Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
དཀྱིལ་འཁོར་སྒོམ་དོན་བློས་བསླང་རྣམ་བཞག རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ།
   
   


 
previousདཀྱིལ་འཁོར་སྒོམ་དོན་བློས་བསླང་རྣམ་བཞག རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། next

དཀྱིལ་འཁོར་སྒོམ་དོན་བློས་བསླང་རྣམ་བཞག རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ།


MLP020_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་སྒོམ་དོན་བློས་བསླང་རྣམ་བཞག རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། འདིར་དཀྱིལ་འཁོར་སྒོམ་དོན་བློས་བསླང་རྣམ་བཞག་ལ་དོན་བཅུ་བཞི་ལས། ཐོག་མར་སྤྱིའི་འོག་གི་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེ་སྔོན་པོ་ཆེ་བ་ཁྲོལ་བླུགས་ཀྱི་བར་རྣམས་རྡུལ་ཕྲན་ལྟ་བུའི་རྡོ་རྗེ་ཕྲ་མོས་གཏམས་པ་ཞུ་ལུགས་སུ་འབྲེལ་བའི་གཞི་སྲ་བརྟན་ཁོད་མཉམ་པའོ། །གཉིས་པ་ཁོར་ཡུག སྔར་གྱི་བསྲུང་འཁོར་མ་བསྡུས་པར་ཡོད་པས་རྡོ་རྗེའི་རྭ་གུར་སོགས་གསལ་འདེབས་མི་དགོས་ཀྱང་ས་མཚམས་གཅོད་བྱེད་འོག་གཞིའི་ཕྱི་མཐར་རྡོ་རྗེའི་རྭ་བ་ལྕགས་རི་ལྟ་བུས་བསྐོར་བ་ལས་མེ་དཔུང་ཁ་དོག་སྣ་ལྔ་མཐའ་མེད་དུ་འཕྲོ་བ། རྡོ་རྗེའི་རྭ་བའི་ནང་ཁོངས་སུ་རྡོ་རྗེའི་ས་གཞི་ལས་རྡུལ་ལྟ་བུ་ཆགས་པས་རྡོ་རྗེའི་དབྱིབས་མི་མངོན་པར་བྱས་པའི་གཞི་ལས་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ། དེ་དག་ཏུ་དུར་ཁྲོད་ཀྱི་ཆོས། ཤིང་ཆེན་པོ་བརྒྱད། སོ་སོའི་རྩ་བ་ལ་ཕྱོགས་སྐྱོང་བརྒྱད་རང་རང་གི་བཞོན་པར་གནས་ཤིང་ཆུང་མས་གཡོན་ནས་བརྟེན་པ། དེ་དག་གི་ཞོན་པའི་གདོང་ཅན་ལག་ན་ཐོད་པ་ཤ་ཁྲག་གིས་བཀང་བ་ཐོགས་པའི་ཞིང་སྐྱོང་བརྒྱད་ཡལ་ག་ལས་ཤིང་ལོའི་ཁྲོད་ནས་ལུས་ཕྱེད་འཐེན་པ། དེ་བཞིན་ཆུ་ཆེན་པོ་བརྒྱད། དེའི་དབུས་ཀླུ་བརྒྱད་ལུས་ཕྱེད་སྟེང་དུ་ཐོན་པ། སྟེང་མཁར་སྤྲིན་བརྒྱད་ལས་ཆར་འབེབས་པ། རི་ཆེན་པོ་བརྒྱད་ལ་བརྟེན་པའི་མཆོད་རྟེན་བརྒྱད།


MLP020_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

མེ་བརྒྱད། གྲུབ་པ་དང་རིག་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་དང་། ཤ་ཟ་འབྱུང་པོ་དང་བྱ་གཅན་གཏུམ་པོ་མང་པོས་གང་བ། རོ་རངས་པོ་དང་དུམ་བུ་ཀེང་རུས་ལ་སོགས་པ་བཀྲམ་པས་འཇིགས་པར་བྱས་པའོ། །གསུམ་པ་གཞལ་ཡང་ཁང་དངོས་ཀྱི་གཞི་ནི། དུར་ཁྲོད་ཁོར་ཡུག་དེའི་ནང་དུ་རྒྱུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་སྟེ། འདབ་མ་རྣམས་རང་རང་གི་རྩ་བ་ནས་སུམ་ཆ་ཙམ་འཕྲེད་དང་། དེ་ཕན་ཆད་གྱེན་དུ་ལངས་པའི་རྩེ་རྣམས་ནང་དུ་ཅུང་ཟད་ཙམ་གུག་པ་ཁ་དོག་སྣ་ཚོགས་པས་བསྐོར་བའི་དབུས་སུ་འདབ་མ་རྣམས་སྐྱེ་བའི་གཞི་པདྨའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ཅན་ཁ་དོག་ལྗང་གུ་གེ་སར་དམར་སེར་ཟི་ཕོར་དང་བཅས་པ་སྟེ་མེའི་རྭ་བ་ནས་འདིའི་བར་སྒོམ་དོན་ལ་ཤིན་ཏུ་རྒྱ་ཆེ་བར་སྒོམ་པ་ལས་ཚད་མ་ངེས་ཀྱང་། གཟུགས་བརྙན་བཞེངས་པ་ལས་བཟོ་ཉེས་འགོག་པའི་ཆེད་དུ་ཚད་བཞག་ན། འདིར་རྟ་བབས་བརྒྱད་མ་དང་བཞི་ལ་འདམ་ཁར་མཛད་པའི་དབང་གིས་ཚད་ཀྱང་གཅིག་ཏུ་མ་ངེས་པས། བརྒྱད་མའི་ཚེ་ན་པདྨའི་ལྟེ་བ་ཟླུམ་པའི་ཐད་ཀ་ལས་རྒྱར་ཆ་ཆེན་བཅོ་བརྒྱད། བཞི་མའི་ཚེ་ན་ཆ་ཆེན་བཅུ་དྲུག་ཡིན་ལ། གང་ལ་ཡང་པདྨའི་ལྟེ་བའི་ཉི་མའི་དཀྱིལ་འཁོར་དྭངས་ཤིང་གསལ་བ་གེ་སར་གྱི་རྒྱ་དང་ཁད་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་མཐིང་ག་གྲུ་བཞི་པ་ཐད་ཀའི་རྒྱར་ཆ་ཆེན་བཅུ་གཉིས་དང་། དཔང་དུ་ཆ་ཆེན་གཅིག་པ། དེ་ལས་འཐོན་པའི་རྭ་རྣམས་ཤར་གྱི་རྭ་གསུམ་དཀར་པོ་སོགས་ཕྱོགས་མདོག ཚད་དབུས་རྭ་དཀྱིལ་སྦོམ་སར་ཆ་ཆེན་གཅིག་དང་རྩ་རྩེ་དེའི་ཕྱེད་ཆ་ལས་རྩེ་མོ་ཅུང་ཟད་ཇེ་ཕྲ་དང་། མཐའ་རྭ་གཉིས་དབུས་སྦོམ་པར་ཆ་ཕྲན་གསུམ་དང་རྩ་བ་ཆ་ཕྲན་གཉིས་རྩེ་མོ་རིམ་གྱིས་ཕྲ་བ། རིང་ཐུང་ནི་སྒོམ་དོན་དང་བཞེངས་པ་གང་གི་ཚེ་ཡང་པདྨའི་གེ་སར་གྱི་མཐའ་དང་དབུས་རྭའི་རྩེ་ཁད་མཉམ་ཞིང་མཐའ་རྭ་གཉིས་དབུས་རྭ་དང་རིང་ཐུང་འདྲ་ཡང་གུག་པའི་ཆས་རྩེར་མ་སླེབ་པའོ། །བཞི་པ། གྲུ་བཞི་པ་ལ་ཞེས་པའི་དོན་རྩིག་པ་ནི། དཀྱིལ་འཁོར་གྱི་དབུས་ནས་ཆ་ཆེན་བཞི་བཞི་ཕྱིར་གཞལ་བའི་མཚམས་སུ་རྩིག་པ་སྲབ་འཐུག་ཆ་ཕྲན་གཅིག་དང་ལྡན་པ་ཁོར་


