Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག
   
   
   
   
   
   
   
   


 
previousལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིགnext

ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག

ལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིག་བཤད་པ་ལ། དངོས་བསྟན་མདོའི་ལུང་གི་འབྲེལ་བཤད་པ་དང་། འབྲེལ་བ་ཅན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་བཤད་པ་གཉིས་ལས། དང་པོ་ནི། ཡུམ་བར་མ་ལས། དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན། རྒྱལ་པོ་ཆེན་པོ་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ཀྱང་། ལྷའི་བུ་སྟོང་ཕྲག་དུ་མ་དང་ལྷན་ཅིག་འདུས་པར་གྱུར་ཏོ། །ཞེས་སོགས་ཀྱིས་ནི། ལམ་ཤེས་སྐྱེ་བའི་རྟེན་ལ་གེགས་ང་རྒྱལ་མངོན་གྱུར་བ་དང་བྲལ་དགོས་པ་དེ་བཤད་དོ། །དེ་སྐྱེ་བ་ལ་དེ་ཙམ་གྱིས་ཆོག་གམ་སྙམ་པ་ལ། ལྷའི་བུ་གང་དག་གིས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་མ་བསྐྱེད་པ་དག་གིས་བསྐྱེད་པར་བྱའོ། །གང་ཡང་དག་པའི་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ། ཞེས་པས་ནི། མཐུན་རྐྱེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་དེ་བསྟན་ཏོ། །འོ་ན་དེ་དག་ལ་དེའི་མཐུ་མེད་པས་ཁྱབ་བམ་ཞེ་ན། གལ་ཏེ་དེ་དག་ཀྱང་བླ་མེད་བྱང་ཆུབ་ཏུ་སེམས་བསྐྱེད་ན་རྗེས་སུ་ཡི་རང་བར་བྱའོ། །ཞེས་གསུངས་ལ། དེས་ནི་ཉེར་ལེན་གྱི་རྒྱུ་རིགས་ཀྱིས་སེམས་ཅན་ཐམས་ཅད་ལ་ཁྱབ་པ་དེ་བསྟན་ཏོ། །མདོ་དེ་དག་གི་དོན་རྣམས་རིགས་པས་འཆད་པ་ན། མཐུ་མེད་པ་ལྷག་མེད་ཀྱི་དང་། རྗེས་སུ་ཡི་རང་བར་བྱ་བ་ལྷག་བཅས་དང་། རང་བཞིན་གནས་རིགས་ཀྱིས་ཁྱབ་པ་ནི་སྒྲ་ཇི་བཞིན་པར་འཆད་དོ། །ཡང་ལྷག་མེད་པ་ཐེག་ཆེན་དུ་སེམས་བསྐྱེད་པ་དེ་ལ་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་ཇི་ལྟར་ཡོད་ཅེ་ན། ཇི་སྐད་དུ། ཁོ་བོ་ནི་དེ་དག་གི་དགེ་བའི་ཕྱོགས་ལ་བར་ཆད་མི་བྱེད་དོ། །ཞེས་གསུངས་ལ། དེས་ནི་མཐུ་མེད་དོ་ཞེས་པའི་མདོ་དེ་དགོངས་པ་ཅན་དུ་བཀྲལ་ནས་ལམ་ཤེས་ཀྱི་རང་བཞིན་དེ་བསྟན་ཏོ། །མདོའི་གོ་རིམ་འདི་ལྟར་འབྱུང་བ་ལ་དཔགས་ན། ཐེག་པ་གསུམ་གྱི་རྣམ་པར་བཞག་པ་ནི་དགོངས་པ་ཅན་ཡིན་གྱི་མཚན་ཉིད་པ་ནི་༼མིན་༽ཞེས་ལུང་ལས་འབྱུང་བས། བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་འཁོར་བ་ཇི་སྲིད་པར་སྦྲེལ་ལོ། །འོ་ན་དེ་འདྲ་དེས་བྱང་ཆུབ་ཏུ་སེམས་བསྐྱེད་ནུས་པའི་རྒྱུ་མཚན་ཅི་ཞེ་ན། ཁྱད་པར་དུ་འཕགས་པའི་ཆོས་རྣམས་ལས་ཆེས་ཁྱད་པར་དུ་འཕགས་པའི་ཆོས་ཐོབ་པར་བྱའོ། །ཞེས་གསུངས་ལ། དེས་ནི་བྱེད་ལས་བསྟན་པ་ཡིན་ནོ། །དེ་དག་ནི་ལམ་ཤེས་ཀྱི་མདོའི་གླེང་གཞི་ཡིན་ལ། དེའི་ཚེ་བརྒྱ་བྱིན་གྱིས། རབ་འབྱོར་ལ་བྱང་སེམས་ཆེན་པོའི་ཤེར་ཕྱིན་དེ་གང་ཡིན། དེས་དེ་ལ་ཇི་ལྟར་༼བསླབ་༽པར་བྱ། ཞེས་དྲིས་ལ། དྲི་བ་དང་པོའི་ལན་གྱིས་ནི་ཤེས་པར་བྱ་བའི་ཉན་ཐོས་ཀྱི་ལམ་དེ་བསྟན་ནས། དེའི་ཡུལ་ཅན་ལམ་ཤེས་ནི་མཚོན་ནས་བསྟན་ཏོ། །དྲི་བ་གཉིས་པའི་ལན་གྱིས་ནི་དེའི་རྒྱུ་ངེས་ཆ་བསྟན་ལ། སྐབས་དེར་ཅི་ལ་ཡང་མི་གནས་པར་ཤེར་ཕྱིན་ལ་གནས་པའི་དོན་བཤད་པ་ལ། ལྷའི་བུ་ཁ་ཅིག་འདི་སྙམ་དུ། འཕགས་པ་རབ་འབྱོར་ཤེར་ཕྱིན་འཆད་པ་ནི་ཤེས་པར་མི་རུང་ངོ་སྙམ་པ་དང་། རབ་འབྱོར་གྱིས་སྨྲས་པ། ལྷའི་བུ་དག་ཡི་གེ་གཅིག་ཀྱང་མ་བརྗོད་དོ། །ཤེར་ཕྱིན་ནི་ཡི་གེ་མ་ཡིན་ཏེ། དེ་ནི་ཤེས་པ་མེད་དོ། །ཞེས་སོགས་ཀྱིས་ནི་རང་རྒྱལ་གྱི་ལམ་བགྲོད་ཚུལ་གཞན་གྱིས་བསྟན་མི་དགོས་པ་དེ་བསྟན་ལ། ཀྱེ་མ་འཕགས་པ་རབ་འབྱོར་ནི་ཟབ་པ་བས་ཀྱང་ཆེས་ཤིན་ཏུ་ཟབ་པ་སྟོན་པར་བྱེད། ཅེས་སོགས་ཀྱིས་ནི་ཆོས་སྟོན་ཚུལ་གྱི་ཁྱད་པར་དེ་ཉིད་བསྟན་ཏོ། །ཟབ་ཅེས་པ་ལས་འཕྲོས་ནས། ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན། ཞེས་སོགས་ཀྱིས་ནི་འཛིན་རྟོག་མ་སྤངས་པའི་ཁྱད་པར་དེ་བསྟན། ཡུམ་འདི་ལེན་པར་བྱེད་པ་སུ་ཞིག་འབྱུང་བར་འགྱུར། ཞེས་དྲིས་པའི་ལན་གྱིས་ནི་རྟེན་གྱི་ཁྱད་པར་དེ་བསྟན་ཏོ། །རབ་འབྱོར་གྱིས་དེ་ལྟར་བསྟན་པ་ལ་ལྷ་རྣམས་ཡིད་ཆེས་ནས། ཀྱེ་མ་གནས་བརྟན་རབ་འབྱོར་ནི་བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་པ་ནི་ཤེས་རབ་ཟབ་མོ་དང་ལྡན་པའོ། །ཞེས་སོགས་ཀྱིས་ནི་དེའི་རྒྱུ་ངེས་ཆ་བསྟན་ཏོ། །དེ་ལྟར་བརྒྱ་རབ་གཉིས་ཀྱི་དྲི་ལན་གྱིས་ཤེས་པར་བྱ་བའི་དམན་པའི་ལམ་བསྟན་ནས། བརྒྱ་བྱིན་གྱིས་ཤཱ་རིའི་བུ་ལ་ཤེར་ཕྱིན་གང་ལས་བཙལ་བར་བྱ་ཞེས་དྲིས་པའི་ལན་གྱིས་ནི་ཤེས་པར་བྱ་བའི་བྱང་སེམས་ཀྱི་ལམ་དྲི་ལན་གྱི་སྒོ་ནས་སྐབས་དང་པོར་ཁ་འཕངས་ཤིང་། བརྒྱ་བྱིན་གྱིས་རབ་འབྱོར་ལ་སྐབས་དང་པོར་ཤེར་ཕྱིན་བཤད་པ་དེ་ཁྱོད་ཁོ་ནའི་མཐུའམ། དེ་བཞིན་གཤེགས་པའི་མཐུ་ཞེས་དྲིས་པའི་ལན་གྱིས་ནི་ཕན་ཡོན་ཆེན་པོ་དང་ལྡན་པའི་མཐོང་ལམ་དེ་བསྟན་ཏོ། །ཁ་འཕངས་པ་ཙམ་གྱིས་ཆོག་པ་ནི་གསར་དུ་ལྷགས་པའི་འཁོར་རྣམས་ཀྱིས་རྣམ་མཁྱེན་གྱི་རྒྱུའི་གཙོ་བོ་ཤེས་དགོས་པའོ། །ཕན་ཡོན་ལས་འཕྲོས་ནས། བརྒྱ་བྱིན་གྱིས་གསོལ་བ། ཡུམ་འདིས་ནི་བྱང་ཆེན་རྣམས་ཡོངས་སུ་དུལ་བ་དང་། ང་རྒྱལ་མ་མཆིས་པའི་དོན་དུ་གཉེར་བར་གནས་པ་ནི་ངོ་མཚར་ཏོ། །ཞེས་སོགས་ཀྱིས་ནི་སྒོམ་ལམ་གྱི་བྱེད་པ་བཤད་དོ། །དེ་ཉིད་ལས་འཕྲོས་ནས། བརྒྱ་བྱིན་གྱིས་ཡུམ་དང་སངས་རྒྱས་ཀྱི་སྐུ་གདུང་གཉིས་ལས་གང་ལ་མཆོད་པའི་བསོད་ནམས་ཀྱི་ཕུང་པོ་ཁྱད་པར་དུ་འཕགས། ཞེས་དྲིས་པའི་ལན་གྱིས་ནི་མོས་པ་ཉེར་བདུན་གསུངས་སོ། །དེ་ལས་འཕྲོས་ནས། བཅོམ་ལྡན་འདས་ཡུམ་འདི་ནི་ཡོན་ཏན་ཐམས་ཅད་རྫོགས་པར་བགྱི་བའི་སླད་དུ་ཕན་ཡོན་ཆེན་པོ་དང་ལྡན་པའོ། །ཞེས་སོགས་ཀྱིས་ནི་མོས་པའི་ཡོན་ཏན་ཉེར་བདུན་གསུངས་སོ། །སྐབས་དེར་ཤེར་ཕྱིན་ལས་རྫོགས་བྱང་འབྱུང་བ་ལས་འཕྲོས་ནས། བྱམས་པས་རབ་འབྱོར་ལ་སྨྲས་པ། བྱང་སེམས་ཆེན་པོས་བསོད་ནམས་བྱ་བའི་དངོས་པོ་གང་ཡིན་པ། སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ནས་བླ་མེད་རྫོགས་བྱང་དུ་བསྔོ་བ་འདི་ཉིད་ནི་རབ་ཅེས་བྱའོ། །ཞེས་སོགས་ཀྱིས་ནི་བསྔོ་བ་བཅུ་གཉིས་བསྟན་ཏོ། །རབ་འབྱོར་གྱིས་གསོལ་བ། ཇི་ཙམ་གྱིས་རྗེས་སུ་ཡི་རང་བའི་མཆོག་དང་། གཙོ་བོ་དང་། གོང་ན་མེད་པར་འགྱུར་བ། ཞེས་དྲིས་པའི་ལན་གྱིས་ནི་རྗེས་སུ་ཡི་རང་བ་བསྟན་ཏོ། །དེ་ནི་བསྔོ་བའི་སྐབས་སུ་དགེ་རྩ་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཞེས་པ་ལས་འཕྲོས་པའོ། །དེ་ནས་ཤཱ་རིའི་བུས་གསོལ་བ། ཡུམ་ནི་སྣང་བར་བགྱིད་པའོ། །ཕྱག་བགྱི་བར་འོས་པ་ཞེས་སོགས་ཀྱིས་ནི་ཡོན་ཏན་མངོན་པར་སྒྲུབ་པའི་ཤེར་ཕྱིན་དེ་བསྟན་ཏོ། །དེ་ནས་ཤཱ་རིའི་བུས་བྱང་ཆེན་གང་ཡུམ་འདི་ལ་མོས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་མཆིས་པ་ལགས། ཞེས་དྲིས་པའི་ལན་གྱིས་ནི་རྣམ་དག་གི་ལྷན་ཅིག་བྱེད་པའི་རྐྱེན་བསྟན་ཏོ། །སྐབས་དེར་གཟུགས་ནས་རྣམ་མཁྱེན་གྱི་རང་བཞིན་མེད་པ་དེ་གཟུགས་ནས་རྣམ་མཁྱེན་གྱི་བར་ཡིན་པ་ལས་འཕྲོས་ནས། དེའི་སྒྲུབ་བྱེད་འཆད་པ་ནི། གཟུགས་ནས་རྣམ་མཁྱེན་གྱི་བར་རྣམ་པར་དག་པ་དང་། ཤེར་ཕྱིན་རྣམ་པར་དག་པ་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད། ཅེས་སོགས་བསྟན་བཤད་གཉིས་ཀྱིས། འབྲས་བུ་རྣམ་པར་དག་པ་དེ་བསྟན་ཏོ། །རབ་འབྱོར་གཞན་ཡང་ཡུམ་རྣམ་པར་དག་པ་གང་ཡིན་པ་དེ་གཟུགས་རྣམ་པར་དག་པའོ། །གཟུགས་རྣམ་པར་དག་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པ། ཞེས་སོགས་ཀྱིས་ནི་རྣམ་དག་ཤིན་ཏུ་བའི་སྒྲུབ་བྱེད་དམ། ཡང་མི་མཐུན་ཕྱོགས་རྣམ་པར་དག་པར་བྱེད་པའི་ཤེར་ཕྱིན་དེ་བསྟན་ཏོ། །ཤཱ་རིའི་བུས་གསོལ་བ། རྣམ་པར་དག་པ་ནི་འདོད་པའི་ཁམས་སུ་སྐྱེས་པ་མ་ལགས། ཞེས་སོགས་ཀྱིས་ནི་ཤེར་ཕྱིན་དེས་མི་མཐུན་ཕྱོགས་མཐའ་དག་སེལ་ནུས་པའི་ཤེས་བྱེད་དང་། དེ་ལ་ཀླན་ཀ་སྤོང་བ་རྣམས་བསྟན་ཏོ། །

