དབུ་མ་རྣམ་ངེས་ལེའུ་བཅུ་པ།
དབུ་མ་རྣམ་པར་ངེས་པའི་བང་མཛོད་ལུང་དང་རིགས་པའི་རྒྱ་མཚོ་ལས་ལམ་དབུ་མ་ཐབས་ཤེས་ཟུང་འཇུག་བཤད་པའི་ལེའུ་བཅུ་པ་བཞུགས་སོ།།
ཁྱོད་ཞལ་ཉིན་མོར་བྱེད་པའི་མདངས་གསལ་བ། །མཐོང་བའི་མོད་ལ་ཚངས་དང་དབང་པོས་ཀྱང་། །ཐོར་ཅོག་མདུད་པ་དམ་པོ་གྲོལ་བྱས་ཏེ། །གུས་པས་ཕྱག་འཚལ་དེ་ལ་སྐྱབས་སུ་མཆི། །དེ་ལྟར་བདེན་གཉིས་ཤེས་བྱའི་གནས་ལུགས་དང་། །དེ་དོན་རྟོགས་པའི་ལྟ་བ་རབ་རྙེད་ནས། །དེ་སྒོམ་བྱེད་པའི་ལམ་གྱི་རྣམ་གཞག་ཀྱང་། །དེ་སྟོན་མཛད་པའི་ལུགས་བཞིན་རྣམ་ངེས་བྱ། །ཞེས་མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བ་སྔོན་དུ་བཏང་ནས། གཞི་དབུ་མ་བདེན་གཉིས་ཟུང་འཇུག་བཤད་ཟིན་པའི་འོག་ཏུ། ལམ་དབུ་མ་ཐབས་ཤེས་ཟུང་འཇུག་བཤད་པ་ལ་འཇུག་པར་བྱ་སྟེ་འདི་ལ་དོན་རྣམ་པ་གསུམ་སྟེ། དབུ་མ་ཐལ་འགྱུར་དུ་སྨྲ་བ་རྣམས་ཀྱིས་ཚད་མའི་རྣམ་པར་གཞག་པ་ཇི་ལྟར་ཡིན་པ་དང་། ཚད་མ་དེས་སྐྱེད་པའི་ལམ་གྱི་ངོ་བོ་ངོས་བཟུང་བ་དང་། ལམ་ཉམས་སུ་ལེན་པ་ལ་འཇུག་པའི་རིམ་པའོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བའོ།
།དང་པོ་ནི། མི་སླུ་བའི་རིག་པའོ། །གང་ལ་མི་སླུ་ན། གནས་སྐབས་གཉིས་ལས། ཐ་སྙད་ཀྱི་བདེན་པ་ལ་དང་། གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ་ནི། དོན་དམ་པའི་བདེན་པ་ལའོ། །ཇི་ལྟར་མི་སླུ་ན། བློས་ཇི་ལྟར་དཔྱད་པ་དང་། དོན་ལ་གནས་ཚུལ་མཐུན་པའོ། །འོ་ན་གནས་ཚུལ་དེ་ཇི་ལྟ་བུ་ཞེ་ན། ཀུན་རྫོབ་ཀྱི་བདེན་པ་ལ་གནས་པའི་དུས་ཀྱི་དང་། དོན་དམ་པའི་བདེན་པ་ལ་འཇུག་པའི་དུས་ཀྱི་གནས་ཚུལ་ལོ། །དང་པོ་ནི། སྤྱིར་འཇིག་རྟེན་རང་ལུགས་ཀྱི་ཀུན་རྫོབ་དང་། དོན་དམ་པ་གཉིས་ལས། ཟླ་བ་གཉིས་སྣང་གི་དབང་ཤེས་ལ་སྣང་བའི་ཟླ་གཉིས་ལྟ་བུ་ནི་ཀུན་རྫོབ་དང་། ཟླ་བ་གཅིག་སྣང་བའི་དབང་ཤེས་ཀྱི་ཡུལ་དུ་གྱུར་པའི་ཟླ་གཅིག་ལྟ་བུ་ནི་དོན་དམ་པའི་བདེན་པའོ། །རྒྱུ་མཚན་དེའི་ཕྱིར་ཟླ་བ་གཉིས་སྣང་གི་དབང་ཤེས་ནི་སླུ་བ་ཡིན་ཏེ། ཡུལ་ཅན་གྱི་བློས་བཅད་པ་དང་འཇུག་ཡུལ་གྱི་གནས་ཚུལ་མི་མཐུན་པའི་ཕྱིར། ཟླ་བ་གཅིག་སྣང་གི་དབང་ཤེས་ལྟ་བུ་ནི་མི་སླུ་བ་ཡིན་ཏེ། དེ་དང་དེ་མཐུན་པའི་ཕྱིར། གཉིས་པ་ནི། མྱུ་གུ་བདེན་པའི་གཅིག་དང་དུ་བྲལ་དུ་རྟོགས་པའི་བློའོ། །དེ་མི་སླུ་བའི་རིག་པ་ཡིན་ཏེ། དེ་དང་དེ་མཐུན་པའི་ཕྱིར། འོ་ན་དེའི་གནས་ཚུལ་ཅི་ཞེ་ན། དེས་བཅད་པའི་ཚེ་མྱུ་གུ་དེ་དང་དེར་མ་གྲུབ་པ་དེའོ།
།འོ་ན་འགལ་བ་ལ་མི་འཁྲུལ་པའི་ཚད་མ་འབྱུང་བར་འགྱུར་ཏེ། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་མྱུ་གུ་སྣང་བའི་དབང་ཤེས་ཀྱང་ཚད་མར་ཁས་བླངས་ལ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ན་མྱུ་གུའི་རྣམ་པ་ཅི་ཡང་མ་མཐོང་བའི་ཡིད་ཀྱི་ཤེས་པ་ཡང་ཚད་མར་ཁས་བླངས་པའི་ཕྱིར་སྙམ་ན། དེར་འགྱུར་བ་མ་ཡིན་ཏེ། ཀུན་རྫོབ་ཀྱི་བདེན་པ་ལ་གནས་པའི་ཚེ་གཉིས་པ་ཚད་མར་ཁས་མི་ལེན་ལ། དོན་དམ་པའི་བདེན་པ་ལ་འཇུག་པའི་ཚེ་དང་པོ་ཚད་མར་ཁས་མི་ལེན་པའི་ཕྱིར། གཉིས་པ་དབྱེ་བ་ལ། བཏགས་པ་བ་ཐ་སྙད་ཀྱི་བདེན་པ་འཇོག་བྱེད་ཀྱི་ཚད་མ་དང་། མཚན་ཉིད་པ་དོན་དམ་པའི་བདེན་པ་འཇོག་བྱེད་ཀྱི་ཚད་མའོ། །དང་པོ་ལ། འཇིག་རྟེན་ལ་གྲགས་པའི་ཐ་སྙད་བདེན་པ་འཇོག་བྱེད་ཀྱི་ཚད་མ་དང་། འཕགས་པ་ལ་གྲགས་པའི་ཐ་སྙད་བདེན་པ་འཇོག་བྱེད་ཀྱི་ཚད་མའོ། །དང་པོ་ལ་མཚན་ཉིད་ནི། མི་སླུ་བའི་རིག་པ་གང་ཞིག མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བའི་བསླད་པ་ཞུགས་པ་དེ། ཐ་སྙད་ཀྱི་བདེན་པ་འཇོག་བྱེད་ཀྱི་ཚད་མའི་མཚན་ཉིད་དང་། མ་རིག་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་འཁྲུལ་བས་བསླད་པའི་ཤེས་པ་གང་ཞིག འཇིག་རྟེན་གྱི་ཐ་སྙད་བདེན་པ་ལ་མི་སླུ་བ་དེ། འཇིག་རྟེན་ལ་གྲགས་པའི་ཐ་སྙད་བདེན་པ་འཇོག་བྱེད་ཀྱི་ཚད་མའི་མཚན་ཉིད་དང་། དེ་གང་ཞིག འཕགས་པ་ལ་གྲགས་པའི་ཐ་སྙད་བདེན་པ་ལ་མི་སླུ་བ་དེ་གཉིས་པའི་མཚན་ཉིད་དོ། །དེ་གཉིས་པོ་རེ་རེ་ལ་ཡང་མངོན་སུམ་གྱི་ཚད་མ་དང་། རྗེས་སུ་དཔག་པའི་ཚད་མ་དང་། དཔེ་ཉེར་འཇལ་གྱི་ཚད་མ་དང་། ལུང་ཚད་མ་བཞི་བཞིར་འབྱེད་ལ། དེ་ལྟར་འབྱེད་པའི་རྒྱུ་མཚན་ཡང་འཇིག་རྟེན་པ་རྣམས་འཇིག་རྟེན་རང་ལ་གྲགས་པའི་དོན་དམ་པའི་བདེན་པ་རྣམ་པར་འཇོག་པ་ན། ཚད་མ་དེ་བཞིའི་སྒོ་ནས་འཇོག་པས་སོ། །དེ་སྐད་དུ་ཡང་། ཚིག་གསལ་ལས། དེའི་ཕྱིར་དེ་ལྟར་ཚད་མ་བཞི་ལས། འཇིག་རྟེན་གྱིས་དོན་
རྟོགས་པར་རྣམ་པར་འཇོག་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་བཞི་ཚན་གཉིས་ལས། བཞི་ཚན་དང་པོ་འདི་ནི། འཇིག་རྟེན་གྱི་ཐ་སྙད་བདེན་པ་ཐད་སོར་བཞག་ནས། བླང་དོར་ལ་འཇུག་པ་དེའི་ཚེ་ཚད་མར་ཁས་ལེན་ཀྱང་། གནས་ཚུལ་སེམས་པ་ལ་ཞུགས་པ་དེའི་ཚེ་ཚད་མར་ཁས་མི་ལེན་ཏེ། དེའི་ཚེ་འཇིག་རྟེན་ལ་གྲགས་པའི་དོན་དམ་པའི་བདེན་པ་ཇི་སྙེད་པ་ཀུན་རྫོབ་ཀྱི་བདེན་པར་འཆད་དགོས་པའི་ཕྱིར། ཚད་མ་བཞི་ཚན་གཉིས་པ་དེ་ཡང་གནས་ཚུལ་སེམས་པའི་རིགས་པ་ལ་སྤྱིར་ཞུགས་ཤིང་། སྤྲོས་པ་ཐམས་ཅད་བཟློག་པའི་རིགས་པ་ལ་མ་ཞུགས་པའི་བར་དེ་ན། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་རིགས་པའམ། བར་དུ་བདག་བཟློག་པའི་རིགས་པ་ལ་གནས་པ་དེའི་ཚེ། ཚད་མར་ཁས་ལེན་པ་ཡིན་གྱི། ཐ་མར་སྤྲོས་པ་ཀུན་བཟློག་པའི་རིགས་པ་དབང་བཙན་པ་དེའི་ཚེ་ན་ནི་ཚད་མར་ཁས་མི་ལེན་ཏེ། མཐར་ཐུག་སྤྲོས་པ་ཉེ་བར་ཞི་བ་དེའི་ཚེ་ན་ཚད་མ་བཞི་པོ་འདིས་གྲུབ་པའི་དོན་དེ་དག་ཀྱང་ཀུན་རྫོབ་ཀྱི་བདེན་པར་ཁས་ལེན་དགོས་པའི་ཕྱིར། ཚད་མ་བཞི་ཚན་གཉིས་པ་འདི་ཡང་། འཇིག་རྟེན་གྱི་ཀུན་རྫོབ་བདེན་པ་ཁས་ལེན་པའི་གནས་སྐབས་ཤེས་བྱའམ། བསོད་ནམས་མ་ཡིན་པ་དང་པོར་བཟློག་པ་ཞེས་བྱ་བའི་གནས་སྐབས་དེ་ལ་ལྟོས་ནས་ནི། དོན་དམ་པའི་བདེན་པའི་འཇོག་བྱེད་ཀྱི་ཚད་མར་ཁས་ལེན་པ་ཡིན་ཏེ། དེ་ལ་ལྟོས་ནས་ནི་བདག་མེད་པ་གཉིས་དང་། མྱུ་གུ་སྐད་ཅིག་གིས་འཇིག་པ་ལྟ་བུ་ཡང་དོན་དམ་བདེན་པར་བཞག་དགོས་པའི་ཕྱིར། སྤྲོས་པ་ཀུན་བཟློག་པའི་རིགས་པ་ལ་ལྟོས་ནས་ནི་བཞི་ཚན་གཉིས་པ་འདི་ཐ་སྙད་ཀྱི་བདེན་པ་འཇོག་བྱེད་ཀྱི་ཚད་མར་ཁས་ལེན་དགོས་པ་ཡིན་ཏེ། དེའི་ཚེ་གསུམ་པོ་དེ་དག་ཀུན་རྫོབ་བདེན་པར་ཁས་ལེན་དགོས་པའི་ཕྱིར། མདོར་ན་འཇིག་རྟེན་དང་འཕགས་པའི་ལུགས་གང་ཡིན་ཀྱང་
རུང་། ལུགས་དེ་ལ་གྲགས་ཤིང་། ལུགས་དེ་ལ་ཁས་ལེན་པའི་ཚད་མ་དེ་ཡིན་ན། ལུགས་དེ་ལ་གྲགས་པའི་གཞལ་བྱ་དོན་དམ་པའི་བདེན་པ་ལ་ལྟོས་ནས་ཚད་མར་འཇོག་དགོས་པ་ཡིན་ཏེ། ལུགས་དེ་ལ་གྲགས་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ན་ལུགས་དེ་ལ་ཡོད་པ་མ་ཡིན་དགོས་པའི་ཕྱིར། དཔེར་ན་འཇིག་རྟེན་ལ་གྲགས་པའི་ཀུན་རྫོབ་ཡིན་ན་འཇིག་རྟེན་རང་ལུགས་ལ་ཡོད་པ་མ་ཡིན་དགོས་པ་ནི། ཇི་སྐད་དུ། དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་འབྱུང་ལ། འཕགས་པའི་ཐ་སྙད་ལ་གྲགས་པའི་དེ་ལ་དེས་ཁྱབ་པ་ཡང་། འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་པའི་གཞུང་གིས་བསྟན་ནོ། །དེའི་ཕྱིར་ལོག་པའི་ཀུན་རྫོབ་ལ་མི་སླུ་བའི་ཚད་མ་ནི་ནམ་ཡང་ཁས་བླངས་པར་མི་བྱའོ། །འོ་ན་ཇི་སྐད་དུ། རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །ཞེས་གནས་སྐབས་ལ་ལྟོས་པའི་ཡུལ་བདེན་པ་དང་། ཡུལ་ཅན་མི་སླུ་བ་ནི་དེ་ལ་ཡང་བཤད་ལ། མཐར་ཐུག་ལ་ལྟོས་པའི་དེ་དང་དེ་ནི་ཁྱེད་ལ་མེད་པའི་ཕྱིར་གནས་སྐབས་སུ་ལོག་པའི་ཀུན་རྫོབ་ལ་མི་སླུ་བའི་ཚད་མ་ཡང་ཁས་ལེན་དགོས་སོ་སྙམ་ན། དེ་ནི་མ་ཡིན་ཏེ། འདིར་ཚད་མའི་རྣམ་གཞག་འཇོག་པའི་མ་མཐའི་ས་མཚམས་ནི། འཇིག་རྟེན་ལ་གྲགས་ཚུན་ཆད་ལ་བཞག་པ་ཡིན་ལ། སྐྲ་ཤད་འཛག་སྣང་གི་དབང་ཤེས་ཚད་མར་ཁས་ལེན་པ་ནི་འཇིག་རྟེན་གྱི་མཚམས་ལས་འདས་པའི་ཕྱིར་རོ། །དེ་ལྟར་སྤྱིར་བཤད་ནས་སོ་སོར་འཆད་པ་ལ་བཞི་ཚན་གཉིས་ལས། དང་པོ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་ཅིང་། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་གཉིས་སྣང་གི་ཤེས་བ་གང་ཞིག འཇིག་རྟེན་ན་གྲགས་པའི་ཡུལ་མངོན་སུམ་པས་མི་བསླུ་བའི་རིག་པ་དེ། འཇིག་རྟེན་ལ་གྲགས་པའི་མངོན་སུམ་གྱི་ཚད་མའི་མཚན་ཉིད་དོ། །འདིར་ནི་རྟོག་གེ་ལ་གྲགས་པ་བཞིན་དུ་མངོན་སུམ་ཉིད་ཚད་མར་ཁས་ལེན་པ་ནི་མ་
ཡིན་ཏེ། འཇིག་རྟེན་ན་དེ་ལྟར་མ་གྲགས་པའི་ཕྱིར། དེ་སྐད་དུ་ཡང་ཚིག་གསལ་ལས། འཇིག་རྟེན་པའི་ཚད་མ་དང་གཞལ་བྱའི་ཐ་སྙད་བཤད་པར་འདོད་པའི་ཕྱིར་ན། མངོན་སུམ་ཚད་མར་རྟོག་པ་ནི་དོན་དམ་པ་ཉིད་དུ་འགྱུར་རོ། །ཞེས་གསུངས་པས་སོ། །གཉིས་པ་དབྱེ་བ་ལ། འཇོག་མཚམས་གཉིས་ཀྱི་སྒོ་ནས་བཤད་པར་བྱ་སྟེ། བསྟན་བཅོས་ལ་གྲགས་པའི་ཐ་སྙད་ཅུང་ཟད་ཀྱང་མི་ཤེས་པའི་འཇིག་རྟེན་རྨོངས་པ་དང་། རིག་བྱེད་ཀྱི་བསྟན་བཅོས་སོགས་ནས་འབྱུང་བའི་ཐ་སྙད་ཇི་ལྟར་གྲགས་པ་བཞིན་ཁས་ལེན་པའི་འཇིག་རྟེན་པ་གཉིས་སོ། །དང་པོས་ནི། ལས་འབྲས་དང་སྐྱེ་བ་སྔ་ཕྱི་སོགས་ཀྱི་རྣམ་དབྱེ་མི་ཤེས་ལ། གཉིས་པས་ཤེས་པ་ལྟ་བུ་དང་། དང་པོས་འཇིག་རྟེན་དང་བདེ་སྡུག་གི་བྱེད་པ་པོ་ཁས་མི་ལེན་ལ། གཉིས་པས་ཁས་ལེན་པ་ལྟ་བུའོ། །དེའི་ཕྱིར་མངོན་སུམ་ལ་དབྱེ་ན་དབང་པོའི་མངོན་སུམ་དང་། ཡིད་ཀྱི་མངོན་སུམ་དང་། རང་རིག་པའི་མངོན་སུམ། རྣལ་འབྱོར་པའི་མངོན་སུམ་དང་བཞིའི་ཐ་སྙད་ཁས་ལེན་པ་དང་མི་ལེན་པའི་ལུགས་གཉིས་སོ། །ཐ་སྙད་ཇི་ལྟར་ཁས་བླངས་ཀྱང་རུང་། དོན་ཐོབ་ཀྱི་དབང་དུ་བྱས་ན། ལྷན་ཅིག་སྐྱེས་པའི་མ་རིག་པས་རྣམ་པར་བསླད་པའི་གཉིས་སྣང་ཅན་གྱི་ཤེས་པ་གང་ཞིག བདག་རྐྱེན་དབང་པོ་གཟུགས་ཅན་ལ་དངོས་སམ་རྒྱུད་པ་གང་རུང་གི་སྒོ་ནས་བརྟེན་ཏེ། འཇིག་རྟེན་ལ་གྲགས་པའི་ཡུལ་མངོན་སུམ་པ་ལ་མི་སླུ་བའི་རིག་པ་དེ། དབང་པོའི་མངོན་སུམ་ཚད་མའི་མཚན་ཉིད་དོ། །མཚན་གཞི་ནི། གཟུགས་ལ་བལྟ་བཞིན་པའི་གཟུགས་འཛིན་མིག་གི་རྣམ་པར་ཤེས་པ་ལྟ་བུའོ། །འདི་ལ་གསལ་རྟོགས་མི་དགོས་ཏེ། འཇིག་རྟེན་ན་མ་གྲགས་པའི་ཕྱིར་དང་། ཚད་མ་སྐད་ཅིག་སྔ་ཕྱི་གཅིག་ཏུ་འཁྲུལ་བ་དེའི་སྟེང་ནས་འདིར་རྣམ་གཞག་འཆད་དགོས་པའི་ཕྱིར། ཡང་དེ་གང་ཞིག བདག་རྐྱེན་དབང་པོ་གཟུགས་ཅན་པ་ལ་མ་
ལྟོས་ཤིང་། རྣལ་འབྱོར་པའི་ཏིང་ངེ་འཛིན་ལ་ཡང་མ་ལྟོས་པར་ཡུལ་མངོན་སུམ་པ་ལ་མི་སླུ་བའི་རིག་པའོ། །དཔེ་ནི་མེའི་ཁ་དོག་ལས་རེག་བྱ་དཔོག་པའི་ཡིད་ལྟ་བུའོ། །འདི་རྗེས་དཔག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། སྐྱེ་མཆེད་ཀྱི་རྣམ་དབྱེ་ཞིབ་མོ་ཤེས་པ་ལ་རྗེས་དཔག་ཡིན་ཀྱང་། དེ་མི་ཤེས་པའི་འཇིག་རྟེན་གྱི་མངོན་སུམ་དུ་ཁས་ལེན་པ་ཡིན་ཏེ། ཇི་སྐད་དུ། འཇིག་རྟེན་གྱི་ནི་ཐ་སྙད་དུ། །ཁ་དོག་དབྱིབས་ལ་ས་ཞེས་བརྗོད། །ཅེས་དང་། རྟོག་གའི་བསྟན་བཅོས་ལས། སྐྱེ་མཆེད་རྣམ་དབྱེ་མ་ཤེས་པས། །རྒྱུ་ཆོས་མངོན་སུམ་ཡིན་པར་འཁྲུལ། །ཞེས་གསུངས་སོ། །གཞན་དག་ལུགས་འདི་ལ་གཟུགས་འཛིན་མངོན་སུམ་གྱིས་དྲངས་ནས་སྐྱེས་པའི་གཟུགས་ངེས་པའི་ངེས་ཤེས་ཡིད་མངོན་གྱི་མཚན་གཞིར་ཁས་ལེན་པ་དེ་ནི་རིགས་པ་མ་ཡིན་ཏེ། འཇིག་རྟེན་པས་མིག་ཤེས་ཀྱིས་མཐོང་བ་དང་། དེས་དྲངས་པའི་རྟོག་པས་མཐོང་བ་གཉིས་གཅིག་ཏུ་འདྲེས་པའི་ཕྱིར་དང་། ལུགས་འདི་ལ་མངོན་སུམ་གྱི་ཚད་མ་ལ་རྟོག་བྲལ་གྱིས་ཁྱབ་པ་ཡང་བཀག་པའི་ཕྱིར། དེ་སྐད་དུ་ཡང་། ཚིག་གསལ་ལས། རྟོག་པ་དང་བྲལ་བའི་ཤེས་པ་དེས་ཀྱང་འཇིག་རྟེན་པའི་ཐ་སྙད་བྱེད་པ་མེད་པའི་ཕྱིར་ཞེས་དང་། ལུང་ལས་ཀྱང་རྟོག་པ་དང་བྲལ་བའི་ཤེས་པ་ཁོ་ན་མངོན་སུམ་ཉིད་མ་ཡིན་པས་འདི་ནི་མི་རིགས་སོ། །ཞེས་གསུངས་སོ། །འདིར་བདག་རྐྱེན་ཡིད་དབང་ལ་བརྟེན་པའི་རྣམ་གཞག་ནི་འཆད་དཀའ་བ་ཡིན་ཏེ། འཇིག་རྟེན་པ་ལྟ་ཅི་སྨོས། བསྟན་བཅོས་ལས་ཀྱང་ཐོགས་མེད་ཀྱིས་ཡིད་དབང་སྒྲུབ་པ་ལ་འབད་རྩོལ་དུ་མ་མཛད་དགོས་པར་བྱུང་བའི་ཕྱིར། གསུམ་པ་ལ་མཚན་ཉིད་ནི། བག་ཆགས་ཀྱིས་གཟུང་འཛིན་གཉིས་སུ་འཁྲུལ་བས་བསླད་པའི་ཤེས་པ་གང་ཞིག རིག་བྱེད་གཞན་ལ་མི་ལྟོས་པར་རིག་པའི་ངོ་བོར་སྐྱེས་པ་དེ། འཇིག་རྟེན་ལ་གྲགས་
པའི་རང་རིག་ཚད་མའི་མཚན་ཉིད། མཚན་གཞི་ནི་ངས་སྔོན་པོ་མཐོང་ངོ་སྙམ་པའི་དུས་ཀྱི་མྱོང་དྲན་གཉིས་ལྟ་བུའོ། །དེ་ཉིད་འཇིག་རྟེན་ལ་མ་གྲགས་སོ་སྙམ་ན། མ་གྲགས་པ་མ་ཡིན་ཏེ། ཇི་སྐད་དུ། གང་ཕྱིར་གང་གི་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་གྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་པའོ། །བཞི་པ་རྣལ་འབྱོར་མངོན་སུམ་ལ་མཚན་ཉིད་ནི། དེ་གང་ཞིག ཏིང་ངེ་འཛིན་གྱི་མཐུ་ལ་བརྟེན་ནས་ཡུལ་དུས་དེར་ལྐོག་ཏུ་གྱུར་པའི་དོན་འགའ་ཞིག་མངོན་སུམ་བཞིན་དུ་མཐོང་ནས། དེ་ལ་མི་སླུ་བའི་རིག་པའོ། །མངོན་སུམ་དེ་འཇིག་རྟེན་རང་ག་བའི་རྒྱུད་ལ་མེད་ཀྱང་འཇིག་རྟེན་ན་མ་གྲགས་པ་མ་ཡིན་ཏེ། འཇིག་རྟེན་པ་དག་གིས་ཀྱང་ཚངས་པ་ལ་སོགས་པའི་མངོན་ཤེས་ཚད་མར་ཁས་བླངས་པའི་ཕྱིར། སྤྱིར་རྣལ་འབྱོར་པའི་མངོན་སུམ་ཡིན་པས་འཕགས་པའི་ཚད་མ་ཡིན་དགོས་པ་ནི་མ་ཡིན་ཏེ། གང་ལ་ནང་གི་རྣལ་འབྱོར་ཡོད་པ་དེ་ལ་རྣལ་འབྱོར་པ་ཞེས་བྱ་ལ། རྣལ་འབྱོར་དེ་ཡང་འཇིག་རྟེན་རྐྱང་པ་ལས་གཞན་ཕྱི་ནང་གི་གྲུབ་པའི་མཐའ་སྨྲ་བ་དག་ལ་ཡོད་ཅིང་། རྣལ་འབྱོར་དེས་བསྒྲུབས་པའི་མངོན་ཤེས་ནི་འཇིག་རྟེན་ན་ཚད་མར་གྲགས་པ་ཡིན་གྱི། འཕགས་པའི་ཡེ་ཤེས་ཟག་མེད་ལ་ནི་འཇིག་རྟེན་པས་ཚད་མར་མི་འཇོག་པའི་ཕྱིར་རོ། །གཉིས་པ་རྗེས་དཔག་ལ་མཚན་ཉིད་ནི། ལྷན་ཅིག་སྐྱེས་པའི་མ་རིག་པས་བསླད་པའི་གཉིས་སྣང་ཅན་གྱི་རིག་པ་གང་ཞིག ཚུལ་གསུམ་པ་ཅན་གྱི་རྟགས་ལས་འཇིག་རྟེན་ལ་གྲགས་པའི་འཇུག་ཡུལ་ལྐོག་གྱུར་ལ་མི་སླུ་བའི་རིག་པའོ། །མཚན་ཉིད་འདི་དག་གི་སྐབས་སུ་མ་རིག་པས་བསླད་པའི་ཤེས་པ་གཞིར་འཇོག་པ་དེ་དག་ནི། དབུ་མ་པས་གཞལ་བ་ན་གོ་བ་སྐྱེད་པའི་ཡན་ལག་ཏུ་བཞག་པ་ཡིན་གྱི། འཇིག་རྟེན་གྱི་རང་ལུགས་ཐད་སོར་འཇོག་པ་དེའི་