MLP020_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

མོར་གྲུ་བཞིར་བསླང་ཞིང་། རེ་ཁཱ་ལྔ་ཡང་སྒོམ་དོན་ལ་བརྩེགས་མ་དང་སྦྲགས་མའི་ལུགས་གཉིས་འབྱུང་བ། སྤྱི་ཙམ་དུ་གཉིས་ཀ་མི་འགལ་ཡང་། འདིར་སངས་རྒྱས་གསང་བས། ཕྱི་ནི་རིན་ཆེན་ལྔ་རུ་སྦྲག ཞེས་པ་ལྟར་སྦྲགས་མར་མཛད་ཅིང་། རིམ་པའང་གཙོ་བོའི་དབང་གིས་ནང་ནས་དམར་དཀར་སེར་སྔོ་ལྗང་བའམ། དམར་ལྗང་སེར་སྔོ་དཀར་བ་གཉིས་གང་ལྟར་ཀྱང་མི་འགལ་སྟེ། ཕན་ཚུན་རེག་ལ་མ་འབྱར་བའི་ཚུལ་ཅན་དང་། དཔང་ནི་རྟ་བབས་ཀྱི་དབང་གིས་མཐའ་གཅིག་ཏུ་མ་ངེས་པས་འདིར་བརྒྱད་མའི་ཚེ་ཆ་ཕྲན་གཅིག་གིས་ལྷག་པའི་ཆ་ཆེན་གསུམ་དང་། བཞི་མ་ལ་ཆ་ཆེན་གཉིས་དང་ཆ་ཕྲན་གསུམ་མོ། །ལྔ་པ་འདོད་སྣམ་དང་། ཞེས་པའི་དོན་ནི། རྩིག་པའི་ཕྱི་ངོས་སུ་འགྲམ་སྟེགས་ཀྱི་ཚུལ་དུ་རཏྣ་དམར་པོའི་སྣམ་བུ་དཔངས་དང་ཞེ ང་གཉིས་ཀ་ལ་ཆ་ཕྲན་གཉིས་རེར་མཉམ་བས་སྒོ་འཁྱུད་ཀྱི་རྩིག་པ་ལ་ཐུགས་པར་བསྐོར་བ་ལ་མཆོད་པའི་ལྷ་མོ་རྣམས་གནས་ཏེ། དེ་ལ་ཆོས་དོན་ལས། ལོངས་སྤྱོད་འདོད་ཡོན་སྣམ་བུ་ལ། །གཟུགས་མཛེས་སྒྲ་སྙན་དྲི་མཆོག་དང་། །རོ་ཞིམ་ཡིད་འོང་ཆོས་རྣམས་ཀྱི། །ལྷ་མོ་རྣམས་ཀྱིས་དགྱེས་པར་རོལ། །ཞེས་པ་ལྟར། འདོད་ཡོན་གྱི་ལྷ་མོ་བཅུ་དྲུག་གམ་ཡང་ན་སྤྱི་དང་འདྲ་བར། རིགས་མ་བཅུ་དྲུག་སྟེ། ཤར་སྟོད་ཀྱི་སྣམ་བུར་པི་ཝཾ་མ་སྔོན་པོ་དང་། གླིང་བུ་མ་སེར་མོ། ཤར་སྨད་དུ་རྔ་ཟླུམ་མ་དམར་མོ་དང་། རྫ་རྔ་མ་ལྗང་གུ དེ་བཞིན། ལྷོར་སྒེག་མོ་སྔོན་མོ་དང་བཞད་མ་དམར་མོ་གཉིས་རང་རྒྱ། གླུ་མ་སེར་མོ་ཏིང་ཤག གར་མ་ལྗང་གུ་གར་རྒྱ། ནུབ་ཀྱི་སྣམ་བུར། མེ་ཏོག་མ་སེར་མོ། སྤོས་མ་ནག་མོ། མར་མེ་མ་དམར་མོ་དང་དྲི་མ་ལྗང་གུ བྱང་སྣམ་ལ། གཟུགས་མ་དཀར་མོ་མེ་ལོང་། རོ་མ་དམར་མོ་ཟས་གཞོང་། རེག་མ་ལྗང་གུ་ན་བཟའ་ཆོས་དབྱིངས་མ་དཀར་མོ་ཆོས་འབྱུང་འཛིན་པ་སྟེ། དེ་ཐམས་ཅད་ཞི་ཚུལ་ཅན་དར་དང་རིན་པོ་ཆེས་བརྒྱན་པ༑ སྒོ་ཁྱུད་ཀྱི་མཚམས་དང་ཤར་ལྷོ་ལ་སོགས་པའི་མཚམས་སུ་ཟླ་ཕྱེད་རྡོ་རྗེ་རེ་རེའོ། །དྲུག་པ་ཕ་གུ་ཞེས་པའི་དོན་ནི། རྩིག་པའི་སྟེང་དང་འདོད་ཡོ ན་གྱི་སྣམ་བུའི་ཕྱིར་བསྐོར་བའི་ལུགས་གཉིས་ལས། འདིར་སངས་རྒྱས་གསང་བས། ཕྱི་ཡི་རྩེ་ལ་ཕ་གུ་གཏོང་། །


MLP020_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་པ་ལྟར་རྩིགས་པའི་སྟེང་དུ་རིན་པོ་ཆེ་ཕ་གུ་གཞི་སེར་པོ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲས་བརྒྱན་པ་དཔང་ཆ་ཕྲན་གཅིག་དང་། ཞེང་ཆ་ཕྲན་ཕྱེད་གཉིས་ཀྱི་ཕྱེད་པོ་རྩིག་པ་ལས་བད་ཀྱི་ཚུལ་དུ་ཕྱིར་འཕྱར་བ་སྟེ། འདེགས་བྱེད་ཀྱི་སེང་མགོ་དང་། དེ་ལས་མུ་ཏིག་གི་དྲྭ་བ་འཕྱང་བར་འདོད་པ་ནི་སྒྱུ་དྲྭའི་དགོས་ཆོས་ཡིན་པས་འདིར་མི་དགོས་སོ། །བདུན་པ་དྲྭ་ཕྱེད་ཅེས་པའི་དོན་ནི། ཕ་གུའི་སྟེང་དུ་བྲེ་སྤུངས་སམ་ཀ་ཐུང་གཞུ་དང་བཅས་པ་ལ་དཔངས་ཆ་ཕྲན་ཕྱེད་གཉིས་ཙམ་རེ་ཡོད་པས་བཏེགས་པའི་གསེར་གདུང་དཔངས་ཆ་ཕྲན་ཕྱེད་དང་། ཞེང་ཆ་ཕྲན་གཅིག་པ་ཞིག་རྩིག་པའི་ཕྱི་མཐའ་དང་ཁད་མཉམ་དུ་གཏོང་བ་སྟེ། འདི་འདེགས་བྱེད་ཀྱི་ཀ་བ་ལ་སྒྱུ་འཕྲུལ་མཁན་པོ་རྣམས་བཅུ་དྲུག་གི་གྲངས་ངེས་པར་མཛད་ཀྱང་། འདིར་དེ་འདྲའི་ངེས་པ་མི་དགོས་ཤིང་། གདུང་དང་འདེགས་ཀྱི་ཕྱི་ངོས་སུ་ཆ་ཕྲན་ཕྱེད་ཙམ་ཕྱིར་འབུར་བའི་གཟེར་ཡས་མས་རིམ་པ་བཞི་བཞི་བཏབ་པ་ལས་གསེར་སྐུད་དཀྲི ལ་ཏེ་འཕྲེད་ལ་འཐེན་ནས་བཅིངས་པ་ནི་གསེར་གྱི་སྐ་རགས་བཞི་ཞེས་གྲགས་སྟེ་གཞན་དུ་སྐ་རགས་དང་པོ་གཉིས་ལ་སྦྲགས་པའི་མ་ཀ་རའི་ཁ་ནས་དྲ་བ་་འཕྱང་བར་འདོད་ཀྱང་། འདིར་སྐ་རགས་བཞི་ནི་དྲ་བ་ནང་དུ་མི་འགྲོ་བའི་ཐབས་ཙམ་སྟེ། འདོགས་པའི་གནས་ནི། སངས་རྒྱས་གསང་བས། ལོགས་རྒྱན་ཕྱམ་སྣེ ར་ཙི་པ་ཏྲའི། །ཁ་ནས་རིན་ཆེན་ཕྲེང་བ་ནི། །དྲྭ་བ་དྲྭ་བ་ཕྱེད་གྱུར་པ། །ཞེས་པས་གསེར་གདུང་གི་རྟེན་དུ་ནང་གི་ཐོག་ཕུབ་ཀྱི་ཕྱི་རྣམས་དཔངས་དང་ཕྱིར་འདོན་གྱི་ཆ་གཉིས་ཀ་ཆ་ཕྲན་ཕྱེད་ཙམ་པ་བྱས་ནས་བཀལ་བའི་ཕྱམ་སྣེ་ལ་ཙི་པ་ཏྲའི་གདོང་གི་རྣམ་པ་བ རྐོས་པའི་ཁ་ནས་ནོར་བུ་དང་མུ་ཏིག་གི་དྲྭ་བ་དང་དྲྭ་བ་ཕྱེད་པ་རྣམས་གསེར་སྐེད་ཀྱི་ཕྱི་ངོས་སུ་རིང་བ་རྣམས་ཕ་གུར་རེག་ལ་ཁད་པ་ཙམ་དུ་དཔྱང་པ་སྟེ། དེའང་ཙི་པ་ཏྲའི་ཁ་ཁུག་གཅིག་ནས་གཅིག་གི་བར་དུ་སྦྲེལ་ཏེ་དཔྱངས་པ་ནི་དྲྭ་བ་དང་། ཁའི་དབུས་ནས་ཐུར་དུ་དཔྱང་པའི་སྣེ་ལ་ནོར་བུ་སྦོམ་པོ་བཏགས་པ་ནི་དྲྭ་བ་ཕྱེད་པ་སྟེ། གཞན་ཡང་མེ་ཏོག་གི་ཕྲེང་བ་དང་། དར་དཔྱང་མེ་ལོང་དང་ཟླ་ཕྱེད་རྔ་ཡབ་ཀྱི་རླུང་བསྐྱོད་དང་བཅས་པ་ཇི་ལྟར་རིགས་པ་ཕྱོན་༼དཔྱང་༽།


MLP020_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་པ་ཤར་བུར་བཅས་ཞེས་པ་ཕྱམ་གྱི་སྟེང་དུ་ཆ་ཕྲན་གཅིག་ཙམ་གྱི་དཔངས་ལ་བབས་སམ་བྱི་རྩེའི་རྣམ་པ་ཇི་ལྟར་རིགས་པ་གཏད་པའི་སྟེང་དུ་འདོད་སྣམ་གྱི་ཕྱི་མཐའ་ནོན་པའི་བྱ་འདབ་ཕུབ་པའི་ནང་ཙམ་གྱི་འོག་ནས། སྤྱི་བླུགས་མགོ་ཐུར་བསྟན་ལྟ་བུའི་ཤར་བུའི་ཕྲེང་བ་དཀར་པོ་བསྒྲིགས་པའི་རྩེ་རྣམས་ཕྱམ་གྱི་མ་མཐའི་ཐད་ཀར་སླེབ་པ་ཙམ་བྱའོ། །དགུ་པ་མདའ་ཡབ་ཞེས་བྱ་འདབ་ཀྱི་རྩ་བ་གནོན་བྱེད་རྩིག་པའི་ཐད་དྲང་གི་ཐོག་མཐིལ་དུ་རིན་པོ་ཆེའི་སྤང་ལེབ་དཀར་བོ་གཡས་གཡོན་དུ་སྟག་སོ་རིས་གྱི་རིམ་པ་གསུམ་མམ་བཞི་ཡོད་པ་བསླང་ནས་བ སྒྲིགས་པ་ནི་པུ་ཤུ་མཆོད་རྟེན་བརྩེགས་སུ་གྲགས་སྟེ། པད་འདབ་ཕྱེད་པར་བཤད་པ་དང་ཡང་གནད་གཅིག་གོ ། བཅུ་པ་ཐོག་འབུབ་པ་ནི། སངས་རྒྱས་གསང་བས། ཕུབ་ནི་ཀ་བ་བརྒྱད་པོ་ཡི། །གདུང་ཆེན་བཞི་ཡི་རྩེ་ནས་བཏེགས། །གདུང་ཆེན་གཞི་ཡི་རེ་མིག་ཀྱང་། །ཕྱམ་རྩ་ཉི་ཤུ་བརྒྱད་ཀྱིས་བཀབ། །དེ་བཞིན་དྲལ་ཐོག་ཅི་རིགས་པའོ། །ཞེས་གསུངས། དེ་ལ་ཐོག་མར་ཀ་བ་འཛུག་པ་ངེས་པའི་ཆེད་ནང་གི་གཞི་བཤད་པར་བྱ་སྟེ། སྒོ་གཡབ་ཀྱི་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བ་དང་ཁོད་མཉམ་པ་ལས་སྒོ་ཐུག་པའི་ཆ་ཕྲན་གཅིག་དང་། དེ་ལས་ཀྱང་གཞལ་ཡས་ཁང་གི་ནང་ཆ་ཕྲན་གཅིག་གིས་འཕགས་པའི་ནང་གི་གཞི་འདོད་སྣམ་དང་མཐོ་དམའ་མཉམ་པར་སོང་ཞིང་། དེའི་ཕྱིར་ཀ་བའི་ཚད་ཀྱང་རྟ་བབ་སྣམ་བུ་བརྒྱད་མའི་ཚེ་ན། ཀ་བ་རྣམས་ཀ་གདན་ཞུར་བཅས་ཀྱི་དཔངས་ལ་ཆ་ཆེན་གསུམ་དང་ཆ་ཕྲན་གཅིག ཡང་རྟ་བབས་བཞི་མའི་ཚེ་ན་ཆ་ཆེན་གཉིས་དང་ཆ་ཕྲན་གསུམ་སྟེ། གང་ལྟར་ཡང་ཞེང་ལ་ཆ་ཕྲན་རེ་ཡོད་པའི་རྡོ་རྗེས་མཚན་པའི་ནོར་བུ་རིན་པོ་ཆེའི་ཀ་བ་ཕྱོགས་ཀྱི་མདོག་ཅན་བརྒྱད་པོ་རྩ་ཐིག་འཛོམ་ས་ནས་གཡས་གཡོན་དུ་ཆ་མཉམ་གསུམ་རེ་གཞལ་བའི་སུམ་ཆ་ནང་མའི་ཕྱི་མཚམས་ཀྱི་རྩིག་པའི་ནང་ཙམ་དུ་ཀ་བ་རེ་རེ་སྟེ་ཕྱོགས་རེར་ཀ་བ་གཉིས་གཉིས་འཛུགས་ཏེ། དེ་ཉིད་སྣང་བྱེད་ལས་ཀྱང་། ཕྱོགས་ཀྱི་ཆ་རེ་རེ་ཞིང་རྩིག་པ་ལ་བརྟེན་པའི་རྡོ་རྗེའི་ཀ་བ་གཉིས་


MLP020_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ཡོད་པ། ཞེས་པ་ལྟར་རོ། །དེ་རྣམས་ཀྱི་སྟེང་དུ་དཔངས་ཆ་ཕྲན་གཅིག་པའི་གདུང་བཞི་བསྣོལ་མཚམས་སུ་ཕེལ་ཀ་བསྒྲིག་ནས་བཏང་བའི་སྣེ་བརྒྱད་པོ་ཀ་བ་བརྒྱད་ཀྱི་སྟེང་དུ་ཁེལ་བར་བྱས་པས། གསེར་གདུང་དང་གདུང་ཆེན་བཞིའི་སྣེ་ཐུག་པའི་སྟེང་ཁད་མཉམ་པར་འགྱུར་ཞིང་དཔངས་ཆ་ཕྲན་ཕྱེད་ཙམ་པའི་ཕྱ མ་རྩ་ཉི་ཤུ་རྩ་བརྒྱད་ཀྱིས་དབུས་ཀྱི་རེའུ་མིག་མ་གཏོགས་གཞན་བརྒྱད་པོ་ཕུབ། དེའི་སྟེང་དུ་ཆ་ཕྲན་གཅིག་ཙམ་གྱི་དཔང ས་ལ་རིན་པོ་ཆེའི་སྤངས་ལེབ་བསྒྲིག་པའི་དྲལ་མ་དང་། ཐོག་སའི་ཚུལ་དུ་རིན་པོ་ཆེ་གཅལ་དུ་བཀྲམ་པ་བྱ་འདབ་དང་ཐོག་རྒྱུན་གཅིག་ཏུ་ཁོད་མཉམ་པར་འགྱུར་བ། དེ་ནས་ཕྱུར་བུར་ཏོག་གིས་མཛེས་ཞེས་པས། རེའུ་མིག་དབུས་མ་མཐོངས་ཀར་བཞག་པ་དེའི་ཟུར་བཞིར་བཙུགས་པའི་ཀ་བ་སོགས་ཤིང་བརྩེགས་ཀྱི་བཀོད་པ་ཇི་ལྟར་མཛེས་པས་བཏེགས་པའི་སྟེང་དུ་རྒྱ་ཕུབ་བཀལ་བའི་རྩེར་ནོར་བུ་རིན་པོ་ཆེའི་ཏོག་ལས་པདྨ་དམར་པོས་མཚན་པར་བྱ་སྟེ། སྒྱུ་འཕྲུལ་རོལ་པ་ཆེན་པོ་ལས། རྩེ་མོར་ནོར་བུ་འབར་བ་ལ། །རིགས་ཀྱིས་མཚན་པས་བརྒྱན་པར་བྱ༑ ༑ཞེས་དང་། གསར་འགྱུར་ཐུགས་རྗེ་ཆེན་པོ་པདྨ་རྒྱས་པའི་སྒྲུབ་ཐབས་ལས་ཀྱང་། སྟེང་ཕྱུར་བུ་པདྨའི་ཏོག་དང་བཅས་པ། ཞེས་སོ། །ཕྱོགས་བཞིར་རྩིགས་པའི་དབུས་སུ་ཚངས་ཐིག་ནས་གཡས་གཡོན་དུ་ཆ་ཕྲན་གཉིས་གཉིས་ཏེ་བསྡོམས་པས་ཞེང་ཆ་ཆེན་གཅིག་གིས་ཧར་བཏོན་པ་ནི་སྒོ་དངོས་ཏེ། ཧར་གྱི་དཔངས་ནི་ཆ་ཕྲན་གཉིས་མར་དོར་བའི་མཚམས་ནས་རྟ་བབས་བརྒྱད་མར་ཆ་ཆེན་གཉིས་དང་ཆ་ཕྲན་གཅིག་གི་སུམ་གཉིས། རྟ་བབས་བཞི་མར་ཆ་ཆེན་གཉིས་ཡིན་ལ། དེ་ཉིད་ཀྱི་མདུན་དུ་སྒོ་ཁང་ནི་བྲིས་ཆ་ལ་ཇི་ལྟར་ཡོད་པ་བཞིན་དུ་སྒོའི་ཧར་གྱི་རྩིག་མཚམས་གཡས་གཡོན་ནས་མདུན་དུ་ཆ་ཆེན་གཅིག་རེ་འཐེན་པ་སྒོ་འཁྱུད་དེའི་རྩིག་སྣེ་གཉིས་ནས་ཆ་ཕྲན་གཉིས་རེ་ངོས་སུ་བཀྱེད་པ་སྒོ་འགྲམ། དེའི་ངོས་ནས་མདུན་དུ་ཡང་ཆ་ཕྲན་གཉིས་རེ་འཐེན་པ་སྒོ་ལོགས་སོ། །ཁྱུད་འགྲམ་ལོགས་ག སུམ་ཀའི་རྩིག་དཔངས་ནི་འདྲ། སྒོའི་ཧར་ཆོད་ཡས་མས་སུ་ཆ་ཕྲན་གཉིས་པོ་བསྣན་པ་ཧར་གྱི་ཡ་མཐའ་དང་ཁད་མཉམ་ཞིང་། སྒོ་ལོགས་ཀྱི་རྩིག་མཚམས་ནས་དྲང་ཐད་ནང་དུ་ཆ་ཕྲན་