གཉིས་པ་འབྲེལ་བ་ཅན་གྱི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ནི། དང་པོ་ལམ་ཤེས་ཀྱི་ཡན་ལག་དང་། ཡན་ལག་ཅན་གྱི་ལམ་ཤེས་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། དོགས་སྤོང་དང་གསུམ། དང་པོ་ནི་ལམ་ཤེས་དངོས་སུ་སྐྱེ་བའི་ལུས་རྟེན་ལ་སོགས་པ་ཆོས་ལྔ་གང་རུང་གིས་བསྡུས་པ། ལམ་ཤེས་ཀྱི་ཁྱད་ཆོས་ལྔ་ནི། དངོས་སུ་སྐྱེ་བའི་ལུས་རྟེན། བསམ་པའི་རྟེན། རྒྱུ་རིགས་སད་པ། ལམ་ཤེས་ཀྱི་རང་བཞིན། དེའི་བྱེད་ལས་རྣམས་སོ། །

གཉིས་པ་ལ། ལམ་ཤེས་མ་བསྐྱེད་པ་བསྐྱེད་པའི་ཡན་ལག་དང་། སྐྱེས་ནས་གཞན་ལ་ཕན་འདོགས་པའི་ཡན་ལག་གཉིས། དང་པོའི་མཚན་ཉིད། ལམ་ཤེས་མ་ཐོབ་པ་ཐོབ་པའི་ཕྱིར་དུ་བརྩོན་པར་བྱེད་པའི་རྒྱུར་གྱུར་པ། དབྱེ་ན། ལུས་རྟེན། བསམ་རྟེན། ཉེར་ལེན་གྱི་རྒྱུ་རིགས་དང་གསུམ། དང་པོ་ནི། ཉོན་མོངས་མངོན་གྱུར་བ་དང་བྲལ་བའི་ཆོས་མཆོག་སྐད་ཅིག་ཐ་མ་ལ་གནས་པའི་བྱང་སེམས་ལྟ་བུ། གཉིས་པ་ནི། དེའི་རྒྱུད་ཀྱི་སེམས་བསྐྱེད་ལྟ་བུ། གསུམ་པ་ནི། ལམ་ཤེས་ཀྱི་རྒྱུར་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ་གསལ་རིག་ལྟ་བུ། གཉིས་པའི་མཚན་ཉིད། ལམ་ཤེས་ཀྱི་ངོ་བོ་དང་འབྲས་བུ་གང་རུང་དུ་གྱུར་པ། དབྱེ་ན་ལམ་ཤེས་ཀྱི་རང་བཞིན་དང་། དེའི་བྱེད་ལས་གཉིས། དང་པོ་ནི། གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པའི་བག་ཆགས་ཆེད་དུ་གཉེར་ནས་མི་སྤོང་བའི་ཐེག་ཆེན་གྱི་མཐོང་སྒོམ་ལྟ་བུ། གཉིས་པ་ནི། ལམ་ཤེས་ཀྱི་བདག་རྐྱེན་བྱས་པ་ལ་བརྟེན་ནས་འབྱུང་བའི་མཛད་པ་ཕྲིན་ལས་ལྟ་བུ།

གསུམ་པ་ནི། སྤྱིར་སོ་སྐྱེ་ཐམས་ཅད་ཀྱི་རྒྱུད་ལ་ཉོན་ཡིད་ཡོད་པར་བཤད་པ་ནི་རགས་པ་ཙམ་སྟེ། གཞན་དུ་ཆོས་མཆོག་སྐད་ཅིག་ཐ་མ་ལ་གནས་པའི་བྱང་སེམས་ནི་སོ་སྐྱེ་ཡིན་ཡང་ཉོན་ཡིད་དང་མི་ལྡན་ཏེ། དེ་ང་རྒྱལ་དང་བྲལ་བའི་ཕྱིར་ཏེ། ང་རྒྱལ་བཅོམ་པའི་རྒྱུད་ཁོ་ན་ལ་རྟོགས་པ་སྐྱེའོ། །ཞེས་བཤད་པའི་ཕྱིར་རོ། །

ཐེག་པའི་རྣམ་བཞག་ནི། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་ཚུལ། སེམས་ཅན་ཐམས་ཅད་སངས་རྒྱས་ཚུལ། འཁོར་བ་ལ་མཐའ་མེད་ཚུལ་དང་གསུམ། དང་པོ་ནི། གནས་སྐབས་རིགས་ཅན་གསུམ་ལ་དགོངས་ནས་ཐེག་པ་གསུམ་དུ་བཞག་ཀྱང་མཐར་ཐུག་ལ་ལྟོས་ན་ཐེག་པ་གཅིག་ཏུ་གྲུབ་སྟེ། དམ་ཆོས་པད་དཀར་ལས། ཐེག་པ་གཅིག་སྟེ་གཉིས་པ་ཡོད་མ་ཡིན། །གསུམ་པ་ནམ་ཡང་ཡོད་མིན་འཇིག་རྟེན་ན། །སྐྱེས་བུ་མཆོག་རྣམས་ཐབས་ཀྱི་ཐེག་པ་གང་། །སྣ་ཚོགས་ཉེ་བར་སྟོན་པ་མཛད་མ་གཏོགས། །ཞེས་དང་། ལངྐར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲངས་ཕྱིར། །ཐེག་པ་ཐ་དད་ངས་བཤད་དེ། །ཐེག་པ་གཅིག་ཏུའང་ངས་བསྟན་ཏོ། །ཞེས་གསུངས། གཉིས་པ་ནི། སེམས་ཅན་ཡིན་ན། སངས་རྒྱ་ངེས་ཡིན་པས་ཁྱབ་སྟེ། དེའི་རྒྱུད་ལ་རྒྱུའི་གཙོ་བོ་རིགས་ཀྱིས་ཁྱབ་པ་གང་ཞིག །འགལ་རྐྱེན་གློ་བུར་གྱི་དྲི་མ་རྣམས་སྤང་རུང་དང་། མཐུན་རྐྱེན་སངས་རྒྱས་ཀྱི་ཕྲིན་ལས་རྣམས་འཇུག་རུང་དུ་གནས་པའི་ཕྱིར། དང་པོ་གྲུབ་སྟེ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་སོགས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་དེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། རྒྱུད་བླར། གཞན་གྱི་དབང་གི་ངེས་འབྱུང་དང་། །བདག་དང་སེམས་ཅན་མཚུངས་གཟིགས་དང་། །མཛད་པ་ཡོངས་སུ་མ་རྫོགས་ཕྱིར། །འཁོར་བ་སྲིད་དུ་འཛད་མི་ཆད། །ཅེས་དང་། ཟླ་བ་སྒྲོན་མེས་ཞུས་པའི་མདོ་ལས་ཀྱང་། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་རྒྱུ། །འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །ཅེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། སྤྱིར་འཁོར་བ་ལ་མཐའ་མེད་དེ། འཇུག་པ་ལས། ཐོག་མ་དང་པོ་ཐ་མ་མཐའ། །དེ་དག་མེད་པས་འཁོར་བ་ནི། །ཐོག་མ་མཐའ་མ་མེད་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །འོ་ན་བཞི་བརྒྱ་པ་ལས། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་སོགས་ཀྱིས་གནོད་དོ་ཞེ་ན། སྐྱོན་མེད་དེ། དེ་ནི་གང་ཟག་སྒོས་ཚན་པའི་འཁོར་བ་ལ་ཕྱི་མཐའ་ཡོད་པ་ལ་དགོངས་སོ། །

ཞར་བྱུང་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་བྱེད་ཀྱི་ཉོན་མོངས་པ་ཆེད་དུ་གཉེར་ནས་མི་སྤོང་བའི་ཉོན་མོངས་པ་དེ་མཚན་བཏགས་གང་ཡིན་དཔྱད་པ་ལ། ཉོན་མོངས་པའི་སྒྲ་འཇུག་ཚུལ་སྤྱིར་བསྟན། འདིར་བསྟན་གྱི་ཉོན་མོངས་ངོས་བཟུང་། ཞར་ལ་སྐྱེ་བ་ལེན་ཚུལ་གྱི་དབྱེ་བ་བཤད་པ་དང་གསུམ། དང་པོ་ལ། མངོན་འགྱུར། ས་བོན། བག་ཆགས་དང་གསུམ། དང་པོའི་མཚན་ཉིད། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་རང་ཡུལ་གྱི་དམིགས་རྣམ་འཛིན་བྱེད་ཀྱི་རིག་པ། མཚན་གཞི། རྩ་ཉོན། ཉེ་ཉོན་དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་མཐའ་དག་གོ །གཉིས་པའི་མཚན་ཉིད། སེམས་རྒྱུད་ལ་ཉོན་མོངས་པའི་རིགས་སྔ་མས་བཞག་པའི་ནུས་པ་གང་ཞིག །རྐྱེན་དང་འཕྲད་ན་ཉོན་མོངས་ཕྱི་མ་བསྐྱེད་པའི་རིགས་གནས། དབྱེ་ན། ཉོན་མོངས་པ་དང་ལྷན་ཅིག་ཏུ་འཇུག་པའི་ས་བོན་དང་། རང་དུས་སུ་ཉོན་མོངས་པ་འགགས་ཟིན་པའི་ས་བོན་གཉིས། དང་པོ་ནི། མ་རིག་པ་རིགས་འདྲ་སྔ་མས་ཕྱི་མ་བསྐྱེད་བཞིན་པའི་ནུས་པ་ལྟ་བུ། གཉིས་པ་ནི། མཉམ་བཞག་ལ་གནས་བཞིན་པའི་ཉན་ཐོས་འཕགས་པའི་རྒྱུད་ཀྱི་ཉོན་མོངས་པའི་ས་བོན་ལྟ་བུ། གསུམ་པའི་མཚན་ཉིད། སེམས་རྒྱུད་ལ་ཉོན་མོངས་པའི་རིགས་འདྲ་སྔ་མས་བཞག་པའི་གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་གང་ཞིག །རྐྱེན་དང་འཕྲད་ན་ཉོན་མོངས་པའི་རིགས་འདྲ་ཕྱི་མ་འབྱུང་བའི་ནུས་པ་གཏན་མེད་པ། ཉོན་མོངས་པའི་བག་ཆགས། དེའི་གནས་ངན་ལེན། མ་རིག་བག་ཆགས་ཀྱི་ས་རྣམས་མིང་གི་རྣམ་གྲངས་སོ། །དེ་ཡང་དང་པོ་གཉིས་ནི་ཉོན་སྒྲིབ་མཚན་ཉིད་པ་ཡིན་ལ། ཕྱི་མ་བཏགས་པ་བ་ཡིན་ནོ། །གཉིས་པ་ནི། སྔར་བཤད་པའི་ཉོན་མོངས་པ་དང་པོ་གཉིས་འདིར་བསྟན་ཉོན་མོངས་པ་མ་ཡིན་ཏེ། འདིར་བསྟན་གྱི་ཉོན་མོངས་པ་བྱང་སེམས་འཕགས་པས་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་བྱེད་ལ། དེས་ལས་ཉོན་གྱི་དབང་གིས་འཁོར་བར་སྐྱེ་འཆི་སྤངས་པའི་ཕྱིར་ཏེ། རྒྱུད་བླར། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ཞེས་སོ། །དེས་ན་གསུམ་པའི་སྟེང་ནས་འཇོག་སྟེ། དེ་ལ་ཡང་བྱང་ཆུབ་ཀྱི་གེགས་བྱེད་པའི་ཉོན་མོངས་པའི་བག་ཆགས་དང་། དེའི་གྲོགས་སུ་གྱུར་པའི་ཉོན་མོངས་པའི་བག་ཆགས་གཉིས་ལས། དང་པོ་མ་ཡིན་ཏེ། ཅིག་ཅར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སྤོང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གཉིས་པ་ཡིན་ཏེ་དེ་ནི་བྱང་འཕགས་གཞན་དོན་དུ་ཚོགས་གསོག་པའི་ཡན་ལག་ཏུ་ཆེད་དུ་གཉེར་ནས་འཛིན་པའི་ཕྱིར་ཏེ། འོད་སྲུང་གིས་ཞུས་པའི་མདོ་ལས། ཇི་ལྟར་གྲོང་ཁྱེར་སྐྱེ་བོའི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་སངས་རྒྱས་ཆོས་རྣམས་བསྐྱེད་ལ་ཕན། །ཞེས་དང་། ཐོགས་མེད་ཀྱིས། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །དེ་སྲིད་རྒྱལ་སྲས་བསམ་མི་ཁྱབ། །ཅེས་སོ། །

གསུམ་པ་ལ། གང་གིས་སྐྱེ་བ་ལེན་པའི་རྒྱུ་དང་། ཇི་ལྟར་སྐྱེ་བ་ལེན་ཚུལ་གཉིས་ལས། དང་པོ་ནི། ཐེག་དམན་སློབ་པ་དང་། སོ་སྐྱེ་རྣམས་ནི་ལས་ཉོན་གྱི་དབང་གིས་སྐྱེ་བ་ལེན་ཏེ། དེ་མ་སྤངས་པས་མི་འདོད་བཞིན་དུ་སྐྱེ་འཆི་བྱེད་པའི་ཕྱིར། ཐེག་དམན་དགྲ་བཅོམ་པ་དང་བྱང་འཕགས་གཉིས་ནི། མ་རིག་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་ཀྱི་རྒྱུ་ལ་བརྟེན་ནས་འཁོར་བར་སྐྱེ་བ་ལེན་ཏེ་དང་པོས་ལྷག་མེད་མྱང་འདས་ཐོབ་ཕྱིར་དུ་དང་། གཉིས་པས་གཞན་དོན་དུ་ཚོགས་གསོག་པའི་ཕྱིར་དུ་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་དགོས་ཤིང་། རྒྱུ་ལས་ཉོན་གཉིས་ཟད་པར་སྤངས་པའི་ཕྱིར་རོ། །གཉིས་པ་ནི། མ་རིག་བག་ཆགས་ཀྱི་སས་རྐྱེན་དང་། ཟག་པ་མེད་པའི་ལས་ཀྱི་རྒྱུ་བྱས་ཏེ་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པ་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བྱེད་པར་བཤད་དོ། །

གཉིས་པ་ཡན་ལག་ཅན་གྱི་ལམ་ཤེས་ལ། ཉན་ཐོས་ཀྱི་ལམ་ཤེས་པའི་ལམ་ཤེས། རང་རྒྱལ་གྱི་ལམ་ཤེས་པའི་ལམ་ཤེས། ཐེག་ཆེན་གྱི་ལམ་ཤེས་པའི་ལམ་ཤེས་དང་གསུམ། དང་པོ་ལ། ཤེས་བྱ་ལམ་གསུམ་ངོས་བཟུང་། དེ་ཇི་ལྟར་ཤེས་པའི་ཚུལ། ཡུལ་ཅན་ལམ་ཤེས། མདོ་བསྟན་བཅོས་ལས་ཇི་ལྟར་བཤད་ཚུལ་དང་བཞི།

དང་པོ་ནི། གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་དང་། ཤེས་བྱ་ཉན་ཐོས་ཀྱི་ལམ་དོན་གཅིག །དབྱེ་ན། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་རྒྱུད་ལ་ཡོད་པའི་ཤེས་བྱ་ཉན་ཐོས་ཀྱི་ལམ་དང་གསུམ། དེ་བཞིན་དུ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་དང་། ཤེས་བྱ་རང་རྒྱལ་གྱི་ལམ་དོན་གཅིག །དབྱེ་ན། རང་རྒྱལ་དང་། ཐེག་ཆེན་གྱི་རྒྱུད་ལ་ཡོད་པ་གཉིས། འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་དང་། ཤེས་བྱ་ཐེག་ཆེན་གྱི་ལམ། ཐེག་ཆེན་གྱི་ལམ། ཐེག་ཆེན་གྱི་རྟོགས་རིགས་རྣམས་དོན་གཅིག །དེ་ཡང་ཉན་ཐོས་ཀྱི་རྟོགས་རིགས་ཡིན་ན། ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་པས་ཁྱབ་ཀྱང་། ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ན། ཉན་ཐོས་ཀྱི་རྟོགས་རིགས་ཡིན་པས་མ་ཁྱབ་སྟེ། དཔེར་ན། བྱང་འཕགས་ཀྱི་རྒྱུད་ཀྱི་མཁྱེན་པ་དེ། ཤེས་བྱ་ཉན་ཐོས་ཀྱི་ལམ་ཡིན་ཡང་། ཉན་ཐོས་ཀྱི་རྟོགས་རིགས་མ་ཡིན་པ་བཞིན་ནོ། །གཉིས་པ་ལ། གཞན་རྒྱུད་ལ་ཡོད་པའི་ཤེས་ཚུལ་དང་། རང་རྒྱུད་ཀྱི་ཤེས་ཚུལ་གཉིས། དང་པོ་ནི། བྱང་འཕགས་ཀྱི་ཆོས་ཀྱི་སྤྱན་གྱིས་གཞན་རྒྱུད་ཀྱི་བདག་མེད་རྟོགས་པའི་རྟོགས་རིགས་ཀྱི་ངོ་བོ་དམིགས་རྣམ་གྱི་ཚུལ་མངོན་སུམ་དུ་ཤེས་པར་འདོད་དེ། དེས་རང་དང་རྒྱུད་ཚོད་མཉམ་པ་མན་ཆད་ཀྱི་འཕགས་པའི་གང་ཟག་གིས་དབང་པོའི་དབྱེ་བ་མངོན་སུམ་དུ་ཤེས་ནུས་པའི་ཕྱིར་ཏེ། མདོ་ལས། འདོད་ཆགས་དང་བཅས་པའི་སེམས་ལ་འདོད་ཆགས་དང་བཅས་པའི་སེམས་སུ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེས་སོགས་སོ། །

གཉིས་པ་ནི། རྗེས་ཐོབ་ཏུ་ཤེས་ཚུལ་དང་། མཉམ་བཞག་ཏུ་ཤེས་ཚུལ་གཉིས། དང་པོ་ནི། བྱང་འཕགས་ཀྱི་རྗེས་ཐོབ་ཏུ་གང་ཟག་གི་བདག་མེད་རྟོགས་པའི་རྟོགས་རིགས་རང་རྒྱུད་ལ་ཉམས་སུ་མྱོང་བའི་སྒོ་ནས་མངོན་སུམ་དུ་ཤེས་པར་བྱེད། གཉིས་པ་ནི། དེས་མཉམ་བཞག་ཏུ་དེ་རྟོགས་པའི་རྟོགས་རིགས་བདེན་མེད་དུ་མི་དམིགས་པའི་ཚུལ་གྱིས་ཤེས་པར་བྱེད་དེ། རྣམ་པ་མི་དམིགས་སྒོ་ནས་ནི། །ཞེས་གསུངས་པའི་ཕྱིར།

གསུམ་པ་ལ། མཚན་ཉིད་ནི། ཐེག་དམན་གྱི་ལམ་གྱི་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་ནས་རྟོགས་རིགས་ཀྱི་ཡོན་ཏན་ཡར་ལྡན་དུ་བསྐྱེད་པ་ལ་མཁས་པའི་ཐེག་ཆེན་འཕགས་པའི་མཁྱེན་པ། མཚན་གཞི་ཐེག་ཆེན་གྱི་འཕགས་ལམ་མཐའ་དག་གོ །

བཞི་པ་ནི། འདིར་བསྟན་གྱི་མདོ་དང་བསྟན་བཅོས་གཉིས་ཀ་ལས། ཤེས་བྱ་ཉན་ཐོས་ཀྱི་ལམ་དང་ཡུལ་ཅན་ལམ་ཤེས་གཉིས་ཀ་དངོས་སུ་བསྟན་ཏེ། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པའི་རྟོགས་རིགས་དང་། ལམ་དེ་ཉིད་བདེན་མེད་དུ་མངོན་སུམ་དུ་རྟོགས་པའི་ལམ་གཉིས་དངོས་སུ་བསྟན་པའི་ཕྱིར། དེ་ཡང་། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གིས། །ཉན་ཐོས་ལམ་འདི། ཞེས་རྩ་འགྲེལ་གྱིས་ཤེས་བྱ་ཉན་ཐོས་ཀྱི་ལམ་དངོས་སུ་བསྟན། རྣམ་པ་མི་དམིགས་སྒོ་ནས་ནི། ཉན་ཐོས་ལམ་འདི། ཞེས་སོགས་ཀྱིས་ཡུལ་ཅན་ལམ་ཤེས་དངོས་སུ་བསྟན་ཏེ། མདོ་ལས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་དེ་མི་དམིགས་པའི་ཚུལ་གྱིས། གཟུགས་ནི་མི་རྟག་པར་ཡིད་ལ་བྱའོ། །ཞེས་པ་ནས། དགེ་བའི་རྩ་བ་ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱའོ། །ཞེས་སོ། །སྦྱོར་བ་རྣམ་མཁྱེན་ཡིད་བྱེད། དངོས་གཞི་མི་དམིགས་པ། རྗེས་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ་ཁྱད་ཆོས་གསུམ་ལྡན་དུ་གསུངས་པ་ནི་ཡུལ་ཅན་ལམ་ཤེས་དངོས་སུ་བསྟན་པ་ཡིན་ལ། མི་རྟག་པ་དང་། སྡུག་བསྔལ་བ་དང་། ཞེས་སོགས་ཀྱིས་ཤེས་བྱ་ཉན་ཐོས་ཀྱི་ལམ་དངོས་སུ་བསྟན། ཤེས་བྱ་ཉན་ཐོས་ཀྱི་ལམ་ལ་ཡང་། ཉན་རང་དང་བྱང་སེམས་ཀྱི་རྒྱུད་ལ་ཡོད་པ་གཉིས་ལས། དང་པོ་ཤུགས་དང་ཕྱི་མ་དངོས་སུ་བསྟན་པ་ཡིན་ནོ། །

གཉིས་པ་ལ། རང་རྒྱལ་གྱི་ཁྱད་ཆོས་དང་། ཁྱད་གཞི་རང་རྒྱལ་གྱི་ལམ་ཇི་ལྟར་ཤེས་ཚུལ་གཉིས། དང་པོ་ནི། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །ཞེས་སོགས་ཀྱི་སྐབས་སུ། རང་རྒྱལ། དེའི་ལམ། དེ་དག་གི་ཁྱད་ཆོས་བཤད་པ་དང་གསུམ། དང་པོ་ནི། སྤྱིར་རང་རྒྱལ་ལ་བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའི་རང་རྒྱལ་གཉིས་སུ་བཤད་ཅིང་། མཐར་ཐུག་གི་ལྟ་བ་གང་ཟག་གི་བདག་མེད་ཀྱི་སྟེང་གཟུང་བ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་ཐེག་འབྲིང་གི་མངོན་རྟོགས་རྒྱུད་ལྡན་ཏེ། ཀུན་བཏུས་ལས། རང་སངས་རྒྱས་ཀྱི་ཐེག་པ་གང་ཞེ་ན། རང་སངས་རྒྱས་ཀྱི་ཆོས་ཉིད་ངེས་པའམ། མ་ངེས་པ་ལ་གནས་པ་དང་། རང་བཞིན་གྱིས་དབང་པོ་འབྲིང་པོ་དང་། བདག་རྣམ་པར་ཐར་པའི་ཕྱིར་སྨོན་ལམ་བཏབ་པ་དང་། ཞེས་སོ། །དེ་ལའང་སློབ་མི་སློབ་གཉིས་ཀ་ཡོད་པ་འཐད་དེ། སྲིད་པ་ཐ་མ་པའི་དུས་སུ་བྱང་ཆུབ་བགྲོད་པའི་རང་རྒྱལ་བཤད་པ་དང་། ཐར་ལམ་ལྔ་གསུམ་བཅོ་ལྔ་གསུངས་པ་སོགས་དོན་ཡོད་པའི་ཕྱིར་རོ། །མཚན་ཉིད་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པས་རབ་ཏུ་ཕྱེ་བའི་ཐེག་འབྲིང་གི་གང་ཟག །དབྱེ་ན། ལམ་གྱི་སྒོ་ནས་དང་། མཚན་གཞིའི་སྒོ་ནས་དབྱེ་བ་གཉིས། དང་པོ་ནི། རང་རྒྱལ་གྱི་ཚོགས་ལམ་སོགས་ལྔའོ། །གཉིས་པ་ནི། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པ་གཉིས། འདི་དག་ལ་ཁྱད་ཆོས་སྤྱིར་བཤད། མཚན་ཉིད་བསྡུས་ཏེ་བསྟན། ཉན་ཐོས་རང་རྒྱལ་གྱི་ལམ་དུ་འཇུག་ཚུལ་བཤད་པ་དང་གསུམ། དང་པོ་ལ། རིགས་དང་། དབང་པོ་དང་། གྲོགས་དང་། ལམ་བགྲོད་ཚུལ་གྱི་ཁྱད་པར་བཞི་ཡོད། དང་པོ་ལ། བསེ་རུ་ལྟ་བུ་ནི། ཐོག་མ་ཉིད་ནས་རང་རྒྱལ་ཉིད་དུ་རིགས་ངེས་པའི་རིགས་ཅན་ཡིན་ལ། ཅིག་ཤོས་ནི་དེ་ལས་གཞན་པ། གཉིས་པ་ནི། བསེ་རུ་ལྟ་བུ་དབང་རྣོན། ཅིག་ཤོས་དབང་རྟུལ་ལོ། །གསུམ་པ་ནི། བསེ་རུ་ལྟ་བུ་རང་ཉིད་གཅིག་བུར་གནས་ཏེ་གཙོ་བོར་འཕགས་ལམ་བགྲོད། ཚོགས་སྤྱོད་ནི་གྲོགས་གཞན་དང་ལྷན་ཅིག་གནས་པའི་སྒོ་ནས་གཙོ་བོར་འཕགས་ལམ་བགྲོད། བཞི་པ་ནི། བསེ་རུ་ལྟ་བུ་རིགས་ངེས་པ་དང་དབང་པོ་རྣོ་བས་འཕགས་ལམ་མྱུར་དུ་བགྲོད་ལ། ཅིག་ཤོས་དེ་ལས་གཞན་པའོ། །གཉིས་པ་ལ། དང་པོའི་མཚན་ཉིད། ཚོགས་སྤྱོད་ལས་དབང་པོ་རྣོ་བའི་རང་རྒྱལ་གང་ཞིག །དང་པོ་ཉིད་ནས་རང་རྒྱལ་དུ་རིགས་ངེས་པ་སྔོན་དུ་སོང་བའི་སྒོ་ནས་གྲོགས་གཞན་ལ་ལྟོས་མེད་དུ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་ནུས། གཉིས་པའི་མཚན་ཉིད། བསེ་རུ་ལྟ་བུ་ལས་དབང་པོ་རྟུལ་བའི་རང་རྒྱལ་གང་ཞིག །གྲོགས་གཞན་དང་ལྷན་ཅིག་གནས་པའི་སྒོ་ནས་རང་རྒྱལ་གྱི་བྱང་ཆུབ་བགྲོད་པ་དང་བགྲོད་ཟིན་གང་རུང་གི་རིགས་གནས། དབྱེ་ན་ཉན་ཐོས་སྔོན་དུ་སོང་བའི་ཚོགས་སྤྱོད་དང་། ཉན་ཐོས་སྔོན་དུ་མ་སོང་བའི་ཚོགས་སྤྱོད་གཉིས། དེ་ལ་ཡང་། ཉན་ཐོས་སོ་སྐྱེ་ཙམ་དང་། འཕགས་པ་སྔོན་སོང་གཉིས་ཡོད། གསུམ་པ་ལ། གང་ཟག་གང་ལ་འཇུག་པ་དང་། ལམ་གང་ནས་འཇུག་པ་གཉིས། དང་པོ་ལ། བྱེ་སྨྲ་ལྟར་ན། ཉན་ཐོས་ཀྱི་སྦྱོར་ལམ་རྩེ་མོ་ནས་ཐེག་ཆེན་དུ་འཇུག་པ་ཡོད་ལ་བཟོད་པ་ཐོབ་ནས་མེད་ཅིང་། བཟོད་པ་ཐོབ་ནས་རང་རྒྱལ་ལམ་དུ་འཇུག་པར་བཞེད་དེ། མཛོད་ལས། གཉིས་སློབ་རིགས་ལས་ལྡོག་ནས་ནི། །སངས་རྒྱས་སུ་འགྱུར་གཞན་གསུམ་ཡང་། །ཞེས་སོ། །འོན་ཀྱང་བཟོད་ཆེན་ཐོབ་ནས་རང་རྒྱལ་དུ་ཡང་མི་འཇུག་སྟེ། བཟོད་ཆེན་གྱི་མཇུག་ཐོགས་དེ་མ་ཐག་ཏུ་ཆོས་མཆོག་དང་། དེའི་དེ་མ་ཐག་ཏུ་འཕགས་ལམ་ཐོབ་པ་གང་ཞིག །འཕགས་ལམ་ནས་ཐེག་པ་གཞན་ལ་མི་འཇུག་པའི་ཕྱིར་ཏེ། མཛོད་ལས། ཆེན་པོ་འདོད་གཏོགས་སྡུག་བསྔལ་ཡུལ། །དེ་ནི་སྐད་ཅིག་གཅིག་དེ་བཞིན། །ཆོས་མཆོག་ཐམས་ཅད་ཕུང་པོ་ལྔ། །ཞེས་སོ། །སེམས་ཙམ་པ་ལྟར་ན། རྒྱུན་ཞུགས་དང་ཕྱིར་འོང་བ་རང་རྒྱལ་དུ་འཇུག་པ་ཡོད་ཅིང་། ཕྱིར་མི་འོང་ཐོབ་ནས་དེར་འཇུག་པ་མེད་དེ། དེ་ཐོབ་ནས་འདོད་པར་ལས་ཉོན་གྱིས་སྐྱེ་བ་ལེན་པ་མེད་པའི་ཕྱིར། དབུ་མ་རང་ལུགས་ལ། ཕྱིར་མི་འོང་ཐོབ་ནས་ཀྱང་རང་རྒྱལ་ལམ་དུ་འཇུག་པ་ཡོད་དེ། འདོད་ཉོན་དགུ་པ་སྤངས་པའི་མ་ངེས་པའི་རིགས་ཅན་གྱི་ཉན་ཐོས་སྒོམ་ལམ་པ་རང་རྒྱལ་དགེ་བའི་བཤེས་གཉེན་དང་འཕྲད་པའི་དབང་གིས་གཟུང་བ་ཆོས་ཀྱི་བདག་མེད་ལ་ཐོས་བསམ་བྱེད་པ་ཡོད་པའི་ཕྱིར།

གཉིས་པ་ལ། དངོས་སྨྲ་བའི་ལུགས་དང་། དབུ་མ་པའི་ལུགས་གཉིས། དང་པོ་ནི། ཉན་ཐོས་རང་རྒྱལ་གྱི་ལམ་དུ་འཇུག་པའི་ཚེ། སྔར་བགྲོད་ཟིན་པའི་ལམ་གྱི་ལྷག་མ་ནས་འཇུག་པ་ཡིན་ཏེ། ཉན་རང་གཉིས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཙམ་ལས། ཐེག་དམན་དུ་མཚུངས་པའི་ཕྱིར། ཞེས་ཟེར། གཉིས་པ་ནི། ཉན་ཐོས་རང་རྒྱལ་གྱི་ལམ་དུ་འཇུག་པའི་ཚེ་རང་རྒྱལ་གྱི་ཚོགས་ལམ་ནས་འཇུག་དགོས་ཏེ། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པ་མཐར་ཐུག་པ་ལ་དེ་རྟོགས་ཟིན་རྒྱུན་དུ་སྒོམ་པར་བྱེད་པའི་སྒོམ་ལམ་སྔོན་དུ་འགྲོ་དགོས་པ་ལ་སོགས་པ་ཡིན་པའི་ཕྱིར། གཉིས་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ཐེག་འབྲིང་གི་མངོན་རྟོགས། གཉིས་པ་ལ། རང་རྒྱལ་གྱི་བགྲོད་བྱེད་ཀྱི་ལམ་དང་། བགྲོད་བྱའི་ལམ་གཉིས། དང་པོ་ནི། རང་རྒྱལ་གྱི་བྱང་ཆུབ་ཏུ་བགྲོད་པར་བྱེད་པའི་རིགས་སུ་གནས་པའི་ཐེག་འབྲིང་གི་མངོན་རྟོགས། མཚན་གཞི། རང་རྒྱལ་གྱི་སློབ་ལམ་བཞི་ལྟ་བུ། གཉིས་པའི་མཚན་ཉིད། རང་རྒྱལ་གྱི་བྱང་ཆུབ་ཏུ་བགྲོད་ཟིན་པའི་ཐེག་འབྲིང་གི་མངོན་རྟོགས། མཚན་གཞི། རང་རྒྱལ་དགྲ་བཅོམ་པའི་མངོན་རྟོགས་ལྟ་བུ།

གསུམ་པ་ལ། ལམ་བགྲོད་ཚུལ་གྱི་ཁྱད་པར། ཚོགས་བསགས་པ་དུས་ཀྱི་ཁྱད་པར། འབྲས་བུ་ཡོན་ཏན་གྱི་ཁྱད་པར། སྤངས་རྟོགས་ཀྱི་ཁྱད་པར། རྟེན་གྱི་ཁྱད་པར། འབྲས་བུ་འཇོག་ཚུལ་གྱི་ཁྱད་པར་དང་དྲུག །དང་པོ་ལ། ཐེག་དམན་གྱི་ལུགས་དང་། རང་ལུགས་ཐུན་མོང་མ་ཡིན་པ་གཉིས། དང་པོ་ལ། བསེ་རུ་ལྟ་བུ་ནི་ཚོགས་ལམ་དུ་བསྐལ་པ་བརྒྱར་ཚོགས་བསགས། སྲིད་པ་ཐ་མའི་ཚེ་བསམ་གཏན་བཞི་རིམ་གྱིས་བགྲོད་དེ། བསམ་གཏན་བཞི་པའི་རབ་མཐའ་ལ་བརྟེན་ནས། དྲོད་ནས་ཟད་མི་སྐྱེ་ཤེས་པའི་བྱང་ཆུབ་ཀྱི་བར་སྟན་ཐོག་གཅིག་ཏུ་བྱེད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་བར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་གསུངས་པའི་ཕྱིར་རོ། །ཚོགས་སྤྱོད་ནི། གྲོགས་གཞན་དང་ལྷན་ཅིག་གནས་པའི་སྒོ་ནས་སྲིད་པ་ཐ་མ་པའི་དུས་སུ་སློབ་དཔོན་གཞན་གྱི་གདམས་ངག་ལ་མ་ལྟོས་པར་རང་བྱང་ཆུབ་མངོན་དུ་བྱེད་པའོ། །དེ་དག་ནི་ཉི་འོག་པའི་ལུགས་ཡིན་གྱི། ཁ་ཆེ་བྱེ་སྨྲ་ནི། བསེ་རུ་ལྟ་བུ་ཁོ་ནར་བཞེད་དོ། །གཉིས་པ་ལ། བསེ་རུ་ལྟ་བུ་དང་། ཚོགས་ན་སྤྱོད་པའི་ལམ་བགྲོད་ཚུལ་གཉིས། དང་པོ་ནི། རང་རྒྱལ་དུ་རིགས་ངེས་པའི་གང་ཟག་གང་ཞིག །ཚོགས་ལམ་གྱི་གནས་སྐབས་སུ་སངས་རྒྱས་མཉེས་པར་བྱེད་པ་ལ་སོགས་བསྐལ་པ་བརྒྱའི་བར་དུ་ཚོགས་བསགས། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱས་ཏེ། འཆི་ཁར་སྨོན་ལམ་གསུམ་བཏབ་ནས་དེའི་སྐྱེ་བ་ཕྱི་མ་ལ་སྲིད་པ་ཐ་མ་པའི་དུས་སུ་སྔོན་གྱི་སྨོན་ལམ་གྱི་དབང་གིས་སློབ་དཔོན་གཞན་གྱི་གདམས་ངག་ལ་མ་ལྟོས་པར་འཁོར་བ་སྤངས་པའི་རྣམ་གྲོལ་ལམ་མངོན་དུ་བྱེད་དོ། །དངོས་པོ་དྲུག་ནི། ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས། རྟེན་འབྲེལ་ཡན་ལག་བཅུ་གཉིས། ལས་རྒྱུ་འབྲས་ཀྱི་རབ་དབྱེ། འཕགས་པའི་བདེན་པ་བཞི་སྟེ་དོན་ཚན་དྲུག་གོ །སྨོན་ལམ་གསུམ་ནི། སངས་རྒྱས་དང་ཉན་ཐོས་མི་བཞུགས་པའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་གྱུར་ཅིག །དེར་ཡང་སློབ་དཔོན་གཞན་ལ་ལྟོས་མེད་དུ་རང་ཉིད་ཀྱིས་བྱང་ཆུབ་མངོན་དུ་བྱེད་ནུས་པར་གྱུར་ཅིག །བྱང་ཆུབ་ཐོབ་ནས་ཀྱང་གདུལ་བྱ་གཞན་ལ་ལུས་ཀྱི་སྒོ་ནས་སྙིང་བརྩེ་བར་བྱེད་ཀྱི་ངག་གི་སྒོ་ནས་སྙིང་བརྩེ་བར་མ་གྱུར་ཅིག །ཅེས་པའོ། །

གཉིས་པ་ལ། ཉན་ཐོས་སྔོན་དུ་མ་སོང་བར་དང་། དེ་སྔོན་དུ་སོང་བའི་ཚོགས་སྤྱོད་ཀྱི་ལམ་བགྲོད་ཚུལ་གཉིས། དང་པོ་ནི། རང་རྒྱལ་མ་ངེས་པའི་རིགས་ཅན་འགའ་ཞིག་ཚོགས་ལམ་གྱི་གནས་སྐབས་སུ་གྲོགས་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། དམ་པའི་ཆོས་ཉན་པ་དང་། ཚུལ་བཞིན་ཡིད་ལ་བྱེད་པའི་སྒོ་ནས་བསྐལ་པ་བརྒྱར་ཚོགས་བསགས། མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པར་བྱས། འཆི་ཁར་སྨོན་ལམ་གསུམ་བཏབ་ནས་སྐྱེ་བ་ཕྱི་མ་སྨོན་ལམ་གྱི་དབང་གིས་སློབ་དཔོན་གཞན་གྱི་གདམས་ངག་ལ་ལྟོས་མེད་དུ་རང་བྱང་ཆུབ་མངོན་དུ་བྱེད་པའོ། །གཉིས་པ་ནི། ཉན་ཐོས་རིགས་མ་ངེས་པ་འགའ་ཞིག །དབང་པོ་སྦྱངས་ཏེ་རང་བཞིན་གྱིས་དབང་པོ་འབྲིང་པོར་གྱུར་པའི་ཚེ། བསྐལ་པ་བརྒྱར་ཚོགས་བསག་པ་སོགས་གོང་ལྟར་རོ། །འདི་ལ་ཉན་ཐོས་སོ་སྐྱེ་ཙམ་དང་། འཕགས་པ་སྔོན་སོང་གཉིས། ཕྱི་མ་ལའང་རྒྱུན་ཞུགས་ཙམ་དང་། ཕྱིར་འོང་ཙམ་སྔོན་དུ་སོང་བ་གཉིས་སོ། །གསུམ་པ་ནི། ཐེག་ཆེན་གྱི་ལམ་བགྲོད་ཚུལ་དང་ཆ་འདྲ་བར་བསྐལ་ཆེན་བརྒྱ་ལ་ཆ་གསུམ་དུ་བགོས་པའི། རང་རྒྱལ་གྱི་ཚོགས་སྦྱོར་མཐོང་ལམ་དང་བཅས་པར་ཆ་གཅིག །སྒོམ་ལམ་ཆུང་འབྲིང་སྐོར་དྲུག་ལ་ཆ་གཅིག །ཆེན་པོ་སྐོར་གསུམ་ལ་ཆ་གཅིག་སྟེ། སྐབས་དེ་དག་ཏུ་ཚོགས་བསགས་ནས་གཞན་གྱི་གདམས་ངག་ལ་ལྟོས་མེད་དུ་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པའོ། །དེ་ལྟར་ཡང་རྩ་བར། རང་བྱུང་བདག་ཉིད་རྟོགས་པའི་ཕྱིར། །གཞན་གྱིས་བསྟན་ཡང་མི་དགོས་ལ། །ཞེས་གསུངས་པའི་ཕྱིར། གཉིས་པ་ནི། དྲིན་ལན་བསབ་པའི་མདོ་ལས། རང་རྒྱལ་རྣམས་ནི་བསྐལ་པ་ཆེན་པོ་བརྒྱས་མཐར་ཕྱིན་པར་འགྱུར་རོ། །ཞེས་སོ། །

གསུམ་པ་ལ། གནས་པའི་ཁྱད་པར། རྒྱུའི་ཁྱད་པར། ཆོས་སྟོན་པའི་ཁྱད་པར་དང་གསུམ། དང་པོ་ནི། བསེ་རུ་ལྟ་བུ་སྐུའི་གནས་པ་གཅིག་པུར་གནས་ཤིང་། ཚོགས་ན་སྤྱོད་པ་གྲོགས་དུ་མ་དང་ལྷན་ཅིག་ཏུ་གནས། གསུང་གི་གནས་པ་གཉིས་ཀའང་གཙོ་ཆེར་སྨྲ་བཅད་དམ་པོ་ལ་གནས། ཐུགས་ཀྱི་གནས་པ་རྟེན་འབྲེལ་ཟབ་མོ་རྟོགས་པ་དང་། རྣམ་ཐར་སྒོ་གསུམ་ཡིད་ལ་བྱེད་ཅིང་གནས་སོ། །གཉིས་པ་ནི། མངོན་ཤེས་ཀྱིས་བརྟགས་ཏེ་གཞན་དོན་དུ་འགྱུར་ན་གྲོང་དང་གྲོང་ཁྱེར་སོགས་པར་བསོད་སྙོམས་ལ་རྒྱུ་བར་བཤད་ཅིང་། རྫུ་འཕྲུལ་གྱིས་མ་དད་པ་དད་པར་བྱེད། དད་པ་རྣམས་མངོན་མཐོ་དང་ངེས་ལེགས་ལ་འགོད་པར་བཤད་དོ། གསུམ་པ་ནི། མངོན་ཤེས་ཀྱིས་གདུལ་བྱ་རྣམས་ཀྱི་དབང་པོའི་དབྱེ་བ་ཤེས་པར་བྱས་ཏེ་སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར་ལུས་ཀྱི་རིག་བྱེད་ཀྱི་སྒོ་ནས་ཆོས་བསྟན་པས་ཇི་ལྟར་འདོད་པའི་རྟོགས་པ་བསྐྱེད་ནུས་པ་ཡིན་ནོ། །འདི་ཡང་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ཞིང་། རང་སངས་རྒྱས་ཡིན་ན། སྒྲ་བཅས་སུ་ཆོས་མི་སྟོན་པས་ཁྱབ་པར་ངེས་པ་མ་ཡིན་ནོ། །བཞི་པ་ནི། བྱང་ས་དང་རྟོག་གེ་འབར་བར། ཉན་རང་ལ་སྤངས་རྟོགས་ཁྱད་མེད་བཤད་ཀྱང་རྒྱན་འདིར་ཁྱད་པར་ཡོད་པར་འཐད་དེ། ཉན་ཐོས་དགྲ་བཅོམ་པས་གང་ཟག་གི་བདག་མེད་རྟོགས་པ་མཐར་ཐུག་ཅིང་། རང་རྒྱལ་དགྲ་བཅོམ་པས་གཟུང་བ་ཆོས་ཀྱི་བདག་མེད་ཀྱང་རྟོགས་པ་མཐར་ཐུག་པའི་ཁྱད་པར་བྱས་པའི་ཕྱིར། ལྔ་པ་ནི། སྨོན་ལམ་གྱི་དབང་གིས་རང་རྒྱལ་འདོད་པའི་རྟེན་ཅན་དུ་ངེས་ཏེ། ཀུན་བཏུས་ལས། དེ་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། སྨོན་ལམ་གྱི་དབང་གིས་འདོད་པའི་ཁམས་ཉིད་དུ་སྐྱེ་སྟེ། སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་བར་འགྱུར་རོ། །ཞེས་སོ། །དྲུག་པ་ནི། འབྲས་གནས་བཞི་པོ་རང་རྒྱལ་ལ་མི་འཇོག་སྟེ། ཤེར་ཕྱིན་གྱི་མདོར། དེ་དག་ཉན་ཐོས་ཁོ་ན་ལ་སྦྱར་ནས་རང་རྒྱལ་ཟུར་དུ་སྨོས་པའི་ཕྱིར་ཏེ། གཞི་ཤེས་ཀྱི་འགྲེས་རྐང་རྒྱས་བཤད་ཀྱི་སྐབས་སུ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་བོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ནི། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །ཞེས་སོགས་གསུངས་པས། གཟུང་རྟོག་སྤོང་བ། འཛིན་རྟོག་མི་སྤོང་བ། རྟེན་རིགས་ཀྱི་ཁྱད་ཆོས་གསུམ་དང་ལྡན་པའི་རང་རྒྱལ་གྱི་ལམ་བདག་མེད་མངོན་སུམ་དུ་རྟོགས་པའི་ཡུལ་ཅན་ལམ་ཤེས་དངོས་སུ་བསྟན་ཅིང་། རང་རྒྱལ་རང་རྒྱུད་ཀྱི་ལམ་ཤུགས་ལ་བསྟན་ཏོ། །འོ་ན་འདིར། འཛིན་པ་མི་སྤོང་ཕྱིར་དང་ནི། །ཞེས་དང་། མདོ་ལས། ཤེས་རབ་ཀྱི་དབང་པོ་བར་མ་དང་ལྡན་པས། ཞེས་གསུངས་པ་དང་འགལ་ཞེ་ན་སྐྱོན་མེད་དེ། དེ་དག་རང་རྒྱལ་གྱི་རྟོགས་རིགས་ཀྱི་ལྡོག་ཆ་ཙམ་ལ་དགོངས་པའི་ཕྱིར་རོ། །

གསུམ་པ་ལ། ཐེག་ཆེན་གྱི་མཐོང་ལམ་དང་། སྒོམ་ལམ་གཉིས་ལས། དང་པོ་ནི། བདེན་དང་བདེན་ལ་བཟོད་པ་དང་། །ཞེས་སོགས་གསུངས་པས། མཐོང་ལམ་ལ་ལུས་རྟེན། བསམ་པའི་རྟེན། བརྟེན་པ་མཐོང་ལམ་གྱི་རང་བཞིན་དང་གསུམ། དང་པོ་ནི། རང་སྟོབས་ཀྱིས་སྐྱེ་བ་འདོད་པའི་གླིང་གསུམ་དུ་སྐྱེ་སྟེ། དེ་རང་བཞིན་གྱིས་དབང་པོ་རྣོ་བའི་༼ཕྱིར༽། གཞན་སྟོབས་ཀྱིས་གཟུགས་ཀྱི་རྟེན་ལའང་དངོས་སུ་སྐྱེ་བ་ཡོད་དེ། རྫུ་འཕྲུལ་གྱི་སྟོབས་ཀྱིས་དེ་བཞིན་གཤེགས་པ་ལ་ཆོས་ཉན་པ་ལ་ལྷགས་པའི་གཟུགས་ཀྱི་ལྷ་ལ་ལམ་ཤེས་ཀྱི་རྟོགས་པ་སྐྱེ་བར་བཤད་པའི་ཕྱིར། བསྡུ་ན། ཐེག་པ་རང་ལུགས་ཀྱི་ཆོས་མཆོག་ལ་གནས་པའི་གང་ཟག་གོ །གཉིས་པ་ནི། ཐེག་དམན་གྱི་མཐོང་ལམ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ཅིང་། ཐེག་ཆེན་གྱི་སྙིང་རྗེ་ཁྱད་པར་ཅན་གྱིས་ཟིན་པའི་བསམ་གཏན་གྱི་དངོས་གཞིའི་སེམས་ལ་བརྟེན་ནས་གཙོ་བོར་ཐོབ་སྟེ། རྒྱན་ལས། བསམ་གཏན་བཞི་པ་ཤིན་ཏུ་དག་ཐོབ་ནས། །ཞེས་སོ། །དམིགས་བསལ་ལ། སྲིད་རྩེའི་སེམས་ལ་བརྟེན་པའང་ཡོད་དེ། སྦྱོར་ལམ་སྐད་ཅིག་ཐ་མའི་ངོ་བོར་གྱུར་པའི་སྲིད་རྩེའི་དངོས་གཞིའི་སྙོམས་འཇུག་གིས་སྡུག་བསྔལ་ཆོས་བཟོད་ཀྱི་ངོ་བོར་གྱུར་པའི་འགོག་སྙོམས་དངོས་ཀྱིས་སེམས་རྟེན་བྱེད་པ་ཡོད་པའི་ཕྱིར། གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཐེག་པ་རང་ལུགས་ཀྱི་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་བདག་མེད་མངོན་སུམ་དུ་རྟོགས་པའི་བདེན་པ་མངོན་རྟོགས། གཉིས་པ་ལ། ཉན་ཐོས་ཀྱི་མཐོང་ལམ། རང་རྒྱལ་གྱི་མཐོང་ལམ། ཐེག་ཆེན་གྱི་མཐོང་ལམ་དང་གསུམ། དང་པོའི་མཚན་ཉིད། གང་ཟག་གི་བདེན་པ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་ཀྱི་བདེན་པ་མངོན་རྟོགས། གཉིས་པའི་མཚན་ཉིད། གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་ཐེག་འབྲིང་གི་བདེན་པ་མངོན་རྟོགས། དབྱེ་ན། ཉན་རང་གཉིས་ཀ་ལ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་རེ་ཡོད། གསུམ་པ་ལ། མཚན་ཉིད། དབྱེ་བ། སྐད་ཅིག་དུ་སྐྱེ་དཔྱད་པ། ལུང་ལས་བཤད་པའི་ཡོན་ཏན་དང་བཞི། དང་པོ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། ཐེག་ཆེན་གྱི་ལམ་ཡིན་ན། ཐེག་ཆེན་གྱི་ལམ་ལྔ་གང་རུང་ཡིན་པས་མ་ཁྱབ་སྟེ། མཐོང་ལམ་ཡིན་ན་མཉམ་བཞག་ཡེ་ཤེས་ཡིན་པས་ཁྱབ་པ་གང་ཞིག །ས་དང་པོའི་རྗེས་ཐོབ་ཡེ་ཤེས་དེ་མཐོང་ལམ་གྱིས་བསྡུས་ཀྱང་མཐོང་ལམ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། ཡུལ་གྱི་སྒོ་ནས་ཆོས་བཟོད་ལ་སོགས་པ་བཅུ་དྲུག་དང་། ངོ་བོའི་སྒོ་ནས་བར་ཆད་མེད་ལམ་དང་རྣམ་གྲོལ་ལམ་གཉིས། ཕྱི་མ་གཉིས་ཀྱི་མཚན་ཉིད་རིམ་བཞིན་མཐོང་སྤང་ཤེས་སྒྲིབ་ཀྱི་སྤོང་བ་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས་དང་། མཐོང་སྤང་ཤེས་སྒྲིབ་ཀྱི་རྟེན་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་བདེན་པ་མངོན་རྟོགས། དང་པོ་ལ་དབྱེ་ན། འདོད་པའི་སས་བསྡུས་ཀྱི་མཐོང་སྤང་ཤེས་སྒྲིབ་དང་། ཁམས་གོང་གིས་བསྡུས་པའི་མཐོང་སྤང་ཤེས་སྒྲིབ་དངོས་སུ་སྤོང་བའི་བར་ཆད་མེད་ལམ་གཉིས། གཉིས་པ་ལའང་དེའི་རིགས་འགྲེ། གསུམ་པ་ལ། བཤད་པའི་རྣམ་གྲངས་དངོས་དང་། བྱེ་བྲག་སྐྱེ་ཚུལ་ཞར་བྱུང་དང་བཅས་པ་གཉིས། དང་པོ་ལ། མཐོང་ལམ་སྐད་ཅིག་མ་གཅིག་ཏུ་འདོད་པ། གཉིས་སུ་འདོད་པ། བཞིར་འདོད་པ། བཅུ་དྲུག་ཏུ་འདོད་པའི་ལུགས་དང་བཞི་ལས། སྤྱིར་ཕྱི་མ་རང་ལུགས་སུ་ཁས་ལེན་ཅིང་། འདི་ལ་ཐོགས་མེད་ཀྱི་ལུགས། དབྱིག་གཉེན་གྱི་ལུགས། སློབ་དཔོན་གྱི་ལུགས་དང་གསུམ། དང་པོ་ནི། ཐེག་ཆེན་གྱི་མཐོང་ལམ་རྫས་ཀྱི་སྒོ་ནས་སྐད་ཅིག་མ་བཅུ་དྲུག་ཏུ་བཞེད་ལ། བཅུ་དྲུག་པོ་བར་མ་ཆད་པར་བཤད། དེ་ཡང་སྡུག་བསྔལ། ཀུན་འབྱུང་། འགོག་པ། ལམ་མཐོང་སྤང་གི་གཉེན་པོར་གྱུར་པའི་མཐོང་ལམ་བཞིར་འདུས། དེ་རེ་རེ་ལ་སྐད་ཅིག་མ་བཞི་བཞི་ཡོད་དེ། ཀུན་བཏུས་སུ། སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་གང་ཞེ་ན། གང་གིས་སྡུག་བསྔལ་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་སྤོང་བ་དེ། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་ཞེས་བྱའོ། །ཞེས་སོགས་ནས། དེ་ཆོས་ཤེས་པའི་བཟོད་པ་དང་། ཤེས་པ་རྣམས་ཀྱིས་ནི་གཟུང་བ་རྟོགས་སོ། །རྗེས་སུ་ཤེས་པའི་བཟོད་པ་དང་། ཤེས་པ་རྣམས་ཀྱིས་ནི་འཛིན་པ་རྟོགས་སོ། །བཟོད་པ་དང་ཤེས་པ་ཐམས་ཅད་ལ་ཡང་མཚན་མ་མེད་པར་གནས་པའི་རྣལ་འབྱོར་ཅན་དུ་རིག་པར་བྱའོ། །ཞེས་སོ། །གཉིས་པ་ནི། རྫས་ཀྱི་སྒོ་ནས་བཅུ་དྲུག་པོ་དེ་དག་ཀྱང་། དང་པོར་འདོད་པའི་སས་བསྡུས་ཀྱི་སྡུག་བསྔལ་མཐོང་སྤང་དངོས་སུ་སྤོང་བའི་བར་ཆད་མེད་ལམ་ལ་སྡུག་བསྔལ་ཆོས་བཟོད། དེ་ལས་གྲོལ་བའི་རྣམ་གྲོལ་ལམ་ལ་ཆོས་ཤེས། ཁམས་གོང་མས་བསྡུས་པའི་སྡུག་བསྔལ་མཐོང་སྤང་དངོས་སུ་སྤོང་བའི་བར་ཆད་མེད་ལམ་ལ་རྗེས་བཟོད། དེའི་རྣམ་གྲོལ་ལམ་ལ་རྗེས་ཤེས་སུ་འཇོག་སྟེ། མཛོད་ལས། འཇིག་རྟེན་པ་ཡི་ཆོས་མཆོག་ལས། །ཆོས་ཀྱི་བཟོད་པ་ཟག་པ་མེད། །འདོད་སྡུག་བསྔལ་ལ་དེ་ནས་ནི། །དེ་ཉིད་ལ་ཆོས་ཤེས་དེ་བཞིན། །སྡུག་བསྔལ་ལྷག་ལ་རྗེས་བཟོད་ཤེས། །བདེན་པ་གསུམ་ལའང་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་ནི། ཆོས་ཉིད་མཐོང་ཚུལ་གྱི་སྒོ་ནས་སྐད་ཅིག་མ་གཅིག་ཡིན་ལ། འབྲས་བུའི་མངོན་རྟོགས་ལ་ལྟོས་ནས་ཀྱང་སྐད་ཅིག་མ་གཅིག་ཡིན། སོ་སོའི་མངོན་པར་རྟོགས་པ་དང་ངེས་པ་འདྲེན་ཚུལ་གྱི་དབང་དུ་བྱས་ནས་སྐད་ཅིག་མ་བཅུ་དྲུག་ཡིན་ཏེ། ཐེག་ཆེན་གྱི་མཐོང་ལམ་དེས་བདེན་བཞི་ལ་ལོག་ཕྱོགས་སུ་འཛིན་པའི་སྒྲོ་འདོགས་བཅུ་དྲུག་གཅོད་བྱེད་ཀྱི་རྗེས་ཐོབ་ཀྱིས་བསྡུས་པའི་ངེས་པ་བཅུ་དྲུག་འདྲེན་པའི་ནུས་པ་བཅུ་དྲུག་མཉམ་བཞག་གི་གནས་སྐབས་སུ་རིམ་བཞིན་དུ་འབྱུང་བའི་ཕྱིར་ཏེ། འགྲེལ་ཆེན་ལས། བདེན་པ་རེ་རེ་ལ་ཡང་ཕྱིན་ཅི་ལོག་རྣམ་པར་བསལ་བས། སོ་སོར་རྟོགས་པའི་མངོན་པར་རྟོགས་པ་ལས་སྐད་ཅིག་བཅུ་དྲུག་ཁོ་ནས་མངོན་པར་ཤེས་པ་ཡིན་ནོ། །ཞེས་སོ། །བཅུ་དྲུག་འཇོག་ཚུལ་ཡང་ཐོགས་མེད་དང་མཐུན་པར་བཞེད་དོ། །གཉིས་པ་ནི། དབང་པོའི་རིམ་པས་སྐྱེ་ཚུལ་བཞིར་དབྱེ་བ་མི་འགལ་ཏེ། བྱང་སེམས་ཤིན་ཏུ་དབང་རྣོན། ཅུང་ཟད་དབང་རྣོན། དབང་འབྲིང་། དབང་རྟུལ་བཞིར་སྐྱེ་ཚུལ་མི་འདྲ་བའི་ཕྱིར། དེ་ལ་དང་པོ་ནི་སྐད་ཅིག་མ་གཅིག་ཏུ་སྐྱེ་སྟེ། བྱང་སེམས་ཤིན་ཏུ་དབང་རྣོན་གྱིས་ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་བའི་དུས་ཀྱི་སྐད་ཅིག་མ་དེ་ལ། སྡུག་བསྔལ་ཤེས། ཀུན་འབྱུང་སྤོང་། འགོག་པ་མངོན་དུ་བྱེད། ལམ་སྒོམ་པའི་མཐོང་ལམ་གྱི་བྱེད་པ་རྣམས་རྫོགས་པར་ནུས་པའི་ཕྱིར། ལྡོག་པའི་སྒོ་ནས་བཅུ་དྲུག་ཏུ་འགྱུར་ཏེ། འདོད་པའི་སས་བསྡུས་ཀྱི་བདེན་བཞིའི་གནས་ལུགས་མངོན་སུམ་དུ་ཤེས་པའི་སྒོ་ནས་ཆོས་ཤེས་བཞི། དེ་ལ་མི་སྐྲག་པའི་ཆ་ནས་ཆོས་བཟོད་བཞི། ཁམས་གོང་མའི་བདེན་བཞིའི་གནས་ཚུལ་མངོན་སུམ་དུ་རྟོགས་པའི་ཆ་ནས་རྗེས་ཤེས་བཞི། དེ་ལ་མི་སྐྲག་པའི་ཆ་ནས་རྗེས་བཟོད་བཞིར་འཇོག་པའི་ཕྱིར། ཀླུ་སྒྲུབ་ཀྱིས་སྐད་ཅིག་མ་གཅིག་ཏུ་བཤད་པའང་འདི་ལ་དགོངས་སོ། །གཉིས་པ་ནི། བྱང་སེམས་ཅུང་ཟད་དབང་རྣོན་གྱི་རྒྱུད་ལ་རྫས་ཀྱི་སྒོ་ནས་མཐོང་ལམ་སྐད་ཅིག་མ་གཉིས་སུ་སྐྱེ་སྟེ། དང་པོར་ཁམས་གསུམ་གྱི་མཐོང་སྤང་མཐའ་དག་དངོས་སུ་སྤོང་བའི་བར་ཆད་མེད་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་བཟོད་པ་བརྒྱད་དུ་འཇོག །དེའི་རྗེས་སུ་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་ཤེས་པ་བརྒྱད་དུ་འཇོག་པའི་ཕྱིར། གསུམ་པ་ནི། བྱང་སེམས་དབང་འབྲིང་གི་རྒྱུད་ལ་མཐོང་ལམ་རྫས་ཀྱི་སྒོ་ནས་སྐད་ཅིག་མ་བཞིར་སྐྱེ་སྟེ། དང་པོར་འདོད་པའི་སས་བསྡུས་ཀྱི་མཐོང་སྤང་མཐའ་དག་དངོས་སུ་སྤོང་བའི་བར་ཆད་མེད་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་ཆོས་བཟོད་བཞིར་འཇོག །དེའི་རྗེས་སུ་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་ཆོས་ཤེས་བཞི། དེའི་རྗེས་སུ་ཁམས་གོང་མའི་མཐོང་སྤང་མཐའ་དག་དངོས་སུ་སྤོང་བའི་བར་ཆད་མེད་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་རྗེས་བཟོད་བཞི། དེའི་རྗེས་སུ་དེ་ལས་གྲོལ་བའི་རྣམ་གྲོལ་ལམ་གཅིག་སྐྱེ། དེ་ལ་ལྡོག་པའི་སྒོ་ནས་རྗེས་ཤེས་བཞིར་འཇོག་པའོ། །བཞི་པ་ནི། བྱང་སེམས་དབང་རྟུལ་གྱི་རྒྱུད་ལ་རྫས་ཀྱི་སྒོ་ནས་སྐད་ཅིག་བཅུ་དྲུག་ཏུ་སྐྱེ་ལ། དེ་ལ་ཡང་ཐོགས་མེད་ཀྱིས་བཤད་པ་ལྟར་གྱི་སྐྱེ་ཚུལ་དང་། དབྱིག་གཉེན་གྱིས་བཤད་པ་ལྟར་གྱི་སྐྱེ་ཚུལ་གཉིས་ཏེ། ཆོས་བཤེས་ཀྱིས། དེ་ལྟར་ན་མཐོང་བའི་ལམ་ལ་དུས་ཇི་སྙེད་ཅིག་ཐོགས་ཤེ་ན། འདི་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་དང་། བརྩོན་འགྲུས་དང་། དབང་པོའི་རྗེས་སུ་འབྲང་བས་ན་དུས་གཅིག་དུ་ཆད་པ་ཅི་ཡང་མེད་དོ། །དེ་བཞིན་དུ་སྤྱིའི་དུས་བསྐལ་པ་གྲངས་མེད་པ་གསུམ་ཞེས་བྱ་བའི་དུས་ཀྱང་ངེས་པ་ཅན་དུ་ནམ་ཡང་མི་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་སྐབས་འདིའི་སྐད་ཅིག་མ་ནི། སྤྱིར་སྐད་ཅིག་མ་ལ། དུས་མཐའི་སྐད་ཅིག་མ་དང་། བྱ་རྫོགས་ཀྱི་སྐད་ཅིག་མ་གཉིས། དང་པོ་ནི། སེ་གོལ་གཅིག་གཏོག་པའི་ཡུན་ཚད་ལ་དྲུག་ཅུ་རྩ་ལྔར་ཕྱེ་བའི་ཆ་གཅིག་ལ་ངོས་འཛིན། གཉིས་པ་ནི། བྱ་བ་གང་ཡིན་ཡང་བརྩམས་ནས་མ་གྲུབ་བར་གྱི་ཡུན་ཚད་དོ། །དེ་དག་ལས་འདིར་ཕྱི་མ་སྟེ། ཀུན་བཏུས་སུ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་པོ་འདི་དག་ནི་མཐོང་བའི་ལམ་མོ། །སེམས་ཀྱི་སྐད་ཅིག་མ་ནི་ཤེས་བྱ་ལ་ཤེས་པ་འབྱུང་བ་ཡོངས་སུ་རྫོགས་པར་རིག་པར་བྱའོ། །ཞེས་སོ། །དེས་ན་ཤིང་ལེབ་ལྔ་གསོར་གྱིས་འབུགས་པ་དང་། ཤྭ་མོའི་འདབ་མ་ལྔ་ཁབ་ཀྱིས་འབུགས་པའི་དཔེས་མཚོན་ཏེ་མཐོང་ལམ་སྐྱེ་ཚུལ་སྐད་ཅིག་མ་བཅུ་དྲུག་ཏུ་མཐའ་གཅིག་ཏུ་ངེས་པར་ཁས་བླངས་ཀྱང་མི་འགལ་ལམ་སྙམ་མོ། །བཞི་པ་ལ། སྤང་བྱ་ལས་གྲོལ་བའི་ཡོན་ཏན་དང་། ཐོབ་བྱ་ཐོབ་པའི་ཡོན་ཏན་གཉིས། དང་པོ་ནི། ཇི་སྐད་དུ། ཆོས་རྣམས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་རྣམ་པར་དག་པ་སྐྱེས་སོ། །ཞེས་སོ། །གཉིས་པ་ནི། མདོ་ལས། ཆོས་མཐོང་བ། ཆོས་ཐོས་པ། ཆོས་རིག་པ། ཆོས་རྟོགས་པ། སོམ་ཉི་ལས་བརྒལ་བ། ཐེ་ཚོམ་ལས་བརྒལ་བ། གཞན་གྱི་དྲིང་ལ་མི་འཇོག་པ། སྟོན་པའི་བསྟན་པ་ལས་གཞན་གྱིས་མི་དཀྲི་བ། ཆོས་རྣམས་ལ་མི་འཇིགས་པ་ཐོབ་པ། ཞེས་སོ། །དེ་ཡང་དང་པོ་བཞི་ཆོས་བཟོད་སོགས་བཞི་དང་། ཕྱི་མ་རྣམས་མཐོང་ལམ་སྤྱིའི་ཡོན་ཏན་ནོ། །

གཉིས་པ་ལ། སྒོམ་ལམ་གྱི་བྱེད་པ་དང་། བྱེད་པ་ཅན་གྱི་སྒོམ་ལམ་གཉིས། དང་པོ་སྒོམ་ལམ་གྱི་བྱེད་པ་ནི། ཀུན་ནས་ཞི་དང་ཐམས་ཅད་ལ། །ཞེས་པས། ཐེག་ཆེན་སྒོམ་ལམ་གྱི་བྱེད་པ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། རང་རྒྱུ་ཐེག་ཆེན་གྱི་སྒོམ་ལམ་ངོ་བོ་ཇི་ལྟ་བ་བཞིན་དུ་སྒོམ་སྟོབས་ཀྱིས་ཐོབ་པའི་དགེ་ལས། གཉིས་པ་ལ། གནས་སྐབས་དང་མཐར་ཐུག་གི་བྱེད་པ་གཉིས། དང་པོ་ནི། སྒོམ་ལམ་སྐད་ཅིག་གཉིས་པ་ནས་རྒྱུན་མཐའི་བར་གྱི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ། གཉིས་པ་ནི། སངས་རྒྱས་སའི་སྤངས་རྟོགས་ཀྱི་ཡོན་ཏན་ལྟ་བུ། འབྲས་བུའི་སྒོ་ནས་དབྱེ་ན། ཀུན་ནས་ཞི་བའི་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ། ཐམས་ཅད་འདུད་པའི་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ། ཉོན་མོངས་པ་ལས་རྒྱལ་བའི་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ། གནོད་པས་མི་རྫི་བའི་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ། རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཐེག་ཆེན་སྒོམ་ལམ་གྱི་བྱེད་པ། རྟེན་གྱི་ཡུལ་མཆོད་པའི་གནས་སུ་གྱུར་པའི་ཐེག་ཆེན་གྱི་སྒོམ་ལམ་གྱི་བྱེད་པ་དང་དྲུག །བསྡུ་ན། སྐྱེས་བུ་བྱེད་པའི་འབྲས་བུ། རྣམ་སྨིན་གྱི་འབྲས་བུ། བདག་པོའི་འབྲས་བུ་དང་གསུམ། དང་པོ་ལ། ནང་གི་ཉེར་འཚེ་ཞི་བ་དང་། ཕྱིའི་ཉེར་འཚེ་ཞི་བ་གཉིས། དང་པོ་ལ། གནས་སྐབས་ཀྱི་འབྲས་བུའི་དབང་དུ་བྱས་ནས་བྱེད་པ་དང་པོ་གཉིས་བཞག །མཐར་ཐུག་གི་འབྲས་བུའི་དབང་དུ་བྱས་ནས་བྱེད་པ་གསུམ་པ། ཕྱིའི་ཉེར་འཚེ་ཞི་བའི་དབང་དུ་བྱས་ནས་བཞི་པ། གཉིས་པའི་དབང་དུ་བྱས་ནས་ལྔ་པ། གསུམ་པའི་དབང་དུ་བྱས་ནས་དྲུག་པ་བཞག་པ་ཡིན་ནོ། །

གཉིས་པ་ལ། སྤྱིར་བསྟན་པ་དང་། སོ་སོར་བཤད་པ་གཉིས། དང་པོ་སྒོམ་ལམ་ལ་ལུས་རྟེན། བསམ་པའི་རྟེན། བརྟེན་པ་སྒོམ་ལམ་གྱི་རང་བཞིན་དང་གསུམ། དང་པོ་ནི། རང་རྒྱལ་ནི་འདོད་པའི་རྟེན་ཅན་དུ་ངེས་ལ། ཉན་ཐོས་ཀྱི་སྒོམ་ལམ་སྔར་མེད་གསར་དུ་སྐྱེ་བ་འདོད་གཟུགས་ཀྱི་རྟེན་དང་། ཐོབ་ཟིན་གནས་པ་གཟུགས་མེད་ཀྱི་རྟེན་ལ་ཡང་ཡོད། ཐེག་ཆེན་གྱི་སྒོམ་ལམ་སྔར་མེད་གསར་དུ་སྐྱེ་ན་འདོད་གཟུགས་གང་རུང་གི་རྟེན་ཅན་དུ་ངེས་ཏེ། སྡུད་པ་ལས། བྱང་ཆུབ་ཡོན་ཏན་ཕ་རོལ་ཕྱིན་ཉམས་འགྱུར་འོང་ཞེས། །གཟུགས་མེད་ཁམས་སུ་སྐྱེ་བ་དོན་དུ་གཉེར་མི་བྱེད། །ཅེས་སོ། །ཐོབ་ཟིན་གནས་པ་གཟུགས་མེད་ཀྱི་རྟེན་ལའང་ཡོད་སྲིད་དེ། གཟུགས་མེད་ཁམས་པའི་འགྲོ་བ་འདུལ་བའི་ཐབས་ལ་མཁས་པ་ཡིན་པའི་ཕྱིར། གཉིས་པ་ལ། སྤྱིར་བསྟན་པ་དང་། དོགས་གཅོད་གཉིས། དང་པོ་ནི། ཐེག་དམན་གྱི་སྒོམ་ལམ་སྔར་མེད་གསར་དུ་སྐྱེ་བ་བསམ་གཏན་ས་དྲུག་གང་རུང་ལ་དངོས་སུ་བརྟེན་ཅིང་། ཐོབ་ཟིན་མངོན་དུ་བྱེད་པ་གཟུགས་མེད་ཀྱི་སེམས་ལ་བརྟེན་པ་ཡོད་དེ། ཉན་ཐོས་སྒོམ་ལམ་པས་སྲིད་རྩེའི་དངོས་གཞི་ལ་བརྟེན་ནས་འགོག་སྙོམས་མངོན་དུ་བྱེད་པ་ཡོད་པའི་ཕྱིར། ཐེག་ཆེན་གྱི་བསམ་གཏན་བཞི་པའི་དངོས་གཞིའི་སེམས་ལ་བརྟེན་པ་གཙོ་ཆེ་སྟེ། དེ་ཞི་ལྷག་ཆ་མཉམ་པ་ལ་བརྟེན་ནས་ལམ་སྒྲུབ་སླ་བའི་ཕྱིར། གཟུགས་མེད་ཀྱི་སེམས་ལ་དངོས་སུ་མི་བརྟེན་པ་མ་ཡིན་ཏེ། ས་དང་པོའི་མཉམ་བཞག་ཁྱད་པར་ལམ་གྱི་སྐད་ཅིག་ཐ་མའི་ངོ་བོར་གྱུར་པའི་གཟུགས་མེད་ཀྱི་དངོས་གཞིས་ས་གཉིས་པའི་དངོས་རྒྱུ་བྱེད་པ་ཡོད་པའི་ཕྱིར། གཉིས་པ་ནི། ཐེག་ཆེན་གྱི་སྒོམ་ལམ་སྐད་ཅིག་མ་དང་པོ་མཉམ་བཞག་ཏུ་ངེས་ཀྱང་དེའི་དངོས་རྒྱུ་ལ་ས་དང་པོའི་མཉམ་བཞག་ཁྱད་པར་ཅན་གྱི་ལམ་ཡང་ཡོད། རྗེས་ཐོབ་ཁྱད་པར་ཅན་གྱི་ལམ་ཡང་ཡོད་དོ། །

གསུམ་པ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། བདག་མེད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་རྗེས་ལ་མངོན་རྟོགས། གཉིས་པ་ལ། ཉན་ཐོས། རང་རྒྱལ། ཐེག་ཆེན་གྱི་སྒོམ་ལམ་དང་གསུམ། དང་པོའི་མཚན་ཉིད། གང་ཟག་གི་བདག་མེད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཉན་ཐོས་ཀྱི་རྗེས་ལ་མངོན་རྟོགས། དབྱེ་ན། ཉན་ཐོས་ཀྱི་སྒོམ་ལམ་ཆུང་ངུ་ལ་སོགས་པ་དགུའོ། །བསྡུ་ན། རྗེས་ཐོབ་ཀྱིས་བསྡུས་པའི་ཟག་བཅས་སྒོམ་ལམ་དང་། མཉམ་བཞག་གིས་བསྡུས་པའི་ཟག་མེད་སྒོམ་ལམ་གཉིས་སུ་འདུས་སོ། །གཉིས་པ་ལའང་དེས་འགྲེ། གསུམ་པ་ལ། མཚན་ཉིད། དབྱེ་བ། སོ་སོའི་རང་བཞིན། གྲངས་ངེས་དང་བཞི། དང་པོ་ནི། སྟོང་ཉིད་མངོན་སུམ་དུ་རྟོགས་ཟིན་སྒོམ་པར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ནི། ངོ་བོའི་སྒོ་ནས་ཟག་བཅས་དང་ཟག་མེད་གཉིས། རྣམ་པའི་སྒོ་ནས་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུ།

གསུམ་པ་ལ། འདིར་བསྟན་གྱི་ཟག་པ་ངོས་བཟུང་བ་དང་། དེ་དང་བཅས་མ་བཅས་ཀྱི་དོན། མཚན་ཉིད་བསྡུས་ཏེ་བསྟན་པ་དང་གསུམ། དང་པོ་ནི། གཟུང་འཛིན་ཐ་དད་དུ་སྣང་བའི་ཤེས་སྒྲིབ་རྟོག་པ་ཡིན་ཏེ། ཆོས་བཤེས་ཀྱིས། རྣམ་རྟོག་དང་བཅས་པས་ཟག་བཅས་དང་། རྟོག་པ་དང་བྲལ་བས་ཟག་མེད། ཅེས་གསུངས་པའི་ཕྱིར། ཟག་བཅས་སྒོམ་ལམ་དང་། ཤེས་སྒྲིབ་རྟོག་པ་ལྷན་ཅིག་ངེས་པར་འཇུག་པའི་ཆ་ནས་དེ་དང་བཅས་པར་འཇོག་པ་མ་ཡིན་ཏེ། དག་སའི་རྗེས་ཐོབ་ཀྱི་གནས་སྐབས་སུ་ཤེས་སྒྲིབ་རྟོག་པ་རྒྱུན་ཆགས་སུ་འབྱུང་བའི་ངེས་པ་མེད་པའི་ཕྱིར། དེས་ན་ཤེས་སྒྲིབ་རྟོག་པའི་ས་བོན་ལ་ཤེས་སྒྲིབ་རིགས་འདྲ་ཕྱི་མ་འབྱུང་བའི་རྐྱེན་ཀུན་རྫོབ་ཀྱི་སྤྲོས་པ་སྣ་ཚོགས་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པ་ནི་ཟག་པ་དང་བཅས་པའི་དོན་ཡིན་ལ། དེ་ལས་ལོག་པ་ནི་ཟག་བཅས་མ་ཡིན་པའི་དོན་ནོ། །དེའི་ཕྱིར་ཟག་བཅས་སྒོམ་ལམ་ཡིན་ན། ཟག་མེད་ཡིན་པས་ཁྱབ་བོ། །གསུམ་པ་ལ། ཟག་བཅས་སྒོམ་ལམ་གྱི་མཚན་ཉིད། ཀུན་རྫོབ་བདེན་པ་ཡུལ་གྱི་གཙོ་བོར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། མཚན་གཞི། ཐེག་ཆེན་གྱི་སྒོམ་ལམ་རྗེས་ཐོབ་མཐའ་དག་གོ །ཟག་མེད་སྒོམ་ལམ་གྱི་མཚན་ཉིད། དོན་དམ་བདེན་པ་ཡུལ་གྱི་གཙོ་བོར་བྱེད་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། མཚན་གཞི་ཐེག་ཆེན་གྱི་སྒོམ་ལམ་མཉམ་བཞག་མཐའ་དག་གོ །བཞི་པ་ནི། ཐེག་ཆེན་གྱི་སྒོམ་ལམ་ཆུང་ངུའི་ཆུང་ངུ་ལ་སོགས་པ་དགུར་གྲངས་ངེས་ཏེ། ཐེག་ཆེན་གྱི་སྒོམ་ལམ་དེ་ས་གཉིས་པ་ནས་བཅུ་པའི་བར་དུ་རྒྱུན་ཆགས་སུ་འབྱུང་བའི་ཕྱིར། ཁྱབ་སྟེ། ས་གཉིས་པ་དང་དེའི་ཆུང་ངུའི་ཆུང་ངུ་དོན་གཅིག་པ་ནས། ས་བཅུ་པ་དང་དེའི་ཆེན་པོའི་ཆེན་པོ་དོན་གཅིག་པའི་ཕྱིར་ཏེ། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། ཞེས་སོགས་ཀྱི་དོན་ནོ། །

གཉིས་པ་ལ། ཟག་བཅས་སྒོམ་ལམ་དང་། ཟག་མེད་སྒོམ་ལམ་གཉིས། དང་པོ་ལ། མོས་བསྔོ་རྗེས་སུ་ཡི་རང་གི་སྒོམ་ལམ་དང་གསུམ། དང་པོ་ནི། ཐེག་ཆེན་གྱི་མོས་པ་སྒོམ་ལམ་ལ་མཚན་ཉིད། དབྱེ་བ། ས་མཚམས། ཕན་ཡོན་དང་བཞི། དང་པོ་ནི། ཡུམ་ཤེར་ཕྱིན་དོན་གསུམ་གྱི་འབྱུང་གནས་སུ་མོས་པར་བྱེད་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ལ། རང་དོན་མོས་པ་སྒོམ་ལམ། གཉིས་དོན་མོས་པ་སྒོམ་ལམ། གཞན་དོན་མོས་པ་སྒོམ་ལམ་དང་གསུམ། དང་པོའི་མཚན་ཉིད། མ་དག་སའི་སྒོམ་ལམ་གང་ཞིག །ཡུམ་ཤེར་ཕྱིན་རང་དོན་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ། དབྱེ་ན། ཆུང་ངུའི་ཆུང་ངུ་སོགས་དགུ། གཉིས་པའི་མཚན་ཉིད། ས་བཅུ་པའི་ཡེ་ཤེས་མ་སྐྱེས་གོང་གི་དག་སའི་སྒོམ་ལམ་གང་ཞིག །ཡུམ་ཤེར་ཕྱིན་དོན་གཉིས་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ། དབྱེ་ན་དགུ། གསུམ་པའི་མཚན་ཉིད། ས་བཅུ་པའི་རྒྱུད་ཀྱི་སྒོམ་ལམ་གང་ཞིག །ཡུམ་ཤེར་ཕྱིན་གཞན་དོན་ཕུན་ཚོགས་ཀྱི་འབྱུང་གནས་སུ་མོས་པར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ། དབྱེ་ན་དགུ། འདི་དག་ཀྱང་མཚོན་བྱེད་དཔེའི་སྒོ་ནས་ཆུང་འབྲིང་ཆེན་པོར་བཞག་པ་ཡིན་གྱི། དང་པོར་སྐྱེ་བ་ལ་ཆུང་ངུ་། བར་དུ་འབྲིང་། ཐ་མ་ཆེན་པོར་བཞག་པ་མ་ཡིན་ཏེ། གང་ཟག་གཅིག་གི་རྒྱུད་ལ་མཚོན་བྱེད་དཔེ་དགུ་ཅིག་ཅར་དུ་ཡོད་པ་མི་འགལ་བའི་ཕྱིར། གསུམ་པ་ནི། དང་པོ་ས་གཉིས་པ་ནས་བདུན་པའི་བར་དུ་ཡོད་དེ། དེར་ཉོན་ཡིད་ཀྱི་བག་ལ་ཉལ་གནས་མ་གྱུར་པའི་སྟོབས་ཀྱིས་སྦྱོར་བས་རང་དོན་གཙོ་བོར་སྒྲུབ་པའི་རིགས་སུ་གནས་པའི་ཕྱིར། གཉིས་པ་ས་བརྒྱད་པ་དང་དགུ་པའི་གནས་སྐབས་ན་ཡོད་དེ། སྦྱོར་བས་རང་གཞན་གཉིས་ཀའི་དོན་འབད་མེད་དུ་སྒྲུབ་ནུས་ཤིང་། གདུལ་བྱ་གཞན་ངོར་རྗེས་ཐོབ་ཏུ་སེམས་ཅན་གྱི་དོན་བྱེད་ཚུལ་སངས་རྒྱས་དང་མཚུངས་པ་མ་ཐོབ་པའི་ཕྱིར། གསུམ་པ་ས་བཅུ་པ་ན་ཡོད་དེ། དེར་རྗེས་ཐོབ་ཏུ་གདུལ་བྱ་གཞན་ངོར་སེམས་ཅན་གྱི་དོན་བྱེད་ཚུལ་སངས་རྒྱས་དང་མཚུངས་པའི་ཕྱིར། འོན་ཀྱང་སྤངས་རྟོགས་ཀྱི་ངོས་ནས་མཉམ་པ་མ་ཡིན་ཏེ། ས་གཞི་དང་རྡུལ་ཕྲན་གྱི་དཔེས་གསུངས་པའི་ཕྱིར་ཏེ། རྒྱུད་བླར། དེ་ལྟ་མོད་ཀྱི་ས་རྡུལ་དང་། །རྒྱ་མཚོ་བ་ལང་རྨིག་རྗེས་ཀྱི། །ཁྱད་པར་གང་ཡིན་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་ཁྱད་དེ་ཉིད། །ཅེས་སོ། །

བཞི་པ་ལ། མཚན་ཉིད། དབྱེ་བ། ས་མཚམས་དང་གསུམ། དང་པོ་ནི། རང་གི་རྒྱུར་གྱུར་པའི་མོས་པ་སྒོམ་ལམ་ངོ་བོ་ཇི་ལྟ་བ་བཞིན་སྒོམ་སྟོབས་ཀྱིས་ཐོབ་པའི་དགེ་ལེགས། གཉིས་པ་ལ། བསྟོད་བཀུར་བསྔགས་པའི་ཕན་ཡོན་དགུ་དགུ་སྟེ་ཉེར་བདུན། དེ་དག་ཀྱང་མོས་པ་སྒོམ་ལམ་གསུམ་ལ་རིམ་བཞིན་ནོ། །གསུམ་པ་ནི། མོས་པ་སྒོམ་ལམ་སྐད་ཅིག་གཉིས་པ་ནས་སངས་རྒྱས་སའི་བར་དུའོ། །

གཉིས་པ་ནི། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །ཞེས་སོགས་ཀྱི་སྐབས་སུ། ཐེག་ཆེན་གྱི་བསྔོ་བ་སྒོམ་ལམ་ལ། མཚན་ཉིད། དབྱེ་བ། ཞར་བྱུང་བསྔོ་བའི་རྣམ་བཞག་དང་གསུམ། དང་པོ་ནི། རང་གི་དགེ་རྩ་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱེད་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ལ། ས་མཚམས་དང་། ཡུལ་གྱི་སྒོ་ནས་དབྱེ་བ་གཉིས། གཉིས་པ་ལ། མ་དག་སས་བསྡུས་པའི་བསྔོ་བ་སྒོམ་ལམ་དང་། དག་སས་བསྡུས་པའི་བསྔོ་བ་སྒོམ་ལམ་གཉིས། གཉིས་པ་ཡུལ་གྱི་སྒོ་ནས་དབྱེ་ན། མོས་པ་ཁྱད་པར་ཅན་གྱི་བསྔོ་བ་སྒོམ་ལམ། མི་དམིགས་པའི་བསྔོ་བ་སྒོམ་ལམ། ཕྱིན་ཅི་མ་ལོག་པའི་བསྔོ་བ་སྒོམ་ལམ། དབེན་པའི་བསྔོ་བ་སྒོམ་ལམ། དགེ་ཚོགས་ཀྱི་རང་བཞིན་དྲན་པའི་བསྔོ་བ་སྒོམ་ལམ། ཐབས་ལ་མཁས་པའི་བསྔོ་བ་སྒོམ་ལམ། མཚན་མ་མེད་པའི་བསྔོ་བ་སྒོམ་ལམ། སངས་རྒྱས་ཀྱི་སྣང་བའི་བསྔོ་བ་སྒོམ་ལམ། ཁམས་གསུམ་པར་མ་གཏོགས་པའི་བསྔོ་བ་སྒོམ་ལམ། དཔེ་ཆུང་ངུས་མཚོན་པའི་བསྔོ་བ་སྒོམ་ལམ། འབྲིང་གིས་མཚོན་པའི་བསྔོ་བ་སྒོམ་ལམ། ཆེན་པོས་མཚོན་པའི་བསྔོ་བ་སྒོམ་ལམ་དང་བཅུ་གཉིས་སོ། །གསུམ་པ་ལ། མཚན་ཉིད་དང་། དབྱེ་བ། ཁྱད་ཆོས་དང་གསུམ། དང་པོ་ནི། རང་གཞན་གྱི་དགེ་རྩ་འབྲས་བུ་ཁྱད་ཅན་དུ་སྒྲུབ་པར་བྱེད་པའི་འདུན་པ་མཚུངས་ལྡན་དང་བཅས་པ། གཉིས་པ་ལ། མངོན་མཐོ་དང་། ངེས་ལེགས་ཀྱི་བསྔོ་བ་གཉིས། ཕྱི་མ་ལ་ཐེག་པ་ཆེ་ཆུང་གི་བསྔོ་བ་གཉིས་སོ། །གསུམ་པ་ལ། བསྔོ་རྒྱུ། བསྔོ་བ། ཆེད་དུ་བྱ་བ། བསྔོ་ཚུལ། དེ་ལྟར་བསྔོས་པའི་དགོས་པ། བསྔོ་བ་འགྲུབ་པར་བྱེད་པའི་དཔང་པོ་དང་དྲུག །དང་པོ་ནི། དགེ་བའི་རྩ་བ་སྟེ། རང་གཞན་ཐམས་ཅད་ཀྱི་དུས་གསུམ་དང་རྗེས་སུ་འབྲེལ་བའི་དགེ་བ་ཕྱོགས་གཅིག་ཏུ་བསྡོམས་ནས་བསྔོར་རུང་བ་ཡིན་ཏེ། ཕལ་པོ་ཆེའི་མདོ་ལས། འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་འགྱུར་བར་ཤོག །ཅེས་སོ། །དེ་ཡང་ཞིང་། བསམ་པ། དངོས་པོ་གསུམ་རྣམ་པར་དག་པ་ནི་ཕུན་སུམ་ཚོགས་པའི་དགེ་བ་སྟེ། སྦྱིན་པར་བྱ་བའི་ཡུལ་ཞིང་གི་དབང་དུ་བྱས་ན། སྤྱོད་འཇུག་ལས། ཡོན་ཏན་ཞིང་དང་ཕན་ཐོགས་ཞིང་། །སྡུག་བསྔལ་བ་ལས་དགེ་ཆེར་འགྱུར། །ཞེས་པས་ཡོན་ཏན་གྱི་ཞིང་བླ་མ་དཀོན་མཆོག །ཕན་ཐོགས་ཀྱི་ཞིང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ། སྡུག་བསྔལ་གྱི་ཞིང་ནད་པ་དང་། དབུལ་ཞིང་ཕོངས་པ་དང་། མགོན་མེད་པ་ལ་སོགས་པའོ། །དེ་ལྟར་ཡང་མཛོད་ལས། འཕགས་པ་མིན་ཡང་ཕ་མ་དང་། །ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་བྱང་ཆུབ་སེམས་དཔའ་ལ། །ཡོན་ནི་གཞལ་དུ་མེད་པར་གསུངས། །ཞེས་པས་ཞིང་གི་ཁྱད་པར་མང་པོ་གསུངས་ཀྱང་། གཙོ་བོར་དགེ་འདུན་ཉིད་ཡོན་ཏན་གྱི་ཞིང་དམ་པ་ཡིན་ཏེ། སྟོང་ཆེན་རབ་འབྱམས་ལས། ཞིང་རབ་ཞིང་ལ་ས་བོན་བཏབ་པ་ལྟར། །དགེ་འདུན་དཀོན་མཆོག་རིན་ཆེན་མཆོག་ཅེས་གསུངས། །ཞེས་དང་། རྗེས་དྲན་གྱི་མདོ་ལས་ཀྱང་། བསོད་ནམས་ཀྱི་དཔལ་གྱི་ཞིང་ཡོན་ཡོངས་སུ་སྦྱོང་བ་ཆེན་པོ་སྦྱིན་པའི་གནས་སུ་གྱུར་པ་ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོའོ། །ཞེས་དང་། བྱ་བའི་རྒྱུད་ལེགས་གྲུབ་ལས་ཀྱང་། ཞིང་གི་དམ་པ་ཡོན་ཏན་ཞིང་། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་སོ། །ཀུན་སློང་གི་བསམ་པའི་དབང་དུ་བྱས་ན། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཀྱི་བློས་སྦྱིན་ན་བསམ་པ་རྣམ་པར་དག་པ་སྟེ། སྤྱོད་འཇུག་ལས། བདོག་པ་ཐམས་ཅད་འབྲས་བཅས་ཏེ། །སྐྱེ་བོ་ཀུན་ལ་བཏང་སེམས་ཀྱིས། །སྦྱིན་པའི་ཕ་རོལ་ཕྱིན་གསུངས་ཏེ། །དེ་ལྟས་དེ་ནི་སེམས་ཉིད་དོ། །ཞེས་སོ། །གཉིས་པ་གང་དུ་བསྔོ་བའི་ས་ནི། ལོག་པ་དང་དམན་པའི་སར་མི་བསྔོ་སྟེ། རྟ་དབྱངས་ཀྱིས། དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་:དཔའ་༼པ་༽རྣམ་འཕྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུར་བསྔོའོ། །ཞེས་གསུངས་པས། འདས་པའི་མྱང་འདས་སུ་བསྔོ་བར་གསུངས་ཀྱང་ཉན་རང་གི་མྱང་འདས་སུ་མ་ཡིན་ཏེ། རྒྱལ་བའི་ཡུམ་ལས། རབ་འབྱོར་དགེ་བའི་རྩ་བ་ཐམས་ཅད་སངས་རྒྱས་ཉིད་ཀྱི་སར་བསྔོ་བར་བྱ་ཡི། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ཡོངས་སུ་བསྔོར་མི་གཞུག་གོ །ཞེས་པས་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་དགོས་ཏེ། ཡོངས་སུ་བསྔོ་བའི་མདོ་ལས། དགེ་བའི་རྩ་བ་འདི་དག་ཀྱང་། །སངས་རྒྱས་ཉིད་ཀྱི་སར་བསྔོའོ། །ཞེས་གསུངས་སོ། །གསུམ་པ་གང་གི་ཆེད་དུ་བསྔོ་བ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་བྱང་ཆུབ་ཐོབ་པའི་ཕྱིར་བསྔོ་བ་སྟེ། སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕངས་པ་མེད་པར་གཏང་བར་བྱ། །ཞེས་གསུངས་པ་ལྟར་བསྔོས་པས་ནི་སེམས་ཅན་ཚད་མེད་པ་ལ་དམིགས་པའི་བསོད་ནམས་ཀྱང་དེ་སྙེད་འབྱུང་བའི་ཕྱིར་ཏེ། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་དེ། །ཕན་འདོད་དེ་ནི་དེ་འདྲའོ། །ཞེས་སོ། །བཞི་པ་བསྔོ་ཚུལ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པས་བསོད་ནམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་དམིགས་སུ་མེད། ཐ་སྙད་ཀུན་རྫོབ་ཏུ་གང་གིས་བྱེད་པ་པོ་དང་། གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱས་པའི་དགེ་བ་ཐམས་ཅད་ཀྱང་རྨི་ལམ་ནམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་བསྔོ་སྟེ། ཡུམ་བར་མ་ལས། རབ་འབྱོར། ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། དགེ་བ་ཡང་སྒྱུ་མ་ལྟ་བུ་ུརྨི་ལམ་ལྟ་བུ། ཞེས་པ་ལྟར་རོ། །དམིགས་ཞེན་གྱིས་བཅིངས་ནས་བསྔོས་ན་ནི། དགེ་བ་བཟང་པོར་མི་འགྱུར་ཏེ། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་པས། དམིགས་པ་མེད་པའི་ཚུལ་གྱིས་བསྔོ་བ་སྟེ། རྩ་བར། ཡོངས་སུ་བསྔོ་བ་ཁྱད་པར་ཅན། །དེ་ཡི་བྱེད་པ་མཆོག་ཡིན་ནོ། །དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་སོ། །དེ་ལ་བསྔོ་བ་རང་གི་ངོ་བོ་ནི། དགེ་རྩ་བྱང་ཆུབ་ཏུ་འདུན་པས་བསྒྱུར་བའི་བློ་དང་ཚིག་ཁྱད་པར་ཅན་གྱི་མཐུ་བསྡོམས་པ་སྟེ། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པའི་མདོ་ལས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་སོ། །ལྔ་པ་བསྔོས་པའི་དགོས་པ་ནི། དགེ་རྩ་མི་ཟད་ཅིང་གོང་ནས་གོང་དུ་འཕེལ་བའི་ཆེད་དུ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་གཅིག །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་སོ། །དྲུག་པ་བསྔོ་བ་འགྲུབ་པའི་དཔང་པོ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་བསྔོ་བ་འགྲུབ་པའི་ཆེད་དུ་མཁྱེན་པར་གསོལ་བའོ། །

གསུམ་པ་ནི། ཐབས་དང་མི་དམིགས་པ་དག་ལས། །ཞེས་པས་ཐེག་ཆེན་གྱི་རྗེས་སུ་ཡི་རང་སྒོམ་ལམ་ལ། མཚན་ཉིད། དབྱེ་བ། དོགས་གཅོད་དང་གསུམ། དང་པོ་ནི། རང་གཞན་གྱི་དགེ་རྩ་ལ་དགའ་བ་ཡང་དག་པ་སྒོམ་པར་བྱེད་པའི་ཚོར་བ་ཡིད་བདེ་མཚུངས་ལྡན་དང་བཅས་པའི་རྗེས་ཐོབ་ཀྱིས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། གཉིས་པ་ལ། མ་དག་པ་དང་། དག་པ་སས་བསྡུས་པའི་རྗེས་སུ་ཡི་རང་སྒོམ་ལམ་གཉིས་སོ། །གསུམ་པ་ནི། མོས་བསྔོ་རྗེས་སུ་ཡི་རང་གསུམ་མི་འགལ་ཏེ། ཐེག་ཆེན་གྱི་ཟག་བཅས་སྒོམ་ལམ་ཐམས་ཅད་བསྔོ་བ་སྒོམ་ལམ་གྱི་ནང་དུ་འདུས་པའི་ཕྱིར་ཏེ། དེ་ཐམས་ཅད་བྱང་ཆུབ་དོན་གཉེར་གྱི་འདུན་པས་ཟིན་པའི་སྒོམ་ལམ་ཡིན་པའི་ཕྱིར། ཡིན་ཁྱབ་མཉམ་ཡང་མ་ཡིན་ཏེ། ཚོར་བ་བཏང་སྙོམས་དང་མཚུངས་ལྡན་གྱི་མོས་བསྔོ་གཉིས། རྗེས་སུ་ཡི་རང་སྒོམ་ལམ་མ་ཡིན་པའི་ཕྱིར། གཉིས་པ་ལ། སྒྲུབ་པ་སྒོམ་ལམ་དང་། རྣམ་དག་སྒོམ་ལམ་གཉིས། དང་པོ་ནི། དེ་ཡི་ངོ་བོ་ཉིད་མཆོག་ཉིད། །ཅེས་པས་ཐེག་ཆེན་གྱི་སྒྲུབ་པ་སྒོམ་ལམ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། སྒོམ་སྤང་ཤེས་སྒྲིབ་ཀྱི་སྤོང་བ་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། འདི་དང་ཐེག་ཆེན་གྱི་སྒོམ་ལམ་བར་ཆད་མེད་ལམ་དོན་གཅིག །གཉ ིས་པ་ལ། ས་མཚམས་ཀྱི་སྒོ་ནས་དབྱེ་ན། མ་དག་པ་དང་། དག་པ་སས་བསྡུས་པའི་སྒྲུབ་པ་སྒོམ་ལམ་གཉིས། སྤང་བྱའི་སྒོ་ནས་དབྱེ་ན། སྒོམ་སྤང་གི་ས་བོན་དང་། གནས་ངན་ལེན་དངོས་སུ་སྤོང་བའི་སྒྲུབ་པ་སྒོམ་ལམ་གཉིས་སོ། །

གཉིས་པ་ནི། འབྲས་བུ་དག་པ་གཟུགས་ལ་སོགས་ཞེས་པས་ཐེག་ཆེན་གྱི་རྣམ་དག་སྒོམ་ལམ། གཞུང་གིས་བསྟན་དོན། འབྲས་བུ་རྣམ་དག་བྱེ་བྲག་ཏུ་བཤད་པ་དང་གསུམ། དང་པོ་ལ། མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། སྒོམ་སྤང་ཤེས་སྒྲིབ་ཀྱི་རྟེན་གཉེན་པོས་བསྡུས་པའི་ཐེག་ཆེན་གྱི་རྗེས་ལ་མངོན་རྟོགས། འདི་དང་ཐེག་ཆེན་གྱི་སྒོམ་ལམ་རྣམ་གྲོལ་ལམ་དོན་གཅིག །དབྱེ་ན། ས་གཉིས་པའི་རྣམ་གྲོལ་ལམ་ནས་ས་བཅུ་པའི་རྣམ་གྲོལ་ལམ་གྱི་བར་དགུ། གཉིས་པ་ལ། ཆོས་ཅན། བསྒྲུབ་བྱའི་ཆོས། གཏན་ཚིགས་ལ་དཔྱད་པ་དང་གསུམ། དང་པོ་ནི། འདིར་དངོས་བསྟན་གྱི་རྣམ་གྲོལ་ལམ་ལ། ཉན་རང་བྱང་སེམས་སངས་རྒྱས་ཀྱི་རྣམ་གྲོལ་ལམ་དང་བཞི་ཡོད། འོན་ཀྱང་བསྟན་བྱའི་གཙོ་བོ་ནི་ཐེག་ཆེན་གྱི་རྣམ་གྲོལ་ལམ་མོ། །གཉིས་པ་ནི། མདོ་ལས། འབྲས་བུ་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་ཞེས་དང་། འབྲས་བུ་དག་པ་གཟུགས་ལ་སོགས། །དག་པ་ཉིད་དེ། ཞེས་པའི་དོན་གང་ལ་བྱེད་ཟེར་ན། རྣམ་གྲོལ་ལམ་རང་གི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་ན་དེའི་ཡུལ་གཟུགས་སོགས་ཀྱང་རང་གི་ངོ་སྐལ་གྱི་དྲི་མ་རྣམ་པར་དག་པ་དང་། དེའི་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་རང་གི་ངོ་སྐལ་གྱི་དྲི་མ་རྣམ་པར་དག་པའོ། །གསུམ་པ་ནི། མདོ་ལས། དེ་ལྟར་ན་འབྲས་བུ་རྣམ་པར་དག་པ་དང་། གཟུགས་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད། ཅེས་སོགས་དང་། འདིར། དེ་གཉིས་ཐ་དད་མ་ཡིན་ཞིང་། །དཔྱད་དུ་མེད་པས་དག་པར་བརྗོད། །ཅེས་པའི་དོན་གང་ལ་བྱེད་ཟེར་ན། ཐེག་ཆེན་གྱི་སྒོམ་ལམ་རྣམ་གྲོལ་ལམ་རང་གི་ངོ་སྐལ་གྱི་དྲི་མས་རྣམ་པར་དག་པ་དེའི་ཡུལ་གཟུགས་སོགས་ཀྱི་ཆོས་ཉིད་མཐོང་བ་ལ་ཡང་རང་གི་ངོ་སྐལ་གྱི་དྲི་མས་དག་པའི་ཁྱད་པར་རང་མཚན་ལ་རྫས་ཐ་དད་དང་སྤྱི་མཚན་ལ་ལྡོག་པ་སོ་སོར་བློ་དོན་མཐུན་གྱིས་དཔྱད་དུ་མེད་པའོ། །གསུམ་པ་ལ། མཚན་ཉིད་དང་དབྱེ་བ་གཉིས། དང་པོ་མཚན་ཉིད་ནི། ཟག་མེད་བར་ཆད་མེད་ལམ་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལས་གྲོལ་བའི་རྣམ་གྲོལ་ལམ་དང་འགོག་བདེན་གང་རུང་དུ་གྱུར་པའི་ཡོན་ཏན། འདི་དང་དགེ་སྦྱོང་ཚུལ་གྱི་འབྲས་བུ་དོན་གཅིག །གཉིས་པ་ལ། ཉན་ཐོས། རང་རྒྱལ། བྱང་སེམས། སངས་རྒྱས་ཀྱི་རྣམ་དག་དང་བཞི། མཚན་ཉིད་རིམ་བཞིན། ཐེག་པ་ཆུང་ངུ་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་དང་འགོག་བདེན་གང་རུང་དུ་གྱུར་པ། ཐེག་པ་འབྲིང་གི་རྒྱུད་ཀྱི་རྣམ་གྲོལ་ལམ་དང་འགོག་བདེན་གང་རུང་གྱུར་པ། རྒྱལ་སྲས་འཕགས་པའི་རྒྱུད་ཀྱི་རྣམ་གྲོལ་ལམ་དང་འགོག་བདེན་གང་རུང་དུ་གྱུར་པ། སྒྲིབ་གཉིས་སྤངས་པའི་སྤངས་རྟོགས་གང་རུང་གིས་བསྡུས་པའི་ཡོན་ཏན་ནོ། །མངོན་རྟོགས་རྒྱན་གྱི་འགྲེལ་བཤད་ཉུང་ངུ་རྣམ་པར་གསལ་བ་ལས། ལམ་ཤེས་བཤད་པའི་སྐབས་ཏེ་གཉིས་པའོ།། །།


previousལམ་ཤེས་མཚོན་བྱེད་ཀྱི་ཆོས་བཅུ་གཅིགnext