ཚེ། གང་ཞིག་དེ་དང་དེ་དག་སྣོན་མི་དགོས་ཏེ། འཇིག་རྟེན་པས་རང་ལུགས་ཀྱི་བདེན་པ་འཇོག་པའི་ཚད་མ་རྣམས་ལ་མ་རིག་པའི་བསླད་པ་ཞུགས་པར་ཁས་མི་ལེན་པའི་ཕྱིར། དཔེར་ན་འཇིག་རྟེན་པས་རང་ལུགས་ཀྱི་དོན་དམ་བདེན་པ་ལ་ཡང་དག་པའི་ཀུན་རྫོབ་ཀྱི་བདེན་པར་ཁས་མི་ལེན་ཀྱང་འཕགས་པས་དེ་ལ་ཡང་དག་ཀུན་རྫོབ་ཀྱི་མིང་འདོགས་པ་བཞིན་ནོ། །མཚན་གཞི་ནི། དུ་བའི་རྟགས་ལས་ལ་མེ་ལྡན་དུ་རྟོགས་པ་དང་། ཆུ་སྐྱར་གྱི་ལུས་ཁྱད་པར་ཅན་ལས་གཞི་འགའ་ཞིག་ཏུ་ཆུ་དཔོག་པ་བཞིན་ནོ། །རྗེས་དཔག་འདི་ཡང་དོན་འཇིག་རྟེན་ན་ཡོད་ཀྱང་། ཐ་སྙད་ནི་གྲུབ་མཐའ་སྨྲ་བས་བྱས་པའོ། །དོན་ཡོད་དེ། ཇི་སྐད་དུ། སྐྱེ་བོས་ཚིག་དང་དུད་སོགས་ལས། །སེམས་ལྡན་མེ་སོགས་རྗེས་དཔོག་བྱེད། །ཅེས་དང་། ད་ནི་གྲུབ་མཐའ་མེད་རྣམས་ཀྱིས། །དུ་བས་མེ་ནི་རྟོགས་མི་འགྱུར། །ཞེས་བཤད་པས་སོ། །རྗེས་སུ་དཔག་པའི་ཚད་མ་འདིས་གཞལ་བྱ་སྤྱི་མཚན་འཇལ་བའི་རྣམ་གཞག་ནི་འདིར་མི་བྱེད་དེ། འཇིག་རྟེན་ན་དེར་མ་གྲགས་པའི་ཕྱིར་དང་། གཞལ་བྱ་སྤྱི་མཚན་ཡོད་པར་སྒྲུབ་པ་ལ་རྣམ་འགྲེལ་མཛད་པས་འབད་རྩོལ་དུ་མ་ཞིག་མཛད་པའི་ཕྱིར། དེ་ལྟ་ན་ཡང་ཡུལ་རང་མཚན་ཁོ་ན་ལྐོག་ཏུ་གྱུར་པ་དང་། མ་གྱུར་པའི་དབྱེ་བས་མངོན་སུམ་དང་། མངོན་སུམ་མ་ཡིན་པའི་ཚད་མ་རྣམ་པར་གཞག་གོ །འོ་ན་འདིར་རྗེས་དཔག་གི་རྟེན་གཏན་ཚིགས་ཇི་ལྟར་ཡོད་ཅེ་ན། དེ་རང་རྒྱུད་ཀྱི་གཏན་ཚིགས་ཁོ་ན་སྟེ། དེའི་ཐ་སྙད་མ་སྦྱར་ཡང་དོན་ཚང་བ་དང་། དོན་དམ་ལ་དཔྱོད་པའི་སྐབས་མ་ཡིན་པའི་ཕྱིར། གསུམ་པ་དཔེ་ཉེར་འཇལ་གྱི་ཚད་མ་ལ་མཚན་ཉིད་ནི། སྔར་གྱི་དེ་གང་ཞིག འཇིག་རྟེན་གྱི་དཔེ་ལ་བརྟེན་ནས་འཇིག་རྟེན་རང་ལ་གྲགས་པའི་ལྐོག་ཏུ་གྱུར་པའི་དོན་འགའ་ཞིག་ལ་མི་སླུ་བའི་རིག་པའོ། །མཚན་གཞི་ནི། བ་ལང་ཇི་ལྟ་བུ་སྙམ་པ་ལ་བ་མེན་དང་འདྲ་བའོ། །ཞེས་པའི་ངག་ལ་བརྟེན་ནས། བ་ལང་རང་མཚན་ལ་མི་སླུ་བའི་རིག་པ་ལྟ་བུའོ། །གཞན་དག་འདི་
རྗེས་དཔག་གི་ནང་དུ་འདུས་པར་འདོད་པ་མི་འཐད་དེ། སྒྲུབ་བྱེད་ཀྱི་གཏན་ཚིགས་ལ་མི་བརྟེན་པར་ཤེས་བྱེད་ཀྱི་དཔེ་ལ་བརྟེན་པའི་ཕྱིར། བཞི་པ་ལུང་ཚད་མ་ལ། མཚན་ཉིད་ནི་དེ་གང་ཞིག ཡིད་ཆེས་སུ་གྱུར་བའི་ཚིག་ལས་འཇིག་རྟེན་ལ་གྲགས་པའི་ལྐོག་གྱུར་གྱི་དོན་འགའ་ཞིག་ལ་མི་སླུ་བའི་རིག་པའོ། །མཚན་གཞི་ནི། ཁོ་བོ་ཁང་པའི་ནང་ནས་ཕྱིར་འབྱུང་བའི་དུས་སུ་ཚང་མང་ན་མེ་ཡོད་དོ། །ཞེས་པ་ལྟ་བུ་ཉི་ཚེ་བའི་ལྐོག་གྱུར་རྟོགས་པའི་ལུང་ཚད་མ་དང་། མཆོད་སྦྱིན་བརྒྱ་བྱིན་པས་ལྷའི་དབང་པོའི་གོ་འཕངས་ཐོབ་བོ་ཞེས་པ་ལྟ་བུའི་ལྐོག་གྱུར་ལ་མི་སླུ་བའི་ལུང་ཚད་མའོ། །འདི་རྟོག་གེ་ལ་གྲགས་པའི་ཡིད་ཆེས་པའི་གཏན་ཚིགས་མ་ཡིན་ཏེ། འདིར་ནི་དངོས་པོ་སྟོབས་ཞུགས་ཀྱི་ཡུལ་ལུང་ཚད་མར་བཞག་པའི་ཕྱིར་དང་། དཔྱད་པ་གསུམ་གྱི་རྣམ་པར་མ་དག་ཀྱང་། འཇིག་རྟེན་ན་གྲགས་པ་རྒྱུ་མཚན་དུ་བྱས་ནས་ལུང་ཚད་མར་ཁས་བླངས་པའི་ཕྱིར་རོ། །དེའི་ཕྱིར་གངས་ཅན་པ་གཞན་དག་འདི་རྗེས་དཔག་ཚད་མའི་ནང་དུ་འདུས་པར་འཆད་པ་དེ་ཡང་ཡང་དག་པ་མ་ཡིན་ནོ། །དོན་དེ་དག་ཀྱང་ཇི་སྐད་དུ། ཚིག་གསལ་ལས། རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱང་རུང་སྟེ་འཇིག་རྟེན་ན་ཡོན་ན་ནི་ཐམས་ཅད་མངོན་སུམ་གྱིས་དམིགས་པར་བྱ་བའི་ཕྱིར། ལྐོག་ཏུ་གྱུར་པ་མ་ཡིན་ཏེ། དེའི་ཕྱིར་དེའི་ཡུལ་ཅན་གྱི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་མངོན་སུམ་ཉིད་དུ་རྣམ་པར་གཞག་གོ །ཟླ་བ་གཉིས་ལ་སོགས་པ་དག་ནི་རབ་རིབ་ཅན་མ་ཡིན་པའི་ཤེས་པ་ལ་ལྟོས་ནས་མངོན་སུམ་ཉིད་མ་ཡིན་ལ། རབ་རིབ་ཅན་ལ་སོགས་པ་ལ་ལྟོས་ན་ནི་མངོན་སུམ་ཉིད་ཁོ་ནའོ། །ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་བསྒྲུབ་པར་བྱ་བ་ལ་མི་འཁྲུལ་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །དབང་པོ་ལས་འདས་པའི་དོན་མངོན་སུམ་དུ་རིག་ཅིང་ཡིད་ཆེས་པར་གྱུར་པ་དག་གི་ཚིག་གང་ཡིན་པ་དེ་ནི་
ལུང་ངོ་། །འདྲ་བ་ལས་ཉམས་སུ་མྱོང་བའི་དོན་རྟོགས་པ་ནི་ཉེ་བར་འཇལ་བ་སྟེ། དཔེར་ན་བ་མེན་ནི་བ་ལང་དང་འདྲ་བའོ། །སྙམ་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་ཚད་མ་བཞི་ལས་འཇིག་རྟེན་གྱི་དོན་རྟོགས་པར་རྣམ་པར་འཇོག་པར་ཡིན་ནོ། །དེའི་ཕྱིར་མཐོང་བ་ཇི་ལྟ་བ་བཞིན་དུ་འཇིག་རྟེན་པ་ཉིད་ཡིན་ལ་རག་སྟེ་སྤྲོས་པས་ཆོག་གོ །ཞེས་གསུངས་སོ། །ལུང་དེ་དག་ལས་ཅུང་ཟད་གོ་དཀའ་བ་ཐམས་ཅད་ལྐོག་ཏུ་མ་གྱུར་པ་ཡིན་ཞེས་གསུངས་པ་དེ་ནི། ཇི་སྐད་དུ། གལ་ཏེ་དེ་ནི་དབང་རྣམས་ཀྱིས། །དུས་གཞན་དུ་ནི་རྟོགས་ཤེ་ན། །ཞེས་འབྱུང་བ་ལྟར་ཉི་ཚེ་བའི་ལྐོག་གྱུར་ཙམ་ལས་གཞན་ཤིན་ཏུ་ལྐོག་ཏུ་གྱུར་པ་ཞེས་བྱ་བ་འཇིག་རྟེན་ན་མ་གྲགས་པའི་རྒྱུ་མཚན་གྱིས་ཁས་མི་ལེན་པའི་དོན་ཏོ། །དེར་ཡང་འཇིག་རྟེན་པའི་མངོན་ཤེས་ཀྱིས་མཐོང་ནུས་པ་དེ་དག་དང་། རྟགས་དང་དཔེ་དང་ལུང་གསུམ་ལས་རྟོགས་དགོས་པ་དེ་དག་ཀྱང་། རེ་འགའ་ལྐོག་ཏུ་གྱུར་ཀྱང་གནས་སྐབས་གཞན་དུ་མངོན་དུ་འགྱུར་བས་མངོན་སུམ་ཉིད་དུ་རྣམ་པར་གཞག་ཅེས་བྱ་བའི་དོན་ནོ། །ཡང་མངོན་སུམ་ཉིད་ཁོ་ནའོ་ཞེས་པ་དེར་ཟླ་གཉིས་དང་སྐྲ་ཤད་མངོན་སུམ་དུ་བཤད་ཀྱང་། དེའི་ཡུལ་ཅན་ཚད་མར་ཁས་ལེན་པའི་དོན་ནི་མ་ཡིན་ཏེ། དེ་དག་ཡུལ་མངོན་སུམ་པ་ལ་སླུ་བའི་ཕྱིར་རོ། །ཡང་མཐོང་བ་ཇི་ལྟ་བ་བཞིན་དུ་ཞེས་གསུངས་པ་དེ་ནི། འཇིག་རྟེན་གྱི་གྲགས་པ་ཐད་སོར་བཞག་པའི་ཚད་མ་ཁས་ལེན་པ་དེའི་ཚེ། དོན་དམ་པའི་ཚད་མ་ཁས་མི་ལེན་ཞེས་བྱ་བའི་དོན་ཏོ། །གཉིས་པ་རྣལ་འབྱོར་པའི་ཀུན་རྫོབ་འཇོག་བྱེད་ཀྱི་ཚད་མ་ཞེས་བྱ་བའམ། ཡང་ན་གནས་སྐབས་ཀྱི་དོན་དམ་པའི་བདེན་པ་འཇོག་བྱེད་ཀྱི་ཚད་མ་ཞེས་བྱ་བའམ། བར་དུ་བདག་བཟློག་པའི་རིགས་པ་དབང་བཙན་པར་བྱས་པའི་དུས་ཀྱི་ཚད་མའི་རྣམ་པར་གཞག་པ་ལ་མཚན་ཉིད་དང་། དབྱེ་བའོ། །དང་པོ་ནི། རྣལ་འབྱོར་གྱི་ཀུན་རྫོབ་བདེན་པ་ལ་ཞེས་སམ། གནས་སྐབས་ཀྱི་དོན་དམ་
པའི་བདེན་པ་ལ་མི་སླུ་བའི་རིག་པའོ། །ཡང་སྤྲོས་པ་ཀུན་བཟློག་པའི་རིགས་པས་གཞལ་ན། དེའི་མཚན་ཉིད་འདི་ལྟར། ལྷན་ཅིག་སྐྱེས་པའི་མ་རིག་པའི་དབང་གིས་གཟུང་འཛིན་གཉིས་སུ་སྣང་ཞིང་། གནས་ཚུལ་ལ་སེམས་པའི་རིགས་ཤེས་ཀྱི་དབང་གིས་དོན་དམ་པའི་གནས་ཚུལ་དང་མཐུན་པར་སྣང་བའོ། །དེ་ལ་དབྱེ་ན། རྣལ་འབྱོར་པའི་ཀུན་རྫོབ་བམ་རྣམ་གྲངས་དང་གནས་སྐབས་ཀྱི་དོན་དམ་པའི་བདེན་པ་འཇོག་བྱེད་ཀྱི་མངོན་སུམ་ཚད་མ་དང་། རྗེས་དཔག་དང་། དཔེ་ཉེར་འཇལ་དང་། ལུང་ཚད་མ་དང་བཞིའོ། །དང་པོ་ལ་མཚན་ཉིད་ནི། རང་ཡུལ་གནས་སྐབས་ཀྱི་དོན་དམ་པའི་བདེན་པ་ལ་མི་སླུ་བའི་རྟོག་མེད་ཀྱི་ཤེས་པའོ། །འདིར་མངོན་སུམ་གྱི་འཇོག་མཚམས་ཡུལ་ཅན་གྱི་རིག་པ་དང་། དེ་ཡང་རྟོག་བྲལ་ལ་བཤད་ན་ལེགས་ཏེ། བསྟན་བཅོས་ལ་གྲགས་པའི་མངོན་སུམ་འཆད་པའི་སྐབས་ཡིན་པའི་ཕྱིར། དེའི་དབྱེ་བ་ལ་འདིར་དབང་ཡིད་ཀྱི་མངོན་སུམ་གཉིས་ནི་མི་འཆད་དེ། །དེ་གཉིས་ནི་འཇིག་རྟེན་གྱི་ཀུན་རྫོབ་ཁོ་ནའི་ཡུལ་ཅན་ཡིན་པའི་ཕྱིར། དེས་ན་རང་རིག་པའི་མངོན་སུམ་དང་། རྣལ་འབྱོར་པའི་མངོན་སུམ་ཁོ་ནའོ། །དེ་ལའང་སྣང་བཅས་དང་སྣང་མེད་གཉིས་ལས་དང་པོ་ནི་འཕགས་པའི་རྗེས་ཐོབ་ཀྱི་ཡེ་ཤེས་རྣམས་ཡིན་ལ། གཉིས་པ་ནི་ཐེག་དམན་འཕགས་པའི་མཉམ་བཞག་ཡེ་ཤེས་སོ། །མཉམ་བཞག་དེར་བདེན་སྟོང་མངོན་སུམ་དུ་རྟོགས་ཀྱང་སྤྲོས་བྲལ་མངོན་སུམ་དུ་མ་རྟོགས་པས་ན་མཐར་ཐུག་གི་དོན་དམ་བདེན་པ་འཇལ་བའི་མངོན་སུམ་དང་ཁྱད་པར་ཆེའོ། །དེ་གཉིས་ཀ་རང་རིག་མངོན་སུམ་གྱི་མཚན་གཞིར་ཡང་རུང་སྟེ། མཉམ་བཞག་ནི་སོ་སོར་རང་གིས་རིག་པའི་ཡེ་ཤེས་ཡིན་པའི་ཕྱིར་དང་། རྗེས་ཐོབ་ནི་སྒྱུ་མ་ལྟ་བུའི་ཤེས་རྣམ་མངོན་སུམ་དུ་རྟོགས་པའི་ཕྱིར་རོ། །གཉིས་པ་རྗེས་དཔག་ལ་མཚན་ཉིད་ནི། ཚུལ་གསུམ་པ་ཅན་གྱི་
གཏན་ཚིགས་སམ་གཞན་ལ་གྲགས་ཀྱི་གཏན་ཚིགས་ལ་བརྟེན་ནས་ལྐོག་ཏུ་གྱུར་པའི་རྣམ་འབྱོར་པའི་ཀུན་རྫོབ་གནས་སྐབས་ཀྱི་དོན་དམ་པའི་བདེན་པ་ལ་མི་སླུ་བའི་རིག་པའོ། །མཚན་གཞི་ནི་བྱས་པའི་རྟགས་ལས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ལྟ་བུའམ། གཅིག་དང་དུ་བྲལ་གྱི་རྟགས་ལས་མྱུ་གུ་བདེན་མེད་དུ་རྟོགས་པའི་རྗེས་དཔག་ལྟ་བུའོ། །འདིར་ཡང་བདེན་མེད་དུ་ཞེན་པའི་ཆ་ནས་རྣལ་འབྱོར་གྱི་ཀུན་རྫོབ་དང་། གནས་སྐབས་ཀྱི་དོན་དམ་པའི་བདེན་པ་འཇལ་བྱེད་དུ་འཇོག་ལ་བདེན་སྟོང་རྟོགས་པའི་ཆ་ནས་ནི་རིགས་ཤེས་སུ་བཞག་པ་ཡིན་ནོ། །སྒྲ་མི་རྟག་པ་ཡང་རྟོག་གེ་ལས་སྐད་ཅིག་གིས་འཇིག་པས་ཁྱད་པར་དུ་བྱས་པའི་མ་ཡིན་དགག་ལ་བསམ་ནས། སྒྲུབ་པར་བཤད་པ་དེའི་ལྟར་ན། གནས་སྐབས་སུ་ཡང་ཀུན་རྫོབ་ཀྱི་བདེན་པ་ལས་མ་འདས་ཀྱང་། ལུང་ཆོས་ལས་དུས་གཉིས་པར་སྡོད་པ་བཀག་ཙམ་གྱིས་མེད་དགག་ལ་འཆད་པ་ལྟར་ན། གནས་སྐབས་ཀྱི་དོན་དམ་པའི་བདེན་པར་བཞག་གོ །གསུམ་པ་དཔེ་ཉེར་འཇལ་གྱི་ཚད་མ་ནི། ཇི་སྐད་དུ། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བཏགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་སྟེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་རབ་རིབ་དང་བྲལ་བས་སྐྲ་ཤད་མ་མཐོང་བ་དཔེར་བྱས་ནས། དོན་དམ་བདེན་པའི་མཐོང་ཚུལ་ཤེས་དགོས་པར་གསུངས་པ་དང་། མདོ་ལས་རྨི་ལམ་ལྟ་བུའོ། །སྒྱུ་མ་ལྟ་བུའོ། །ཞེས་སྒྲུབ་བྱེད་ཀྱི་གཏན་ཚིགས་བཀོད་པ་ལ་མ་ལྟོས་པར། ཤེས་བྱེད་ཀྱི་དཔེ་རྐྱང་པས་གནས་སྐབས་ཀྱི་དོན་དེ་དང་དེ་རྟོགས་པར་བཤད་པ་ལྟ་བུའོ། །བཞི་པ་ལུང་ཚད་མ་ལ་མཚན་ཉིད་ནི། ཡིད་ཆེས་པའི་གཏན་ཚིགས་ཡང་དག་ལ་བརྟེན་ནས་དེ་ལ་མི་སླུ་བའི་རིག་པའོ། །མཚན་གཞི་ནི། ཤེར་ཕྱིན་གྱི་མདོ་ལས། སྤྲོས་བྲལ་དུ་གསུངས་པའི་རྟགས་ཀྱིས་ཆོས་ཐམས་ཅད་སྤྲོས་བྲལ་དུ་རྟོགས་པའི་རིག་པ་ལྟ་
བུའོ། །འདི་རྗེས་དཔག་གི་ནང་དུ་འདུས་པ་མ་ཡིན་ཏེ། འདི་དོན་དམ་པའི་བདེན་པ་སྟོན་པའི་དབང་དུ་བྱས་པ་ཡིན་པས། ལུང་དེའི་བརྗོད་བྱ་ཤིན་ཏུ་ལྐོག་གྱུར་ཡིན་པའི་ཕྱིར་དང་། ཇི་སྲིད་ལུང་དེ་ནས་བཤད་པའི་གཞལ་བྱའི་གནས་དང་པོ་གཉིས་ལ། དཔྱད་པས་རྣམ་པར་མ་དག་པ་དེ་སྲིད་དུ་ལུང་དེ་ནས་བཤད་པའི་ཤིན་ཏུ་ལྐོག་གྱུར་ལ་དཔྱད་པ་མི་འཇུག་པའི་ཕྱིར་རོ། །དེས་ན་དོན་དམ་པའི་བདེན་པ་སྟོན་པའི་ལུང་དེ་ཇི་སྲིད་དཔྱད་པ་གསུམ་གྱིས་རྣམ་པར་མ་དག་པ་དེ་སྲིད་དུ་ནི། དོན་དེ་ལ་ལུང་ཚད་མར་མི་འགྱུར་ལ། དེ་དེས་དག་པའི་ཚེ་ན་ནི་རང་གི་བསྟན་བྱའི་དོན་དེ་སྒྲུབ་པ་ལ་རང་རྒྱུད་དམ། གཞན་གྲགས་གང་ཡིན་ཀྱང་རུང་། ཡིད་ཆེས་པའི་གཏན་ཚིགས་སུ་སོང་བའི་ཕྱིར་རོ། །གཉིས་པ་དོན་དམ་པའི་བདེན་པ་འཇོག་བྱེད་ཀྱི་ཚད་མ་ལ་མཚན་ཉིད་ནི། མཚན་མར་འཛིན་པའི་སྤྲོས་པ་ཐམས་ཅད་བྲལ་བའི་ཡེ་ཤེས་གང་ཞིག གནས་ལུགས་དོན་དམ་པའི་བདེན་པ་ལ་མི་སླུ་བའི་རིག་པའོ། །འདིར་མི་སླུ་ཞེས་པ་ཡང་བཏགས་པ་བ་ཡིན་ཏེ། ཡུལ་གྱི་གནས་ལུགས་སྤྱིར་ཡང་མ་གྲུབ་པ་དང་། བློས་ཅིར་ཡང་མ་བཟུང་བ་གཉིས་མཐུན་པ་ལ་བློས་བཅད་པ་དང་། ཡུལ་གྱི་གནས་ལུགས་མཐུན་ཞེས་ཐ་སྙད་བཏགས་པ་ཙམ་ཡིན་པའི་ཕྱིར་དང་། མི་སླུ་བ་ཞེས་པ་ནི་བདེན་པའི་དོན་ཡིན་ལ། འདིར་བདེན་པ་ཁས་མི་ལེན་པའི་ཕྱིར། གཉིས་པ་དབྱེ་བ་ལ། ཚད་མ་འདི་ལ་རྗེས་དཔག་དང་། དཔེ་ཉེར་འཇལ་དང་། ལུང་ཚད་མ་གསུམ་ནི་ཡོད་པ་མ་ཡིན་ཏེ། ཚད་མ་དེ་གསུམ་གྱི་འཇོག་མཚམས་ནི། ཡུལ་དེ་དང་དེ་ལ་རྟོག་པར་སོང་བའི་ཆ་ནས་འཇོག་ལ། དབུ་མའི་ལུགས་ཀྱི་ཚད་མའི་འཇོག་མཚམས་འཆད་པའི་སྐབས་འདིར་ནི། ཡུལ་གང་ལ་རྟོག་པར་སོང་ན་དེ་ལ་མཚན་འཛིན་དུ་སོང་དགོས་ལ། དེ་ལ་དེར་སོང་ན་དོན་དམ་པའི་བདེན་པ་འཇལ་བྱེད་ཀྱི་ཚད་མར་མི་འཇོག་ཅིང་། གང་ཀུན་རྫོབ་ཀྱི་བདེན་པ་འཇལ་བྱེད་ཀྱི་བློ་ཡིན་ན། ལུགས་
འདི་ལ་ཚད་མར་མི་རུང་བས་ཁྱབ་པའི་ཕྱིར་རོ། །དེས་ན་འདིར་ཚད་མ་ནི་གཉིས་ཏེ། མཚན་ཉིད་པ་མངོན་སུམ་དང་། རྗེས་མཐུན་པ་རྟགས་ལ་བརྟེན་པའི་རིགས་ཤེས་སོ། །དང་པོ་ནི། རྣལ་འབྱོར་མངོན་སུམ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ཡིན་ལ། དེ་ལ་ཡང་སྣང་བཅས་དང་། སྣང་མེད་ཀྱི་དབྱེ་བས་གཉིས་ལས། འདི་མཚན་ཉིད་པ་ཐེག་དམན་ལ་མེད་པ་དེའི་ཚེ། ཐེག་ཆེན་འཕགས་པའི་མཉམ་རྗེས་གཉིས་སོ། །འོ་ན་རྗེས་ཐོབ་ན་མཚན་འཛིན་མེད་པ་ཅི་ཞེ་ན། དེ་ཡང་སྤྱིར་ཐེག་ཆེན་འཕགས་པའི་རྗེས་ཐོབ་ན་ཀུན་རྫོབ་ཀྱི་སྣང་ཆ་དང་། བདེན་མེད་དུ་རྟོགས་པའི་ཆ་གཉིས་ཀ་ཡོད་པས། སྣང་བཅས་དང་སྒྱུ་མ་ལྟ་བུར་རྟོགས་པ་ཞེས་བྱ་ལ། དེའི་ཚེ་སྣང་ཆ་དེ་ནི་རྣམ་ཤེས་དང་། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ལ་སྣང་བ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བའི་བག་ཆགས་ཀྱི་དབང་གིས་སྣང་བའི་ཕྱིར། སྟོང་ཆ་དེ་ནི་ཡེ་ཤེས་ཀྱིས་རྟོགས་པ་ཡིན་ཏེ། དེ་རྟོགས་པའི་ཆ་ནས་ཡེ་ཤེས་སུ་འཇོག་པའི་ཕྱིར། དེ་ལྟར་ན་རྣམ་ཤེས་ལ་མཚན་མར་སྣང་ཡང་སྟོང་པར་མ་བཟུང་ཡེ་ཤེས་ཀྱིས་སྟོང་པར་རྟོགས་ཀྱང་། མཚན་མར་མ་བཟུང་བས། རྗེས་ཐོབ་ཀྱི་ཡེ་ཤེས་མཚན་འཛིན་ལས་གྲོལ་བའི་ཕྱིར། མངོན་སུམ་གྱི་ཚད་མར་འཐད་དོ། །གཉིས་པ་རྗེས་མཐུན་པ་རིགས་ཤེས་ཚད་མ་ནི། སྤྲོས་བྲལ་གཏན་ལ་འབེབས་བྱེད་ཀྱི་ལུང་དང་རིགས་པ་ལ་བརྟེན་པའི་ཐོས་བསམ་དང་། འཇིག་རྟེན་པའི་སྒོམ་བྱུང་གི་བློ་ལ་འཆད་དགོས་པ་ཡིན་ལ། མཚན་གཞི་ནི། གཏན་ཚིགས་ཡང་དག་ལ་དངོས་སུ་བརྟེན་པའི་རིགས་ཤེས་དང་། ཐེག་ཆེན་གྱི་སྦྱོར་ལམ་གྱི་ཡེ་ཤེས་ལྟ་བུའོ། །དེ་དག་ཀྱང་བདེན་སྟོང་ངམ། སྤྲོས་བྲལ་རྟོགས་པའི་ཆ་ནས་ཚད་མར་ཁས་ལེན་པ་ཡིན་གྱི། དེར་ཞེན་པའི་ཆ་ནས་ཚད་མར་འཇོག་པ་ནི་མ་ཡིན་ཏེ། དེའི་ཆ་ནི་ཚད་མིན་གྱི་བློར་བཞག་དགོས་པའི་ཕྱིར་ཏེ། དེའི་ཆ་ནས་བཏགས་འཛིན་གྱི་རྟོག་པར་བཞག་དགོས་པའི་ཕྱིར། གལ་ཏེ་འོ་ན་ཚད་
མ་ལ་དོན་དམ་པའི་ཚད་མས་ཁྱབ་པར་འགྱུར་ལ། དེ་ལྟ་ན་ཐ་སྙད་པའི་ཚད་མ་ཁས་མ་བླངས་པས་ཐ་སྙད་ཀྱི་བདེན་པ་ལས་ཉམས་སོ་ཞེ་ན། དེའི་ལན་ནི། གནས་ཚུལ་ལ་སེམས་པ་མཐར་ཐུག་པ་དེའི་ཚེ་ནི། དོན་དམ་པའི་བདེན་པ་ཡང་ཁས་མི་ལེན་ན་ཐ་སྙད་ཀྱི་བདེན་པ་ལྟ་ཅི་སྨོས། ཁོ་བོ་ཅག་ལ་ཧ་ཅང་ཐལ་བ་མེད་དོ། །དེ་ལྟར་སེམས་པ་མཐར་མ་ཐུག་པ་དེའི་ཚེ་ནི། ཐ་སྙད་ཀྱི་བདེན་པ་དང་། ཐ་སྙད་པའི་ཚད་མ་འཇོག་མཚམས་ཀྱི་རིམ་པ་གཉིས་ལེགས་པར་བཤད་ཟིན་པ་མ་ཡིན་ནམ། དེ་ལྟ་ན་སློབ་དཔོན་ཟླ་བ་གྲགས་པས། བདེན་འཛིན་དང་བདེན་མེད་ཀྱི་སྤྲོས་པ་ཅིག་ཅར་དུ་གཅོད་པའི་རིགས་པ་འཆད་པ་དེའི་ལུགས་ལྟར་ན། འཇིག་རྟེན་གྱི་གྲགས་པ་ལ་མ་བརྟེན་པ། འཕགས་པ་ལ་གྲགས་པའི་ཚད་མ་གཉིས་ཏེ། ཐ་སྙད་པའི་ཚད་མ་དང་། དོན་དམ་པའི་ཚད་མའོ། །དང་པོ་ནི། བཤད་མ་ཐག་པའི་རིགས་ཤེས་རྣམས་སོ། །གཉིས་པ་ནི་རྣལ་འབྱོར་པའི་མངོན་སུམ་དུ་བཤད་པ་རྣམས་སོ། །དེ་ཡང་ཐ་སྙད་པའི་ཚད་མ་ཞེས་པའི་དོན་ནི། ཇི་སྐད་དུ། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་བཤད་པ་ལྟར་ཐ་སྙད་རྣམ་འཇོག་གི་ཚད་མ་ལ་ཟེར་བ་ཡིན་ལ། ཐ་སྙད་ལ་ཡང་། འཇིག་རྟེན་གྱི་ཐ་སྙད་ནི་འཇིག་རྟེན་ན་མཐུན་པར་གྲགས་པ་དེ་ཉིད་ཡིན་ལ། འཕགས་པའི་ཐ་སྙད་ནི་འཇིག་རྟེན་དང་ཐུན་མོང་མ་ཡིན་པ་སྟོང་པ་ཉིད་དང་། བདག་མེད་པ་དང་། སྤྲོས་པ་དང་བྲལ་བའི་ཐ་སྙད་ལ་སོགས་པ་འཕགས་པ་ཁོ་ན་ལ་གྲགས་པ་རྣམས་སོ། །འོ་ན་ཐ་སྙད་དེ་གང་གིས་ངེས་པར་བྱེད་ཅེ་ན། གཅིག་དུ་བྲལ་དང་། རྡོ་རྗེ་གཟེགས་མ་ལ་སོགས་པ་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་གཏན་ཚིགས་ལ་བརྟེན་པའི་རིགས་པ་དང་། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་སོགས་ཀྱི་ལུང་ལ་བརྟེན་ནས་ངེས་པར་བྱེད་དགོས་སོ། །དེའི་ཚེ་ལུང་དང་རིགས་པ་དེ་དག་གིས་ནི་ཐ་སྙད་ཀྱི་བདེན་པ་ཡང་འཇོག་ལ། དོན་དམ་པའི་བདེན་པ་ལ་ཡང་མི་སླུ་བའི་ཆ་ནས་ཐ་
