའི་ལམ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བྱང་ཆུབ་དེའི་ཕྱོགས་མཐུན་ཡིན་ཏེ། དེ་དང་མཐུན་པའི་ལམ་ཡིན་པའི་ཕྱིར། ཡིན་མིན་གྱི་སྒོ་ནས་སུམ་ཅུ་རྩ་བདུན་ཡོད་པ་དེ་རྣམས་རྗེས་སུ་བསྡུ་ན་བཅུར་འདུ་སྟེ། དད་པ་དང་། བརྩོན་འགྲུས་དང་། དྲན་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་དང་། དགའ་བ་དང་། རྟོག་པ་དང་། ཚུལ་ཁྲིམས་དང་། ཤིན་ཏུ་སྦྱངས་པ་རྣམས་སུ་འདུས་པའི་ཕྱིར། དེ་ལྟར་འདུས་ཏེ། དྲན་པ་ཉེར་བཞག་བཞི་ནི་ཤེས་རབ་ཀྱིས་བསྡུས། ཡང་དག་འཇོག་ཅེས་པ་ནི་བརྩོན་འགྲུས་ཀྱིས་བསྡུས། རྫུ་འཕྲུལ་གྱི་རྐང་པ་བཞི་ནི་ཏིང་ངེ་འཛིན་གྱིས་བསྡུས་པའི་ཕྱིར། སྡུག་ཀུན་གཉིས་སྨོས་པ་དེ་དག་ནི། དགོས་པ་ཡོད་དེ། སྦྱོར་བྱུང་གི་ཡོན་ཏན་ཀུན་བསྡུས་པར་ཤེས་པའི་ཆེད་ཡིན་པའི་ཕྱིར། གཉིས་པ་ནི། སྡེ་ཚན་བདུན་ནི་གོ་རིམ་བཞིན། །ལས་ནི་དང་པོ་པ་དག་དང་། །ངེས་འབྱེད་ཆ་མཐུན་རྣམས་དང་ནི། །བསྒོམ་དང་མཐོང་ལ་རབ་ཏུ་ཕྱེ། །ཞེས་པ་སྟེ། ཡོན་ཏན་སྡེ་ཚན་བདུན་གྱི་གོ་རིམ་ངེས་ཏེ། རིམ་པ་བཞིན་དུ་ལས་དང་པོ་པ། ཚོགས་ལམ་གྱི་གནས་སྐབས་སུ་དྲན་པ་ཉེར་བཞག་བཞི་དང་། ངེས་འབྱེད་ཆ་མཐུན་བཞི་ལ་ཡང་དག་སྤོང་བ་བཞི། དབང་པོ་ལྔ། སྟོབས་ལྔ་རྣམས་དང་ནི་སྒོམ་ལམ་ལ་བྱང་ཆུབ་ཀྱི་ཡན་ལག་བདུན། མཐོང་ལམ་ལ་འཕགས་ལམ་ཡན་ལག་བརྒྱད་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་དང་འཕགས་ལམ་གྱི་ཡན་ལག་ཆོས་ཅན། ཟག་མེད་ཡིན་ཏེ། ལམ་གྱི་བདེན་པ་ཡིན་པའི་ཕྱིར། གསུམ་པ་ནི། བྱང་ཆུབ་ཡན་ལག་ལམ་ཡན་ལག །ཟག་པ་མེད་གཞན་རྣམ་གཉིས་སོ། །བསམ་གཏན་དང་པོ་ན་ཐམས་ཅད། །མི་ལྕོགས་མེད་ན་དགའ་མ་གཏོགས། །གཉིས་པ་ན་ནི་རྟོག་མ་གཏོགས། །གཉིས་ན་དེ་གཉིས་མ་གཏོགས་པ། །བསམ་གཏན་བར་ནས་གཟུགས་མེད་པ། །གསུམ་ནའང་དེ་དང་ཚུལ་ཡན་ལག །བྱང་ཆུབ་དང་ནི་ལམ་ཡན་ལག །མ་གཏོགས་འདོད་ཁམས་སྲིད་རྩེ་ན། །ཞེས་པ་སྟེ། དྲན་པ་ཉེར་བཞག་ནི་རྣམ་པ་གཉིས་ཡོད་དེ། ཟག་བཅས་དང་ཟག་མེད་གཉིས་ཡོད་པའི་ཕྱིར། བསམ་གཏན་དང་པོ་ན་བྱང་ཕྱོགས་སོ་བདུན་པོ་ཐམས་ཅད་ཅི་རིགས་ཡོད་དེ། དྲན་པ་ཉེར་བཞག་ནས་བྱང་ཆུབ་ཡན་ལག་བར་ཡོད་པའི་ཕྱིར། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་སུམ་ཅུ་རྩ་དྲུག་ཡོད་དེ། དེ་ནི་དགའ་བ་ཡན་ལག་བྱང་ཆུབ་ཀྱི་ཡན་ལག་མ་གཏོགས་པ་ཡོད་པའི་ཕྱིར། བསམ་གཏན་གཉིས་པ་ལ་ནི་སུམ་ཅུ་རྩ་དྲུག་ཡོད་དེ། ཡང་དག་པའི་རྟོག་པ་མ་གཏོགས་པ་ཡོད་པའི་ཕྱིར། བསམ་གཏན་གསུམ་པ་དང་བཞི་པ་ན་སུམ་ཅུ་རྩ་ལྔ་ཡོད་དེ། དགའ་བ་དང་རྟོག་པ་མ་གཏོགས་པ་ཡོད་པའི་ཕྱིར། བསམ་གཏན་གྱི་ཉེར་བསྡོགས་གཞན་རྣམས་ལའང་སུམ་ཅུ་རྩ་ལྔ་ཡོད་དེ། སྔར་གྱི་དེ་གཉིས་མ་གཏོགས་པ་ཡོད་པའི་ཕྱིར། གཟུགས་མེད་དང་པོ་གསུམ་ནའང་སུམ་ཅུ་རྩ་གཉིས་ཡོད་དེ། སྔར་གྱི་གཉིས་པོ་དེ་དང་ཚུལ་ཁྲིམས་ཀྱི་ཡན་ལག་ངག་དང་ལས་ཀྱི་མཐའ་དང་འཚོ་བ་མ་གཏོགས་ཡོད་པའི་ཕྱིར། འདོད་པ་དང་སྲིད་རྩེ་ན་ཉི་ཤུ་རྩ་གཉིས་ཡོད་དེ། དེ་ན་བྱང་ཆུབ་ཡན་ལག་དང་ནི་འཕགས་ལམ་ཡན་ལག་མ་གཏོགས་ཡོད་པའི་ཕྱིར། བཞི་པ་ཤེས་ནས་དད་པ་ཐོབ་པའི་ཚུལ་ནི། བདེན་གསུམ་མཐོང་ན་ཚུལ་ཁྲིམས་དང་། །ཆོས་ལ་ཤེས་ནས་དད་པ་ཐོབ། །ལམ་མངོན་རྟོགས་ན་སངས་རྒྱས་དང་། །དེ་ཡི་དགེ་འདུན་དག་ལ་ཡང་། །ཆོས་བདེན་གསུམ་དང་རང་སངས་རྒྱས། །བྱང་ཆུབ་སེམས་དཔའི་ལམ་ཡིན་ནོ། །རྫས་སུ་གཉིས་ཏེ་དད་པ་དང་། །ཚུལ་ཁྲིམས་དྲི་མ་མེད་པ་ཡིན། །ཞེས་པ་སྟེ། བདེན་པ་དང་པོ་གསུམ་མངོན་སུམ་དུ་མཐོང་ན་ཚུལ་ཁྲིམས་དང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཡིན་ཏེ། མི་ཕྱེད་པའི་དད་པ་ཐོབ་པ་ཡིན་པའི་ཕྱིར། ལམ་གྱི་བདེན་པ་མངོན་པར་རྟོགས་ན། སངས་རྒྱས་དང་དེའི་དགེ་འདུན་ལ་ཡང་ཤེས་ནས་དད་པ་ཐོབ་སྟེ། དེ་ལ་མི་ཕྱེད་པའི་དད་པ་ཐོབ་པའི་ཕྱིར། དམིགས་ཡུལ་གྱི་ཆོས་དུ་མ་ཡོད་དེ། བདེན་པ་དང་པོ་གསུམ་དང་རང་སངས་རྒྱས་ཀྱི་ལམ་དང་། བྱང་ཆུབ་སེམས་དཔའི་ལམ་རྣམས་ཡོད་པའི་ཕྱིར། ཤེས་ནས་དད་པ་ཐོབ་པ་རྫས་སུ་བསྡུ་ན་གཉིས་སུ་འདུ་སྟེ། དད་པ་དང་ཚུལ་ཁྲིམས་དྲི་མེད་ཀྱི་ཟག་པ་མེད་པ་གཉིས་སུ་འདུས་པའི་ཕྱིར།

གསུམ་པ་ལམ་རྣམས་ཀྱི་ཐོབ་པའི་རྣམ་གྲོལ་ལམ་ལ། རྣམ་གྲོལ་གྱི་དབྱེ་བ་སྤྱིར་བསྟན། རྣམ་གྲོལ་ཐོབ་ཚུལ། འདུས་མ་བྱས་རྣམ་གྲོལ་བྱེ་བྲག་ཏུ་བཤད་པ། ཡིད་འབྱུང་དང་ཁྱད་པར་གྱི་ཆགས་བྲལ་དང་བཞི། དང་པོ་ནི། བཅིངས་ཕྱིར་སློབ་པའི་ཡན་ལག་ཏུ། །རྣམ་གྲོལ་མ་བཤད་དེ་རྣམ་གཉིས། །ཉོན་མོངས་བཅོམ་མ་འདུས་མ་བྱས། །མོས་པ་འདུས་བྱས་ཡན་ལག་ནི། །དེ་ཡིན་དེ་ཉིད་རྣམ་གྲོལ་གཉིས། །ཞེས་པ་སྟེ། སློབ་པའི་ཡན་ལག་ཏུ་རྣམ་གྲོལ་མ་བཤད་པ་ལ་རྒྱུ་མཚན་ཡོད་དེ། སློབ་པ་ནི་ཉོན་མོངས་པས་བཅིངས་པའི་ཕྱིར། དེ་ལ་རྣམ་པ་གཉིས་ཡོད་དེ། ཉོན་མོངས་བཅོམ་པ་འདུས་མ་བྱས་ཀྱི་རྣམ་གྲོལ་ལམ་དང་། མོས་པ་འདུས་བྱས་ཀྱི་རྣམ་གྲོལ་ལམ་དང་གཉིས་ཡོད་པའོ། །འདུས་བྱས་རྣམ་གྲོལ་ལམ་དེ་མི་སློབ་པའི་ཡན་ལག་ཡིན་ཏེ། དེའི་མངོན་རྟོགས་ཡིན་པའི་ཕྱིར། དེ་ལ་གཉིས་ཡོད་དེ། སེམས་རྣམ་པར་གྲོལ་བ་དང་། ཤེས་རབ་རྣམ་པར་གྲོལ་བ་གཉིས་ཡོད་པའི་ཕྱིར། གཉིས་པ་ལ་སེམས་གང་རྣམ་པར་གྲོལ་བ་དང་། ལམ་གང་གི་སྟོབས་ཀྱིས་རྣམ་པར་གྲོལ་བ་གཉིས། དང་པོ་ནི། བྱང་ཆུབ་ཇི་སྐད་བཤད་ཅེས་པ། །མི་སློབ་སེམས་ནི་སྐྱེ་འགྱུར་བ། །སྒྲིབ་པ་ལས་ནི་རྣམ་གྲོལ་འགྱུར། །ཞེས་པ་སྟེ། བྱང་ཆུབ་ཏུ་ཇི་སྐད་བཤད་པའི་ཤེས་པ་མི་སློབ་པའི་སེམས་ནི་རྣམ་པར་གྲོལ་བར་འགྱུར་ཏེ། སྒྲིབ་པ་སྐྱེ་འགྱུར་མ་འོངས་པ་ལས་གྲོལ་བར་འགྱུར་བའི་ཕྱིར། གཉིས་པ་ནི། འགག་པར་འགྱུར་བའི་ལམ་གྱིས་ནི། །དེ་ཡི་སྒྲིབ་པ་རབ་ཏུ་སྤོངས། །ཞེས་པ་སྟེ། འགག་པར་འགྱུར་བ་དང་ད་ལྟར་བའི་ལམ་གྱིས་སྒྲིབ་པ་རབ་ཏུ་སྤོང་སྟེ། ངོ་སྐལ་གྱི་སྒྲིབ་པ་འཇོམས་པའི་ཕྱིར། གསུམ་པ་འདུས་མ་བྱས་རྣམ་གྲོལ་ལམ་བྱེ་བྲག་ཏུ་བཤད་པ་ནི། འདུས་མ་བྱས་ཉིད་ཁམས་ཤེས་བྱ། །འདོད་ཆགས་ཀུན་ཟད་འདོད་ཆགས་བྲལ། །སྤངས་པའི་ཁམས་ནི་གཞན་དག་གོ །འགོག་པའི་ཁམས་ཤེས་བྱ་བ་བཞི། །ཞེས་པ་སྟེ། འདུས་མ་བྱས་ཉིད་འགོག་པའི་ཁམས་ཞེས་བྱ་བ་དང་འདོད་ཆགས་ཀུན་ཟད་པ་འདོད་ཆགས་དང་བྲལ་བའི་ཁམས་དང་། དེ་ལས་གཞན་ཉོན་མོངས་སྤངས་པའི་ཁམས་དག་ཡོད་པའི་ཕྱིར། འགོག་པའི་ཁམས་ཞེས་བྱ་བ་བཞི་ཡོད་དེ། སྡུག་བསྔལ་མཐོང་སྤང་སྤངས་པ་ནས། ལམ་མཐོང་སྤང་སྤངས་པའི་བར་ཡོད་པའི་ཕྱིར། བཞི་པ་ནི། སྡུག་བསྔལ་རྒྱུ་བཟོད་ཤེས་རྣམས་ཀྱིས། །ཡིད་འབྱུང་གང་གིས་སྤོང་འགྱུར་བ། །ཀུན་གྱི་འདོད་ཆགས་འབྲལ་བར་འགྱུར། །དེ་ལྟ་ན་ནི་མུ་བཞི་སྲིད། །ཅེས་པ་སྟེ། སྡུག་བསྔལ་ལ་ཆོས་བཟོད་དང་། ཤེས་པ་དང་། རྒྱུ་ཀུན་འབྱུང་ལ་ཆོས་བཟོད་དང་ཤེས་པ་རྣམས་ཀྱིས་འཁོར་བ་ལས་ཡིད་འབྱུང་བར་འགྱུར་ཏེ། དེས་ཟག་བཅས་ཀྱི་དངོས་པོ་ལ་སྐྱོན་དུ་བལྟ་བའི་ཕྱིར། ཤེས་བཟོད་གང་གི་ངོ་སྐལ་གྱི་སྒྲིབ་པ་སྤོང་བར་འགྱུར་བ་ཀུན་གྱིས་འདོད་ཆགས་དང་བྲལ་བར་འགྱུར་ཏེ། བྲལ་བའི་ཐོབ་པ་འདྲེན་པའི་ཕྱིར། དེ་ལྟར་ན་ནི། མངོན་རྟོགས་དེ་ལ་ཡིད་འབྱུང་ལ་སྒྲིབ་པ་མི་སྤོང་། དེའི་ཅིག་ཤོས་གཉིས་ཀ་ཡིན་མིན་ཏེ་མུ་བཞི་ལས། སྡུག་ཀུན་གཉིས་ཀྱི་ཤེས་པ་བཞི་ནི་ཡིད་འབྱུང་བའི་ལམ་ཡིན་ལ། འདོད་ཆགས་བྲལ་བའི་ལམ་མིན་པའི་མུ། སྡུག་ཀུན་གཉིས་ཀྱི་བཟོད་པ་བཞི་ནི་གཉིས་ཀ་ཡིན་པའི་མུ། འགོག་ལམ་གྱི་བཟོད་པ་བཞི་ནི། ཆགས་བྲལ་གྱི་ལམ་ཡིན་ལ། ཡིད་འབྱུང་བའི་ལམ་མིན་པའི་མུ། འགོག་ལམ་གྱི་ཤེས་པ་བཞི་ནི། གཉིས་ཀ་མ་ཡིན་པའི་མུ་ཡིན་པའི་ཕྱིར་རོ། །ཆོས་མངོན་པ་མཛོད་ཀྱི་འགྲེལ་པ་རིན་པོ་ཆེའི་སྙེ་མ་ལས། ལམ་དང་གང་ཟག་བསྟན་པའི་གནས་ཏེ་དྲུག་པའོ།། །།


previousགནས་དྲུག་པ་ལམ་དང་གང་ཟག་བསྟན་པའི་འགྲེལ་པ།next