MLP020_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་གཉིས་རེ་གཞལ་མཚམས་སུ་ཞེང་ཆ་ཕྲན་ཕྱེད་དང་དཔངས་ཆ་ཕྲན་ཕྱེད་བརྒྱད་ཡོད་པའི་ཀ་བ་རེ་བཙུགས་པའི་སྟེང་དུ་ཆ་ཕྲན་ཕྱེད་དཔངས་ཀྱི་གདུང་དང་། དེའི་སྟེང་ཀ་ཐོག་ཀ་བཞག་གི་ཀ་ཐུང་ཆ་ཕྲན་གཅིག་གིས་བཏེགས་པའི་གདུང་སྔར་དང་འདྲ་བ་ཞིག་བཀལ་བའི་སྟེང་དུ་སྒོ་ལོགས་ནས་ཡ་ཕུབ་ཀྱི་རྩིག་པ་འཁོར་ཞིང་ཀ་ཐུང་གི་བར་དེ་ལ་དབུས་སུ་ལྔ་དང་། གཡས་གཡོན་དུ་གསུམ་རེ་སྟེ་རྡོ་རྗེ་བཅུ་གཅིག་འགྲེང་བུར་བསྒྲིགས་པའི་དྲ་མིག་བྱ་སྟེ། སངས་རྒྱས་གསང་བས། སྒོ་ཁང་སྒོ་སྲུང་ཁང་པ་སྟེ། །སྟེང་ན་མ་རིག་མུན་སེལ་བའི། །ཡེ་ཤེས་མཐོང་ཁུང་དབྱེ་བའི་ཕྱིར། །བཅུ་གཅིག་རྡོ་རྗེའི་དྲ་མིག་བྱ། །ཞེས་དང་། གསང་རྫོགས་ལས། བཅུ་གཅིག་རྡོ་རྗེ་ཆ་ཕྲན་གཅིག །ཅེས་པའི་དོན་ཏེ། ཡ་ཕུབ་འདེགས་བྱེད་ཀྱི་སྐོར་འདི་རྟ་བབས་བརྒྱད་མ་དང་བཞི་མ་ལ་ཁྱད་པར་མེད་ཅིང་། སྒོ་གླེག་འཛུགས་པ་ལ་བཞེད་པ་མི་མཐུན་པ་མང་དུ་སྣང་ནའང་འདིར་སྒོ་ཁྱུད་ཀྱི་ནང་རྩ་ཐིག་གི་གནས་སུ་ཉིས་རལ་བུས་འབྱེད་ཀྱི་རྣམ་པ་ཚན་འཛུགས་ཏེ། རྒྱུ་བཞི་དང་ཡ་ཐེམ་མ་ཐེ མ་སོགས་ནི་ཇི་ལྟར་རིགས་པས་མཛེས་པར་བྱའོ། །བཅུ་གཉིས་པ་རྟ་བབས་ནི། རྟ་བབས་བཞིས་བརྒྱན་ཞེས་གསུངས་པ་ཕྱོགས་ཀྱི་དབྱེ་བ་བསྟན་པ་སྟེ། འདིར་སྣམ་བུ་ལས་དམིགས་བསལ་མ་གསུངས་པས་ཇི་ལྟར་རིགས་པ་སྦྱར་བས་ཆོག་ཅིང་། འོན་ཀྱང་སྣམ་བུ་བཅུ་གཅིག་པ་སྔ་འགྱུར་གྱི་ཕྱོགས་འདིར་མཛད་པ་ཉུང་བས་བརྒྱད་མ་དང་བཞི་མ་གང་རིགས་སྟེ། སྙིང་པོ་མཛེས་རྒྱན་ལས། འདིར་རྟ་བབ་སྣམ་བུ་བཞི་མའི་དབང་དུ་བྱས་ལ། གཞན་དུ་བརྒྱད་མའང་བཀག་པ་མེད་དོ། །ཞེས་སོ། །དེ་ལ་སྒྱུ་འཕྲུལ་བཤད་རྒྱུད་མེ་ལོང་ལས། ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུ་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན། །ཞེས་པས་རྒྱུ་འབྲས་ཀྱི་རྟ་བབས་གཉིས་གསུང་པ་ལས། རྒྱུའི་རྟ་བབས་ནི། རྒྱས་པ་ལས། དེར་འགྲོ་ལམ་སྟེགས་བརྒྱད་དང་ལྡན། །རྟ་བབས་བརྒྱད་དུ་འགྱུར་བ་ཡིན། །ཞེས་པས་སྒོར་འཇུག་པའི་ཐེམ་སྐས་ཏེ། སྒོ་གཡབ་དང་སྒོ་ཕུགས་ཀྱི་མཚམས་དང་། དེ་དང་སྒོ་དངོས་ཀྱི་ཕྱི་མཚམས་སུ་


MLP020_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཐེམ་སྐས་བཞི་བཞི་སྟེ་བརྒྱད་དོ། །འབྲས་བུའི་རྟ་བབས་ནི། སངས་རྒྱས་གསང་བས། སྒོ་ཁང་ཕྱི་ཟུར་བཞི་པོ་ན། །ཀ་བ་བཞི་བཞིའི་གདུང་རྩ་ནི། །བརྒྱད་བརྒྱད་བཏེགས་པ་རྟ་བབས་རྨང་། །ཞེས་པས་བྲིས་ཆའི་ཀ་བའི་སྣེ་མོ་བཞི་སླེབ་པར་འདེགས་བྱེད་ཀྱི་ཀ་བ་བཞི་འཛུགས་ཏེ༑ ཆ་ཕྲན་གཅིག་པའི་སྟེགས་བུ་གྲུ་བཞི་པ་ལ་གནས་པའི་བུམ་པ་ཆ་ཕྲན་གཅིག་དང་། དེའི་སྟེང་ཀ་བ་ཀ་ཞུ་དང་བཅས་པའི་དཔང་ཆ་ཕྲན་ལྔ་སྟེ་བསྡོམ་པས་ཀ་དཔངས་ཆ་ཕྲན་བདུན་དང་ཞེང་ཆ་ཕྲན་གཅིག་ཡིན་ལ། དེའི་སྟེང་དུ་བི་མ་ལས། གདུང་དང་རྟ་བབས་བརྒྱད་ཆ་མཉམ། །ཞེས་པ་ལྟར་དཔངས་ཞེང་ཆ་ཕྲན་གཅིག་རེ་ཡོད་པའི་གདུང་བསྣོལ་མར་བཀབ་ཅིང་། འདིའི་རྒྱབ་གདུང་གི་སྣེ་ནང་མ་གཉིས་འགྲམ་རྩིག་གི་ཕྱི་མཐའ་གདུང་ཁུང་བྲུས་ནས་བཏང་བས་དོན་ལ་གདུང་དུ མ་བུ་གཉིས་ཡིན་ཀྱང་རིགས་བསྡུས་ནས་རྒྱབ་གདུང་ཞེས་གཅིག་བགྲངས་ལ། ཀ་རྒྱན་ནི་གླང་པོ་ཆེའི་སྟེང་དུ་སེང་གེའི་ལག་གཅིག་གིས་གླང་པོའི་སྤྱི་བོ་མནན་པ༑ ལག་གཅིག་གྱེན་དུ་བརྐྱང་བས་རྒྱབ་མདུན་གྱི་གདུང་སྣ་ཀ་བ་ལས་ཆ་ཕྲན་རེ་འཕྱར་བ་དེ་བཏེ གས་ཅིང་ཁ་ན་རིན་པོ་ཆེའི་རྒྱན་འཕྱང་བའོ། །གདུང་གི་སྟེང་དུ་རྟ་བབས་འགེལ་ཏེ༑ སྣམ་བུ་བརྒྱད་མ་བྱ་དཀའ་ཞིང་། དེས་བཞི་མ་ཡང་མཚོན་པར་ནུས་པའི་ཕྱིར་ཐོག་མར་སྣམ་བུ་བརྒྱད་མ་བཤད་པར་བྱ་སྟེ། སྒོ་ཚད་གཉིས་ལ་སྣམ་བུ་ཆ་མཉམ་པ་བརྒྱད་དུ་ཕྱེ་བའི་རྒྱ་ཕུབ་ཉིད་མདུན་ངོས་སུའང་ཆ་ཕྲན་ཕྱེད་ཙམ་འཕྱ ར་དགོས་ལ། དེ་ལྷག་སྣ མ་བུ་བདུན་པོ་མདུན་ངོས་སུ་མཚམས་གཅོད་བྱེད་ཀྱི་རེ་ཁཱ་འཐེན་པ་མ་གཏོགས་ཁད་མཉམ་ཞིང་། གཡས་གཡོན་གྱི་བརྐྱང་བསྐུམ་གྱི་སྡོམ་ནི། རྟ་རྐང་གདུང་དང་སྣ་མཉམ་ལ། །ཆུ་སྐྱེས་སྒྲོམ་གཉིས་གཅིག་འཕྱར་ཞིང་། །ཟར་ཚགས་གཉིས་བསྐུམ་སྣམ་འཕྱང་ནི། །གཅིག་འཕྱང་ཆུན་འཕྱང་གཉིས་བསྡུམ་ཞིང་། །ཤར་བུ་རྒྱ་ཕུབ་གཉིས་རེ་རེ། །རིམ་འཕྱར་ཐམས་ཅད་ཆ་ཕྲན་ཚད། །ཅེས་པ་ལྟར། གཡས་གཡོན་གྱི་འདོན་གྱི་ཆའི་ཡས་མས་རྣམས་རིན་པོ་ཆེའི་སྤང་ལེབ་ཀྱིས་དགག་དགོས་ཤིང་། དེ་ལ་རྟ་རྐང་ནི་གཞི་སྔོན་པོ་ལ་གསེར་གྱི་རྡོ་རྗེ་འགྲེང་བུ་བསྒྲིག་པ། ཆུ་སྐྱེས་ནི་རིན་པོ་ཆེ་དམར་པོའི་པད་འདབ་བསྒྲིག་པ། སྒྲོམ་ཡས་མས་ཀྱི་རྟེན་


MLP020_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཀ་ཐུང་གིས་སྦྲེལ་བ་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་སྒྲོམ་ལེབ་བཙུགས་པ་སྟེ། དེ་གསུམ་མདུན་དུ་ཕྱི་ནང་གཉིས་ཀ་དང་གཡས་གཡོན་གྱི་ནང་རྣམས་གདུང་དང་ཁད་མཉམ་པ་སྒོ་ཁང་གི་རྩིགས་པ་ལ་འཁོར་མོར་ཆ་ཕྲན་གཅིག་གིས་མ་རེག་པའི་བར་སྟོང་ནི་བྲིས་ཆའི་དུས་ཀྱི་མདུན་སྣམ་དེ་ཡིན་ཅིང་། སྣམ་བུ་དེ་གསུམ་ནང་ཁོང་སྟོང་འབྲེལ་བའི་ཁོག་ཏུ་འོག་གི་ཀ་ཐོག་ཀ་བཞག་གི་ཀ་བ་བཞི་དང་། སྒོ་ལོགས་ཀྱི་རྩིག་པའི་ཐད་དྲང་གི་མདུན་གདུང་སྟེང་དུའང་ཀ་བ་གཉིས་ཏེ། དྲུག་གིས་བཏེགས་པའི་གདུང་བཀལ་ལ་སྒོ་ཁང་དང་ཆ་མཉམ་དུ་ཐོག་ཕུག་པས་སྒྲོམ་དང་སྒོ་ཁང་ཐོག་རྒྱུན་གཅིག་ཏུ་གྱུར་བའི་སྟེང་དུ་དཔངས་ཆ་ཕྲན་ཕྱེད་བཞི་རེ་ཡོད་པའི་ཀ་བ་བརྒྱད་ལ་སྒོ་ལོགས་ཀྱི་རྩིགས་མཐའ་དང་ཐད་དྲང་གིས་ཟུར་བཞི་དང་། སྒོ་ཁྱུད་ཀྱི་རྩིག་པའི་ནང་མཐའ་དང་ཐད་དྲང་གི་རྒྱབ་མདུན་བཞིར་ཀ་བ་རེ་བཙུགས་པས་ཆ་ཕྲན་ཕྱེད་པའི་གདུང་གྲུ་བཞི་པ་འདེགས་ཤིང་། རྒྱབ་ཕྱོགས་སྤངས་པའི་ཀ་གདུང་གི་ཕྱི་ངོ་ལ་སྒྲིལ་འཕྱང་མ་གཏོགས་པའི་སྣམ་བུ་གསུམ་པོ་སྤང་ལེབ་ཟུར་བསླང་ལྟར་སྒྲིགས་པའི་སྟེང་དུ་ཁུང་མགོའི་སྣམ་བུ་ཕུབ་པས་ཟར་ཚགས་ཡན་ཆད་སྒོའི་སྟེང་གི་བསིལ་ཁང་དུ་འགྱུར་རོ། །དེ་ལ་ཟར་ཚགས་ནི་སྣམ་འཕྱང་ལས་དཔྱང་པའི་རིན་པོ་ཆེ་དཀར་པོའི་དྲ་མིག་སྣམ་འཕྱང་གཞི་སྔོན་པོའི་སྟེང་དུ་བསྒྲིགས་པ། རྒྱ་ཕུབ་ཁྱུང་མགོ་ནི་བྱ་འདབ་དང་རྣམ་པ་འདྲ་བ་ལ་ཟུར་བཞིར་ཁྱུང་མགོའི་ལྐོག་མ་ནས་དྲིལ་བུ་རླུང་བསྐྱོད་དང་བཅས་དཔྱ ངས་པ་ཡིན་ལ། མདུན་དུ་སྣམ་བུ་རྣམས་གླང་རྒྱབ་ཀྱི་ཐད་དུ་ཆད་ཅིང་། དེ་ཉིད་ཀྱི་མིག་དབུས་ལ་སྣམ་བུ་གསུམ་པའི་ཕྱི་ཐིག་དང་ཚང་ཐིག་འཛོམས་ས་ནས་སྟེང་དང་གཡས་གཡོན་དུ་ཆ་ཕྲན་གཉིས་རེ་ཟླུམ་པོར་ཕྱིན་ཅིང་སྒྲོམ་གྱི་མ་མཐའ་ནས་མིག་གཡས་གཡོན་གཉིས་ཆ་ཕྲན་གཉིས་རེ་བསྐྱེད་པ་སྟེ། མུ་རན་གྱིས་མཛེས་པར་བསྐོར་བ་སོགས་བྲིས་ཆ་ལ་ཇི་ལྟར་ཡོད་པ་ལྟར་བྱ་ཞིང་མིག་དབུས་མར་ཆུ་སྲིན་ཁ་ནས་དཔྱང་པའི་དྲྭ་བ་དང་དྲྭ་ཕྱེད། སྒོའི་ཡ་ཕུབ་ཀྱི་རྩིག་པའི་མདུན་དུ་བླ་རེ་འབུགས། སྒོ་ཁང་གི་ས་གཞི་དང་བསིལ་ཁང་གི་ནང་རྟ་བབས་འདེགས་བྱེད་ཀྱི་ཀ་གདུང་བཅས་པ་རྣམས་ཕྱོགས་མདོག་ཡིན་ལ་བསིལ་ཁང་གི་སྟེང་གི་


MLP020_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་པད་མ་དཔངས་ཆ་ཕྲན་གཅིག་དང་ཞེང་ཆ་ཕྲན་གཉིས་པའི་སྟེང་དུ་གདུགས་ཀྱི་ཡུ་བ་ཆ་ཕྲན་གཉིས་བཙུགས་ཤིང་གདུགས་དངོས་ཏོག་དང་བཅས་ལ་ཆ་ཕྲན་གཅིག་དང་། ཡུ་བའི་དབུས་ནས་མདུན་དུ་འཕྲེད་ལ་གཟེར་བུ་ཏོག་ཅན་བཏབ་པ་ལ་གསེར་གྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་བཀོད་པ་དང་གཡས་གཡོན་དུ་གསེར་ལས་བྱས་པའི་རི་དྭགས་ཕོ་མོའི་གཟུགས་ཏེ། ཕོ་ནི་རྭ་དང་བཅས་པ་མོ་རྭ་མེད་པ། འཁོར་ལོའི་ཐད་ཀའི་བསིལ་ཁང་གི་ནང་དུ་ཅོང་འདོགས་ཤིང་། གཎྜི་དང་རྡོ་དྲིལ་ཡང་བཞག་པར་བྱ་སྟེ། ཆོས་དོན་ལས། ཆོས་ཀྱི་འཁོར་ལོ་གཙོ་བོའི་བརྡའ། །རི་དྭགས་འཁོར་གྱི་བརྡའ་ཡིན་ལ། །ཅོང་ནི་ངེས་དོན་བརྡའ་སྒྲ་ཡིན། །གཎྜི་དྲང་དོན་བརྡ་ཡིན་ཏེ། །རྡོ་དྲིལ་ཐབས་དང་ཤེས་རབ་བརྡ། །ཞེས་སོ། །དེས་མཚོན་ཏེ་རྟ་བབས་བཞི་མ་ནི། སྒོ་ཚད་གཅིག་ལ་སྣམ་བུ་བཞིར་ཕྱེ་སྟེ། སྣམ་བུ་འོག་མ་གཉིས་སྒོ་ཁང་དང་ཐོག་ཆ་མཉམ་དུ་འབུབས་ཤིང་། གོང་མ་གཉིས་བསིལ་ཁང་དུ་འགྱུར་ལ༑ གཡས་གཡོན་དུ་སྣམ་བུ་རྣམས་ཆ་ཕྲན་རེ་རེས་བསྡུམ་པ་མ་གཏོགས་འཁོར་མོར་འདོན་གྱི་ཆ་མེད་པས་བྱ་སླ་བར་ཟད་དོ། །བཅུ་གསུམ་པ་སྔར་མ་སྨོས་པའི་རྒྱན་གྱི་ཁྱད་པར་ནི། མདའ་ཡབ་ཀྱི་ཟུར་བཞི་དང་སྒོའི་བསིལ་ཁང་གི་མདུན་ཀ་ནང་མའི་ཕྱི་མཚམས་ཀྱི་ཐད་ཀའི་སྟེང་གཉིས་སུ་དར་ལྕེའི་ཤམ་བུ་དང་བཅས་པའི་གདུགས་དཀར་པོ་རྡོ་རྗེ་རིན་པོ་ཆེའི་ཏོག་ཅན་དང་། མདའ་ཡབ་ཀྱི་ཁོ་ར་ཁོར་ཡུག་དང་། རྟ་བབས་ཀྱི་སྟེང་གི་ཟུར་བཞི། རྟ་བབ་བཞི་མའི་སྣམ་བུ་གཉིས་པ་དང་བརྒྱད་མའི་སྒྲོམ་གྱི་སྣམ་བུའི་མཐའ་གཉིས་སུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་སྒྲེང་བ་སྟེ། རྒྱལ་མཚན་ནི་དབྱུག་པའི་རྩེར་ཏོག་གི་གདན་ཟླུམ་པོ་སྟེང་འོག་ཏུ་རེ་ཁཱའི་བང་རིམ་ཅི་རིགས་པ་དང་བཅས་པའི་སྟེང་དབུས་སུ་རྡོ་རྗེ་རིན་པོ་ཆེའི་ཏོག་༼བཀྱོན་༽པའི་ཏོག་གི་གདན་དང་དབྱུག་པའི་མཚམས་ནས་དྲིལ་བུ་དང་བཅས་པའི་དར་དཔྱ ངས་བཏགས་པ་བྲིས་ཆ་ལ་དེ་ཉིད་རླུང་གིས་བསྐྱོད་པས་སུམ་འཁྱོག་ཏུ་ལྡིང་བ་ཡིན་ལ། བ་དན་ནི་དེ་དང་འདྲ་བ་ལས་ཏོག་གི་གདན་མི་དགོས་པ་ཁྱད་པར་རོ། །གཞན་ཡང་རྔམ་གློག་ལས།


MLP020_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་བབས་རྣམས་ཀྱི་རྩེ་མོ་ལ། །གསེར་གྱི་དྲིལ་བུ་འབར་བ་དག །དཀོན་མཆོག་གསུམ་ཀྱི་སྒྲ་ཡང་སྒྲོག །ཅེས་པས་དབུས་ཕྱུར་བུའི་རྩེ་མོའི་ཏོག་ནས་གསེར་གྱི་ཐི་གུ་མདའ་ཡབ་སྟེང་གི་བ་དན་ལ་དཀྲིས་པ་རྟ་བབས་ཀྱི་རྩེ་མོའི་གདུགས་ཀྱི་བར་དུ་འཐེན་པ་ལ། གསེར་གྱི་དྲིལ་བུ་རླུང་བསྐྱོད་ཅན་གྱི་ཕྲེང་བས་བརྒྱན་པ་དང་། ཕྱི་རོལ་གྱི་རྒྱན་དཔག་བསམ་ཀྱི་ཤིང་ལ་གནས་པའི་རིན་པོ་ཆེ་བདུན་དང་རྟགས་བརྒྱད་སོགས་ཀྱང་སྤྱི་དང་མཐུན་པར་འགོད་པ་སོགས་དཀྱིལ་འཁོར་གྱི་ཆོས་རྣམས་མ་ཚང་བ་མེད་པས་མཚན་ཉིད་ཀུན་དང་ཡང་དག་ལྡན་པའོ། །བཅུ་བཞི་པ་སྙིང་པོའི་ཕོ་བྲང་ནི། གཞལ་ཡས་ཁང་གི་ནང་གི་གཞི་ཐམས་ཅད་པདྨ་རཱ་ག་ལས་གྲུབ་པའི་གཞི་ཁོད་སྙོམས་པར་གནས་པའི་དབུས་སུ་རྒྱུའི་ཧྲཱིཿལས་ཨེ་ཡིག་ཟུང་ཆད་པ་ཡོངས་སུ་གྱུར་པ་ལས། འོག་མ་ཤེས་རབ་དང་། གོང་མ་ཐབས་མཚོན་པའི་ཆོས་འབྱུང་སྟེ། གཉིས་ཀ་ཟག་པ་མེད་པའི་དབྱིབས་ཀྱི་རང་བཞིན་ཅན། ཕྱི་དཀར་ལ་ནང་དམར་བ༑ རྩ་བ་ཕྲ་བ་ཐུར་དང་གདེངས་ཀ་རྒྱས་པ་གྱེན་དུ་བསྟན་པ་གཉིས་བརྩེགས་ཟུར་བསྣོལ་ཞིང་འབྲེལ་བས་ཟུར་དྲུག་ཏུ་སོང་བའི་ནང་གི་བར་སྣང་ལ་དགའ་བ་འཁྱིལ་བ་རེ་རེ་འཁོར་བ་སྟེ། འདི་སྒོམ་པའི་ཚེ་གསལ་ལ་སྒྲིབ་པ་མེད་པས་ཇི་ལྟར་བྱས་ཀྱང་བདེ་མོད་ཀྱི། དེ་ལྟ་ནའང་བློས་བསླང་གི་བཀོད་པ་བཟོ་བ་སོགས་ཀྱི་དུས་བཟོ་ཉེས་པ་འགོག་ཕྱིར་ཆོས་འབྱུང་གི་སུམ་ཆ་གཉིས་ཙམ་གཞལ་ཡས་ཁང་གི་འོག་གཞིར་བྲུས་ཐབས་དང་སུམ་གཅིག་ནང་དུ་འཕགས་པའམ། ཡང་ན་གདན་ཐབས་ལྟ་བུ་བྱས་ཀྱང་རྣམ་པ་གསལ་བར་འགྱུར་ཞིང་ཆོས་འབྱུང་གོང་མའི་དབུས་སུ་ཆགས་པའི་སྐྱོན་དང་བྲལ་བའི་པདྨའི་སྡོང་པོ་སྐྱེས་པ་ལས་འདབ་མ་ཕྱོགས་ཀྱི་མདོག་ཅན་བཞི་རྩེ་མོའི་ཆ་ཅུང་ཟད་ནང་དུ་ལངས་པ་གེ་སར་གྱི་ཟི་ཕོལ་དང་མཉམ་པར་གྱུར་པའི་དབུས་ཀྱི་གཞི་ཡང་དམར་པོའོ། །༼ རཱ་གའི་རང་བཞིན་ཅན་དམར་པོ་རྐང་པ་བཏེགས་ན་འཕར་ཞིང་མནན་ན་ནེམ་པ་སྙམས་བྱེད་པ་ལ་ཨུཏྤལ་དམར་པོ་གཅལ་དུ་བཀྲམ་པའི་གྲ་བཞིར་བུམ་པ་བཟང་པོ་ཐོད་པ་བདུད་རྩིའི་གང་བས་མཚན་པ་ལྟེ་བར་པདྨ་དམར་པོ་འདབ་མ་གྱེན་དུ་འཕགས་པའི་ཕྲེང་བ་ཡིས་ཟླུམ་པོའི་རྣམ་པར་


MLP020_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བའི་དབུས་ཀྱི་གེ་སར་གྱི་རྒྱ་དང་མཉམ་པའི་པདྨ་རཱ་ག་ལས་༽ཐུགས་ཆེན་བདེ་ཀུན་སྒྲུབ་ཐབས་དེ་ཁོ་ཉིད་སྣང་བའི་འོད་དང་། ༼ ཤྲཱི་རང་ལོ་བཞི་བཅུ་ཞེ་གཉིས་པ་ན་ཚོད་ལྡན་གྱི་ཁྲུམ་ཟླར་སྦྱར་བ་དང་།༽ ཐུགས་ཆེན་རྩ་ཁྲིད་ཀྱི་རྣམ་བཤད་རི་ཆོས་མཐའ་ཐུག་ཟབ་དོན་གསལ་བའི་ཉི་མ་ཞེས་པ་དང་། ཤྲཱིས་དབང་གི་རྣམ་བཤད་དེ་ཁོ་ན་ཉིད་མཛེས་པའི་རྒྱན་ཞེས་པར། མྱོས་རིགས་དགེ་སློང་རྡོ་རྗེ་འཛིན་པའི་རྟགས་ཙམ་འཆང་བ་དཔལ་ལྡན་པདྨ་དགྱེས་པ་འགྱུར་མེད་རྒྱ་མཚོའི་སྡེས། རང་ལོ་ཉི་ཤུ་རྩ་བདུན་པ་རབ་བྱུ ང་བཅུ་གཉིས་པའི་ཆུ་ཕོ་འབྲུག་གི་ལོར་བླ་བྲང་ཆོས་འཁོར་ལྷུན་པོར་སྦྱར་བ་བཅས་གནམ་མཚོའི་དཔེ་ཚད་སྡེབས་ཡིན་མཐོ་དོ་ཕྲེང་འདུག་པ་དགེ། །།


previousདཀྱིལ་འཁོར་སྒོམ་དོན་བློས་བསླང་རྣམ་བཞག རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། next