སྙད་ཀྱི་ཚད་མར་འཇོག་པ་ཡིན་ལ། དོན་དམ་པའི་བདེན་པ་འཇོག་པ་ལ་མི་ཕན་པའི་ཐ་སྙད་རྐྱང་པ་འཇོག་པའི་ཡུལ་ཅན་རྣམས་ནི། ཐ་སྙད་ཀྱི་བདེན་པ་འཇོག་བྱེད་ཡིན་ཀྱང་ཚད་མར་མི་འཇོག་སྟེ། དེའི་ཡུལ་ཀུན་རྫོབ་པ་ཁོ་ན་ཡིན་པས་ཡུལ་ཅན་ཡང་སླུ་བ་ལས་མ་འདས་པའི་ཕྱིར་རོ། །ཡང་ཐ་སྙད་ཀྱི་སྤྲོས་པ་ཐ་མལ་པ་བཀག་ནས་གནས་ཚུལ་ལ་སེམས་པ་མཐར་ཐུག་པའི་དུས་ཀྱི་ཚད་མ་དེ་ནི། དོན་དམ་པའི་ཚད་མ་ཁོ་ནར་བཞག་སྟེ། དེའི་ཚེ་ཐ་སྙད་ཅུང་ཟད་ཀྱང་ཁས་མི་ལེན་པའི་ཕྱིར་དང་། ཐ་སྙད་ཁས་མི་ལེན་པ་དང་། སྒྲ་རྟོག་གི་ཡུལ་ལས་འདས་པ་དོན་གཅིག་ལ་འདུ་བའི་ཕྱིར་རོ། །དེ་ཡང་ཞིབ་མོར་ཕྱེ་ན། ཐ་སྙད་ཀྱི་བདེན་པ་ཡང་འཇོག་ལ། ཚད་མ་ཡང་ཡིན་པས་ཐ་སྙད་པའི་ཚད་མ་ཞེས་འཇོག་པ་ཡིན་གྱི། གང་ལ་ཚད་མར་སོང་བའི་ཡུལ་དང་། ཐ་སྙད་པར་སོང་བའི་ཡུལ་གཅིག་པ་ནི་མ་ཡིན་ཏེ། གང་ལ་ཚད་མར་སོང་བའི་ཡུལ་དེ་ལ་མཚན་འཛིན་དུ་སོང་བ་མི་སྲིད། གང་ལ་མཚན་འཛིན་དུ་མ་སོང་བ་དེ་ལ་ཐ་སྙད་རྣམ་འཇོག་གི་ཚད་མར་སོང་བ་མི་སྲིད་པའི་ཕྱིར། ངག་དོན་བསྡུས་ན། ཚད་མ་གང་ཞིག་མཚན་འཛིན་གྱི་རྟོག་པ་དང་ཤེས་རྒྱུད་གཅིག་ལ་ཅིག་ཅར་དུ་འདྲེས་པ་དེ། ཐ་སྙད་པའི་ཚད་མའི་མཚན་ཉིད། དེ་གང་ཞིག དེ་དང་མ་འདྲེས་པ་དེ། དོན་དམ་པའི་ཚད་མའི་མཚན་ཉིད་དོ། །མཐར་ནི་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་ཁས་མི་ལེན་ཏེ། ཡུལ་དངོས་པོའི་སྟོབས་ལས་གྲུབ་པ་མི་སྲིད་པའི་ཕྱིར། དེའི་ཕྱིར་དངོས་སྨྲ་བ་དང་མཐུན་པའི་མི་སླུ་བ་ནི་འདིར་ཁས་མི་ལེན་ཏེ། དེར་ནི་དོན་བདེན་པ་དང་། རང་མཚན་ལ་མི་སླུ་བས་དེར་བཞག་དགོས་པའི་ཕྱིར། བོད་ཕྱི་མ་གང་དག་ཐ་སྙད་པའི་ཚད་མར་སོང་བའི་ཡུལ་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ལ་འཆད་པ་ནི། ལུགས་འདིར་གང་ཡང་མ་ཡིན་པས། ཅིར་ཡང་མི་རུང་ངོ་། །དབུ་མ་པ་ཆེན་པོ་རྨ་བྱའི་གསུང་གིས། པ་ཙབ་ལོ་ཙྭ་བའི་གསུང་གི་བདུད་རྩི་འཆད་པ་ན་འདི་སྐད་ཅེས་
གསུངས་ཏེ། བཅད་དོན་ཐོབ་བྱེད་ནུས་པ་མི་སླུ་བ། །ཚད་མའི་མཚན་ཉིད་ཡིན་ཞེས་ཁ་ཅིག་ཟེར། །མ་རྟོགས་ཡུལ་ལ་འཛིན་པ་མ་འཁྲུལ་བས། །སྒྲོ་འདོགས་སེལ་བའི་དོན་ལྡོག་ཁ་གཅིག་འདོད། །དོན་དམ་ཚད་མས་མ་རྟོགས་དོན་གསལ་ལ། །མི་སླུ་ཐ་སྙད་ཚད་མ་ཁ་ཅིག་སྨྲ། །ཞེས་རྣམ་འགྲེལ་མཛད་པའི་རྗེས་སུ་འབྲངས་པ་དག་གི་འདོད་པ་སོ་སོར་བརྗོད་ནས་དེ་འགོག་པ་ན། དངོས་མེད་ཐོབ་བྱར་འགལ་ཞིང་དངོས་པོ་ཡི། །རྫས་ཀྱང་སྐད་ཅིག་ཡིན་པས་འཇལ་བྱེད་ལ། །བཅད་དོན་ཐོབ་པའི་ནུས་པ་སྲིད་མ་ཡིན། །མི་སླུ་མེད་པས་དངོས་པོའི་རྫས་ལ་ནི། །གང་གི་བློ་ཡང་ཚད་མར་མི་འགྱུར་ཞིང་། །རྒྱུ་ནི་རྫས་ལས་གཞན་ན་རྟག་པ་དང་། །གཞན་དུ་དམིགས་དང་རྫས་ལ་ལྟོས་མེད་འགྱུར། །རྫས་དང་དབྱེར་མེད་ཡིན་ན་རྫས་བཞིན་དུ། །དུ་མར་གྱུར་པས་བཅད་དོན་ཐོབ་པ་མེད། །དེ་བཞིན་ལྡོག་པ་གཅིག་ཀྱང་རྫས་ལས་ནི། །དེའང་གཞན་དུ་དཔྱད་ན་མི་འཐད་པས། །དེ་ལས་བཅད་དོན་ཐོབ་པ་མི་སྲིད་དེ། །དེ་ཕྱིར་མི་སླུ་བླུན་པོའི་ཚར་སྐྱེས་ཡིན། །ཞེས་སློབ་དཔོན་ཆོས་མཆོག་གི་བཞེད་པ་བཀག་ནས་བྲམ་ཟེ་ཆེན་པོའི་བཞེད་པ་འགོག་པ་ནི། མ་རྟོགས་ཡུལ་ལ་འཇུག་པའང་རྫས་རིགས་ལ། །དཔྱད་ན་མ་ཁྱབ་ཧ་ཅང་ཁྱབ་ཆེ་ཞིང་། །ལས་དང་བྱེད་པོ་དེ་དང་གཞན་དངོས་སུ། །དཔྱད་ན་མེད་པས་སྒྲོ་འདོགས་སེལ་མི་རུང་། །སྣང་ཞེན་གཉིས་ལས་འཁྲུལ་པའི་ལོག་ཤེས་ཀྱིས། །ཡུལ་དང་མཚུངས་པས་དངོས་པོར་སྨྲ་བ་དང་། །ཞེན་སྟངས་གཉིས་ཀས་ཡུལ་ནི་བདེན་མི་འགྲུབ། །སད་པའི་ཤེས་ངོར་མེད་པས་རྨི་ལམ་ཡུལ། །དངོས་པོར་རང་མཚན་ཉིད་དུ་མི་ཤེས་ལྟར། །རིགས་ངོར་མེད་པས་ཐ་སྙད་ཉིད་དུ་ཡང་། །རང་མཚན་ཉིད་ཀྱིས་མ་སྐྱེས་རིག་པར་བྱོས། །འདས་དང་མ་འོངས་ཞིག་དང་མ་སྐྱེས་ཤིང་། །དབུས་གནས་ཆ་དང་བཅས་ཕྱིར་ད་ལྟ་མེད། །བདག་ཉིད་གཅིག་ལ་འབྲེལ་ཡུལ་འབྲེལ་ཆོས་གཉིས། །མེད་པའི་ཕྱིར་དང་དེ་ལས་བྱུང་བ་
ལའང་། །གནས་སྐབས་འབྲེལ་པ་གཞན་དུ་འཁྲུལ་འགྱུར་ཞིང་། །རང་བཞིན་འབྲེལ་པ་རྣམ་དབྱེ་རྙེད་མི་འགྱུར། །ཞེས་ཡུལ་བདེན་པ་དང་། ཡུལ་ཅན་འཛིན་སྟངས་མ་འཁྲུལ་བ་ཞེས་བྱ་བའི་ཁྱད་པར་དེ་བཀག་ནས། རྒྱན་མཁན་པོའི་བཞེད་པ་འགོག་པ་ནི། དོན་དམ་མཚན་མ་མེད་ཅིང་དེ་མཚན་ནི། །ཧ་ཅང་ཁྱབ་དང་ཐ་སྙད་ཉིད་ལ་ཡང་། །མི་སླུ་མེད་པར་སྔར་ནི་བཤད་ཟིན་ནོ། །ཞེས་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་སྤྱིར་བཀག་ནས། བྱེ་བྲག་ཏུ་དངོས་པོ་སྟོབས་ཞུགས་ཀྱི་ཚད་མ་སོ་སོ་བ་འགོག་པ་ནི། གཟུང་བ་དངོས་པོར་མེད་པས་གཟུང་ཡུལ་ལ། །མི་འཁྲུལ་མངོན་སུམ་སྲིད་པ་མ་ཡིན་ཞིང་། །རྩ་བ་འབྲེལ་པ་མེད་པས་མི་འཁྲུལ་བའི། །རྟགས་ལས་རྟོགས་པའི་རྗེས་དཔག་སྲིད་མ་ཡིན། །འབྲེལ་པ་མེད་པའི་ཚིག་ལས་དོན་རྟོགས་པའི། །ལུང་ཡང་ཚད་མ་ཉིད་དུ་མི་འཐད་དོ། །ཀུན་གྱིས་འདྲ་དང་ཕྱོགས་རེ་མི་འདྲ་བ། །མེད་པས་ཉེ་བར་འཇལ་བའི་ཚད་མ་ཡི། །དཔེ་དང་གང་གིས་འདྲ་བར་འཇལ་བར་འགྱུར། །ཞེས་བཤད་ནས་ དེའི་འོག་ཏུ ་ཐ་སྙད་དུ་ཡང་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་རྣམ་གཞག་ཁས་མི་ལེན་པ་འགོག་པ་ན་འདི་སྐད་ཅེས། གཅིག་ཏུ་ཡོད་མེད་རྟག་དང་ཆད་པ་ཡི། །མཐའ་བྲལ་རྟེན་ཅིང་འབྲེལ་འབྱུང་དབུ་མའི་ལམ། །ཀུན་རྫོབ་ཙམ་དུ་ཇི་ལྟར་ཁས་མི་ལེན། །ཀུན་རྫོབ་ཏུ་ཡང་དབུ་མ་ཡོད་མིན་ན། །དབུ་མ་སྨྲ་བའི་གང་ཟག་གང་གིས་བཞག །རང་ཕྱོགས་མེད་ཅིང་གཞན་ཕྱོགས་འགོག་པ་ཡི། །གང་ཟག་དབུ་མ་པར་ནི་འདོད་ཅེ་ན། །རང་གཞན་ལྟོས་གྲུབ་ཡིན་པས་རང་ཕྱོགས་ནི། །མེད་པར་གཞན་ཕྱོགས་ཡོད་མིན་དེ་ཡི་ཕྱིར། །ཁྱོད་ནི་ཇི་སྲིད་འགོག་ནས་ངལ་བར་འགྱུར། །བདེན་གཉིས་ཡུལ་ལ་དབུ་མའི་ངག་སྦྱོར་བས། །ངག་དོན་གྲུབ་བསལ་མེད་པ་བསྟན་འདོད་པའི། །བསྒྲུབ་བྱ་ཀུན་རྫོབ་ཙམ་དུ་ཇི་ལྟར་མེད། །ཀུན་རྫོབ་ཏུ་ཡང་ཚད་མ་ཡོད་མིན་ན། །གཞན་ཕྱོགས་བརྫུན་པ་ཉིད་དུ་མ་ཤེས་ཕྱིར། །འགོག་འདོད་བློ་ནི་གང་ལས་སྐྱེ་འགྱུར་ཞིང་། །ཆོས་གསུམ་ཁས་
བླངས་ཉིད་དུ་མ་ཤེས་པར། །གང་ཞིག་ལ་ནི་ཐལ་འགྱུར་འགོད་པར་བྱ། །སྔ་ཕྱི་འགལ་བ་ཤེས་བྱེད་མེད་པ་ཡི། །ཐལ་འགྱུར་ཉིད་ཀྱང་ཇི་ལྟར་འགྲུབ་འགྱུར་སྨྲོས། །ཞེས་གནས་ཚུལ་ལ་སེམས་པ་མཐར་ཐུག་པའི་ཚེ་ཚད་མ་ཁས་མི་ལེན་པ་དང་། ཐ་སྙད་འཇོག་པའི་ཚེ་ཚད་མ་ཁས་ལེན་པའི་ཚུལ་བཤད་པ་ལ་རྩོད་པ་སྤང་པ་ནི། འདི་སྐད་ཅེས། དངོས་སྟོབས་འོངས་པའི་ཚད་མ་ཀུན་རྫོབ་ཏུའང་། །ཡོད་མིན་པས་ན་རང་རྒྱུད་རྟགས་མེད་མོད། །འཇིག་རྟེན་གྲགས་པའི་ཚད་མ་ལ་བརྟེན་ནས། །དགག་སྒྲུབ་ངེས་ཤིང་རྟགས་རྣམས་ཐལ་བར་བརྗོད། །འོ་ན་འཇིག་རྟེན་ལ་གྲགས་པའི་ཚད་མ་དེ་ཉིད་གང་ཡིན་ཞེ་ན། འདི་སྐད་ཅེས། མྱོང་བས་མ་རྟོགས་དོན་འཇལ་མངོན་སུམ་གྱི། །ཚད་མ་དག་ནི་ཚུལ་གསུམ་རྟགས་ལས་དོན། །འཇལ་བྱེད་རྗེས་དཔག་ཚད་མ་ཡིད་ཆེས་ཀྱི། །ཚིག་ལས་དོན་འཇལ་ལུང་དང་དཔེ་ལས་ནི། །འདྲ་བའི་དོན་འཇལ་ཉེ་བར་འཇལ་བ་སྟེ། །འཇིག་རྟེན་གྲགས་པའི་ཚད་མ་རྣམ་བཞིར་བཤད། །འོ་ན་ཚུལ་གསུམ་པ་ཅན་གྱི་རྟགས་ཀྱི་དབྱེ་བ་ཇི་ལྟ་བུ་སྙམ་པ་ལ་འདི་སྐད་ཅེས། ཚུལ་གསུམ་ཁས་བླངས་མཐར་ཐུག་རྟགས་ལས་ནི། །བསྒྲུབ་བྱ་ཕ་རོལ་བློ་ངོར་མཐའ་གཅིག་ཏུ། །ངེས་དང་ལྡོག་པ་སྒྲུབ་པར་བྱེད་པ་དང་། །མགོ་སྙོམས་རྩོད་པའི་ཡན་ལག་རྩོད་ཡུལ་ལ། །མ་གྲུབ་ཐལ་འགྱུར་ཆེན་པོ་རྣམ་བཞི་ཡིན། །ཞེས་གསུངས་སོ། །འོ་ན་དེ་ལྟར་མང་དུ་བཤད་པ་དེ་དག་གིས་ཅི་ཞིག་བྱ་ཞེ་ན། འགའ་ཞིག་གིས་བསམ་པ་ལ་ཁོ་བོས་ཇི་སྐད་དུ་རྒྱས་པར་བཤད་པ་དེ་དག་ཀྱང་། གངས་ཅན་གྱི་ལྗོངས་སུ་ཕྱིས་བྱོན་པ་འགའ་ཞིག་གཟུ་བོར་སྤྱོད་པའི་བློ་གྲོས་དང་། སློབ་དཔོན་སྔ་མའི་མན་ངག་དང་བྲལ་བཞིན་དུ་རང་ཉིད་ཚངས་པ་ཆེན་པོར་ཁས་ལེན་པའི་འདུ་འགོད་ཀྱིས་བློ་གྲོས་གཞོན་ནུ་མ་དག་ཡིད་ཆེས་སུ་གཞུག་པའི་དོན་དུ་བརྗོད་བྱའི་དོན་གྱི་བསྒྲིགས་དང་། རྗོད་བྱེད་ཚིག་གི་སྡེབ་ལུགས་མཁས་པ་མགུ་བ་སྐྱེད་པའི་རྣམ་འགྱུར་སྣ་ཚོགས་པ་དག་
དང་བྲལ་ཡང་། རྗོད་བྱེད་གྲོང་བའི་ཚིག་གི་སྡེབ་སྦྱོར་གྱིས་བརྗོད་བྱ་མི་མཁས་པ་དག་ཁོ་ན་དགའ་བ་སྐྱེད་པའི་གླེགས་བམ་གྱི་ཚོགས་རྩོམ་པ་ལྷུར་ལེན་པ་དེ་དག་དང་མཚུངས་པ་ཁོ་ནའོ། །སྙམ་དུ་སེམས་ཤིང་དོགས་པ་དག་མང་བར་སྣང་བས། དེ་དག་དེ་ལྟར་སེམས་པ་དང་བྲལ་བར་གྱུར་ཅིག་སྙམ་དུ་བསམ་ནས་བྲིས་པ་ཡིན་ནོ། །གཉིས་པ་ལམ་གྱི་ངོ་བོ་གང་ཡིན་པ་ལ། སངས་རྒྱས་ཀྱི་སའི་རྣམ་པར་གཞག་པ་ནི་དེ་མ་ཐག་ཏུ་འཆད་པར་འགྱུར་ལ། ཚོགས་ཀྱི་ལམ་ན་ནི་སྒོམ་བྱུང་གི་བློ་མེད་པ་མ་ཡིན་མོད་ཀྱི། བདེན་པའི་རྣམ་པ་ཅན་གྱི་སྒོམ་བྱུང་མ་ཐོབ་ཅིང་། ཐོས་བསམ་གྱི་ཤེས་རབ་གཙོ་ཆེ་བས་རེ་ཤིག་སྦྱོར་བའི་ལམ་དང་། མཐོང་བའི་ལམ་དང་། སྒོམ་པའི་ལམ་དང་། གསུམ་གྱི་ངོ་བོ་ཙམ་ཞིག་ངོས་གཟུང་བར་བྱའོ། །དང་པོ་སྦྱོར་བའི་ལམ་གྱི་ངོ་བོ་ངོས་བཟུང་བ་ནི། སྤྱིར་ཐེག་ཆེན་གྱི་སྦྱོར་ལམ་ལ་མཉམ་བཞག་དང་། རྗེས་ཐོབ་གཉིས་དང་། རྗེས་ཐོབ་ལའང་ཐོས་བསམ་གྱི་བློ་དང་། བྱམས་པ་དང་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་དང་། མངོན་པར་ཤེས་པ་ལ་སོགས་པ་དཔག་ཏུ་མེད་པ་དང་། ཁྱད་པར་དུ་མཉམ་བཞག་དང་དམིགས་རྣམ། རྗེས་སུ་མཐུན་པ་སྒྱུ་མ་ལྟ་བུའི་བློ་ཞེས་བྱ་བ་དང་། མཉམ་བཞག་ལའང་། ཇི་སྐད་དུ། ཐེག་པ་གསུམ་ཆར་ཐོབ་པའི་རྒྱུ། །ཞེས་འབྱུང་བ་ལྟར་རྟོགས་རིགས་གསུམ་གྱི་དབྱེ་བས་གསུམ་དང་། འཇིག་རྟེན་པའི་སྙོམས་འཇུག་དག་པ་བའི་ངོ་བོར་གྱུར་པ་ལ་སོགས་པ་ཇི་སྙེད་པ་དེ་ཐམས་ཅད་ཀྱི། བློ་རིས་དཔྱད་དཀའ་བ་མ་ཡིན་པས་མི་དཔྱོད་ལ། མཉམ་བཞག་ཏུ་ཆོས་ཀྱི་དབྱིངས་སམ། སྤྲོས་པ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ལ་ལྟོས་ནས་བློ་རིས་གང་ཡིན་དཔྱད་དགོས་པས་དེ་དཔྱོད་དགོས་པ་ཡིན་ནོ། །དེ་ལ་རྔོག་ལོ་ཙྭ་བ་ཆེན་པོས་རྣལ་འབྱོར་མངོན་སུམ་དུ་བཞེད་པ་དང་། ས་སྐྱ་པཎྜི་ཏའི་བཞེད་པས་རང་རིག་པའི་མངོན་སུམ་དུ་འཆད་པ་དང་། སློབ་དཔོན་རལ་གྲི་ལ་སོགས་པ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་འདོད་པ་དང་།
ཞང་དབྱེ་བ་ཡིད་དཔྱོད་དུ་འདོད་པ་སོགས་མི་མཐུན་པར་སྨྲ་བ་དུ་མ་དག་བོད་སྔ་མ་དག་ལ་ཡོད་མོད། བོད་ཕྱི་མ་དག་ནི་རྟོག་དཔྱོད་ཅུང་ཟད་ཀྱང་མ་དགོས་པར་ཆོས་ཉིད་ལ་དོན་སྤྱིའི་ཚུལ་གྱི་སྒོམ་བྱུང་གཙོ་བོར་གྱུར་པ་ཡིན་པའི་ཕྱིར། སྒྲ་དོན་འཛིན་པའི་རྟོག་པ་ལས་མ་འདས་སོ། །ཞེས་མཐུན་པར་སྨྲའོ། །དེ་ནི་གྲུབ་པའི་མཐའ་ཐག་བཅད་ནས་ཁས་ལེན་པ་ལ་ཧ་ཅང་མགྱོགས་ཆེས་པའི་སྐྱོན་ཡིན་ཏེ། དེ་ལྟ་ཡིན་པ་དེའི་ཚེ་སྔོན་བོད་ཡུལ་དུ་བྱོན་པའི་ཆེན་པོ་དེ་དག་གོང་དུ་བཤད་མ་ཐག་པའི་རྟོག་པ་དང་། དཔྱོད་པ་མང་པོ་དེ་ཙམ་གྱིས་ཅི་ཞིག་བྱ། ཁྱེད་ཅག་གི་འཆད་ལུགས་དེ་ཙམ་ཞིག་སྔོན་བྱོན་པའི་ཆེན་པོ་དག་གི་ཐུགས་ལ་མི་འཆར་བ་ཡིན་ནམ། འོ་ན་ཅི་ཞེ་ན། ཁྱེད་ཅག་གི་འདོད་པ་དེ་ལྟ་ན་བདག་མེད་པ་གསུམ་མམ་གཉིས་ལ་མཉམ་པར་བཞག་པའི་བྱང་སེམས་ཀྱི་སྦྱོར་ལམ་མཉམ་བཞག་ཡེ་ཤེས་དེ། དམིགས་པ་སྟོང་པ་དང་བདག་མེད་པ་སོགས་ལ་དམིགས་ནས། རྣམ་པ་མངོན་པར་ཞེན་པའི་འཛིན་སྟངས་ཅན་དུ་ཁས་བླངས་པར་འགྱུར་ཏེ། བདག་མེད་ལ་ཞེན་བློར་ཁས་བླངས་པའི་ཕྱིར། དེ་ལྟར་ཁས་བླངས་མོད། དེ་ལས་ཅིར་འགྱུར་ཞེ་ན། དེ་ལྟར་ན་ལུང་དང་འགལ་བ་དང་། རིགས་པ་དང་འགལ་ལོ། །དང་པོ་ནི། བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཀྱི་མཉམ་བཞག་ཡེ་ཤེས་ཐེག་དམན་གྱི་སྦྱོར་ལམ་ལས་དམིགས་པའི་སྒོ་ནས་ཁྱད་པར་འཕགས་ཚུལ་འཆད་པའི་མདོ་ལས། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་ཆེན་པོ་གཟུགས་མི་རྟག་ཅེས་བྱ་བ་དང་། སྡུག་བསྔལ་ཞེས་བྱ་བ་དང་། སྟོང་ཞེས་བྱ་བ་དང་། གཟུགས་བདག་མེད་ཅེས་བྱ་བ་དང་། གཟུགས་སྨོན་པ་མེད་ཅེས་བྱ་བར་མངོན་པར་ཞེན་པ་དང་། ལྷག་པར་གནས་པ་དང་། ཀུན་ཤེས་པ་འདི་ནི། བྱང་ཆུབ་སེམས་དཔའ་ཆེན་པོས་མཐུན་པའི་ཆོས་ལ་སྲེད་པ་སྟེ་སྐྱོན་ནོ། །ཞེས་གསུངས་ལ། དེའི་དོན་སྡུད་པ་ན། དམིགས་པ་མི་རྟག་ལ་
སོགས་པ། །བདེན་པའི་རྟེན་ཅན་དེ་ཡིས་ནི། །རྣམ་པ་མངོན་ཞེན་ལ་སོགས་འགོག །ཅེས་གསུངས་པས་སོ། །དེ་ལས་ཅིར་འགྱུར་ཞེ་ན། མདོ་དང་གཞུང་དེས་ནི་བྱང་སེམས་ཀྱི་སྦྱོར་ལམ་དྲོད་ཀྱི་མཉམ་བཞག་ཡེ་ཤེས་དེ། དམིགས་པ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་ལ་དམིགས་ནས། རྣམ་པ་མངོན་པར་ཞེན་པ་ཆུང་ངུ་འབྲིང་ཆེན་པོ་གསུམ་འགོག་པའི་རྣམ་པ་ཅན་དུ་བཤད་པའི་ཕྱིར། ཁྱེད་ཀྱི་འདོད་པ་དེ་དང་འགལ་ལོ། །ཅིས་ཏེ་དེ་དག་གི་དོན་སྟོང་ཉིད་དུ་བདེན་པར་ཞེན་པ་འགོག་པ་ཡིན་གྱི། སྟོང་ཉིད་དུ་ཞེན་པ་ཙམ་འགོག་པར་བསྟན་པ་མ་ཡིན་ནོ་སྙམ་ན། དེ་ལྟ་ན་ནི། ཉན་ཐོས་ཀྱི་སྦྱོར་ལམ་དྲོད་མཉམ་བཞག་ཡེ་ཤེས་ཀྱི་སྟོང་པ་ཉིད་སོགས་སུ་བདེན་པར་ཞེན་པར་འགྱུར་ཏེ། དེས་དེ་ལ་མངོན་པར་ཞེན་པའི་རྣམ་པ་སོགས་སུ་ནི་གཞུང་འགྲེལ་ལས་བཤད་པར་ཁྱེད་ཀྱིས་ཁས་བླངས་ལ། ཞེན་པའི་དོན་ནི་བདེན་གྲུབ་ཏུ་ཞེན་པ་ལ་ཁྱེད་འདོད་པའི་ཕྱིར། དེ་ཡང་འདོད་པ་དེ་ལྟ་ན། ཉན་ཐོས་ཀྱི་སྦྱོར་ལམ་མཉམ་བཞག་ཡེ་ཤེས་བདེན་འཛིན་དུ་ཁས་བླངས་པས། སྤྱིར་ལམ་ཙམ་དུ་ཡང་འགལ་ལོ། །ཁོ་བོ་ཅག་ལ་ནི་ཉེས་པ་དེ་འཇུག་པ་མ་ཡིན་ཏེ། དེས་མངོན་ཞེན་འགོག་མི་ནུས་པར་འཆད་ཀྱི། མངོན་པར་ཞེན་པའི་རྣམ་ཅན་དུ་མི་འཆད་པའི་ཕྱིར་རོ། །དེ་ནི་ལུང་དང་འགལ་བའི་ཚུལ་མཚོན་པ་ཙམ་སྟེ། ཐེག་ཆེན་སྦྱོར་ལམ་གྱི་མཉམ་བཞག་འཆད་པའི་མདོ་དང་། རྒྱན་གཉིས་ཀ་ལས་སྟོང་པ་དང་མི་སྟོང་པ་ལ་སོགས་པའི་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་རྣམ་པ་ཅན་ཡིན་པ་དང་། བྱེ་བྲག་ཏུ་རྒྱན་ལས། དེ་དག་མཚན་མར་མི་མཐོང་ཕྱིར། །ཞེས་པ་དང་། དེ་ཡི་མཚན་མར་མི་རྟེན་པས། །ཞེས་དང་། ཏིང་འཛིན་རྣམ་པར་མི་རྟོག་པ། །ཞེས་དང་། དེའི་འགྲེལ་པ་དག་ལས་ཀྱང་། སྒྲ་དོན་འཛིན་པའི་རྟོག་པ་
དང་བྲལ་བ་ཁོ་ནར་བཤད་ཀྱི། རྟོག་པར་བཤད་པའི་གོ་སྐབས་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར། གལ་ཏེ་ཉི་ཁྲི་སྣང་བ་ལས། དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་དང་པོ་དང་གཉིས་པ་དག་ནི་གོ་རིམ་བཞིན་དུ་གཟུང་བའི་རྣམ་པར་རྟོག་པ་གཉིས་སུ་འགྱུར་བ་ཡིན་ལ། གསུམ་པ་དང་། བཞི་པ་དག་ཀྱང་འཛིན་པའི་རྣམ་པར་རྟོག་པ་གཉིས་ཡིན་ནོ། །ཞེས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཙམ་གྱིས་དེར་བསྟན་པ་ཡིན་ན་ཧ་ཅང་ཐལ་ཆེས་པ་ཡིན་ཏེ། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་རྟོག་པ་ཉིད་དུ་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྣམ་པར་རྟོག་པ་དེ་དག་དང་ལྡན་པའི་དོན་ཡིན་ཏེ། རྩ་བར་རྣམ་རྟོག་བཞི་པོ་ལྡན། །ཞེས་གསུངས་པའི་ཕྱིར། ལྡན་པའི་དོན་ཡང་དབང་དང་ལྡན་པ་སྟེ། མཉམ་བཞག་ཏུ་དབང་དང་ལྡན་པའི་རྒྱུ་མཚན་གྱིས་རྗེས་ཐོབ་ཏུ་མངོན་གྱུར་དུ་འབྱུང་བའི་ཕྱིར་རོ། །དེ་ཡང་ཞིབ་ཏུ་ཕྱེ་ན། དྲོད་ཀྱི་མཉམ་བཞག་ཏུ་ཀུན་ནས་ཉོན་མོངས་གཟུང་རྟོག་མངོན་གྱུར་དུ་ལྡན་པ་མ་ཡིན་ཏེ། དེ་གཉིས་འཛིན་སྟངས་དངོས་སུ་འགལ་བའི་ཕྱིར་རོ། །དེ་འགལ་བའི་རྒྱུ་མཚན་གྱིས་དེའི་རྗེས་ཐོབ་ཏུ་དེ་མངོན་གྱུར་དུ་མི་འབྱུང་གི རྣམ་བྱང་གཟུང་རྟོག་མངོན་གྱུར་འབྱུང་བ་དང་། དེ་བཞིན་དུ་སྦྱར་ནས་རྩེ་མོའི་རྗེས་ཐོབ་ཏུ་རྫས་འཛིན་རྟོག་པ་དང་། བཟོད་པའི་རྗེས་ཐོབ་ཏུ་བཏགས་འཛིན་རྟོག་པ་མངོན་གྱུར་དུ་འབྱུང་བ་དང་། ཆོས་མཆོག་གི་རྗེས་ཐོབ་ཏུ་ནི་བཞི་པོ་གང་ཡང་མངོན་གྱུར་དུ་མི་འབྱུང་བ་དང་། དེ་བཞི་ཀའི་སྐབས་སུ་རྟོག་པ་བཞི་ཀ་དབང་དང་ལྡན་པ་དང་། མངོན་གྱུར་དང་ལྷན་ཅིག་ཏུ་མི་གནས་པ་ཞེས་བྱ་བའི་རྣམ་པར་གཞག་པ་ཁས་ལེན་པ་ཡིན་ནོ། །ཐེག་ཆེན་གྱི་སྦྱོར་ལམ་བཞི་དང་། རྟོག་པ་བཞི་སྤང་གཉེན་དུ་སྦྱོར་བ་ལ་ལུང་གི་ཁུངས་གསལ་པོ་མེད་དོ། །སྙམ་དུ་བསམ་པར་མི་བྱ་སྟེ། ཉི་སྣང་དུ། རྣམ་རྟོག་ལྡན་ཚུལ་འཆད་པ་ན་འདི་སྐད་དུ། གང་གི་ཕྱིར་རྣམ་པར་རྟོག་པའི་མཚན་ཉིད་ཀྱི་དབང་དུ་མཛད་ནས་
གསུང་པ་ནི། རབ་འབྱོར་ངས་ཁྱོད་ལ་ཉོན་མོངས་པ་མེད་པ་ལ་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལྟར་སྟོན་པ་ནི། ལེགས་སོ་ལེགས་སོ་ཞེས་པ་ཡིན་ཏེ། དེ་ལ་ཉོན་མོངས་པ་མེད་པར་གནས་པ་ཉིད་ཀྱི་ཡོན་ཏན་བརྗོད་པ་ནི། བདག་དང་གཞན་ལ་གནས་པའི་རྣམ་པར་རྟོག་པ་འགོག་པ་ལ་མཁས་པ་ན། གསལ་བར་དེའི་དབང་དུ་བྱས་པ་ཉིད་དུ་ཤེས་པར་བྱ་བའི་དོན་དུའོ། །ཞེས་གསུངས་པས་སོ། །གཉིས་པ་རིགས་པ་དང་འགལ་བ་ནི། ཐེག་ཆེན་གྱི་སྦྱོར་ལམ་མཉམ་བཞག་གི་ངོ་བོ་རྟོག་པར་ཁས་ལེན་དགོས་ཏེ། བདེན་འཛིན་གྱི་སྒྲོ་འདོགས་ཆོད་པའི་དོན་ལ་བཏགས་པ་ཙམ་དུ་ཞེན་པའི་བློར་ཁས་ལེན་དགོས་པའི་ཕྱིར། གཞན་དག་བཏགས་འཛིན་རྟོག་པའི་གོ་དོན་བཏགས་པ་ཙམ་དུ་བདེན་པར་ཞེན་པའི་གོ་དོན་ལ་འཆད་པ་ནི། རང་ཚིག་འགལ་བ་དང་། ལུང་དང་འགལ་བ་ཡིན་ནོ། །དང་པོ་ནི། གཞི་གཅིག་ལ་བཏགས་པ་ཙམ་དུ་འཛིན་པ་དང་། བདེན་པར་འཛིན་པ་འགལ་བའི་རྒྱུ་མཚན་གྱིས་དང་། གཉིས་པ་ནི། སོ་སོ་སྐྱེ་བོ་འཕགས་དབྱེ་བས། །སེམས་ཅན་རྫས་དང་བཏགས་ཡོད་པར། །ཞེས་དེ་སྐབས་ཀྱི་བཏགས་འཛིན་རྟོག་པ་འཕགས་པ་ཁོ་ན་ལ་ཡོད་པར་བཤད་ལ། ཁྱེད་འདོད་པ་དེ་ལྟ་བུའི་སེམས་ཅན་བཏགས་ཡོད་དུ་བདེན་པར་ཞེན་པ་ཕར་ཞོག་ལ། སེམས་ཅན་ལ་བདེན་པར་འཛིན་པ་ཙམ་ཡང་འཕགས་རྒྱུད་ལ་འབྱུང་བའི་གོ་སྐབས་མེད་པའི་ཕྱིར། དེའི་ཤེས་བྱེད་ཀྱང་། སེམས་ཅན་མེད་པར་རྟོགས་པ་དང་སེམས་ཅན་དུ་བདེན་པར་འཛིན་པ་གཉིས་ཀ་ཡང་འཕགས་རྒྱུད་ལ་གཅིག་ཆར་དུ་འབྱུང་བའི་གོ་སྐབས་ཡོད་པ་མ་ཡིན་ལ། རང་རྒྱུད་ཀྱི་ཕུང་པོའི་སྟེང་ན་གང་ཟག་དང་སེམས་ཅན་མེད་པར་རྟོགས་པ་ལ། གང་ཟག་གི་བདག་མེད་རྟོགས་པའི་དོན་དུ་བཞག་དགོས་པས་སོ། །མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་ན་ཐེག་ཆེན་གྱི་
སྦྱོར་ལམ་མཉམ་བཞག་ཆོས་ཉིད་ལ་རྟོག་པར་བཤད་པ་མེད་དོ། །དེ་ལ་འདི་སྙམ་དུ་དེ་ཆོས་ཅན། དེ་ལ་རྟོག་པ་ཡིན་ཏེ། དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་བློ་ཡིན་པའི་ཕྱིར། དེ་ཡིན་ཏེ། དེ་རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོག་པའི་ཕྱིར་ཞེས་ཟེར་ན། དེ་ནི་བྱིས་པ་སླུ་བར་བྱེད་པའི་ཆོས་ཡིན་གྱི། མཁས་པ་དག་མགུ་བར་བྱེད་པའི་གཏམ་མ་ཡིན་ཏེ། སྤྱིར་དེ་དང་དེའི་དོན་སྤྱི་ཡུལ་དུ་བྱེད་པའི་བློ་ཡིན་ན་རྟོག་པ་ཡིན་པས་ཁྱབ་ཀྱང་། ཐལ་བ་ཕྱི་མ་ལ་ཁྱབ་པ་འཁྲུལ་བའི་ཚུལ་འདི་ལྟར། མྱུ་གུ་བདེན་སྟོང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཀྱང་། མྱུ་གུ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། དེ་དེས་རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར། མཉམ་བཞག་སྣང་བཅས་སུ་ཁས་ལེན་པ་ལྟར་ན། རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་བདེན་སྟོང་དུ་མངོན་སུམ་དུ་རྟོགས་པའི་ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ཡེ་ཤེས་དེས་ཀྱང་ཆོས་ཀྱི་སྐུ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། དེས་དེ་རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར་རོ། །དེ་ལ་འདི་སྙམ་དུ། དེས་དེ་རྟོགས་པར་ཁས་མི་ལེན་ན། དེས་དེའི་གནས་ཚུལ་རྟོགས་པར་ཁས་ལེན་པ་དང་འགལ་ལོ། །དེའི་ཤེས་བྱེད་ཀྱང་དེའི་གནས་ལུགས་རྟོགས་པས་དེ་རྟོགས་པའི་གོ་མི་ཆོད་ན། དེ་རྟོགས་པའི་བློ་མེད་པའམ། དེའི་ཀུན་རྫོབ་ཀྱི་ངོ་བོ་རྟོགས་པས་དེ་རྟོགས་པའི་གོ་ཆོད་པར་འགྱུར་རོ། །གཞན་ཡང་རྣམ་མཁྱེན་གྱིས་དོན་སྤྱི་དང་། ལྡོག་པ་གཞན་སེལ་ལ་སོགས་པ་དོན་སྤྱིའི་ཚུལ་གྱིས་མཁྱེན་པར་འགྱུར་ཏེ། མཁྱེན་པ་གང་ཞིག་མངོན་སུམ་དུ་མི་མཁྱེན་པའི་ཕྱིར། མངོན་སུམ་དུ་མཁྱེན་ན་ནི་དེ་རྟོག་པར་འགྱུར་ཏེ། དོན་སྤྱི་དངོས་ཡུལ་དུ་བྱེད་པའི་བློ་ཡིན་པའི་ཕྱིར། ཤུགས་རྟོགས་ཁས་ལེན་པ་དག་ལ་འདི་ལྟར། བདེན་སྟོང་མངོན་
སུམ་རྟོགས་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་སྟོང་ཉིད་དེ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། དེས་དེ་རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར། ཆོས་མངོན་པ་བ་དག་ལྟར་ན། བུམ་གཟུགས་མཐོང་བའི་མིག་ཤེས་ཀྱིས་བུམ་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་ཐལ་བ་དང་། རྒྱང་རིང་པོ་ནས་ཆུའི་ཁ་དོག་མཐོང་བའི་མིག་ཤེས་དེས་ཀྱང་ཆུ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་ཐལ་བ་ལ་སོགས་པའི་རིགས་པ་རྣམས་འཇུག་གོ །ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་ཀུན་རྫོབ་ཀྱི་བདེན་པ་དོན་སྤྱིའི་ཚུལ་གྱིས་རྟོགས་པར་ཐལ། རྟོགས་པ་གང་ཞིག མངོན་སུམ་དུ་མ་རྟོགས་པའི་ཕྱིར། རྟོགས་ཏེ་མཁྱེན་པའི་ཕྱིར། མངོན་སུམ་དུ་རྟོགས་ན་ནི་སངས་རྒྱས་ཀྱི་རང་སྣང་ལ་ཀུན་རྫོབ་ཀྱི་སྣང་བ་འཆར་བར་ཐལ་ལོ། །མདོ་སྡེ་པ་ལྟར་ན་ནི་རྣམ་མཁྱེན་གྱིས་ཕྱི་རོལ་གྱི་དོན་དོན་སྤྱིའི་ཚུལ་གྱིས་རྟོགས་པར་འགྱུར་ཏེ། རྟོགས་པ་གང་ཞིག དངོས་སུ་མ་རྟོགས་པའི་ཕྱིར། དངོས་སུ་རྟོགས་ན་རྣམ་མེད་དུ་རྟོགས་པར་ཐལ་ལོ། །དེས་ན་ཐེག་ཆེན་སྦྱོར་ལམ་མཉམ་བཞག་གི་ངོ་བོ་ནི། ཆོས་ཉིད་མངོན་སུམ་དུ་མཐོང་བ་དང་། དམིགས་རྣམ་རྗེས་སུ་མཐུན་པ་ཡིན་པ་དེའི་ཕྱིར། སྤྲོས་པའི་མཚན་མ་ཅི་ཡང་མ་མཐོང་བ་ལ་ཆོས་ཉིད་མཐོང་ངོ་ཞེས་ཐ་སྙད་བཏགས་པ་ཙམ་ཡིན་གྱི། ཆོས་ཉིད་ཡུལ་དུ་བྱས་པ་མཚན་ཉིད་པ་མ་ཡིན་ནོ། །དེའི་ཕྱིར་ཆོས་ཉིད་ལ་རྟོག་པ་དང་། རྟོག་མེད་ཀྱི་ཤེས་པ་གང་ཡང་མ་ཡིན་ཏེ། དེ་ཡུལ་དུ་མི་བྱེད་པའི་ཕྱིར་རོ། །འོ་ན་དེ་ཆོས་ཅན། དེ་མ་རྟོགས་པར་ཐལ། དེ་ཡུལ་དུ་མི་བྱེད་པའི་ཕྱིར་ཞེ་ན། འོ་ན་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་མ་ངེས་སོ། །གཏན་ཚིགས་མ་གྲུབ་པ་མ་ཡིན་ཏེ། སྤྱི་མཚན་དངོས་ཡུལ་དུ་བྱེད་པའི་བློ་ཡིན་པས་སྒྲ་དོན་འཛིན་པའི་རྟོག་པ་ཉིད་དུ་
ཐལ་བའི་ཕྱིར་རོ། །ཆོས་ཅན་དང་ཐལ་ཆོས་གཉིས་ཀ་ཁྱེད་ཀྱིས་ཁས་ལེན་དགོས་ཏེ། ཁོ་བོ་ཅག་ལྟར་ན་ནི། ཐེག་ཆེན་མཐོང་ལམ་གྱིས་ཅི་ཡང་མ་མཐོང་བ་ལ་ཆོས་ཉིད་མཐོང་བའི་ཐ་སྙད་བཏགས་པ་ཡིན་གྱི། དེ་མཐོང་བ་མཚན་ཉིད་པ་མ་ཡིན་ལ། ཁྱེད་ཀྱིས་ནི་དེས་དེ་མཐོང་བ་མཚན་ཉིད་པར་ཁས་བླངས་པས་སོ། །དོན་དེ་དག་ལ་དགོངས་ནས། སློབ་དཔོན་ཕྱོགས་ཀྱི་གླང་པོས། རྣལ་འབྱོར་པའི་མངོན་སུམ་གང་ལ་མངོན་སུམ་དུ་སོང་བའི་ཡུལ་རང་མཚན་དུ་བཤད་པ་ཡིན་ནོ། །འོ་ན་དེ་ལ་རྟོག་པ་མ་ཡིན་ན་མཐོང་ལམ་མཉམ་བཞག་དང་ཁྱད་པར་ཅི་ཡོད་ཅེ་ན། ཞེས་པའི་རྒྱུད་གཅིག་ལ་སྒྲ་དོན་འཛིན་པའི་རྟོག་པ་དང་འདྲེས་མ་འདྲེས་ཀྱི་ཁྱད་པར་ཡོད་དོ། །འོ་ན་མངོན་གྱུར་ནི་གཉིས་ཀ་ལ་མེད་ལ། རྟོག་པའི་ས་བོན་ནི་གཉིས་ཀ་ལ་ཡོད་པའི་ཕྱིར་རྟོག་པ་དང་འདྲེས་མ་འདྲེས་ཀྱི་ཁྱད་པར་དེ་དཀའོ་ཞེ་ན། མ་ཡིན་ཏེ། དེར་ནི་སྤྲོས་བྲལ་མངོན་སུམ་དུ་མཐོང་བས་རྟོག་པ་དབང་དང་ལྡན་པའི་ཚུལ་གྱིས་ཡོད་པ་ཡང་མ་ཡིན་ལ། འདིའི་མཉམ་བཞག་ཏུ་ནི་དེ་མངོན་སུམ་དུ་མ་མཐོང་བས་རྟོག་པ་དབང་དང་ལྡན་པས་ལྡན་པ་ཡིན་ནོ། །འོ་ན་རྟོག་པ་གང་དང་ཇི་ལྟར་ལྡན་ཞེ་ན། དགག་སྒྲུབ་ཀྱི་རྟོག་པ་གཉིས་ཀ་དང་དེར་ལྡན་ཡང་། གཟུང་འཛིན་བཞི་པོ་རང་བཞིན་གྱིས་གྲུབ་པར་ཞེན་པའི་སྒྲུབ་རྟོག་དག་ནི་མཚུངས་པར་ལྡན་པ་མ་ཡིན་ཏེ། འཛིན་སྟངས་དངོས་སུ་འགལ་བས་གནོད་བྱ་དང་། གནོད་བྱེད་དུ་སོང་བའི་ཕྱིར། གཟུང་འཛིན་རང་བཞིན་མེད་པར་ཞེན་པའི་དགག་པའི་རྣམ་པ་ཅན་གྱི་རྟོག་པ་བཞི་དང་ནི། འཛིན་སྟངས་དངོས་སུ་མི་འགལ་བས་མཚུངས་པར་ལྡན་སྲིད་དོ། །དེའི་ཚེ་ན་རང་བཞིན་མེད་པར་ཞེན་པའི་བློ་དང་། དེའི་རང་བཞིན་གང་དུ་ཡང་མི་འཛིན་པར་སྤྲོས་བྲལ་དུ་རྟོགས་པའི་ལྡོག་ཆ་གཉིས་ལས། དང་པོའི་ཆ་ནས་ལམ་དུ་མི་འཇོག་སྟེ། དེའི་ཆ་ནས་བཏགས་འཛིན་རྟོག་པར་སོང་བའི་ཕྱིར། གཉིས་པའི་ཆ་ནས་ལམ་དུ་འཇོག་སྟེ།
དེའི་ཆ་ནས་སྤོས་བྲལ་རྟོགས་པར་འཇོག་པའི་ཕྱིར་རོ། །དཔེར་ན་ཆོས་མཆོག་གི་མཉམ་བཞག་ན་སྐྱེས་བུ་བཏགས་པ་ཙམ་དུ་ཞེན་པའི་བློ་ཡོད་ཀྱང་། དེའི་ཆ་ནས་ཆོས་མཆོག་གི་སྤང་བྱར་འཇོག་དགོས་ལ། བཏགས་པ་ཙམ་དེ་ཡང་མེད་པར་རྟོགས་པའི་ཆ་ནས་ཆོས་མཆོག་གི་ཡེ་ཤེས་སུ་འཇོག་དགོས་པ་བཞིན་ནོ། །དེ་བས་ན་འདིར་མཉམ་བཞག་གི་རྒྱུན་གཅིག་ལ་སྒྲུབ་རྟོག་མངོན་གྱུར་བ་མི་སྲིད་ལ། དགག་རྟོག་མངོན་འགྱུར་བ་སྲིད་ཀྱང་། དེས་མཉམ་བཞག་གི་རྒྱུན་གཅོད་པར་མི་ནུས་ཏེ། འདི་འཇིག་རྟེན་པའི་ལམ་གྱི་མཉམ་བཞག་ཡིན་པའི་ཕྱིར། དེ་ལྟ་ན་ཡང་དགག་རྟོག་མངོན་དུ་གྱུར་པའི་ཚེ་ཡེ་ཤེས་དབང་དང་ལྡན། ཡེ་ཤེས་མངོན་དུ་གྱུར་པའི་ཚེ་རྟོག་པ་དབང་དང་ལྡན་པའི་ཚུལ་གྱིས་མཚུངས་པར་ལྡན་པ་ཡིན་གྱི། གཉིས་ཀ་མངོན་གྱུར་དུ་མཚུངས་པར་ལྡན་པ་མ་ཡིན་ཏེ། རྟོག་པ་དང་རྟོག་མེད་ཀྱི་ཤེས་པ་མངོན་གྱུར་བ་གཉིས་མཚུངས་པར་ལྡན་པ་མི་སྲིད་པའི་ཕྱིར་རོ། །དེས་ན་ཐེག་ཆེན་གྱི་སྦྱོར་ལམ་མཉམ་བཞག་གི་ངོ་བོ་ནི། སྤྲོས་པའི་མཐའ་གང་དུ་ཡང་མི་འཛིན་ཅིང་། རིག་ཅིང་གསལ་ཙམ་གྱི་ངོ་བོར་སྐྱེས་པའི་རང་རིག་པའི་མངོན་སུམ་མོ། །དེ་ལྟ་ན་ཡང་རྣལ་འབྱོར་པའི་མངོན་སུམ་ནི་མ་ཡིན་ཏེ། སྤྲོས་བྲལ་དུ་ཞེན་པའི་རྟོག་པ་དང་མཚུངས་པར་ལྡན་པའི་ཕྱིར། དེ་སྐད་དུ་ཡང་སྡུད་པ་ལས། དེ་ལྟར་བྱང་ཆུབ་སེམས་དཔའ་གནས་ལ་གནས་མེད་གནས། །གནས་མེད་གནས་ཡིན་འདི་ནི་རྒྱལ་བས་གནས་པར་གསུངས། །ཞེས་སྦྱོར་ལམ་འདིའི་དབང་དུ་བྱས་ནས་གསུངས་པ་དང་། ཡུམ་རྒྱས་པ་ལས། གཟུགས་ནས་རྣམ་མཁྱེན་གྱི་བར་ལ་རློམ་པ་རྣམ་བཞི་འགོག་པར་གསུངས་པ་དང་། བསྟན་བཅོས་ལས་ཀྱང་། གཟུགས་ལ་སོགས་ལ་རློམ་མེད་པ། །རྣམ་བཞི་དེ་ཡི་མཉམ་པ་ཉིད། །ཅེས་གསུངས་པའི་དོན་དེ་ཉིད་བྱང་སེམས་ཀྱི་ངེས་འབྱེད་ཆ་མཐུན་གྱི་མཉམ་བཞག་འདི་ལ་ཡང་ངེས་པར་ཚང་དགོས་པའི་ཕྱིར། དེ་སྐད་དུ་ཡང་།
སློབ་དཔོན་གྱིས་དེ་ལྟར་མཉམ་པ་ཉིད་སོ་སོར་རྟོགས་ནས་མཐོང་བའི་ལམ་སྒོམ་དགོས་པས་ཞེས་གསུངས་པའི་ཕྱིར། མདོར་བསྡུ་ན། ཐེག་ཆེན་གྱི་སྦྱོར་ལམ་མཉམ་བཞག་ཏུ་མཚན་འཛིན་གྱི་རྟོག་པ་དང་། སྤྲོས་མེད་ཀྱི་ཡེ་ཤེས་ཅིག་ཅར་དུ་འབྱུང་ཡང་མཚན་འཛིན་གྱི་ཆ་ནས་ལམ་དུ་མི་འཇོག་པའི་དཔེ་ནི་མ་དག་པའི་རྗེས་ཐོབ་ཏུ་དེ་གཉིས་ཅིག་ཆར་དུ་འབྱུང་ཡང་མཚན་འཛིན་གྱི་ཆ་ནས་ཡེ་ཤེས་སུ་མི་འཇོག་པ་བཞིན་ནོ། །དེ་ལྟར་ན་ཆོས་ཉིད་ལ་མཉམ་པར་བཞག་པའི་སྦྱོར་ལམ་མཉམ་བཞག་གི་ངོ་བོ་ནི། སྤྲོས་མེད་ཀྱི་ཡེ་ཤེས་སུ་ཁས་བླངས་པར་བྱའི། བཏགས་འཛིན་རྟོག་པའི་ངོ་བོར་ཁས་ལེན་པ་མ་ཡིན་ནོ། །ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །གཉིས་པ་མཐོང་ལམ་གྱི་ངོ་བོ་ལ། ཆོས་མངོན་པ་གོང་འོག་ལས། ཐེག་པ་ཆེ་ཆུང་གི་མཐོང་ལམ་གང་དང་ཡང་རྗེས་ཐོབ་ཀྱི་གཞི་མཐུན་མ་བཤད་ལ། མཉམ་བཞག་ལ་སྐད་ཅིག་མ་བཅོ་ལྔར་འདོད་པའི་ལུགས་དང་། བཅུ་དྲུག་ཏུ་འདོད་པའི་ལུགས་གཉིས་གསལ་བར་གསུངས་ལ། ཉན་ཐོས་སྡེ་པ་ཁ་ཅིག་སྐད་ཅིག་མ་གཅིག་ཏུ་འདོད་པའི་ལུགས་གཅིག་ཀྱང་ཡོད་པར་སློབ་དཔོན་ཟླ་བ་གྲགས་པས་བཤད་དོ། །རྗེ་བཙུན་གྱི་མངོན་པར་རྟོགས་པའི་རྒྱན་ལས་ནི། ཕྱིར་མི་ལྡོག་པའི་རྟགས་དང་། རྗེས་ཐོབ་ཏུ་རྟེན་འབྲེལ་ལ་རྟོགས་ཚུལ་བཤད་པ་དང་། དེ་དང་རྗེས་ཐོབ་ཀྱི་གཞི་མཐུན་ཡོད་པ་ལྟ་བུར་བཤད་པའི་དགོངས་པ་རྩལ་དགོས་ལ། མཉམ་བཞག་ལ་ནི་སྐབས་གཉིས་པར་སྐད་ཅིག་མ་བཅུ་དྲུག་ཏུ་བཤད་པ་དང་། མཐོང་ལམ་རྩེ་སྦྱོར་དུ་སྐད་ཅིག་མ་གཅིག་ཏུ་བཤད་ལ། དེའི་དགོངས་པ་འཆད་པ་ལ་རྒྱལ་བའི་སྲས་པོ་སེང་གེ་བཟང་པོས་ཆོས་ཉིད་སྔར་མ་མཐོང་གསར་དུ་མཐོང་བའི་ལམ་ལ་སྐད་ཅིག་མ་གཅིག་ཁོ་ན་དང་། མཐོང་བའི་ལམ་དེས་མཐོང་བས་སྤང་བར་བྱ་བའི་དབང་དུ་བྱས་པའི་སྤང་བྱ་དེ་དང་དེ་དག་
སྤོང་བ་ལ་ནི། སྐད་ཅིག་མ་བཅུ་དྲུག་ཏུ་རྣམ་པར་གཞག་གོ །དེ་ལྟར་བཤད་པ་དེའི་ཚེ་འདི་ལྟར་འགྱུར་ཏེ། སྤྲོས་བྲལ་སྔར་མ་མཐོང་བའི་མཐོང་ལམ་སྐད་ཅིག་མ་གཅིག་དང་། མཐོང་སྤངས་རིམ་པ་བཞིན་དུ་སྤོང་བའི་བར་ཆད་མེད་པའི་ལམ་དང་རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་གྱི་དབྱེ་བས་སྐད་ཅིག་མ་བཅུ་དྲུག་གོ །ཕྱི་མ་རྣམས་ལ་མཐོང་ལམ་གྱི་སྒྲ་བཤད་མ་ཚང་ཀྱང་མཐོང་བའི་ལམ་དུ་འཇོག་གི་སྒོམ་པའི་ལམ་དུ་འཇོག་པ་མ་ཡིན་ཏེ། བདེན་པ་མངོན་པར་རྟོགས་པ་ཡིན་གྱི་རྗེས་ལ་མངོན་པར་རྟོགས་པ་མ་ཡིན་པའི་ཕྱིར་རོ། །ཞེས་བྱ་བའི་དོན་དུ་བཞེད་དོ། །རིགས་པ་དྲུག་ཅུ་པ་ལས་ནི། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་དོ། །ཞེས་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་མྱང་འདས་མངོན་དུ་བྱས་པ་དང་། བྱ་བ་བྱས་པའང་དེ་ཉིད་ཡིན་པར་བཤད་ནས། ཆོས་ཉིད་ལ་མཐོང་ཚུལ་མི་འདྲ་བ་དུ་མ་ཡོད་དམ་སྙམ་པའི་དོགས་པ་སེལ་བའི་ཕྱིར་དུ། འདི་སྐད་ཅེས། ཆོས་ཤེས་དེ་ཡི་འོག་ཏུ་ནི། །འདི་ལ་བྱེ་བྲག་དབྱེར་ཡོད་ན། །ཤིན་ཏུ་ཕྲ་བའི་དངོས་ལ་ཡང་། །གང་གི་སྐྱེ་བ་རྣམ་བཏགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་གསུངས་ལ། དེའི་འགྲེལ་པར། ཟླ་བའི་ཞབས་ཀྱི་མངོན་པར་རྟོགས་པ་གཅིག་ཏུ་ཟད་དོ་ཞེས་དང་། ཤེས་པ་ངོ་བོ་གཅིག་ལ་ཆར་ཕྱེ་སྟེ་ཆ་བཅོ་ལྔར་རྣམ་པར་གཞག་གོ །གལ་ཏེ་དེ་ལྟར་ན་ལམ་སྒོམ་པ་རྣམ་པ་བཅུ་དྲུག་པོ་དེ་ཇི་ལྟ་བུ། ཐར་པ་འདོད་པ་རྣམས་ལམ་རྣམ་པ་གཞན་དག་གིས་དེ་ཁོ་ན་ཤེས་པ་ལ་འཇུག་པ་གོམས་པར་བྱ་བའི་ཕྱིར། འདི་ཡང་ཡོངས་སུ་བརྟགས་ནས་རྣམ་པར་གཞག་པ་ཉིད་དེ། དེ་ཁོ་ནར་ནི་ངོ་བོ་གཅིག་པུར་ཟད་དོ། །ཞེས་གསུངས་སོ། །དེའི་དོན་ནི་ཉན་ཐོས་སྡེ་པས་བདེན་པ་སྔར་མ་མཐོང་གསར་མཐོང་དུ་འདོད་པའི་སྐད་ཅིག་མ་བཅོ་ལྔ་པོ་དེ་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་དང་། དེས་སྒོམ་ལམ་དུ་འདོད་པའི་བཅུ་དྲུག་པ་
དེ་ཡང་། མཐོང་བའི་ལམ་གྱི་མངོན་རྟོགས་སུ་གཅིག་པར་སྟོན་པའི་དོན་ཡིན་ནོ། །འོ་ན་མཐོང་བ་ཙམ་གྱིས་མཐོང་སྤང་མ་ལུས་པར་སྤོང་ནུས་སམ་སྙམ་པ་ལ། འགྲེལ་པ་དེ་ཉིད་ལས། ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་དེ་མཚན་ཉིད་གཅིག་ཏུ་མཐོང་སྟེ། རིམ་གྱིས་གོམས་པར་བྱས་ནས། མ་རིག་པ་མ་ལུས་པ་འགགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ངོ་བོ་ཉིད་ལ་དམིགས་པའི་ཤེས་པ་ལ་གནས་པ་ནི་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་དང་། བྱ་བ་བྱས་པ་ཞེས་བྱ་བར་རྣམ་པར་གཞག་སྟེ། གཞན་དུ་མ་ཡིན་ནོ་ཞེས་གསུངས་སོ། །དེའི་དོན་ཡང་མཐོང་བ་ལ་སྐད་ཅིག་མ་གཅིག་ཡིན་ཡང་མ་རིག་པ་ལ་སོགས་པ་སྤང་བྱ་རྣམས་སྤོང་བ་ལ་མཐོང་ཟིན་རིམ་གྱིས་སྒོམ་དགོས་པའི་དོན་ནོ། །དེ་ཡང་མཐོང་ཟིན་སྒོམ་པའི་ཚུལ་ལ་གཉིས་ཏེ། ཇི་སྲིད་མཐོང་སྤང་སྤངས་མ་ཟིན་པ་དེ་སྲིད་དུ་མཐོང་བས་སྤང་བར་བྱ་བ་རྣམས་སྤོང་བའི་ཕྱིར་དུ་སྒོམ་པ་དེ་སྲིད་དུ་ནི། མཐོང་བའི་ལམ་དུ་བཞག་དགོས་པ་ཡིན་ཏེ། སྒོམ་པའི་ལམ་གྱིས་མཐོང་སྤང་སྤོང་བ་མི་སྲིད་པའི་ཕྱིར་དང་། མཐོང་ལམ་སྐད་ཅིག་མ་གཅིག་པོ་དེས་མཐོང་སྤང་མ་ལུས་པར་སྤངས་པར་ཡང་མི་བཞེད་པའི་ཕྱིར། གལ་ཏེ་གཅིག་པུས་མཐོང་སྤང་མ་ལུས་པར་སྤངས་ཟིན་པའམ། སྤོང་ནུས་པར་བཞེད་ན་ནི། ཟག་མེད་བར་ཆད་མེད་ལམ་སྔོན་དུ་མ་སོང་བའི་མཐོང་ལམ་རྣམ་གྲོལ་གྱི་ལམ་ཁས་ལེན་དགོས་པའམ། ཡང་ན་མཐོང་སྤང་སྤོང་བའི་རྣམ་པར་གྲོལ་བའི་ལམ་དུ་ཁས་ལེན་དགོས་པ་གང་རུང་ལས་མ་འདས་སོ། །སྒོམ་ཚུལ་གཉིས་པ་མཐོང་སྤང་སྤངས་པའི་བྱ་བ་དག་ཡོངས་སུ་རྫོགས་པའི་འོག་ཏུ་སྒོམ་པས་སྤང་བར་བྱ་བ་དག་སྤོང་བའི་ཕྱིར་དུ། སྔར་མཐོང་ཟིན་གྱི་དོན་སྒོམ་པ་དེ་ནས་ཙམ་སྟེ་སྒོམ་པའི་ལམ་དུ་རྣམ་པར་གཞག་གོ །ཞེས་བཞེད་པས་བརྒྱད་སྟོང་འགྲེལ་ཆེན་དང་དགོངས་པ་མཐུན་ནོ། །གངས་
ཅན་དུ་ཕྱིས་བྱོན་པ་གཞན་དག་ན་རེ། ཇི་སྐད་དུ། ཆོས་ཤེས་པ་ཡི་འོག་ཏུ་ནི། །ཞེས་སོགས་གསུང་པ་དེས་མཐོང་བའི་ལམ་སྐད་ཅིག་མ་གཉིས་ཁོ་ནར་བསྟན་ཏེ། ཆོས་ཤེས་ཀྱི་སྔ་རོལ་དུ་ཆོས་བཟོད་འགྲོ་དགོས་པར་ནི་རིགས་པས་གྲུབ་ལ། ཆོས་ཤེས་ཀྱི་འོག་ཏུ་ནི་སྐད་ཅིག་དབྱེ་བ་མེད་པར་བཤད་པའི་ཕྱིར་རོ། །ཞེས་ཟེར་བ་དེ་དག་གིས་ནི། རིགས་པ་དྲུག་ཅུ་པ་རྩ་འགྲེལ་གྱི་དོན་མ་བསླབས་པར་གོར་མ་ཆག་སྟེ། གཞུང་དེར་ཆོས་ཞེས་པ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། ཤེས་པ་ཞེས་པ་ནི་དེ་སྔར་མ་ཤེས་གསར་དུ་ཤེས་པ་ལ་བཤད་ཀྱི། ཆོས་བཟོད་སྔོན་དུ་སོང་བའི་ཆོས་ཤེས་ལ་བཤད་ན། འདི་ལ་བྱེ་བྲག་དབྱེར་ཡོད་ན། །ཞེས་པའི་ཕྱོགས་སྔ་ཁས་བླངས་པར་སོང་བས་ཕྱིར་དང་། འགྲེལ་པར། མཐོང་ལམ་སྐད་ཅིག་མ་བཅོ་ལྔ་པོ་ཐམས་ཅད། ཆོས་ཤེས་ལས་ཕྱེ་བ་དང་། རང་ཚིག་འགལ་བའི་ཕྱིར་རོ། །དེ་ལྟར་ཤེས་ཟིན་པའི་འོག་ཏུ་གྲུབ་དོན་འདི་དག་འབྱུང་བར་འགྱུར་ཏེ། བཟང་པོའི་ཞབས་ཀྱི་བཞེད་པ་དང་། ཟླ་བའི་ཞབས་ཀྱི་བཞེད་པའོ། དང་པོ་ནི། སྟོང་ཉིད་སྔར་མ་མཐོང་གསར་མཐོང་སྐད་ཅིག་མ་གཅིག་དང་། སྔར་མ་རྟོགས་གསར་རྟོགས་སྐད་ཅིག་མ་བཅུ་དྲུག་གོ །མཐོང་ལམ་ཙམ་དུ་འཇོག་པ་ལ་སྐད་ཅིག་གཅིག་གིས་ཆོག་ཀྱང་། སྒྲོ་འདོགས་སེལ་བ་ལ་སྐད་ཅིག་མ་བཅུ་དྲུག་དགོས་པ་ཡིན་ཏེ། མཐོང་ཡང་ངེས་པ་མ་དྲངས་ན་སྒྲོ་འདོགས་སེལ་བར་མི་ནུས་པའི་ཕྱིར་རོ། །ཞེས་བཞེད་པ་ཡིན་ནོ། །གཉིས་པ་ནི། ཆོས་གཉིས་མཐོང་ཚུལ་ལ་གཉིས་ཏེ། སྔར་མ་མཐོང་གསར་དུ་མཐོང་ཙམ་དང་། མཐོང་ཟིན་གོམས་པར་བྱེད་པའོ། །གཉིས་པ་ལ་གཉིས་ཏེ། མཐོང་སྤང་སྤོང་བའི་ཕྱིར་སྒོམ་པ་དང་། སྒོམ་སྤང་སྤོང་བའི་ཕྱིར་དུ་བསྒོམ་པའོ། །དང་པོ་ལ་སྐད་ཅིག་མ་བཅུ་དྲུག་ཡོད་ཀྱང་། ཆོས་ཤེས་སྐད་ཅིག་གཅིག་པོ་དེ་ཉིད་ཀྱིས་ཇི་ལྟར་རྟོགས་པའི་
དོན་དེ་ཉིད་སྒོམ་པ་ཡིན་གྱི། དེས་མ་རྟོགས་པ་གཞན་སྒོམ་རྒྱུ་མེད་པའི་ཕྱིར། གཅིག་ལ་བཅོ་ལྔར་བཞག་པ་ཞེས་ཀྱང་བྱ་ལ། མཉམ་བཞག་ཐུན་གཅིག་ཡིན་གྱི་སྒོམ་ལམ་ལྟར་ན་རྗེས་ཐོབ་སོ་སོ་བས་བར་མ་ཆོད་པའི་ཕྱིར། མངོན་པར་རྟོག་པ་གཅིག་ཏུ་ཟད་པ་ཞེས་བྱའོ། །དེ་དག་ཀྱང་དྲངས་མ་ཐག་པའི་འགྲེལ་པ་ལས། དེ་ཁོ་ན་ཤེས་པ་ལ་འཇུག་པ་གོམས་པར་བྱ་བའི་ཕྱིར། ཞེས་སྐད་ཅིག་མ་བཅུ་དྲུག་འཇོག་པའི་རྒྱུ་མཚན་བཤད་པ་ལས་ཤེས་སོ། །འོ་ན་མཐོང་བའི་ལམ་གྱི་རྗེས་ཐོབ་ཀྱི་ཡེ་ཤེས་རྣམས་མཐོང་བའི་ལམ་དུ་འདོད་པ་དང་། མི་འདོད་པ་ཞེས་བྱ་བ་གཉིས་ལས་གང་ཡིན། དེ་དེར་མི་འདོད་ན་ནི་རྒྱུ་མཚན་གང་ལས་མི་འདོད། སྒྲ་བཤད་མ་ཚང་བ་ལས་དེ་ལྟར་རྟོག་ན་ནི། བདེན་པ་མངོན་པར་རྟོགས་པ་ཕྱི་མ་རྣམས་ཀྱང་དེར་འགྱུར་ལ། དེ་མ་ཚང་ཡང་དེར་འདོད་ན་ནི་འདི་དག་ཀྱང་ཅིའི་ཕྱིར་དེར་མི་འདོད་ཅེ་ན། ཆོས་མངོན་པ་ལས། མཐོང་ལམ་གྱིས་ཀུན་རྫོབ་ཤེས་པ་མི་སྐྱེ་བའི་ཆོས་ཅན་དུ་བཤད་པ་ལྟར་ན། དེ་དེར་མི་འཆད་པའི་རྒྱུ་མཚན་དེ་ཉིད་ཀྱིས་གྲུབ་ལ། རྒྱན་རྩ་འགྲེལ་ལས། དེའི་རྗེས་ཐོབ་ཡེ་ཤེས་གསལ་བར་བཤད་པ་དེ་ལྟ་ན་ཡང་། དེར་མི་འཇོག་སྟེ། ཇི་སྲིད་མཐོང་སྤང་མ་ལུས་པར་སྤངས་པའི་རྣམ་པར་གྲོལ་བའི་ལམ་ཡོངས་སུ་མ་རྫོགས་པ་དེ་སྲིད་དུ་ནི་དེ་མི་འབྱུང་ལ། དེའི་འོག་ཏུ ་སྐྱེས་པའི་ཀུན་རྫོབ་ཀྱི་ཤེས་པ་རྣམས་ལ་ནི། དེར་འཇོག་པའི་རྒྱུ་མཚན་མ་ཚང་བའི་ཕྱིར། དཔེར་ན་སངས་རྒྱས་ཀྱི་རྗེས་ཐོབ་ཡེ་ཤེས་སྒོམ་ལམ་དུ་མི་འཇོག་པ་བཞིན་ནོ། །འོ་ན་དེ་དག་མཐོང་བའི་ལམ་དུ་བཞག་པར་མི་ནུས་ན་སྒོམ་པའི་ལམ་དུ་འཇོག་པ་ཡིན་ནམ་ཞེ་ན། ཆོས་མངོན་པ་ལས་ནི། དེ་དེར་རྣམ་པར་གཞག་པ་ཡིན་ཏེ། རྗེས་ལ་མངོན་པར་རྟོགས་པ་ཡིན་པའི་ཕྱིར། ཞེས་པའི་རིགས་པ་ལས་སོ། །རྒྱན་གྱི་འགྲེལ་པ་དག་ལས་ནི། དེས་དྲངས་པའི་རྗེས་ཐོབ་ཀྱི་ཁྱད་པར་གང་དང་གང་བཤད་པ་དེ་དག་རྫོགས་ཟིན་པའི་འོག་ཏུ། སྒོམ་པས་སྤངས་བར་བྱ་བ་རྣམས་སྤོང་བའི་སྦྱོར་བ་ལ་ཞུགས་
པ་དེ་ནས། སྒོམ་པའི་ལམ་དུ་བཞག་པ་ཤས་ཆེ་བར་སྣང་སྟེ། དཔེར་ན་ཕྱིར་མི་ལྡོག་པའི་རྟགས་འཆད་པ་དང་། སྒོམ་ལམ་རྩེ་སྦྱོར་དུ་འཆད་པ་བཞིན་ནོ། །དེ་ལྟ་ཡིན་པ་དེའི་ཕྱིར་དེ་དག་མཐོང་བའི་ལམ་གྱི་ཁྱད་པར་གྱི་ལམ་ཡིན་པས་མཐོང་སྤངས་ཀྱི་གཉེན་པོའི་རིགས་སུ་གྱུར་པའི་ལམ་བཞི་པོ་གང་རུང་དུ་རྣམ་པར་གཞག་གོ །དོན་དེ་ལ་དགོངས་ནས། རྒྱན་རྩ་འགྲེལ་དུ། མཐོང་ལམ་གྱི་རྗེས་ཐོབ་ཀྱི་རྣམ་པར་བཞག་པ་ཇི་སྙེད་པ་མཐོང་ལམ་གྱི་སྡེ་མཚན་དུ་སྡུད་པར་མཛད་དོ། །དེ་ལྟ་ན་ཡང་གང་ཟག་དེའི་རྒྱུད་ལ་ལམ་གྱི་ངོ་བོར་གྱུར་པའི་སྒྱུ་མ་ལྟ་བུའི་ཡེ་ཤེས་ཞིག་དམིགས་པ་དེ་ནི། སྒོམ་པའི་ལམ་དུ་བསྡུ་དགོས་ལ། དེ་ཡང་སྒོམ་སྤང་སྒྲིབ་གཉིས་ཀྱི་གཉེན་པོ་ལས་རབ་ཏུ་ཕྱེ་བའི་ལམ་བཞི་པོ་གང་རུང་དུ་མ་འདུས་པས་དེའི་སྡེ་མཚན་དུ་མ་བཞག་ཀྱང་། དེ་རྣམ་པར་སུན་འབྱིན་པའི་གཉེན་པོའི་རིགས་སུ་གནས་པའི་ཕྱིར། སྒོམ་པའི་ལམ་དུ་བསྡུ་དགོས་པ་ཡིན་ནོ། ཡང་རེས་འགའ་ནི་རྣམ་རྫོགས་སྦྱོར་བའི་སྐབས་ནས་བསྟན་པའི་མཐོང་ལམ་རྗེས་ཐོབ་ལྟ་བུ། མཐོང་སྤང་རྟོག་པའི་གཉེན་པོ་ལས་རབ་ཏུ་ཕྱེ་བའི་ལམ་བཞི་གང་རུང་དུ་མ་འདུས་ཀྱང་། དེ་རྣམ་པར་སུན་འབྱིན་པའི་གཉེན་པོ་ཡིན་པའི་རྒྱུ་མཚན་གྱིས། མཐོང་ལམ་གྱི་སྡེ་མཚན་དུ་སྡུད་དགོས་པ་ཡང་ཡོད་དེ། དེ་ལས་གཞན་དུ་རྣམ་རྫོགས་སྦྱོར་བའི་ངོ་བོར་གྱུར་པའི་མཐོང་ལམ་བཞག་མི་ཤེས་པས་སོ། །བོད་ཕྱི་མ་གང་ལ་ལ་དག བྱང་སེམས་ཀྱི་མཐོང་ལམ་མཉམ་བཞག་ན། ཐེག་ཆེན་གྱི་ཀུན་རྫོབ་སེམས་བསྐྱེད་མེད་པར་འདོད་པ་དེ་དག་གིས་ནི་ལེགས་པར་མ་སྨྲས་ཏེ། དེ་མེད་པའི་ཤེས་བྱེད་གང་ཡོད་པ་དེ་ཉིད། ཐབས་ཀྱི་ཁྱད་པར་གཞན་མེད་པའི་ཤེས་བྱེད་དུ་ཡང་མཚུངས་པས་ཐེག་ཆེན་གྱི་མཐོང་ལམ་མཉམ་བཞག་ན་ཐབས་ཤེས་ཟུང་འབྲེལ་གྱི་བློ་མེད་པར་ཧ་ཅང་ཐལ་ལོ། །འོ་ན་དེའི་རྒྱུད་ལ་དེ་ཇི་ལྟར་ཡོད་ཅེ་ན། སྤྱིར་སྦྱོར་ལམ་གྱི་གནས་སྐབས་ན་རྫོགས་བྱང་དོན་གཉེར་གྱི་འདོད་པ་གང་ཡོད་པ་དེ་ཐམས་ཅད་སྒྲ་དོན་
འཛིན་པའི་རྟོག་པ་ཁོ་ན་ལས་མ་འདས་ཏེ། དམིགས་པའི་ཡུལ་ལྐོག་ཏུ་གྱུར་པ་ལ་དམིགས་ནས། འཛིན་སྟངས་ཀུན་རྫོབ་ཀྱི་རྣམ་པ་ཅན་ཁོ་ན་ཡིན་པའི་ཕྱིར། དེ་ལྟར་ན་མཉམ་བཞག་ཏུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་གྱུར་པ་དེའི་ཚེ། རྟོག་པ་དེ་དང་ཡེ་ཤེས་དེ་དབང་ལྡན་གྱི་ཚུལ་གྱིས་མཚུངས་པར་ལྡན་པའི་ཕྱིར་ཐབས་ཤེས་ཟུང་དུ་འཇུག་པ་ཞེས་བྱའོ། །གལ་ཏེ་རྟོག་པ་དང་མི་རྟོག་ཡེ་ཤེས་མངོན་གྱུར་དུ་མ་ཟད། དབང་ལྡན་གྱི་སྒོ་ནས་མཚུངས་པར་ལྡན་པ་མི་སྲིད་ན། ས་དྲུག་པའི་མཉམ་བཞག་ཏུ་ཤེར་ཕྱིན་དང་མཚུངས་ལྡན་གྱི་ཀུན་རྫོབ་སེམས་བསྐྱེད་ཡོད་པར་གསུངས་པ་དེ་ཇི་ལྟར་འཆད། དེ་བཞིན་དུ་རྗེས་ཐོབ་ཏུ་ཐབས་ཀྱི་ཆར་གྱུར་པའི་སྟོང་པ་མངོན་དུ་གྱུར་པ་དེའི་ཚེ། རྣམ་པར་མི་རྟོག་པའི་ཡེ་ཤེས་དབང་དང་ལྡན་པ་ཞེས་བྱའོ། །དེའི་ཚེ་ཡང་སྒྲ་དོན་འཛིན་པའི་རྟོག་པར་སོང་བའི་ཆ་ནས་ལམ་དུ་ཅུང་ཟད་ཀྱང་མི་འཇོག་སྟེ། དེའི་ཚེ་ཐེག་ཆེན་ལམ་གྱི་མི་མཐུན་ཕྱོགས་སུ་བཞག་དགོས་པའི་ཕྱིར། དཔེར་ན་དེ་བཞིན་གཤེགས་པ་ལ་མཚན་མར་དམིགས་ཏེ་ཕྱག་འཚལ་བ་བཞིན་ནོ། །འོ་ན་བཅུ་དྲུག་པོའི་རྟོགས་པ་རྫོགས་ནས་སྒོམ་ལམ་གྱི་སྦྱོར་བ་ཉེར་རྟོགས་མ་སྐྱེས་པའི་བར་དེར། མཉམ་བཞག་གི་ཡེ་ཤེས་འབྱུང་ངམ་མི་འབྱུང་། འབྱུང་ན་ལམ་གཉིས་པོ་གང་རུང་དུ་སྡུ་བའམ། ཕུང་པོ་གསུམ་པར་འཇོག་ཅེ་ན། དེ་དེར་འབྱུང་བར་ཤིན་ཏུ་ཡང་བཤད་དེ། ཇི་སྐད་དུ། དེ་ནས་སེང་གེ་རྣམ་བསྒྱིངས་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །ཞེས་གསུངས་པས་སོ། །དེ་འདྲ་དེ་མཐོང་སྤངས་དང་སྒོམ་སྤང་སྤོང་ཚུལ་ལ་ལྟོས་པའི་ལམ་བཞི་པོ་གང་ཡང་མ་ཡིན་པར་གཉིས་མིན་གྱི་ཕུང་པོ་གསུམ་པར་བཞག་ཀྱང་འགལ་བ་མེད་ལ། ཡང་ན་དགོས་པ་གང་གི་ཕྱིར་དུ་ཏིང་ངེ་འཛིན་དེ་དང་དེ་ལ་སྙོམས་པར་འཇུག་པའི་ཁྱད་པར་ལས། སྡེ་ཚན་སོ་སོར་སྡུད་དགོས་ཏེ། དགོས་པ་མཐོང་སྤངས་
ཐག་བསྲིང་བའི་ཕྱིར་རམ། སྒོམ་སྤང་རྣམ་པར་སུན་འབྱིན་པའི་ཕྱིར་དུ་ཞུགས་པའི་ཁྱད་པར་ལས་སོ། །གསུམ་པ་སྒོམ་པའི་ལམ་ལ་ཆོས་མངོན་པ་ལས་འཇིག་རྟེན་པའི་སྒོམ་ལམ་ཞེས་པའི་རྣམ་པར་གཞག་པ་ནི། ཧ་ཅང་རྒྱ་ཆེས་པས་འདིར་མི་འཆད་ལ། འདིར་ནི་སྤྲོས་བྲལ་མངོན་སུམ་ཏུ་རྟོགས་པའི་རྒྱུན་གོམས་པར་བྱེད་པའི་ཐེག་པ་ཆེན་པོའི་སྒོམ་ལམ་གྱི་ངོ་བོ་ཙམ་ཞིག་ངོས་གཟུང་བར་བྱའོ། །འདི་ལ་མཉམ་བཞག་དང་། རྗེས་ཐོབ་གཉིས། དང་པོ་ལ་བཞི་སྟེ། སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་མོ། །དང་པོ་ནི། མངོན་པར་རྟོགས་པའི་རྒྱན་ལས། སྦྱོར་བ་སེང་གེ་རྣམ་བསྒྱིངས་ཞེས་བཤད་པ་དེ་ཉིད་ཡིན་ལ། ངོ་བོ་ནི་བྱེད་པ་པོ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་གིས་དགོས་པ་བསྒོམས་པས་སྤང་བར་བྱ་བ་སོ་སོའི་ས་བོན་མགོ་མནོན་པའི་ཕྱིར་དུ། ལས་སུ་བྱ་བ་སྔར་མཐོང་ཟིན་པའི་ཆོས་ཉིད་ལ་མཉམ་པར་འཇོག་པའི་རྗེས་ལ་མངོན་རྟོགས་སོ། གཉིས་པ་ནི། རྒྱན་ལས་དངོས་གཞི་ཐོད་རྒལ་ཞེས་གསུངས་པ་དེ་ཉིད་ཡིན་ལ། ངོ་བོ་ནི་སྔ་མ་དང་འདྲ་བ་ལ་དགོས་པ་དེའི་ས་བོན་དྲུང་ནས་འབྱིན་པའི་ཕྱིར་དུ་ཞེས་སྦྱར་རོ། །འདི་གཉིས་ལ་ཆུང་ངུ་འབྲིང་ཆེན་པོའི་དབྱེ་བས་དགུའོ། །དེ་སྐད་དུ་ཡང་། དེ་ནི་རྒྱུན་ཆགས་ཡིན་པའི་ཕྱིར། །ཆུང་དང་འབྲིང་དང་ཆེན་པོ་རྣམས། །ཆུང་ངུའི་ཆུང་སོགས་དབྱེ་བ་ཡི། །རྣམ་པས་རྣམ་པ་དགུར་བཞེད་དོ། །ཞེས་གསུངས་སོ། །གསུམ་པ་རྣམ་པར་གྲོལ་བའི་ལམ་གྱི་ངོ་བོ་ནི། བྱེད་པ་པོ་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་མཉམ་བཞག་ཡེ་ཤེས་གང་ཞིག ལས་སུ་བྱ་བ་རང་གི་ངོ་སྐལ་གྱི་སྤང་བྱའི་ས་བོན་ལས་གྲོལ་བའི་གནས་གྱུར་གསར་པ་མངོན་དུ་བྱས་པའི་རྗེས་ལ་མངོན་རྟོགས་སོ། །རྒྱུ་བར་ཆད་མེད་ལམ་ལ་ཆུང་འབྲིང་དགུར་གྲངས་ངེས་པའི་ཕྱིར། འབྲས་བུ་རྣམ་པར་གྲོལ་བའི་ལམ་ལ་ཡང་དགུར་ངེས་སོ།
།བཞི་པ་ཁྱད་པར་གྱི་ལམ་ནི། བྱེད་པ་པོ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མཉམ་བཞག་གམ། རྗེས་ཐོབ་གང་ཡང་རུང་བ་ཞིག་གིས། དགོས་པའི་ཁྱད་པར་རང་འདྲེན་བྱེད་ཀྱི་རྣམ་གྲོལ་ལམ་དེའི་རྟོགས་པ་ཕུལ་དུ་དབྱུང་བར་བྱ་བའི་ཕྱིར་དུ། མཉམ་གཞག་དང་རྗེས་ཐོབ་གང་རུང་གི་ཉམས་ལེན་གཙོ་བོར་གྱུར་པའི་རྗེས་ལ་མངོན་རྟོགས་སོ། །དམིགས་བསལ་ནི། གནས་ངན་ལེན་གྱི་དྲི་མ་ཕྲ་ཞིང་ཕྲ་བ་ལ་ལྟོས་པའི་རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་ནི་སངས་རྒྱས་ཀྱི་ཡེ་ཤེས་སོ། །འོ་ན་རྒྱན་ལས། སྒོམ་ལམ་བར་ཆད་མེད་ལམ་འཆད་པ་ན། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུར་བཤད་པ་དེ་དག་ཟག་མེད་བར་ཆད་མེད་ལམ་དུ་ཇི་ལྟར་རུང་ཞེ་ན། མངོན་པ་ཀུན་ལས་བཏུས་ལས་མཐར་གནས་ཀྱི་སྙོམས་པར་འཇུག་པ་དེ་དག་ལ་རང་གི་བྱ་བས་ཉེ་བར་གནས་པ་དང་། གནས་པ་ལས་གྱུར་པ་གཉིས་སུ་ཕྱེ་ནས། དང་པོ་རྗེས་ཐོབ་ཀྱི་ངོ་བོར་སྐྱེ་བ་དང་། གཉིས་པ་འཇིག་རྟེན་ལས་འདས་པའི་མཉམ་གཞག་གི་ངོ་བོར་སྐྱེ་བར་བཤད་པས། ལུགས་དེ་ལ་ཡང་མཐར་གནས་ཀྱི་སྙོམས་འཇུག་དང་། ཟག་མེད་བར་ཆད་མེད་ལམ་གྱི་གཞི་མཐུན་སྲིད་པ་མི་འགལ་བར་བཤད་ལ། དེ་ལས་ཀྱང་ལུགས་འདིར་ནི། བྱང་སེམས་ཐབས་ལ་མཁས་པའི་དབང་དུ་བྱས་པ་ཡིན་པས། སྲིད་རྩེ་དང་། འགོག་པའི་སྙོམས་འཇུག་དང་། འདོད་པའི་སེམས་གསུམ་ཀ་དང་ཟག་པ་མེད་པའི་ཡེ་ཤེས་ཀྱི་གཞི་མཐུན་སྲིད་པར་སློབ་དཔོན་སེང་གེ་བཟང་པོ་བཞེད་དོ། །དེ་ལ་འདི་སྙམ་དུ་སྤང་བྱ་གཉིས་ཀྱི་གཉེན་པོ་ལམ་བཞིར་འབྱེད་པ་འདི་ནི་ཆོས་མངོན་པའི་ལུགས་ཡིན་གྱི། དབུ་མའི་ལུགས་ལས་མི་འབྱུང་ངོ་སྙམ་དུ་བསམ་པར་མི་བྱ་སྟེ། རྒྱན་རྩ་འགྲེལ་ལས། སྤང་བྱ་གཉིས་ཀྱི་གཉེན་པོ་སྦྱོར་འཇུག་གཉིས་ཀ་གསལ་བར་གསུངས་ལ། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་གྱི་ལམ་
ནི་ལན་གཅིག་མ་ཡིན་པར་གསུངས་པའི་ཕྱིར་འཐད་དོ། །གལ་ཏེ་འདི་སྐད་ཅེས་གཉེན་པོ་གང་གི་སྤང་བྱ་གང་སྤོང་བ་ནི། རྩེ་སྦྱོར་གྱི་སྐབས་སུ་འབྱུང་བ་ཡིན་ལ། དེར་མཐོང་ལམ་གྱི་དབང་དུ་བྱས་པའི་རྣམ་པར་གྲོལ་བའི་ལམ་ནི་ཅུང་ཟད་ཀྱང་མ་བཤད་ལ། སྒོམ་པའི་ལམ་གྱི་དབང་དུ་བྱས་པའི་རྣམ་པར་གྲོལ་བའི་ལམ་ཡང་དོན་གྱིས་ཐོབ་ཀྱང་གཞུང་ལས་གསལ་བར་མ་བཤད་དོ། །ཞེས་ཟེར་བ་དག་སྣང་ངོ་། །དེ་དག་གིས་ནི་གཞུང་འགྲེལ་ལས་ཇི་ལྟར་བཤད་པའི་ཚུལ་རང་གི་མ་བསམས་ཤིང་གཞན་ལས་མ་ཐོས་པར་སྨྲས་པས་ཡང་དག་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན་ཇི་སྐད་དུ། དྲི་མ་ཟད་དང་མི་སྐྱེ་བའི། །ཞེས་པར་མཐོང་སྤང་སྤངས་པའི་འགོག་པ་དང་། རྣམ་པར་གྲོལ་བའི་ལམ་ལ་བྱང་ཆུབ་ཏུ་འཆད་པའི་ཚུལ་མ་ཤེས་ན་དེའི་སྐབས་ཀྱི་བྱང་ཆུབ་དེ་མཐོང་ལམ་རྩེ་སྦྱོར་གྱི་འབྲས་བུར་བཞག་པའི་འབྲེལ་མི་གོ་བའི་ཕྱིར་དང་། ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པའི་གྲོལ་བ་དེ་ཅི་ཞིག་ཡིན་ཞེས་བསམས་དགོས་པའི་ཕྱིར་དང་། བཟང་པོའི་ཞབས་ཀྱིས་ཀྱང་ཇི་སྐད་དུ། བག་ཆགས་ཀྱི་ཉོན་མོངས་པ་བརྒྱ་རྩ་བརྒྱད་སྤངས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་ཀྱིས་ཐོབ་བོ། །ཞེས་པའི་གཞུང་གི་མཐོང་ལམ་གྱི་རྣམ་གྲོལ་ལམ་མི་འཆད་ན། གཞན་ཅི་ཡང་མི་འཆད་པའི་ཕྱིར། དེ་བཞིན་དུ། ཡམས་ནད་འདི་རྣམས་ཟད་ནས་ནི། །ཞེས་པའི་གཞུང་གིས་སྒོམ་ལམ་རྩེ་སྦྱོར་གྱི་འབྲས་བུ་རྣམ་པར་གྲོལ་བའི་ལམ་འཆད་པར་གསལ་ལོ། །གཉིས་པ་རྗེས་ཐོབ་ལ། མཉམ་བཞག་དེས་དྲངས་པའི་རྗེས་ཐོབ་ཡེ་ཤེས་ཀྱི་ངོ་བོ་ནི། དམིགས་པ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བ་ལ་དམིགས་ནས། རྣམ་པ་ནི་རང་བཞིན་མེད་པའི་འཛིན་སྟངས་ཅན་ནོ། །སྣང་བ་དེ་ལ་གཉིས་ཏེ། མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་སུ་སྣང་བ་དང་། ཡེ་ཤེས་ཀྱི་དབང་གིས་དག་པའི་སྣང་
བ་ཤར་བའོ། །དང་པོའི་དབང་དུ་བྱས་པའི་སྣང་བཅས་ལ་ཆ་ཤས་གཉིས་སུ་རྣམ་པར་ཕྱེད་དགོས་ཏེ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་ལ་ཀུན་རྫོབ་ཀྱི་སྣང་བ་ཤར་བའི་ཆ་དང་། ཡེ་ཤེས་ཀྱིས་དེ་སྒྱུ་མ་ལྟ་བུར་རྟོགས་པའི་ཆའོ། །དང་པོ་རྣམ་ཤེས་ཡིན་ལ། ཕྱི་མ་ནི་ཡེ་ཤེས་སོ། །དང་པོ་ལམ་དུ་མི་འཇོག་སྟེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཡིན་པའི་ཕྱིར། གཉིས་པ་ལམ་དུ་འཇོག་པ་ཡིན་ཏེ། རྗེས་ལ་མངོན་རྟོགས་ཡིན་པའི་ཕྱིར། འདི་ལ་འཕགས་སེང་ལྟར་ན་ཟག་བཅས་ཞེས་བྱ་སྟེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དང་བཅས་པའི་ཕྱིར། བཅས་པའི་དོན་ཡང་ཤེས་རྒྱུད་གཅིག་ལ་དུས་ཅིག་ཆར་དུ་འབྱུང་བ་ལ་བྱ་བ་ཡིན་ལ། དེའི་ཚེ་གཉིས་པོ་དམིགས་པ་མཚུངས་ཀྱང་རྣམ་པ་མི་མཚུངས་པའི་ཕྱིར་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །སྤྱིར་ཡང་རྣམ་ཤེས་དང་ཡེ་ཤེས་གཉིས་འཛིན་སྟངས་ཀྱི་སྤྱི་མཚུངས་པ་མང་པོ་ཡོད་ཀྱང་། བྱེ་བྲག་ཕྲ་མོ་རྣམས་མཚུངས་པ་མི་སྲིད་པས་མཚུངས་ལྡན་མཚན་ཉིད་པར་བཞག་དཀའོ། །སྐབས་འདིར་ཡང་ཟག་པ་མཚན་ཉིད་པ་ནི་ཉོན་མོངས་པ་ལ་བྱ་ལ། ཡང་དག་པ་མ་ཡིན་པའི་ཀུན་རྟོག་གི་ཡུལ་དུ་སྣང་བའི་གཟུགས་སྒྲ་ལ་སོགས་པ་རྣམས་ཀྱང་ཟག་པའི་སྒོ་དྲུག་གང་རུང་དང་འབྲེལ་བས་ཟག་བཅས་སུ་བཞག་ལ། སྒོམ་ལམ་འདིས་ཀྱང་དེ་ལ་དམིགས་པའི་ཕྱིར། ཟག་པ་དང་བཅས་པ་ཞེས་བྱའོ། །གཉིས་པ་དག་པའི་སྣང་བ་དང་བཅས་པ་ལ། གང་དུ་སྣང་བའི་ཡུལ་དེ་ནི་ཟག་བཅས་མ་ཡིན་ཏེ། ལམ་གྱི་བདེན་པ་ཡིན་པའི་ཕྱིར། དཔེར་ན་བདེ་བ་ཅན་གྱི་ཞིང་ཁམས་བཞིན་ནོ། །སྣང་མཁན་གྱི་ཤེས་པ་དེ་ཡང་སྤྱི་ལྡོག་ནས་ཡང་དག་པ་མ་ཡིན་པའི་ཀུན་རྟོག་མ་ཡིན་ཏེ། དེའི་སྤྱི་ལྡོག་ནས་ཡེ་ཤེས་སུ་བཞག་དགོས་པའི་ཕྱིར། དེ་ལྟ་ན་ཡང་ཡེ་ཤེས་དེ་ལ་རྒྱང་ཆད་དུ་སྣང་བའི་ཆ་གཅིག་དང་། དེ་སྒྱུ་མ་ལྟ་བུར་རྟོགས་པའི་ཆ་གཅིག་དང་གཉིས་ལས།
དང་པོའི་ཆ་ནས་ལམ་དུ་མི་འཇོག་སྟེ། དེའི་ཆ་ནས་ཡང་དག་པ་མ་ཡིན་པའི་ཀུན་རྟོག་ཏུ་འཇོག་པའི་ཕྱིར། དེའི་ཤེས་བྱེད་ཤེས་པ་དེ་ལ་ཡུལ་དེ་རྒྱང་ཆད་ཀྱི་ཚུལ་དུ་སྣང་བ་དེ་ཡང་མ་རིག་པའི་བག་ཆགས་ཀྱིས་དེ་ལྟར་སྣང་བ་ཡིན་པའི་ཕྱིར་དང་། དེ་མ་ལུས་པར་སྤངས་པའི་སངས་རྒྱས་ལ་ནི་ཡུལ་དག་པ་དང་། མ་དག་པ་གང་ཡིན་ཀྱང་ཡེ་ཤེས་རང་ལས་རྒྱང་ཆད་དུ་སྣང་བ་མི་སྲིད་པའི་ཕྱིར་རོ། །དེ་ལྟར་སྦྱོར་མཐོང་སྒོམ་གསུམ་གྱི་ངོ་བོ་ངོས་བཟུང་ནས། ལམ་དེ་གསུམ་གྱི་སྤང་བྱ་ཇི་ལྟར་སྤོང་བའི་ཚུལ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། ལྷག་མཐོང་གི་ཡེ་ཤེས་ཀྱིས་སྒྲིབ་པ་གཉིས་སྤོང་བའི་ཚུལ་དང་། ཞི་གནས་ཀྱི་ཡེ་ཤེས་ཀྱིས་སྙོམས་འཇུག་གི་སྒྲིབ་པ་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ལ་གཉིས་ཏེ། ཉོན་སྒྲིབ་ཇི་ལྟར་སྤོང་བའི་ཚུལ་དང་། ཤེས་སྒྲིབ་ཇི་ལྟར་སྤོང་བའི་ཚུལ་ལོ། །དང་པོ་ལ་ཐེག་པ་ཐུན་མོང་གི་གཞུང་ལས་བཤད་པ་དང་། ཐུན་མོང་མ་ཡིན་པ་དབུ་མའི་གཞུང་ལུགས་ལས་འབྱུང་བའོ། །དང་པོ་ནི། ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་ལས། བྱང་ཆུབ་སེམས་དཔའ་རྣམས་ནི་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས་ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོར་ལམ་བསྒོམ་གྱི། ཉོན་མོངས་པའི་སྒྲིབ་པའི་གཉེན་པོར་ནི་མ་ཡིན་ཏེ། དེ་བྱང་ཆུབ་ཐོབ་པ་ན་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་ཅིག་ཆར་སྤོང་ང་ོ། །ཅིག་ཆར་དགྲ་བཅོམ་པ་དང་དེ་བཞིན་གཤེགས་པར་འགྱུར་རོ། །དེ་ཉོན་མོངས་པ་མ་སྤངས་སུ་ཟིན་ཀྱང་། སྔགས་དང་སྨན་གྱིས་གསོད་པའི་དུག་ལྟ་བུ་དང་། དཔེར་ན་སྤངས་པའི་དགྲ་བཅོམ་པ་ལྟར་ས་ཐམས་ཅད་དུ་ཉོན་མོངས་པའི་ཉེས་པ་མི་བསྐྱེད་དོ། །ཞེས་གསུངས་སོ། །དེའི་དོན་འཆད་པ་ལ་ལུགས་འདི་ལ་ཉོན་མོངས་པ་ནི་གཉིས་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བ་དང་འཁོར་བར་སྐྱེ་བ་ལེན་པའི་རྒྱ་གཉིས་ཀ་བྱེད་པ་དང་། དང་པོ་མི་བྱེད་ཅིང་གཉིས་པ་ཙམ་བྱེད་པའོ། །དང་པོ་ལ། འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་ཞེས་ཀྱང་བྱ། ཉེས་
པ་བསྐྱེད་པའི་ཉོན་མོངས་ཞེས་ཀྱང་བྱ་ལ། དཔེ་ནི་སྔགས་དང་སྨན་གྱིས་མ་ཟིན་པའི་དུག་ལྟ་བུའོ། །གཉིས་པ་ལ་འཁོར་བའི་འཆིང་བ་ལས་གྲོལ་བའི་བྱང་ཆུབ་སེམས་དཔའ་རྣམས་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུར་གྱུར་པའི་ཉོན་མོངས་ཞེས་ཀྱང་བྱ། དེའི་ཉེས་པ་མི་བསྐྱེད་པའི་ཉོན་མོངས་ཞེས་ཀྱང་བྱ་སྟེ། དཔེར་ན་སྔགས་དང་སྨན་གྱིས་གསོད་པའི་དུག་ལྟ་བུའོ། །ཐེག་པ་དམན་པའི་དགྲ་བཅོམ་པས་ཉོན་མོངས་པ་དེ་གཉིས་ཀ་སྤངས་པ་ཡིན་ཏེ། དེའི་སློབ་ལམ་དུ་དེ་ཆེད་དུ་གཉེར་ནས་སྤོང་བའི་ཕྱིར་དང་། དེ་མ་སྤངས་པར་དགྲ་བཅོམ་པའི་འབྲས་བུ་སྔོན་དུ་བྱེད་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་དམན་པའི་ལྷག་བཅས་མྱ་འདས་ནས། ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་དག་ལ་ནི། འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ཉོན་མོངས་པ་མེད་པས། ལུས་དེ་དོར་ནས་སྐྱེ་བ་ལེན་པར་མི་ནུས་པའི་རྒྱུ་མཚན་གྱིས་སྔོན་གྱི་ལུས་དེ་ཉིད་དབང་པོའི་ལུས་སུ་བྱིན་གྱིས་རླབས་ནས་ས་བཅུ་པོ་རིམ་གྱིས་བགྲོད་པར་བྱེད་དོ། །ཞེས་གཏན་ལ་དབབ་པ་སྡུ་བ་ལས་གསུངས་སོ། །དམན་ལམ་སྔོན་དུ་མ་སོང་བའི་བྱང་ཆུབ་སེམས་དཔས་ཉོན་མོངས་པ་དེ་དག་ཇི་ལྟར་སྤོང་བའི་ཚུལ་ལ་གཉིས་ཏེ། རྩ་བ་དང་། ཉི་བའི་ཉོན་མོངས་པའི་མིང་ཅན་ཇི་སྙེད་ཡོད་པ་དེ་དག་གི་སྟེང་ན། སྤྱིར་སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ནུས་པ་ཇི་སྙེད་ཡོད་པ་དེ་སྙེད་དང་། བྱེ་བྲག་ཏུ་ཞེ་སྡང་ལས་གྱུར་པའི་ཉོན་མོངས་པ་ཇི་སྙེད་པ་དེ་ནི་བྱང་སེམས་ཀྱི་མཐོང་ལམ་བར་ཆད་མེད་ལམ་གྱིས་ཆེད་དུ་གཉེར་ནས་སྤོང་ཞིང་། དེ་སྤངས་པ་དང་ཐེག་ཆེན་གྱི་མཐོང་ལམ་རྣམ་གྲོལ་ལམ་རྫོགས་པར་སྐྱེས་པ་དུས་མཉམ་པ་ཡིན་ནོ། །བྱང་སེམས་ཀྱི་སྒོམ་ལམ་ཆུང་འབྲིང་ཆེན་པོ་དགུའི་དབྱེ་བས་ཕྱེ་བའི་བར་ཆད་མེད་ལམ་དག་གིས་ནི། ཤེས་བྱའི་སྒྲིབ་པ་ཁོ་ན་ཆེད་དུ་གཉེར་ནས་སྤོང་གི སྤྱིར་སྐྱེ་བ་ལེན་པའི་རྒྱུར་གྱུར་བའི་ཉོན་མོངས་པ་དང་། བྱེ་བྲག་ཏུ་གཞན་དེ་ན་འགྲུབ་བྱེད་ཀྱི་རྒྱུར་གྱུར་པའི་འདོད་ཆགས་ལས་གྱུར་པའི་ཉོན་མོངས་པ་ནི་ཆེད་དུ་
གཉེར་ནས་མ་སྤོང་སྟེ། དེ་སྤང་པའི་ཐར་པ་དོན་དུ་མི་གཉེར་བའི་ཕྱིར་དང་། གཞན་དོན་དུ་སྲིད་པར་སྐྱེ་བ་ལེན་པའི་རྒྱུར་ངེས་པར་དགོས་པའི་ཕྱིར། འོ་ན་དེས་དེ་སྤངས་མི་དགོས་སམ་ཞེ་ན། མི་དགོས་པ་མ་ཡིན་ཏེ། དེས་ཤེས་བྱའི་སྒྲིབ་པ་དང་ཅིག་ཆར་དུ་སྤོང་བའི་ཕྱིར་རོ། །དེ་ཡང་ཞིབ་མོར་ཕྱེ་ན་ཉོན་མོངས་པའི་བག་ཆགས་དེ་ལ་ཆུང་འབྲིང་ཆེན་པོ་དགུར་ཕྱེ་ནས། སྒོམ་ལམ་དགུ་དང་སྤང་གཉེན་དུ་སྦྱར་ན་བྱང་སའི་དགོངས་པ་དང་འགྲིག་པ་ཡིན་ནོ། །འོ་ན་དེས་སྲིད་པར་སྐྱེ་བ་ལེན་པའི་རྒྱུ་བྱེད་པའི་ཚུལ་ཇི་ལྟ་བུ་ཞེ་ན། མ་རིག་པས་ཡང་སྲིད་འཕེན་བྱེད་ཀྱི་ལས་བསགས་ནས། སྲེད་པས་འགྲུབ་བྱེད་ཀྱི་ལས་ཀུན་ནས་སླང་བའི་ཚུལ་གྱིས་སྐྱེ་བ་ལེན་པ་ནི་མ་ཡིན་ཏེ། དེ་ལྟ་ན་འཁོར་བར་འཆིང་བྱེད་ཀྱི་ཉོན་མོངས་པའི་དབང་གིས་སྐྱེ་བ་ལེན་པར་ཐལ་བའི་ཕྱིར་རོ། །འོ་ན་ཅི་ཞེ་ན། རྒྱུའི་ཀུན་སློང་སྙིང་རྗེ་དང་། དེས་ཀུན་ནས་བསླང་བའི་སྨོན་ལམ་ནི་ཡང་སྲིད་འཕེན་བྱེད་ཀྱི་ལས་དང་ཆ་མཚུངས་པ་ཡིན་ལ། དུས་ཀྱི་ཀུན་སློང་ཡང་སྲིད་ཕྱི་མའི་ཕུང་པོ་ལ་སྲེད་པའི་སྲེད་པས་ཀུན་ནས་བསླང་བའི་ལས་ནི། འགྲུབ་བྱེད་ཀྱི་ལས་དང་ཆ་མཚུངས་པའོ། །འདི་ཟག་མེད་ཀྱི་ལས་སུ་མི་འཇོག་སྟེ། ཉོན་མོངས་པ་དང་མཚུངས་ལྡན་དུ་བྱུང་བའི་ལས་ཡིན་པའི་ཕྱིར། དེ་ལྟ་ན་ཡང་འཁོར་བར་འཆིང་བྱེད་ཀྱི་ལས་སུ་མི་འགྱུར་ཏེ། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་མོངས་པས་ཀུན་ནས་བསླངས་པ་མ་ཡིན་པའི་ཕྱིར་དོན་དེ་དག་ཀྱང་རྟེན་འབྲེལ་གྱི་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད། །སྲེད་དང་བྲལ་ལ་ཡང་སྲིད་མེད། །ཞེས་མཐོང་ལམ་ཐོབ་ནས་འཕེན་བྱེད་ཀྱི་ལས་བསོག་པ་དང་། སྲེད་པ་ལ་འདོད་ཆགས་དང་བྲལ་ནས་སྐྱེ་བ་མི་ལེན་པར་བཤད་དོ། །དེ་ལྟར་བཤད་པ་དེས་ནི་ཐེག་པ་ཐུན་མོང་གི་ཤེས་སྒྲིབ་སྤོངས་ཚུལ་ཡང་མཚོན་པར་ནུས་ཏེ། ཐེག་ཆེན་ཐུན་མོང་མ་ཡིན་པའི་གཞུང་གིས་ཐ་སྙད་བཏགས་པ་ལྟར་ན། གཟུང་བ་ཆོས་ཀྱི་བདག་མེད་མངོན་སུམ་དུ་རྟོགས་པའི་བསྒོམ་ལམ་བར་ཆད་མེད་ལམ་དགུའི་
དབྱེ་བས་ཕྱེ་བའི་སྒོམ་ལམ་རྣམ་པ་དགུས་ཤེས་སྒྲིབ་གཟུང་རྟོག་རྣམ་པ་དགུ་རིམ་པ་བཞིན་དུ་སྤོང་བར་བྱེད་པ་ཡིན་ནོ། །ལུགས་འདིའི་དངོས་བསྟན་ལ་མཐོང་ལམ་བར་ཆད་མེད་ལམ་གྱིས་ཉོན་སྒྲིབ་སྤོང་བའི་རྣམ་གཞག་ཙམ་མ་གཏོགས་ཤེས་སྒྲིབ་སྤོང་བའི་གསལ་ཁ་མི་སྣང་སྟེ། ཀུན་ལས་བཏུས་ལས། ས་བཅུ་རྣམས་སུ་སྒོམ་པའི་ལམ་ལ་ཤེས་བྱའི་སྒྲིབ་པའི་གཉེན་པོར་ལམ་སྒོམ་གྱིས་ཞེས་དང་། མདོ་སྡེ་རྒྱན་ལས། མཐོང་བས་སྤང་བྱའི་ཉོན་མོངས་རྣམས། །ཐམས་ཅད་ཡང་དག་ཟད་བྱས་ནས། །ཤེས་བྱའི་སྒྲིབ་ཀུན་སྤངས་པའི་ཕྱིར། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པས་སོ། །ལུགས་འདི་ལ་གྲགས་པའི་ཤེས་བྱའི་སྒྲིབ་པ་ཡང་གོང་དུ་བཤད་ཟིན་པ་ལྟར་རྣམ་གཡེང་གི་རྣམ་པར་རྟོག་པ་བཅུའི་སྒོ་ནས་ཀྱང་བཤད་པ་དེ་ཉིད་ཡིན་མོད། གོ་སླ་བར་སྦྱར་ན། ཕྱི་རོལ་གྱི་དོན་དུ་ཞེན་པའི་རྟོག་པ་དང་། དོན་དུ་སྣང་བ་དེ་ཉིད་སེམས་སུ་ཞེན་པའི་རྣམ་པར་རྟོག་པའོ། །དེ་ཡང་ཕྱི་རོལ་གྱི་དོན་དུ་ཞེན་པའི་རྟོག་པ་མངོན་གྱུར་བ་ནི། སྦྱོར་ལམ་དྲོད་ཀྱི་གནས་སྐབས་སུ་སྤོང་ངོ་། །དེ་ཉིད་སེམས་སུ་ཞེན་པའི་རྟོག་པ་མངོན་གྱུར་བ་ནི། ཆོས་མཆོག་གི་གནས་སྐབས་སུ་སྤོང་བ་བཤད་པ་ཡིན་ཏེ། དེ་སྐད་དུ་ཡང་། བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་རྟོགས་པ། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་པ་ཐེག་ཆེན་གྱི་སྦྱོར་ལམ་དྲོད་ཀྱི་དབང་དུ་བྱས་པ་དང་། ཆོས་ཀྱི་སྣང་བ་འཕེལ་བྱའི་ཕྱིར། །བརྩོན་འགྲུས་བསྟན་པ་ཀུན་ཏུ་བརྩོམ། །ཞེས་རྩེ་མོའི་དབང་དུ་བྱས་པ་དང་། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །དེ་ནས་དོན་ཀུན་སྣང་བ་ནི། །སེམས་སུ་རབ་ཏུ་མཐོང་བར་འགྱུར། །དེ་ཚེ་དེ་ཡིས་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་བཟོད་པའི་དབང་དུ་བྱས་པ་དང་། དེ་ནས་ཆོས་མཆོག་གི་དབང་དུ་བྱས་པ་ནི། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་
དུ་རེག །འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །དེ་དག་གོ་རིམ་བཞིན་དུ་ནི། །དྲོ་བར་གྱུར་སོགས་ཡིན་ཞེས་བྱ། །དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མེད་པ། །འཛིན་པ་གཉིས་དང་བྲལ་བ་ཐོབ། །ཅེས་གསུངས་པ་ཡིན་ལ་དེར་རྣམ་པར་མི་རྟོག་འཛིན་པ་གཉིས་དང་བྲལ་ཞེས་པས་མཐོང་སྤང་ཤེས་སྒྲིབ་སྤངས་པ་དང་། དྲི་མེད་པ་ཞེས་པས་མཐོང་སྤངས་ཉོན་སྒྲིབ་སྤངས་པ་ཡིན་པར་དེ་ཉིད་ཀྱི་འགྲེལ་པ་ལས་གསལ་བར་བཤད་དོ། །དེའི་ཕྱིར་ལུགས་དེའི་སྒྲིབ་གཉིས་སྤོང་ཚུལ་གྱི་རྣམ་པར་བཞག་པ་ནི་དེ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ཉོན་སྒྲིབ་སྤོང་ཚུལ་ལ། ཡུམ་གྱི་མདོ་ལས། ཇི་ལྟར་གསུངས་པའི་ཚུལ། འཕགས་པ་གྲོལ་སྡེས་ཇི་ལྟར་བཞེད་པ། དེ་ཉིད་ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པར་ཡང་གྲུབ་པ། ལུགས་དེ་དང་མི་མཐུན་པ་ཟླ་བའི་ཞབས་ཀྱི་དགོངས་པ་ལོགས་ཤིག་ཏུ་བསྟན་པའོ། །དང་པོ་ནི། ཇི་སྐད་དུ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཤེས་པ་དང་། སྤོང་བ་གང་ཡིན་པ་དེ་ནི། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའོ། །ཞེས་གསུངས་སོ། །གཉིས་པ་ནི་ཉི་སྣང་ལས། བཟོད་པ་དེ་ཡང་གང་ཞེ་ན། སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པའོ། །ཞེས་གསུངས་སོ། །འགྲེལ་པ་དེའི་དོན་རྣམ་པར་བཤད་ན། ཉན་ཐོས་དགྲ་བཅོམ་པས་ཇི་ཙམ་སྤངས་པའི་ཉོན་མོངས་པའི་ཚད་དེ་ཙམ་ཞིག་ཐེག་ཆེན་གྱི་མཐོང་ལམ་སྡུག་བསྔལ་ཆོས་བཟོད་ཀྱིས་སྤོང་ནུས་པས། ཉོན་སྒྲིབ་ཀྱི་གཉེན་པོར་གྱུར་པའི་ཀུན་བྱང་ལ་ཆོས་བཟོད་ལ་སོགས་པའི་རྣམ་པར་གཞག་པ་ཁས་མི་ལེན་ནོ། །དེ་ལྟ་ན་ཡང་བྱང་སེམས་འཕགས་པ་རྣམས་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ནི་མ་རིག་པའི་བག་ཆགས་ཡིན་ལ། དེའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་སྲིད་པར་སྐྱེ་བ་ལེན་པའོ། །དེ་ལྟ་ན་ཡང་དེ་ཉོན་མོངས་པའི་སྒྲིབ་པར་མི་བཞག་སྟེ། ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོ་ལས་ཤེས་བྱའི་སྒྲིབ་པའོ།
།ཞེས་བཞེད་པ་ཡིན་ནོ། །འདི་ཡང་དབང་ཐོབ་པའི་བྱང་སེམས་ཀྱི་དབང་དུ་བྱས་པ་ཡིན་གྱི། དམན་ལམ་སྔོན་དུ་མ་སོང་བའི་མ་དག་པའི་ས་བདུན་དུ་ནི་འདོད་སྲིད་ཀྱི་བག་ལ་ཉལ་གྱིས་བྱེད་པར་བཞེད་དོ། །གསུམ་པ་ནི་ས་དང་པོ་ནས་ཉོན་སྒྲིབ་མ་ལུས་པར་སྤངས་པ་ནི། ཐེག་པ་ཆེན་པོ་རྒྱུད་བླ་མའི་དགོངས་པར་ཡང་གྲུབ་སྟེ། ཇི་སྐད་དུ། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་བཙད་ནས་སྤངས། །ཞེས་སྡུག་ཀུན་གཉིས་མ་ལུས་པར་སྤངས་པ་དེ་བྱང་སེམས་ས་དང་པོ་པའི་དབང་དུ་བྱས་པར་དེའི་འགྲེལ་བ་ལས་གསུངས་པའི་ཕྱིར། དེ་ལྟ་ན་ཡང་དེས་གཞན་དོན་དུ་སྐྱེ་བ་ལེན་པའི་རྒྱུ་ནི། དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་པས་བྱེད་པར་འགྲེལ་པ་ཉིད་ལས་གསུངས་ལ། དེ་ཉོན་མོངས་མཚན་ཉིད་པར་མི་བཞེད་དེ། དེ་ཡིན་ན་དགེ་བ་དང་མཚུངས་ལྡན་དུ་འགལ་བའི་ཕྱིར། བཞི་པ་ནི། སློབ་དཔོན་ཟླ་བའི་ཞབས་ཀྱིས་ནི། ཡུམ་གྱི་མདོ་ལས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་གསུངས་པ་དེ། བཟོད་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་ས་བརྒྱད་པའི་ཡེ་ཤེས་ཉིད་ལ་འཆད་ཅིང་། དེར་མ་ཟད་མདོ་སྡེ་ས་བཅུ་པའི་རྗེས་སུ་འབྲང་ནས། ཉོན་སྒྲིབ་མ་ལུས་པར་སྤངས་པ་དང་། ས་བརྒྱད་པའི་ཡེ་ཤེས་ཐོབ་པ་དུས་མཉམ་ལ། དེའི་ཚེ་མྱ་འདས་མངོན་དུ་བྱེད་པའི་དོགས་པ་ཡོད་པས། རྒྱལ་བ་རྣམས་ཀྱིས་འགོག་པ་ལས། །སློང་བར་མཛད་དགོས་པ་ཡིན་ནོ། །ཞེས་བཞེད་དོ། །དེའི་ཕྱིར་ལུགས་འདི་ལ་དམན་ལམ་སྔོན་དུ་མ་སོང་བའི་ས་དང་པོ་ནས་བདུན་པའི་བར་ཆད་མེད་ལམ་མ་རྫོགས་པ་དེ་སྲིད་དུ་ནི། ཤེས་སྒྲིབ་ཀྱི་ཞར་ལ་ཉོན་སྒྲིབ་ཀྱང་དེ་དང་ཅིག་ཆར་དུ་སྤོང་ལ། ས་བརྒྱད་པའི་བར་ཆད་མེད་ལམ་ནས། ཤེས་བྱའི་སྒྲིབ་པ་འབའ་ཞིག་སྤོང་བར་མཛད་དོ། །དམན་པའི་དགྲ་བཅོམ་གྱི་རྟོགས་པ་སྔོན་དུ་སོང་ན་ནི། ས་དང་པོ་ནས་ཤེས་བྱའི་སྒྲིབ་པ་འབའ་ཞིག་སྤོང་བ་ལ་བརྩོན་པར་བྱེད་དོ། །ལུགས་འདི་ལ་ཡང་བྱང་སེམས་འཕགས་པ་གཞན་དོན་དུ་འཁོར་བར་སྐྱེ་བ་ལེན་པའི་རྒྱུ་ནི། སེམས་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའི་ཉོན་
མོངས་ལ་མི་བཞེད་དེ། ས་གཉིས་པའི་སྐབས་སུ། རྒྱལ་སྲས་ཟླ་བ་ལས་བྱུང་སྲིད་མིན་སྲིད་པ་ཡི། །དཔལ་གྱུར་དྲི་མ་དང་བྲལ་དྲི་མ་མེད་འདི་ཡང་། །ཞེས་འཆལ་ཚུལ་གྱི་དབང་གིས་སྐྱེ་བ་མི་ལེན་པར་བཤད་པའི་ཕྱིར། དེའི་ཕྱིར་བྱང་སེམས་འཕགས་པས་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་མ་ལུས་པར་མ་སྤངས་ཀྱང་། ས་བདུན་པ་མན་ཆད་དུ་སྙིང་རྗེ་དང་། སྨོན་ལམ་གྱི་དབང་གིས་སྐྱེ་བ་ལེན་པ་དང་། དག་པའི་སར་མ་རིག་བག་ཆགས་ཀྱི་སའི་དབང་གིས་ཟག་མེད་ཀྱི་ལས་བསགས་ནས་ཡིད་ཀྱི་རང་བཞིན་གྱི་ལུས་ལེན་པར་བཞེད་དོ། །དེ་ལྟར་ལེན་པའི་ནུས་པ་ཡང་། ཉན་རང་དགྲ་བཅོམ་པ་དང་དག་པ་སའི་བྱང་སེམས་ལ་ཡོད་ཀྱི། གཞན་ལ་མེད་པར་ལྷ་མོ་དཔལ་ཕྲེང་གི་མདོ་ལས་བཤད་པ་བཞིན་ནོ། །འོ་ན་ཉན་རང་སློབ་པ་དང་། མ་དག་པའི་ས་ལ་གནས་པའི་བྱང་སེམས་གཉིས་ཀ་འཁོར་བར་འཆིང་བྱེད་ཀྱི་ཉོན་སྒྲིབ་མ་སྤངས་པར་མཚུངས་ཤིང་། གཉིས་ཀས་བདག་མེད་རྟོགས་པར་ཡང་མཚུངས་ལ། གཅིག་ཉོན་མོངས་ཀྱི་དབང་གིས་འཁོར་བར་སྐྱེ་བ་ལེན་ལ། ཅིག་ཤོས་དེའི་དབང་གིས་མི་ལེན་པའི་ཁྱད་པར་ཅི་ཞེ་ན། དེའི་ཁྱད་པར་ནི་གཞན་དོན་དུ་འཁོར་བར་འཇུག་ནུས་ཀྱི་སྙིང་རྗེ་ཆེན་པོ་ཡོད་པ་དང་། མེད་པའི་ཁྱད་པར་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །གཉིས་པ་ཤེས་སྒྲིབ་སྤོང་བའི་ཚུལ་ལ། ཉན་ཐོས་སྡེ་པས་འདོད་པའི་ཚུལ། ཐེག་ཆེན་ཐུན་མོང་བས་འདོད་པའི་ཚུལ་ལོ། །དང་པོ་ནི། ཉན་ཐོས་བྱེ་བྲག་ཏུ་སྨྲ་བས། ཇི་སྐད་དུ། གང་ཞིག་ཀུན་ལ་མུན་པ་གཏན་བཅོམ་ཞིང་། །ཞེས་ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་མ་ལུས་པར་སྤངས་པ་སངས་རྒྱས་ཁོ་ནའི་ཁྱད་ཆོས་སུ་བཤད་པས། ཤེས་སྒྲིབ་ཀྱི་གཙོ་བོ་ནི་དེར་འདོད་ལ། དེ་སྤོང་བའི་བར་ཆད་མེད་ལམ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ནའི་ཡིན་གྱི། མཐོང་སྤང་དང་སྒོམ་སྤངས་ཀྱི་དབྱེ་བ་མི་འཆད་དོ། །དེ་ཁོ་ནར་མ་ཟད་ཀྱི་དབང་བརྟུལ་དབང་རྣོན་དུ་དབང་པོ་འཕོ་བར་བྱེད་པའི་བར་ཆད་མེད་ལམ་གྱི་ངོ་སྐལ་དུ་གྱུར་པའི་སྒྲིབ་པ་ཞིག་བཤད་
པ་དེ་ཡང་། ཤེས་བྱའི་སྒྲིབ་པ་ལས་འོས་གཞན་མེད་དེ། སྒྲིབ་པར་ནི་ཁས་ལེན་དགོས་ལ། ཉོན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པར་ནི་མི་འདོད་པའི་ཕྱིར། དེ་སྤོང་བའི་བར་ཆད་མེད་ལམ་ནི། མཐོང་སྒོམ་མི་སློབ་ལམ་གསུམ་ཅར་གྱི་སྐབས་ན་ཡོད་དོ། །འོ་ན་ལས་ཀྱི་སྒྲིབ་པ་དང་། རྣམ་སྨིན་གྱི་སྒྲིབ་པ་ཡང་དེར་ཁས་ལེན་དགོས་སམ་ཞེ་ན། མ་ཡིན་ཏེ། རྩ་བ་ཉོན་མོངས་པས་ཀུན་ནས་བསླང་བའི་ཕྱིར། ཉོན་མོངས་པའི་སྒྲིབ་པ་ཁོ་ནའོ། །གཉིས་པ་ཐེག་ཆེན་ཐུན་མོང་གི་ལུགས་ཀྱི་ཤེས་བྱའི་སྒྲིབ་པ་ཇི་ལྟར་སྤོང་བའི་ཚལ་ནི། གོང་དུ་ཉོན་སྒྲིབ་སྤོང་ཚུལ་གྱི་ཞར་ལ་བཤད་ཟིན་པ་བཞིན་དུ། ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དང་། མངོན་པ་ཀུན་ལས་བཏུས་སོགས་ལས་ཐེག་པ་ཆེན་པོའི་ལམ་ལྔའི་རྣམ་པར་བཞག་པ་འཆད་པ་ན། ཆོས་ཀྱི་བདག་མེད་ཇི་ལྟར་རྟོགས་པའི་ཚུལ་གྱི་རིམ་པ་རྣམ་པར་བཞག་པའི་སྒོ་ནས་བཤད་པ་དང་། དེའི་ངོ་སྐལ་གྱི་སྤང་བྱ་ལ་ཡང་མཐོང་སྤང་ཤེས་སྒྲིབ་དང་། སྒོམ་སྤང་ཤེས་སྒྲིབ་གཉིས་སུ་ཕྱེ་བའི་བཤད་པ་གསལ་པོ་མེད་ཀྱང་། དོན་གྱིས་ཐོབ་པས་དེ་རེ་རེ་ལ་ཡང་རྣམ་པར་སུན་འབྱིན་པའི་གཉེན་པོ་དང་། སྤོང་བ་གཉེན་པོ་དང་། གཞིའི་གཉེན་པོ་དང་། ཐགས་སྲིང་བའི་གཉེན་པོ་དང་བཞི་བཞིའི་སྒོ་ནས་བཤད་པར་བྱ་བ་ཡིན་ནོ། །དང་པོ་ནི། བདག་མེད་གཉིས་ཐོས་བསམ་གྱིས་གཏན་ལ་འབེབས་པའི་ཤེས་རབ་ལྟ་བུའོ། །གཉིས་པ་ལ་སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་གཉིས་ལས། དང་པོ་ནི། ཐེག་ཆེན་གྱི་ངེས་འབྱེད་ཆ་མཐུན་གྱི་མཉམ་གཞག་ལྟ་བུའོ། །གཉིས་པ་ནི། ཐེག་ཆེན་གྱི་མཐོང་ལམ་བར་ཆད་མེད་ལམ་ལྟ་བུའོ། །གསུམ་པ་གཞིའི་གཉེན་པོ་ནི་མཐོང་ལམ་རྣམ་གྲོལ་གྱི་ལམ་ལྟ་བུའོ། །བཞི་པ་ནི། དེའི་རྗེ་ཐོབ་ཏུ་བྱུང་བའི་ཁྱད་པར་གྱི་ལམ་རྣམས་སོ། །གཉིས་པ་སྒོམ་སྤངས་ཤེས་སྒྲིབ་སྤོང་བའི་གཉེན་པོ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། རང་རྒྱུད་ལ་སྒོམ་སྤངས་ཤེས་སྒྲིབ་ཡོད་མེད་དཔྱོད་པར་
བྱེད་པའི་ཐོས་བསམ་གྱི་ཤེས་རབ་ནི་རྣམ་པར་སུན་འབྱིན་པའི་གཉེན་པོ་དང་། དེ་མ་སྤངས་པར་ཤེས་ནས་དེའི་ས་བོན་མགོ་གནོན་པ་དང་། ས་བོན་དྲུང་ནས་འབྱིན་པ་དང་། དེ་སྤངས་པའི་གནས་གྱུར་གསར་པ་མངོན་དུ་བྱས་པ་རྣམས་ནི་གོ་རིམ་བཞིན་དུ། སྦྱོར་བའི་ལམ་དང་། བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་ཡིན་ལ། ཁྱད་པར་གྱི་ལམ་ལ་གསུམ་བཤད་དེ། སྤང་བྱ་གཞན་སྤོང་བ་དང་། མཐོང་ཆོས་ལ་བདེ་བར་གནས་པ་དང་། ཡོན་ཏན་མངོན་པར་སྒྲུབ་པའོ། །དེ་ལྟར་མཐོང་སྒོམ་གྱི་ལམ་གཉིས་སུ་མ་ཟད། མི་སློབ་པའི་ལམ་གྱི་དབང་དུ་བྱས་པའི་ལམ་བཞི་འབྱེད་དགོས་པར་གསུངས་ལ། དེའི་སྤང་བྱ་ལ་ནི་གནས་ངན་ལེན་ཞེས་བྱ་ལ། གནས་ངན་ལེན་དེ་ལ་ཡང་སྒྲིབ་པ་གསུམ་གྱི་དབྱེ་བས་གསུམ་མོ། །དེའི་སྤོང་གཉེན་དུ་གྱུར་པའི་སྦྱོར་བའི་ལམ་ནི། རྒྱུན་མཐའི་ཡེ་ཤེས་ཀྱི་སྔ་ལོགས་སུ་བྱུང་བའི་ཡེ་ཤེས་སོ། །གཉིས་པ་ནི་རྒྱུན་མཐའི་ཡེ་ཤེས་སོ། །དེ་གཉིས་ཀ་ལ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་བཤད་དོ། །རྣམ་པར་གྲོལ་བའི་ལམ་ནི་རྣམ་མཁྱེན་སྐད་ཅིག་དང་པོའི་ཡེ་ཤེས་སོ། །དེ་ཡང་གནས་གྱུར་གསར་པ་མངོན་དུ་བྱས་པའི་ཕྱིར་དེ་ཞེས་བྱ་ལ། དེ་ལའང་སེམས་ཀྱི་གནས་གྱུར་དང་། ལམ་གྱི་གནས་གྱུར་དང་། གནས་ངན་ལེན་གྱི་གནས་གྱུར་དེ་གསུམ་བཤད་དོ། །ཁྱད་པར་གྱི་ལམ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པའི་ཡེ་ཤེས་དང་། མི་སློབ་པའི་ཆོས་བཅུ་ལ་སོགས་པ་རྣམས་སོ། །དེ་ལྟར་ན་ལམ་རྣམ་པ་བཞི་བཞིའི་སྒོ་ནས་མཐོང་བས་སྤང་བར་བྱ་བ་དང་། སྒོམ་པས་སྤང་བར་བྱ་བ་དང་། གནས་ངན་ལེན་གྱིས་སྤང་བྱ་སྟེ་གསུམ་ཇི་ལྟར་སྤོང་བའི་ཚུལ་བཤད་ཟིན་པ་ཡིན་ནོ། །དེ་ལྟར་རྒྱས་པར་འཆད་དགོས་པའི་རྒྱུ་མཚན་ཡང་། གངས་ཅན་པ་ཕྱི་མ་དག སྤང་བྱ་སྤོང་ཚུལ་ཇི་སྙེད་པ་མཐོང་སྤང་སྤོང་ཚུལ་དང་། སྒོམ་སྤང་སྤོང་ཚུལ་གཉིས་སུ་སྡུད་ཅིང་། སྤོང་བྱེད་ཀྱི་གཉེན་པོ་ཇི་སྙེད་པ་འཇིག་རྟེན་ལས་འདས་པའི་བར་ཆད་མེད་ལམ་གྱི་ནང་དུ་སྡུད་
པ་དང་། སྤང་བྱ་ལས་གྲོལ་བའི་ལམ་ཇི་སྙེད་པ་རྣམ་གྲོལ་ལམ་དུ་རློམ་ནས་བཤད་པ་མང་དུ་བྱེད་པ་དེ་དག་རྣམ་པར་འཁྱམས་པ་ཡིན་ནོ། །ཞེས་ཤེས་པའི་དོན་དུའོ། །འོ་ན་འཇིག་རྟེན་པའི་ལམ་གྱིས་སྤང་བྱ་སྤོང་བའི་ཚུལ་ཇི་ལྟ་བུ་ཞེ་ན། ལམ་དེས་ཤེས་བྱའི་སྒྲིབ་པ་སྤོང་བའི་རྣམ་པར་བཞག་པ་ནི། ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གཞུང་གཉིས་ཀ་ལས་མ་གསུངས་ལ་ལམ་དེས་སྒྲིབ་པ་གཞན་གཉིས་ཇི་ལྟར་སྤོང་བའི་ཚུལ་ལ་གཉིས་ཏེ། མཐོང་ལམ་གྱི་སྔ་རོལ་དུ་སྤོང་བ་དང་། ཕྱིས་སྤོང་བའོ། །དང་པོ་ལ་ཉོན་སྒྲིབ་སྤོང་པ་དང་། སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་ཚུལ་ལོ། །དང་པོ་ལ་བྱེ་བྲག་ཏུ་སྨྲ་བ་ལྟར་ན། སོ་སོ་སྐྱེ་བོས་སྲིད་རྩེ་མ་གཏོགས་པའི་ས་ལྷག་མ་ལ་བརྟེན་པའི་མཐོང་སྤང་སྤངས་པ་ཡོད་པར་འདོད་ཀྱང་། ཐེག་པ་ཐུན་མོང་གི་ལུགས་འདིར་ནི་མཐོང་ལམ་མ་སྐྱེས་པར་མཐོང་སྤང་གི་ཕྱོགས་གཅིག་སྤངས་པར་མི་འདོད་ལ། སྒོམ་ལམ་ལ་མི་མཚུངས་པའི་ཚུལ་ནི། ལམ་དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་སུ་འབྱེད་ལ། ཅིག་ཤོས་ལ་མི་འབྱེད་པའི་རྒྱུ་མཚན་གྱིས་སོ། །འོ་ན་ཇི་ལྟར་ཞེ་ན། སྤྱིར་འཇིག་རྟེན་པའི་ལམ་གྱིས་སྤོང་ཚུལ་ལ་སྡོམ་པ་དང་བར་མས་སྤོང་བ་ལྟ་བུ། ལུས་ངག་གི་བྱ་བས་སྤོང་ཚུལ་དང་། ཐོས་བསམ་གྱི་ཤེས་རབ་ཀྱིས་སྤོང་ཚུལ་སོགས་མཉམ་པར་མ་བཞག་པའི་སེམས་ཀྱིས་སྤོང་ཚུལ་དུ་མ་ཡོད་ཀྱང་། འདིར་ནི་དེའི་དབང་དུ་བྱས་ནས་མི་འཆད་ཀྱི། མཉམ་པར་གཞག་པའི་སེམས་ཀྱི་དབང་དུ་བྱས་ནས་འཆད་དོ། །དེ་ཡང་གང་ཞེ་ན། བསམ་གཏན་དང་གཟུགས་མེད་པ་བཞིའི་དབྱེ་བས་བརྒྱད་དོ། །དེ་རེ་རེ་ལ་ཡང་གཉེན་པོ་བཞིའི་ལམ་བཞི་བཞིར་ཕྱེ་བས་བཞིའོ། །དེ་ཡང་གཅིག་ལ་དཔེར་མཚོན་ན། བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པའི་སས་བསྡུས་ཀྱི་འདོད་ཆགས་དང་། རྣམ་པར་འཚེ་བ་གཉིས་ཀྱི་ས་བོན་མགོ་གནོན་པར་བྱེད་པ་ཡིན་གྱི། ས་དེས་བསྡུས་ཀྱི་མ་རིག་པ་དང་། ང་རྒྱལ་དང་། ཐེ་ཚོམ་དང་། ལྟ་བའི་
གཉེན་པོ་བྱེད་པ་ནི་མ་ཡིན་ཏེ། དེ་ལ་དེའི་གཉེན་པོ་མེད་པའི་ཕྱིར་རོ། །འོ་ན་དེས་དེ་ཇི་ལྟར་སྤོང་ཞེ་ན། སྦྱོར་བའི་ལམ་དང་བར་ཆད་མེད་པའི་ལམ་གཉིས་ཀྱིས་སོ། །གཉིས་པོ་དེ་གང་ཞེ་ན། བསམ་གཏན་དང་པོའི་ཉེར་བསྡོགས་དེ་ལ་གཉིས་ཏེ། ཞི་གནས་དང་། ལྷག་མཐོང་ངོ་། ཞི་གནས་ཀྱིས་ནི་གོང་འོག་ལ་ཞི་རགས་སུ་བལྟ་བ་མེད་པའི་ཕྱིར། ས་འོག་མའི་སྤོང་གཉེན་དུ་མི་རུང་ངོ་། །ལྷག་མཐོང་ལ་ཆུང་འབྲིང་ཆེན་པོའི་དབྱེ་བས་དགུའོ། །དེ་རེ་རེ་ལ་ཡང་སྦྱོར་བ་དང་བར་ཆད་མེད་པའི་དབྱེ་བས་གཉིས་གཉིས་སོ། །བར་ཆད་མེད་ལམ་དགུར་འབྱེད་པའི་རྒྱུ་མཚན་ཡང་། སྤང་བྱ་ལ་དགུར་ཕྱེ་བའི་རྒྱུ་མཚན་གྱིས་སོ། །འོ་ན་གཉེན་པོ་དེ་གཉིས་ཀྱིས་སྤང་བྱའི་ས་བོན་དྲུང་ནས་མི་འབྱིན་པར་འདྲ་ན། བར་ཆད་མེད་ལམ་ཡིན་མིན་གྱི་དབྱེ་བ་ཅི་ཞེ་ན། སྤང་བྱ་ལ་གནོད་པ་བྱེད་པར་འདྲ་ཡང་རྣམ་པར་གྲོལ་བའི་ལམ་དངོས་སུ་འདྲེན་པ་དང་། མི་འདྲེན་པའི་ཁྱད་པར་ལས་སོ། །གསུམ་པ་རྣམ་པར་གྲོལ་བའི་ལམ་ནི། དེ་ལྟར་བར་ཆད་མེད་ལམ་དགུའི་བར་མཚམས་དང་འཇུག་ཐོགས་སུ་རྣམ་པར་གྲོལ་བའི་ལམ་ཡང་སྤང་བྱའི་གྲངས་བཞིན་དུ་འབྱུང་བར་ངེས་སོ། །རྣམ་པར་གྲོལ་བའི་ལམ་དང་པོ་བརྒྱད་ཉེར་བསྡོགས་ཡིན་པ་ལ་རྩོད་པ་མེད་ལ། དགུ་པ་ལ་བསམ་གཏན་གསུམ་པ་མན་ཆད་དུ་ཉེར་བསྡོགས་ཡིན་པ་དང་། བཞི་པ་ཡན་ཆད་དུ་དངོས་གཞི་ཡིན་པར་མངོན་པ་འོག་མ་ལས་བཤད་དོ། །དེའི་ཕྱིར་ཞི་རགས་ཀྱི་རྣམ་པ་ཅན་ཞེས་བྱ་བ་འདི་ཡང་གཙོ་བོར་ཉེར་བསྡོགས་ཀྱི་དབང་དུ་བྱས་པ་ཡིན་གྱི། དངོས་གཞི་ལ་ནི་རྣམ་གྲོལ་ལམ་དགུ་པའི་ཆ་ཤས་གང་ཡོད་མ་གཏོགས། གཞན་ནི་ཞི་རིགས་ཀྱི་རྣམ་པ་ཅན་འབྱུང་བའི་གོ་སྐབས་མེད་དོ། །བསམ་གཏན་དང་པོའི་ཉེར་བསྡོགས་ཀྱིས་འདོད་པ་ལ་ཆགས་བྲལ་བྱེད་པའི་ཚུལ་ཇི་ལྟ་བ་དེ་བཞིན་དུ། སྲིད་རྩེའི་ཉེར་བསྡོགས་ཀྱིས་ཅི་ཡང་མེད་ལ་ཆགས་བྲལ་བྱེད་པའི་ཚུལ་ཡང་དེ་བཞིན་ནོ། །འོ་ན་སོ་སོ་སྐྱེ་བོའི་རྒྱུད་ཀྱི་སྙོམས་པར་འཇུག་པ་དེ་དག་སྒོམ་པའི་ལམ་དུ་འཇོག་
པར་ནུས་སམ་ཞེ་ན། མངོན་པ་འོག་མ་ལས་སྒོམ་ལམ་དུ་མིང་བཏགས་པ་ཡིན་ཏེ། ཇི་སྐད་དུ། ལྷག་སྐྱེས་མཐོང་དང་སྒོམ་གཉིས་ཀྱི། །ཞེས་བཤད་པས་སོ། །མངོན་པ་གོང་མ་ལས་ནི། དེ་སྒོམ་པའི་ལམ་དུ་མི་འཇོག་སྟེ། ཇི་སྐད་དུ། སྒོམ་པའི་ལམ་གང་ཞེ་ན། མཐོང་བའི་ལམ་ལས་གོང་དུ་གྱུར་བའི་འཇིག་རྟེན་པའི་ལམ་དང་། འཇིག་རྟེན་ལས་འདས་པའི་ལམ་དང་། ཞེས་བཤད་པའི་ཕྱིར་དང་། རིགས་པས་ཀྱང་ཤེས་ཏེ། རྗེས་ལ་མངོན་རྟོགས་མ་ཡིན་པའི་ཕྱིར་དང་། ཐར་པའི་ལམ་མ་ཡིན་པའི་ཕྱིར་རོ། །འོ་ན་འཇིག་རྟེན་པའི་སྒོམ་ལམ་དུ་བཤད་པ་དེ་ཅི་ཞེ་ན། བདེན་པ་མངོན་པར་རྟོགས་པའི་རྗེས་ལ་ཐོབ་པའི་འཇིག་རྟེན་པའི་དགེ་བ་དག་པ་བ་དེ་དག་གོ །གཉིས་པ་ནི། དེ་ལྟ་བུའི་ཆགས་བྲལ་སྔོན་དུ་སོང་བ་དེས་ནི་བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་སུ་སྤང་བྱ་སྤོང་བའི་ཚུལ་ཇི་ལྟ་བུ་ཞེ་ན། དེ་དག་ཐེག་པ་དམན་པའི་འཕགས་པ་ཡིན་ན་ནི། སྲིད་པའི་རྩེ་མོའི་སས་བསྡུས་པའི་ཉོན་མོངས་སོགས་ཉོན་མོངས་ལྷག་མ་གང་དང་གང་ཡོད་པ་དེ། སྤོང་བའི་ཚུལ་ཐུན་མོང་གི་གཞུང་དུ་གྲགས་པ་བཞིན་བཤད་པར་བྱ་ལ། འོན་ཀྱང་དེ་དག་ལས་རྟོགས་པར་དཀའ་བ་འཇིག་མཐར་ལྷན་སྐྱེས་གཉིས་དང་། ཉོན་མོངས་པ་ཅན་གྱི་ཡིད་རྣམས་ལ་ཆགས་བྲལ་ཇི་ལྟར་བྱེད་པའི་ཚུལ་ནི། ཆགས་བྲལ་སྔོན་དུ་སོང་བའི་ཉན་ཐོས་དེས། བདག་མེད་མངོན་སུམ་དུ་རྟོགས་པའི་བློའི་རིགས་རྒྱུན་དེ་ཉིད་གོམས་པར་མ་བྱས་ན་ནི་སྲིད་པའི་རྩེ་མོ་ལ་ཆགས་བྲལ་བྱེད་པར་མི་ནུས་ལ། དེ་གོམས་པར་བྱས་ན་ནི། དེ་ལྟར་གོམས་པར་བྱེད་པའི་བར་ཆད་མེད་ལམ་ཆུང་ངུ་འབྲིང་ཆེན་པོ་དགུའི་རིམ་པས་གང་ཟག་གི་བདག་ཏུ་འཛིན་པའི་ས་བོན་དྲུང་ནས་ཕྱུང་བར་གྱུར་པ་དེའི་ཚེ་ན། སྤང་བྱ་གསུམ་པོ་དེ་སྤངས་པ་དང་། དེ་སྤངས་པའི་རྒྱུ་མཚན་གྱིས་སྲིད་རྩེའི་སས་བསྡུས་ཀྱི་རྣམ་སྨིན་གྱི་ཕུང་པོ་མ་འོངས་པ་ལ་སྲེད་པའི་སྲེད་པ་དགུ་སྤངས་པ་དང་། དགྲ་བཅོམ་པའི་འབྲས་བུ་ཐོབ་པ་དུས་མཉམ་
དུ་འབྱུང་ང་ོ། །མཐོང་ལམ་གྱི་སྔ་རོལ་དུ་འདོད་པའི་སས་བསྡུས་ཀྱི་ཉོན་མོངས་པ་ཅན་གྱི་ཡིད་མ་སྤངས་ཀྱང་འདོད་པ་ལ་ཆགས་བྲལ་སྔོན་སོང་དུ་འགལ་བ་ནི་མ་ཡིན་ཏེ། ས་དེ་བསྡུས་ཀྱི་འདོད་ཆགས་དང་བྲལ་བ་ཙམ་ལ་ཆགས་བྲལ་དུ་འཇོག་པ་ཡིན་པའི་ཕྱིར། དཔེར་ན་དེས་བསྡུས་ཀྱི་ཡིད་ཀྱི་ཤེས་པའི་འཁོར་གྱི་མ་རིག་པ་དང་། འཇིག་ཚོགས་ལ་བལྟ་བ་མཐོང་ལམ་གྱི་སྔ་རོལ་དུ་མ་སྤངས་ཀྱང་། ཆགས་བྲལ་སྔོན་སོང་དུ་མི་འགལ་བ་བཞིན་ནོ། །ཡང་ཆགས་བྲལ་སྔོན་སོང་དེ་ཐེག་པ་ཆེན་པོའི་འཕགས་པ་ཞིག་ཡིན་ན་ནི། ཆོས་ཀྱི་བདག་མེད་གཏན་ལ་ཕབས་པའི་ཚོགས་སྦྱོར་གྱི་རིམ་པས་ཐེག་པ་ཆེན་པོའི་མཐོང་ལམ་དུ་འཇུག་ཅིང་། དེར་མཐོང་སྤང་ཉོན་མོངས་རྣམས་ཆེད་དུ་གཉེར་ནས་སྤོང་ཞིང་། ཆོས་ཀྱི་བདག་མེད་རྐྱང་པ་སྒོམ་པས་ཤེས་སྒྲིབ་མ་ལུས་པར་སྤངས་པ་དང་དུས་མཉམ་དུ། སྲིད་པའི་རྩེ་མོ་ལ་ཆགས་པ་དང་བྲལ་བ་དུས་མཉམ་དུ་ཐོབ་བོ། །དེ་ལྟར་སོ་སོ་སྐྱེ་བོས་སྒོམ་སྤང་སྤོང་བའི་ཚུལ་བཤད་ཟིན་ནས། འཕགས་པས་འཇིག་རྟེན་པའི་ལམ་གྱིས་སྤང་བྱ་སྤོང་ཚུལ་ལ་གཉིས་ཏེ། ཐེག་དམན་འཕགས་པའི་དང་། ཐེག་ཆེན་འཕགས་པའི་སྤོང་ཚུལ་ལོ། །དང་པོ་ནི། བཅུ་དྲུག་པའི་རྟོགས་པ་ཐོབ་རྗེས་སུ་ཐེག་དམན་འཕགས་པས་སྒོམ་སྤང་སྤོང་བའི་ཚུལ་ལ་གཉིས་ཏེ། འཇིག་རྟེན་པའི་ཞི་རགས་ཀྱི་རྣམ་པ་ཅན་གྱིས་ཅི་ཡང་མེད་མན་ཆད་ལ་ཆགས་བྲལ་བྱེད་པ་ཞིག་དང་། ཡང་ན་ཟག་མེད་བར་ཆད་མེད་ལམ་གྱིས་ས་དེ་དང་དེའི་མ་རིག་པའི་ས་བོན་དང་འཇིག་ལྟ་ལྷན་སྐྱེས་ཀྱིས་ས་བོན་དྲུང་ནས་ཕྱུང་བ་ན། ས་དེ་དང་དེ་ལ་ཆགས་བྲལ་རིམ་གྱིས་བྱེད་པ་དང་། ཅིག་ཆར་དུ་བྱེད་པའི་ཚུལ་རྣམ་པ་གཉིས་ཡོད་དོ། །དེ་གཉིས་པོ་གང་ལྟར་ཡང་སྤང་བྱ་ཁམས་གསུམ་པོ་རེ་རེའི་མ་རིག་པ་ལ་ཆུང་འབྲིང་དགུར་ཕྱེ་ནས་གཉེན་པོ་ཟག་མེད་བར་ཆད་མེད་ལམ་ལ་ཡང་དགུར་ཕྱེ་བའི་ཚུལ་གྱིས་སྤོང་བ་ཡིན་ནོ། །གཉིས་པ་ཐེག་ཆེན་འཕགས་པས་སྤོང་ཚུལ་ལ། འཇིག་
རྟེན་པའི་སྒོམ་ལམ་གྱིས་སྒོམ་སྤང་ཉོན་མོངས་སྤོང་བ་མེད་དེ། ཐེག་ཆེན་འཕགས་པས་མཐོང་ལམ་གྱི་རྗེས་སུ་ཉོན་མོངས་པའི་སྒྲིབ་པ་ཆེད་དུ་གཉེར་ནས་སྤོང་བ་མེད་པའི་ཕྱིར། དེ་ལྟ་ན་ཡང་ཐེག་ཆེན་མཐོང་ལམ་པས་མཐོང་སྤང་ཉོན་མོངས་ཆེད་དུ་གཉེར་ནས་སྤོང་བ་ནི། སྔར་དྲངས་པའི་མདོ་སྡེ་རྒྱན་གྱི་ལུང་དང་། མངོན་པ་གོང་མའི་ལུང་ལས་གསལ་བ་ཡིན་ནོ། །དེ་ལྟར་འཇིག་རྟེན་པའི་ལམ་གྱིས་ཉོན་སྒྲིབ་ཇི་ལྟར་སྤོང་བའི་ཚུལ་བཤད་ནས། དེས་སྙོམས་འཇུག་གི་སྒྲིབ་པ་ཇི་ལྟར་སྤོང་བའི་ཚུལ་ལ། སྤྱིར་སྙོམས་འཇུག་གི་སྒྲིབ་པ་ནི་གཉིས་ཏེ། བསམ་གཏན་དང་གཟུགས་མེད་ཀྱི་དངོས་གཞིའི་སྙོམས་འཇུག་ཙམ་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་དང་། དངོས་གཞི་དེ་ནས་མངོན་པར་ཤེས་པ་དང་པོ་ལྔ་དང་། ཚད་མེད་པ་བཞི་དང་གཟུང་དང་། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ལ་འཇུག་པའི་གེགས་བྱེད་ཀྱི་སྒྲིབ་པའོ། །དང་པོ་སྤོང་བ་ནི། གོང་དུ་བཤད་པའི་ཉེར་བསྡོགས་ཞི་རགས་ཀྱི་རྣམ་པ་ཅན་གྱིས་བྱེད་པ་མ་ཡིན་ཏེ། དེ་ནི་ལྷག་མཐོང་གི་ངོ་བོར་སྐྱེས་པས་སྒྲིབ་པ་གཞན་གཉིས་ཀྱི་གཉེན་པོའི་རིགས་སུ་གནས་པའི་ཕྱིར། འོ་ན་གང་གིས་སྤོང་ཞེ་ན། འཇིག་རྟེན་པའི་སྙོམས་འཇུག་གི་ཉེར་བསྡོགས་ལ་གཉིས་ཏེ། ཞི་གནས་རྩེ་གཅིག་པའི་ངོ་བོར་སྐྱེས་པ་དང་། ལྷག་མཐོང་ཞི་རགས་ཀྱི་རྣམ་པ་ཅན་གྱི་ངོ་བོར་སྐྱེས་པའོ། །དང་པོས་ནི། ཉེར་བསྡོགས་སྔ་མ་ནས་ཕྱི་མ་ལ་འཇུག་པ་ལ་གེགས་བྱེད་པ་དང་། ཉེར་བསྡོགས་ནས་དངོས་གཞི་ལ་འཇུག་པ་ལ་གེགས་བྱེད་ཀྱི་སྒྲིབ་པ་སེལ་བར་བྱེད་པ་མ་ཡིན་ཏེ། དཔེར་ན་རྣམ་གྲོལ་ལམ་དགུ་པའི་ངོ་བོར་སྐྱེས་པའི་བསམ་གཏན་དང་པོའི་ཉེར་བསྡོགས་ཀྱི་ཚོར་བ་བཏང་སྙོམས་ནས་དངོས་གཞིའི་ཚོར་བ་དགའ་བ་དེ་གཉིས་སུ་དབང་པོ་འཕོ་བར་བྱེད་པའི་བར་ཆད་མེད་པའི་ལམ་གྱིས་སྙོམས་འཇུག་གི་སྒྲིབ་པ་བསལ་ནས་ཚོར་བའི་དབང་པོ་འཕོས་ཙམ་གྱི་ཚེ་ན་རྣམ་པར་གྲོལ་བའི་ལམ་
དུ་འཇོག་པ་བཞིན་ནོ། །དེ་དུས་ཀྱི་ལམ་གཉིས་ཀ་ཡང་ཞི་གནས་འབའ་ཞིག་པ་ཅན་ཡིན་གྱི་ལྷག་མཐོང་གི་ངོ་བོར་བསྐྱེད་པ་ནི་མེད་དོ། །གཉིས་པ་ནི་དངོས་གཞི་ཐོབ་ནས་མངོན་ཤེས་ལ་སོགས་པ་སྒྲུབ་པ་དེའི་ཚེ། འབད་རྩོལ་གྱིས་སྒྲུབ་དགོས་ལ། དེའི་ཚེ་བར་ཆད་མེད་པའི་ལམ་དང་། རྣམ་པར་གྲོལ་བའི་ལམ་གཉིས་འབྱུང་བར་བཤད་པ་དེ་ཡང་། སྙོམས་འཇུག་གི་སྒྲིབ་པ་སྤོང་བ་ལ་ལྟོས་པའི་ལམ་གཉིས་དང་། དེ་ཡང་ཞི་གནས་ཀྱི་ངོ་བོར་སྐྱེས་པ་ལ་འཆད་དགོས་ཀྱི། སྒྲིབ་པ་གཞན་སྤོང་བའི་བར་ཆད་མེད་ལམ་དེར་འོང་དོན་མེད་དོ། །འདས་ལམ་གྱིས་སྙོམས་འཇུག་གི་སྒྲིབ་པ་སྤོང་ཚུལ་ནི། དེ་མ་ཐག་ཏུ་འཆད་པར་འགྱུར་རོ། །དེ་ལྟར་ཐེག་པ་ཐུན་མོང་བའི་ལུགས་ཀྱི་ཤེས་སྒྲིབ་སྤོང་ཚུལ་ཞར་བྱུང་བ་དང་བཅས་པ་བརྗོད་ཟིན་ནས་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ཀྱི་ཤེས་སྒྲིབ་སྤོང་ཚུལ་ལ་གསུམ་སྟེ། མངོན་པར་རྟོགས་པའི་རྒྱན་ལས་འབྱུང་བའི་ཚུལ་དང་། དེ་ཉིད་ཀླུ་སྒྲུབ་ཞབས་ཀྱི་དགོངས་པར་བསྟན་པ་དང་། སྤང་གཉེན་གྱི་སྐྱེ་འགག་བྱེད་ཚུལ་ལ་ལོག་པར་རྟོག་པ་བསལ་བའོ། །དང་པོ་ལ་སྤང་བྱ་ཤེས་སྒྲིབ་ནི་གསུམ་སྟེ། མཐོང་སྤང་དང་། སྒོམ་སྤང་དང་། གནས་ངན་ལེན་གྱི་སྒྲིབ་པའོ། །དེ་སྤོང་བྱེད་ཀྱི་གཉེན་པོ་རྩེ་སྦྱོར་ལ་ཡང་གསུམ་སྟེ། མཐོང་ལམ་རྩེ་སྦྱོར། སྒོམ་ལམ་རྩེ་སྦྱོར། བར་ཆད་མེད་པའི་རྩེ་སྦྱོར་རོ། །དང་པོ་གཉིས་ལ་སྦྱོར་འཇུག་གཉིས་གཉིས་སུ་ཕྱེ་ཞིང་། གསུམ་པ་ལ་གཉིས་སུ་དབྱེ་བ་འདིར་གསལ་བར་མ་བཤད་ཀྱང་། མངོན་པ་ཀུན་ལས་བཏུས་ལས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་སྦྱོར་བ་དང་། བར་ཆད་མེད་པའི་ལམ་གཉིས་སུ་ཕྱེ་བ་ལྟར་བཤད་ན་སྤང་བྱ་སྤོང་ཚུལ་གྱི་རྣམ་གཞག་ཆོས་མངོན་པ་ལས་འབྱུང་བ་སྤྱི་སྐད་དང་མཐུན་པར་འགྱུར་རོ། །དེ་ལྟར་གསུམ་པོ་རེ་རེ་ཞིང་སྦྱོར་བའི་ལམ་གྱི་སྐབས་སུ་སྤོང་ཚུལ་དང་། བར་ཆད་མེད་པའི་ལམ་གྱིས་སྤོང་ཚུལ་ལོ། །དང་པོ་ནི་དེས་དེའི་
ས་བོན་མགོ་གནོན་པའི་ཚུལ་གྱིས་སྤོང་ལ། གཉིས་པ་ནི། དེས་དེའི་ས་བོན་དྲུངས་ཕྱུང་བའི་ཚུལ་གྱིས་སྤོང་བར་བྱེད་དོ། །འོ་ན་སྤང་བྱ་རྟོག་པ་ནི་གང་། ལམ་གཉིས་པོའི་ཁྱད་པར་ཅི་ཞེ་ན། རྟོག་པ་ནི་གཉིས་ཏེ། བདེན་པར་ཞེན་པའི་རྟོག་པ་དང་། བདེན་མེད་དུ་ཞེན་པའི་རྟོག་པའོ། །དང་པོ་ལ་གཉིས་ཏེ། གཟུང་བར་རྟོག་པ་དང་། འཛིན་པར་རྟོག་པའོ། །དང་པོ་ནི། ཀུན་ནས་ཉོན་མོངས་གཟུང་རྟོག་དང་། རྫས་འཛིན་རྟོག་པ་ལ་བྱ་སྟེ། ཡུལ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་ལ་གཟུང་བར་བདེན་པར་ཞེན་པའི་ཕྱིར་དང་། གང་ཟག་དང་ཆོས་སུ་གྱུར་པའི་འཛིན་པ་ལ་དམིགས་ནས་བདེན་པར་ཞེན་པའི་ཕྱིར། གཉིས་པ་བདེན་མེད་དུ་ཞེན་པའི་རྟོག་པ་ལ་གཉིས་ཏེ། གཟུང་པར་རྟོག་པ་དང་། འཛིན་པར་རྟོག་པའོ། །དང་པོ་ནི། རྣམ་བྱང་གཟུང་རྟོག་དང་། གཉིས་པ་ནི་བཏགས་འཛིན་རྟོག་པ་ལ་བྱ་སྟེ། གཉེན་པོའི་ཕྱོགས་ལ་དམིགས་ནས་བཏགས་པ་ཙམ་གྱིས་བླང་དོར་དུ་ཞེན་པའི་ཕྱིར་དང་། ཡུལ་ཆོས་དང་གང་ཟག་ཏུ་གྱུར་པའི་འཛིན་པ་ལ་དམིགས་ནས་བཏགས་པ་ཙམ་དུ་ཞེན་པའི་ཕྱིར། དང་པོ་དེ་ལ། བྱང་སེམས་ཀྱི་ཆོས་ལ་དམིགས་ནས་འཇུག་བྱར་ཞེན་པ་དང་། ཐེག་དམན་གྱི་ཆོས་ལ་དམིགས་ནས་ལྡོག་ཆར་ཞེན་པའི་དབྱེ་བས་གཉིས་སོ། །དེ་དག་ཐམས་ཅད་ལ་ཡང་ཀུན་བཏགས་དང་། ལྷན་སྐྱེས་དང་། དེའི་གནས་ངན་ལེན་གྱི་དབྱེ་བས་གསུམ་གསུམ་དུ་འགྱུར་ལ། དེ་དག་རིམ་པ་བཞིན་དུ་མཐོང་ལམ་དང་། སྒོམ་ལམ་དང་། བར་ཆད་མེད་པའི་རྩེ་སྦྱོར་དང་གསུམ་གྱིས་སྤང་བར་བྱ་བ་ཡིན་ནོ། །གཉིས་པ་སྦྱོར་འཇུག་གི་ཁྱད་པར་ལ། སྤྱིར་རྟོག་པ་དེ་དག་གི་ས་བོན་མགོ་གནོན་པར་བྱེད་པའི་སྦྱོར་ལམ་ལ་གཉིས་ཏེ། ལམ་གསུམ་ཆར་གྱི་ཐུན་མོང་གི་སྦྱོར་བའི་ལམ་དང་། ལམ་གསུམ་སོ་སོའི་སྦྱོར་བའི་ལམ་མོ། །དང་པོ་ནི། ངེས་འབྱེད་ཆ་མཐུན་ཙམ་ལ་བྱ་སྟེ། ཇི་སྐད་དུ། རྣམ་རྟོག་བཞི་པོ་ལྡན་བརྟེན་པ། །ཞེས་པའི་འགྲེལ་པར། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་གཟུང་བ་དང་འཛིན་པའི་རྣམ་
པར་རྟོག་པ་བཞི་པོ་འཆད་པར་འགྱུར་བའི་ཚུལ་དང་འབྲེལ་པར་འབྱུང་བ་ནི། ཞེས་གསུངས་སོ། །གཉིས་པ་ནི། ཐེག་ཆེན་གྱི་ཆོས་མཆོག་ཆེན་པོ་ཡེ་ཤེས་དང་། སྦྱོར་བ་སེང་གེ་རྣམ་བསྒྱིངས་དང་། རྒྱུན་མཐའི་སྔ་ལོགས་ཀྱི་ཡེ་ཤེས་རྣམས་སོ། །དེ་ཡང་ཐོག་མར་སྦྱོར་ལམ་ཙམ་གྱིས་རྟོག་པ་སྤོང་ཚུལ་ནི། ཀུན་བཏགས་དང་ལྷན་སྐྱེས་མ་ཕྱེ་བའི་གཟུང་རྟོག་གཉིས་ཀྱི་ས་བོན་དང་ལྷན་ཅིག་ཏུ་འགྲོགས་ནས་མགོ་གནོན་པའི་གཉེན་པོ་ནི་དྲོད་རྩེ་གཉིས་སོ། །ཡང་དེར་མ་ཕྱེ་བའི་འཛིན་རྟོག་གཉིས་ཀྱི་ས་བོན་དང་ལྷན་ཅིག་ཏུ་འགྲོགས་ནས་ས་བོན་མགོ་གནོན་པ་ནི་བཟོད་མཆོག་མཉམ་བཞག་ཡེ་ཤེས་གཉིས་སོ། །རྟོག་པ་བཞི་པོ་དེ་ཡང་གཟུང་འཛིན་གྱི་རྟོག་པ་དང་པོ་གཉིས་སྤང་བྱ་དང་། ཕྱི་མ་གཉིས་གཉེན་པོའི་དབང་དུ་བྱས་པ་ཡིན་ཏེ། ཀུན་བྱང་གཉིས་གནོད་བྱ་གནོད་བྱེད་དང་། རྫས་བཏགས་གཉིས་གནོད་བྱ་གནོད་བྱེད་དུ་བཞག་པའི་ཕྱིར། དེས་ན་དྲོད་ཀྱིས་སྤང་བྱའི་རྟོག་པ་དང་། རྩེ་མོས་དེའི་གཉེན་པོའི་རྟོག་པ་འདོར་བར་བྱེད། བཟོད་པས་ནི་སྤངས་བྱའི་རྟོག་པ་དང་། ཆོས་མཆོག་གིས་ནི་དེའི་གཉེན་པོའི་རྟོག་པ་འདོར་བར་བྱེད་དོ། །འོ་ན་བཏགས་འཛིན་རྟོག་པ་གང་ཡིན། འཛིན་པ་བདེན་མེད་དུ་ཞེན་པའི་བློ་ཡིན་མོད། རྣམ་བྱང་གཟུང་རྟོག་གང་ཡིན། རྣམ་བྱང་ལ་བདེན་མེད་དུ་ཞེན་པའི་བློར་ངེས་སོ་ཞེ་ན། དེར་ངེས་པ་ཡིན་ཏེ། གཟུང་རྟོག་དང་པོ་ལ། ཀུན་ནས་ཉོན་མོངས་གཟུང་རྟོག་ཅེས་པ་དེ་ཕྱོགས་གཅིག་གི་མིང་དུ་བཏགས་པ་ཡིན་གྱི། ངོ་བོ་ནི། ཀུན་བྱང་གི་དངོས་པོ་མཐའ་དག་ལ་གཟུང་བར་བདེན་པར་ཞེན་པའི་བློའོ། །དེའི་གཉེན་པོ་ནི། དངོས་པོ་མཐའ་དག་རང་བཞིན་མེད་པར་ཞེན་པའི་བློ་ཡིན་ལ། དེ་ལ་ཡང་རྣམ་བྱང་གཟུང་རྟོག་ཅེས་པ་ནི་ཕྱོགས་གཅིག་གི་མིང་གིས་བཏགས་པའོ། །དེ་ལྟར་བཤད་པ་ན་བོད་ཕྱི་མ་གང་དག་འདིའི་སྐབས་ཀྱི་རྟོག་པ་གང་ཡིན་བདེན་འཛིན་དང་། ཐེག་ཆེན་གྱི་སྦྱོར་ལམ་མཉམ་གཞག་གང་ཡིན་བདེན་མེད་དུ་ཞེན་པའི་བློར་འཆད་པ་དེ་ཐམས་ཅད་མི་འཐད་པར་རྟོགས་སླ་སྟེ། ཇི་སྐད་
དུ་དོན་གསལ་ལས། ཆོས་སུ་བལྟ་བའི་གཉེན་པོ་ཉིད་ཀྱིས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པ་ཞུགས་པ་དང་། ཞེས་བཤད་པ་དང་། ཆོས་སུ་བལྟ་བ་དེ་ལ་ཡང་བདེན་པར་ཞེན་པ་དང་། བདེན་མེད་དུ་ཞེན་པ་གཉིས་ཡོད་པར་འགྲེལ་ཆེན་ལས་བཤད་དེ། ཇི་སྐད་དུ། ཡང་ཇི་ལྟར་མི་མཐུན་པའི་ཕྱོགས་ཡིན་ཞེ་ན། ཇི་ལྟར་མི་བདེན་པའི་རྟོག་པས་ཀུན་ནས་བསླང་བའི་ཡོད་པ་དང་། མེད་པར་འཛིན་པ་དག་གོ །ཇི་ལྟར་གཉེན་པོའི་ཕྱོགས་ཡིན་ཞེ་ན། ཅི་ནས་ཀྱང་དེ་དག་མེད་པར་འཛིན་པའོ། །ཞེས་གསུངས་སོ། །དེ་ལྟར་ཐུན་མོང་གི་སྦྱོར་བ་སྤྱིར་བཤད་ནས། མཐོང་སྤང་ལ་རྟོག་པ་ཁོ་ནའི་སྤོང་གཉེན་དུ་གྱུར་པའི་སྦྱོར་བའི་ལམ་ནི། ཆོས་མཆོག་ཆེན་པོའི་ཡེ་ཤེས་ཡིན་པར་བཤད་པ་དེའི་ཚེ། དེས་དེ་ཇི་ལྟར་སྤོང་ཞེ་ན། གོང་དུ་ཡོད་པར་བཤད་པ་དེ་ལྟར་ངེས་འབྱེད་ཆ་བཞིའི་མཉམ་བཞག་ཏུ་རྟོག་པ་བཞི་པོ་མངོན་གྱུར་བ་གོ་རིམ་བཞིན་དུ་འགག་ཀྱང་། ཆོས་ཉིད་མངོན་སུམ་དུ་མ་རྟོགས་པའི་རྒྱུ་མཚན་གྱིས་ཆོས་མཆོག་གི་མཉམ་བཞག་ན། རྟོག་པ་བཞི་ཀ་དབང་དང་ལྡན་པ་ལ་ཁྱད་པར་མེད་དོ། །དེའི་ཚེ་ཆོས་མཆོག་ཆེན་པོའི་ཡེ་ཤེས་ཀྱིས་རྣམ་བྱང་གཟུང་རྟོག་གཉིས་ཀྱི་དང་པོ་དེ་དང་། རྫས་འཛིན་རྟོག་པ་དབང་ལྡན་ལ་གནོད་པ་བྱས་ནས། མཉམ་བཞག་དེ་ན་དེ་གཉིས་མེད་དོ། ། དེའི་འོག་ཏུ ་མཐོང་ལམ་བར་ཆད་མེད་ལམ་གྱིས་རྣམ་བྱང་གཟུང་རྟོག་གཉིས་པ་དང་། རྟགས་འཛིན་རྟོག་པ་དབང་ལྡན་ལ་གནོད་པ་བྱས་ན། དེའི་མཉམ་བཞག་སྐད་ཅིག་དང་པོ་ནས་བཟུང་སྟེ། རྟོག་པ་བཞི་ཀ་དབང་ལྡན་ཡང་མེད་པས་ས་བོན་ཙམ་དང་ལྡན་ནོ། །དེའི་རྣམ་པར་གྲོལ་བའི་ལམ་མཐར་ཐུག་པ་དེའི་ཚེ་ནི་དེའི་ས་བོན་ཡང་སྤངས་ནས་སྒོམ་པས་སྤང་བར་བྱ་བའི་རྟོག་པ་ཁོ་ན་དབང་དང་ལྡན་ནོ། །མཐོང་ལམ་གྱི་རྗེས་ཐོབ་ཏུ་ཡང་སྒོམ་སྤང་རྟོག་པ་མངོན་གྱུར་དུ་འབྱུང་བ་ནི་མ་ཡིན་ཏེ། དེ་མངོན་གྱུར་པ་ལ་ལམ་དེའི་སྦྱོར་བའི་ལམ་གྱིས་གནོད་པ་བྱས་ཟིན་པའི་ཕྱིར།
གཉིས་པ་སྒོམ་སྤང་རྟོག་པའི་ཚུལ་ལ་གཉིས་ཏེ། དེའི་སྦྱོར་བའི་ལམ་གྱིས་སྤོང་ཚུལ་དང་། བར་ཆད་མེད་པའི་ལམ་གྱིས་སྤོང་ཚུལ་ལོ། །དང་པོ་ནི་སྔ་མ་དེ་ཁོ་ན་བཞིན་དུ་སྦྱོར་བ་སེང་གེ་རྣམ་བསྒྱིངས་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་པོ་གཉིས་འགོག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ་ཞིང་། དེ་སྐྱེས་པ་དང་དེ་གཉིས་འགག་པ་དུས་མཉམ་མོ། །དེར་ཡང་རྟོག་པ་སྔ་མ་གཉིས་དབང་དང་ལྡན་པ་འགགས་པ་ཡིན་པས། དང་པོ་གཉིས་ཀྱི་ས་བོན་ཁོ་ན་དང་ལྡན་ཞིང་ཕྱི་མ་གཉིས་དབང་དང་ལྡན་ནོ། །གཉིས་པ་ནི། སྒོམ་ལམ་བར་ཆད་མེད་ལམ་སྐྱེས་བ་དང་། དེའི་ངོ་སྐལ་གྱི་སྤང་བྱ་རྟོག་པ་ཕྱི་མ་གཉིས་དབང་དང་ལྡན་པ་འགགས་ཟིན་པས། དེར་དེའི་ས་བོན་ཁོ་ན་དང་ལྡན་ནོ། །དེའི་རྣམ་པར་གྲོལ་བའི་ལམ་རྫོགས་པ་དང་དེ་དག་གི་ས་བོན་འགགས་པ་དུས་མཉམ་དུ་ཐོབ་བོ། །དེ་ཡང་ཞིབ་མོར་ཕྱེ་ན། མཐོང་ལམ་བར་ཆད་མེད་ལམ་དང་། དེའི་སྤང་བྱ་རྟོག་པ་ལ་བདེན་པ་བཞིའི་དབྱེ་བས་བཞི་བཞི་དང་། སྒོམ་ལམ་བར་ཆད་མེད་ལམ་དང་དེའི་སྤང་བྱ་རྟོག་པ་ལ་ཆུང་འབྲིང་གི་དབྱེ་བས་དགུ་དགུར་ཕྱེ་ནས། སྤོང་ཚུལ་ཤེས་དགོས་ལ། དེ་གཉིས་ཀ་ལ་ཁམས་གསུམ་གྱི་དབྱེ་བས་བརྒྱ་རྩ་བརྒྱད་དུ་འབྱེད་པའི་ཚུལ་ལ་ནི་ཁྱད་པར་མེད་དོ། །དེ་ལྟ་ན་ཡང་གཉིས་པོའི་སྦྱོར་བ་ཉེར་བསྡོགས་ལ་བཞི་དང་། དགུར་འབྱེད་པའི་ཚུལ་ལྡོག་པས་སམ། རྫས་ཀྱི་སྒོ་ནས་ཡིན་ནམ། ཡང་ན་དེ་དང་དེ་འབྱེད་མི་དགོས་པའི་ཚུལ་བསམ་པར་བྱའོ། །གསུམ་པ་ལ། སྤང་བྱ་གནས་ངན་ལེན་ངོས་བཟུང་། དེ་སྤོང་བྱེད་ཀྱི་གཉེན་པོ་ལ་སྦྱོར་འཇུག་སོ་སོར་ཕྱེ་བའོ། །དང་པོ་ནི། ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་ལས། གནས་ངན་ལེན་ཐམས་ཅད་གང་ཞེ་ན། མངོན་པར་བརྗོད་པའི་གནས་ངན་ལེན་ཀུན་ཏུ་འགྲོ་བ་དང་། ཚོར་བའི་གནས་ངན་ལེན་དང་། ཉོན་མོངས་པའི་གནས་ངན་ལེན་དང་། ཞེས་པ་ནས། ཤེས་བྱའི་སྒྲིབ་པའི་གནས་ངན་ལེན་
ཏོ། །ཞེས་པའི་བར་གནས་ངན་ལེན་ཉི་ཤུ་རྩ་གཉིས་གསུངས་སོ། །གཉིས་པ་ནི། དེ་ཉིད་ལས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གང་ཞེ་ན། སྦྱོར་བའི་ལམ་གྱིས་བསྡུས་པ་དང་། བར་ཆད་མེད་པའི་ལམ་གྱིས་བསྡུས་པའོ། །ཞེས་གསུངས་སོ། །དེ་ལྟར་གཉིས་སུ་འབྱེད་པ་རྒྱན་ལས་མ་གསུངས་སོ་སྙམ་ན། དེ་མ་གསུངས་པ་མ་ཡིན་ཏེ། ཇི་སྐད་དུ། དྲན་པ་བདག་པོའི་རྐྱེན་དེ་ནི། །ཞེས་པས་དེའི་སྦྱོར་བའི་ལམ་དོན་གྱིས་ཐོབ་པར་འཆད་པའི་ཕྱིར། དེ་ལྟར་ན་སྒོམ་སྤང་སྤོང་བར་བྱེད་པའི་བར་ཆད་མེད་པའི་ལམ་དགུ་དང་རྣམ་པར་གྲོལ་བའི་ལམ་དགུ་པོ་དེ་ནི་བརྟེན་པ་ཡོན་ཏན་ཡན་ཆད་དུ་རྫོགས་པར་བཤད་ནས་ དེའི་འོག་ཏུ ་བར་ཆད་མེད་པའི་རྩེ་སྦྱོར་ཞེས་བྱ་བ་དེ་ཇི་ལྟར་འབྱུང་བའི་ཚུལ་གོང་དུ་བཤད་པ་བཞིན་དུ་ཤེས་པར་བྱའོ། །གཉིས་པ་དེ་ཉིད་ཀླུ་སྒྲུབ་ཞབས་ཀྱི་དགོངས་པ་དང་མཐུན་པར་བསྟན་པ་ནི། ཐེག་པ་དམན་པ་དག་ལ་ཡང་བདེན་སྟོང་མངོན་སུམ་དུ་རྟོགས་པ་དང་། བདེན་འཛིན་གྱི་ས་བོན་མགོ་གནོན་པ་ཡོད་མོད་ཀྱང་། བདེན་འཛིན་གྱི་ས་བོན་སྤངས་པ་ནི་མེད་དེ། སྤྲོས་བྲལ་མངོན་སུམ་དུ་མ་རྟོགས་པས་བདེན་སྟོང་དུ་ཞེན་པ་སྤོང་མི་ནུས་པའི་ཕྱིར། ཇི་སྐད་དུ། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་པ་མེད་པས་གསུངས། །ཞེས་དང་། སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་དང་འགྲེལ་པར། ཐེག་དམན་གྱི་སྡེ་སྣོད་དུ་ཆོས་ཀྱི་བདག་མེད་ཆ་ཚང་མ་བསྟན་པར་བཤད་པའི་ཕྱིར་རོ། །དེའི་ཕྱིར་དམན་པའི་བར་ཆད་མེད་ལམ་གྱིས་བདེན་འཛིན་གྱི་ས་བོན་ཇི་ལྟར་སྤོང་བའི་ཚུལ་འཆད་མི་དགོས་སོ། །དེའི་ཕྱིར་ཐེག་པ་ཆེན་པོའི་ལམ་དུ་དེ་ཇི་ལྟར་སྤོང་བའི་ཚུལ་འཆད་པ་ལ། ཤེས་བྱའི་སྒྲིབ་པ་ལ་གསུམ་སྟེ། མཚན་མར་འཛིན་པའི་རྟོག་པ་དང་། དེའི་ས་བོན་དང་། གནས་ངན་ལེན་ནོ། །དང་པོ་ལ་གསུམ་སྟེ། བདེན་པར་ཞེན་པའི་རྟོག་པ་དང་། བདེན་མེད་དུ་ཞེན་པའི་རྟོག་པ་དང་།
སྤྲོས་བྲལ་དུ་ཞེན་པའི་རྟོག་པའོ། །དེ་དག་ལ་ཡང་ཀུན་བཏགས་དང་ལྷན་སྐྱེས་ཀྱི་དབྱེ་བས་གཉིས་གཉིས་ལས་དང་པོ་རྣམས་མཐོང་བས་སྤང་བར་བྱ་བ་དང་། ཕྱི་མ་རྣམས་བསྒོམས་པས་སྤང་བར་བྱ་བའོ། །དེ་ཡང་རྟོག་པ་མངོན་གྱུར་པ་དེ་དང་། དེ་དག་གི་གཉེན་པོ་ནི་རང་རང་གི་སