Nitartha Digital Library
Tibetan
སྔ་འགྱུར་སྨིན་གླིང་དཔེ་ཚོགས།


   
   
   
   
   
   
   
   
བླ་མ་གསང་འདུས་ཀྱི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ།
   
   
   
   
   
   


 
previousབླ་མ་གསང་འདུས་ཀྱི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ། next

བླ་མ་གསང་འདུས་ཀྱི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ།


MLP021_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་གསང་འདུས་ཀྱི་བསྙེན་ཡིག་ཉུང་གསལ་བཞུགས་སོ། །རིག་འཛིན་འགྱུར་མེད་རྡོ་རྗེ། ན་མོ་གུ་རུ་པདྨ་ཀ་རཱ་ཡ། འདིར་བླ་མ་གསང་འདུས་ཀྱི་བསྙེན་པ་ཇི་ལྟར་བྱ་བའི་ཟིན་བྲིས་ལ། ཐོག་མར་རྟེན་མཆོད་གཤོམ་པ་ནི། གཞི་བདག་ལ་གཏོར་མ་བཏང་སྟེ། དཀྱིལ་འཁོར་གྱི་སྟེགས་བུར་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། ཐིག་ཚོན་གྱི་ཆོ་ག་དང་ལྡན་པས། དབུས་མཐིང་། འདབ་བཞི་ཕྱོགས་མདོག རིན་ཆེན་ཟུར་བརྒྱད་མཐིང་། པད་འདབ་བཅུ་དྲུག་མཛེས་ཚོན་གྱི་མཐར་དུར་ཁྲོད་རྡོ་ར་མེ་རིས་བསྐོར་བ་ཙམ་མམ། སྤྲོ་ན་སྒོ་རྫོགས་མ་རྡུལ་ཚོན་གྱིས་བྲི་བའམ་རས་བྲིས་བཀྲམ། ཤིན་ཏུ་བསྡུ་ན་ལྷ་གྲངས་ཀྱི་ཚོམ་བུ་བཀོད་པས་ཀྱང་རུང་། དེའི་དབུས་སུ་བུམ་པར་ཆོས་སྨན་དང་མངར་གསུམ་གྱི་གཞི་ལ་སྨན་སྣ་བཏབ་པ་འབྲས་ཕྱེས་བསྒྲིལ་བའི་རིལ་བུ་དམར་པོས་སུམ་གཉིས་ཙམ་ཁེངས་པར་བཀང་ལ༑ དར་དམར་གྱི་མགུལ་ཆིངས། ཤུགས་པ་དང་རྨ་བྱའི་སྒྲོས་ཁ་བརྒྱན་ཅིང་གཟུངས་ཐག་བཏགས། དེའི་སྟེང་དུ་མཉྫི་ལ་ཐོད་པ་དུམ་གཅིག་ནས་སམ་འབྲས་ཀྱིས་བཀང་བའི་དབུས་སུ་སྐུ་རྟེན་རབ་གནས་ཅན་བཙུགས། བུམ་པའི་མདུན་དུ་ཀ་པཱ་ལར་གཏོར་མ་རིན་ཆེན་འབར་བའམ་མ་འབྱོར་ན་གཏོར་ཟླུམ་པད་འདབ་བཞིས་བསྐོར་བ་བཤམ། གཞན་ཡང་བསྲུང་མའི་གཏོར་མ། སྨན་རཀ ཉེར་སྤྱད་སོགས་བཀོད་ལེགས་པར་བཤམ་ཞིང་། དེ་དང་ཁ་སྤྲོད་ཀྱི་ཚུལ་དུ་རང་གི་སྟན་དང་རྡོར་དྲིལ་སོགས་ཡོ་བྱད་རྣམས་ཚང་བར་འདུ་བྱ། སྤྲོ་ན་གུར་སྒྲོམ་དང་སྟེང་འོག་གི་འཁོར་ལོ་སོགས་ཀྱང་བྱ་དགོས་མོད། ཀུ་སཱ་ལིའི་བསྙེན་སྒྲུབ་ལ་འདི་ཙམ་གྱིས་ཆོག་ཤེས་པར་བྱ། དགོང་ཐུན་ནས་སྒྲུབ་པ་ལ་འཇུག་སྟེ། སྒོ་དྲུང་དུ་ཐོ་བརྩིགས་བགེགས་


MLP021_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བརླབ་ཅིང་བསྔོས་ལ། རང་རྟ་མགྲིིན་དུ་གསལ་བའི་སྐུ་ལས་རང་འདྲའི་ཁྲོ་བོའི་སྤྲིན་སྤྲོས་ཏེ་བགེགས་སྐྲོད་ཅིང་། དེ་ལྟར་སྐྲོད་པའི་ཁྲོ་བོའི་ཚོགས་ཀྱིས་ཕྱོགས་མཚམས་ཁྱབ་པར་བཅིངས་ཏེ་བསྲུང་། དེ་ནས་ལས་བྱང་ལྟར་མདུན་རྟེན་བསྐྱེད། སྐྱབས་སེམས་སྔོན་འགྲོས་བཤགས་པ་དང་། མཎྜལ་སོགས་ཀྱིས་མཆོད་ཅིང་བླ་མའི་གསོལ་འདེབས་དབང་བཞི་ལེན་པ་རྣམས་བྱས་ལ་ཚོགས་ཞིང་རང་ལ་བསྟིམ་ནས་དབང་དོན་བསྐྱང་། དེ་ནས་དངོས་གཞི་ནི། བདག་དང་མདུན་རྟེན་དབྱེར་མེད་དཀྱིལ་འཁོར་གྱི་དབུས་སུ་རྟ་མགྲིན་བསྒོམ་པའི་ཕྱོགས་བཞིར་པད་འདབ་ལ་རིགས་བཞི་ཡབ་ཡུམ། རྟ་མགྲིན་གྱི་དབུ་ཐོག་ཏུ་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ། དེའི་མདུན་དང་ཕྱོགས་བཞིར་ཐོད་ཕྲེང་རིགས་ལྔ། དེའི་ཕྱི་རོལ་རིན་ཆེན་ཟུར་བརྒྱད་ཀྱི་ཐད་ཀའི་སྟེང་གི་བར་སྣང་ལ་མཚན་བརྒྱད། དེའི་མཐར་མོས་བསྐྱེད་ཙམ་གྱིས་རྩ་བརྒྱུད་ཀྱི་བླ་མའི་ཚོགས་དང་། པད་འདབ་བཅུ་དྲུག་ལ་ཡི་དམ་ལྷ་དང་རིག་འཛིན་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་གཏིབས་པ་བཞིན་དུ་བསྒོམས་ཤིང་། དེ་ཐམས་ཅད་དུ་མར་སྣང་ཡང་རང་གི་སེམས་ཉིད་བླ་མ་རྡོ་རྗེ་སེམས་དཔའི་རང་བཞིན་དུ་རྣམ་པར་དག་པའི་རྩལ་སྣང་ཙམ་དུ་ཐག་བཅད་ནས། མ་འདྲེས་ཡོངས་རྫོགས་མེ་ལོང་ནང་གི་གཟུགས་བརྙན་བཞིན་གསལ་སྟོང་ཞེན་བྲལ་དུ་བསྒོམ་པར་བྱ་བ་གཅེས་སོ། །དེ་ནས་ཡེ་ཤེས་པ་སྤྱན་དྲང་ཞིང་བཞུགས་སུ་གསོལ་ཕྱག་མཆོད་རྣམས་བྱས་རྗེས། སྣང་སྲིད་གཞལ་ཡས་བླ་མ་ལྷ༑ ༑ཞེས་སོགས་ཀྱིས་སྣང་སྲིད་སྣོད་བཅུད་ཐམས་ཅད་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཆུ་ཟླའི་འཇའ་ཚོན་ལྟར་སྣང་ལ་རང་བཞིན་མེད་པར་གསལ་བ་ལ་འཛིན་མེད་དུ་སེམས་བཟུང་སྟེ། སྤྱི་གཙུག་གི་བླ་མ་རྡོ་རྗེ་སེམས་དཔའི་སྤྱི་བོའི་ༀ་སོགས་ལས་འོད་ཟེར་སྤྲོ་བསྡུས་དབང་བཞི་ལེན་པའི་དམིགས་པ་སྦྱར་ཏེ། བཟླ་བྱའི་སྔགས་ༀ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པ་ཁོ་ན་ཐུན་བཞིར་བཅད་ནས་དུས་བསྙེན་ཟླ་བ་གསུམ། གྲངས་ས་ཡ་རྗེས་ལ་བགྲང་བའི་ལུགས་ལྟར་བྱེ་བ་གཅིག་སྟེ་འབུམ་ཕྲག་བཅུ། མཚན་མའི་བསྙེན་པ་ནི་དངོས་ཉམས་རྨི་ལམ་གང་རུང་དུ་སློབ་དཔོན་ཆེན་པོ་པདྨའི་


MLP021_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་མཇལ་བ་སོགས་སོ། །བསྙེན་པ་དེ་གསུམ་གང་རུང་སྔོན་དུ་སོང་བས་ལས་སྦྱོར་གྱི་བཟླས་པ་བྱེད་པར་འདོད་ན་ཐོད་ཕྲེང་རིགས་ལྔ་སྒོམ་པའི་འཕྲོ་འདུས་བཟླ་བའམ། ཁྱད་པར་སྙན་བརྒྱུད་ཞག་བདུན་མའི་ཞལ་བཞེས་སྦྱོར་ཚུལ་གྱི་གནད་ཤེས་པར་བྱའོ། །གང་ལྟར་ཡང་། བཟླས་པའི་ཐུན་འཇོག་དུས་ལས་བྱང་བཞིན་དུ་རྩ་བའི་བཞི་པ་དགོངས་པ་བསྐྱང་བ་ལ་མཉམ་པར་འཇོག་ཅིང་། དྲུག་པ་དངོས་གྲུབ་བླང་བ་བསྙེན་པ་འཐོན་ཁར་བྱེད་པ་ཡིན་མོད། འདིར་ས་ཁོངས་འཛིན་བྱེད་ཙམ་དུ་སྔར་བཤམས་པའི་བུམ་པའི་གཟུངས་ཐག་ནས་བཟུང་སྟེ། གསང་སྔགས་ཤམ་བུ་ཅན་ཉེར་གཅིག་ཙམ་རེ་བཟླས་རྗེས། ཚོགས་བྱེད་ན་ལས་བྱང་དུ་མཆོད་པའི་སྐབས་སུ་གསུངས་ཀྱང་བསྙེན་པའི་སྐབས་སུ་འདིར་བྱེད་པའི་ཕྱག་ལེན་ལྟར་བྱས་ལ། དཀྱུས་ལྟར་གཏོར་སྨན་རཀྟས་མཆོད་ཅིང་། བསྟོད་བསྐུལ་རྣམས་ཀྱི་མཐར། ཆོས་བསྲུང་གི་གཏོར་ཆོག་རྣམས་བྱས་ལ་ཚོགས་ལ་རོལ་ཞིང་། ཚོགས་ལྷག་མ་བསྔོས་ནས་བཙོན་དུ་བཟུང་། ཐུན་བསྡུ་བ་ན། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་བརྟེན་བཅས་ཏེ་ཡིག་བརྒྱ་ཅུང་ཟད་བཟླས་པས་བཟོད་པར་གསོལ་ནས། དཀྱིལ་འཁོར་གྱི་འཁོར་ལོ་སྤྱི་བོའི་བླ་མ་ལ་འདུས། དེ་ཉིད་རང་ལ་བསྟིམས་ནས་མི་དམིགས་པའི་ངང་ལ་མཉམ་པར་བཞག སླར་ཡང་རྟ་མགྲིན་གྱི་སྐུར་ཆུ་ལས་ཉ་ལྡང་བ་ལྟར་ལངས་ལ་སྨོན་ལམ་བརྗོད་ཅིང་སྤྱོད་ལམ་ལ་འཇུག་གོ །དེ་ལྟར་ཐུན་བཞིར་བཅད་པ་ལས་ཚོགས་དང་ཆོས་སྲུང་གི་གཏོར་ཆོག་དགོང་ཐུན་ནམ་སྲོད་ཐུན་གྱི་རྗེས་གང་རུང་ལས་ཐུན་གཞན་རྣམས་ལ་མི་དགོས། ཐུན་མཚམས་ཐམས་ཅད་དུའང་ལྷའི་གསལ་སྣང་དང་ཡ་མ་བྲལ་བས་སྔགས་ཅི་ནུས་བཟླ་ཞིང་གྲངས་ལ་མི་བརྩི། ཉལ་དུས་དཀྱིལ་འཁོར་བསྡུས་ནས་མི་དམིགས་པའི་ངང་ལ་ཉལ། ཐོར་ཐུན་ལ་སྔགས་སྒྲས་སད་དེ་ཐུན་མཚམས་ཀྱི་ལྷར་ལངས་ནས་ཐུན་ལ་འཇུག བཟའ་བཏུང་ཡེ་ཤེས་ཀྱི་བདུད་རྩིར་བརླབས་ཏེ་ནང་གི་སྦྱིན་སྲེག་གིས་རོལ། དེ་ལྟ་བུས་མཚན་དུས་གྲངས་ཀྱི་བསྙེན་པ་གང་རུང་འཐོན་པ་དང་། སང་ནངས་པར་གྲོལ་རྒྱུའི་དགོང་ཐུན་ནས། དངོས་གྲུབ་ཀྱི་རྫས་རྣམས་བཤམ་ཞིང་། ཐུན་མཐར་འཁོར་འདས་ཀྱི་ཡོན་ཏན་ཐམས་ཅད་བསྡུས་


MLP021_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བུམ་པ་སོགས་དངོས་གྲུབ་ཀྱི་རྫས་རྣམས་ལ་བསྟིམ་པའི་དམིགས་གནད་བཅས་པས་དངོས་གྲུབ་བསྡུ་བའི་འཛབ་བཟླ། ཁྱད་པར་གྲོལ་རྒྱུའི་སྔ་ཐུན་ལ་བཟླས་པ་འཐོན་རྗེས། སླར་ཡང་སྲུང་འཁོར་གསལ་བཏབ། རང་ཉིད་རྟ་མགྲིན་གྱི་རྣམ་པར་ལོགས་སུ་བྱེ་བས་དངོས་གྲུབ་ལེན་པར་བྱ་སྟེ། དངོས་གྲུབ་བསྐུལ་བའི་བཟླས་པ་སྔར་ལྟར་བྱ། དེ་ནས་མཆོད་བསྟོད་སྔོན་དུ་འགྲོ་བས། བདེ་མཆོག་བདེ་སྤྱོད་ཀྱིས་དངོས་གྲུབ་བསྐུལ་རྗེས་རྩ་སྔགས་ཤམ་བུ་ཅན་བཟླ་བཞིན་དུ་སྒྲུབ་གཏོར་ལྷར་གསལ་བ་ལས་བྱིན་རླབས་དང་དངོས་གྲུབ་ཀྱི་སྐལ་བ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ཏེ་དབང་བཞི་བླང་ཞིང་། སྒྲུབ་རྫས་རྣམས་གནས་བཞིར་གཏུག །མཐར་ལྷ་འོད་དུ་ཞུ་བའི་གཏོར་ཟན། བུམ་པའི་རིལ་བུ་སོགས་དངོས་གྲུབ་ཀྱི་རྫས་ལ་རོལ། དེ་ནས་མཇུག་གི་བྱ་བ་ཚོགས་ལྷག་གཏོར་སྐྱོང་སོགས་བྱས་ལ། དཀྱིལ་འཁོར་བསྡུ་ཞིང་བསྔོ་སྨོན་ཤིས་བརྗོད། ཐོ་འགྲོལ་གནས་སྲུང་བ་སོགས་མཐའ་རྒྱས་རྣམས་གསང་བ་སྤྱིའི་འགྲོས་བཞིན་ཤེས་པར་བྱའོ། །ཞེས་པའང་འགྱུར་མེད་རྡོ་རྗེས་སོ།། །།


previousབླ་མ་གསང་འདུས་ཀྱི་བསྙེན་ཡིག་ཉུང་གསལ། རིག་འཛིན་འགྱུར་མེད་རྡོ་རྗེ། next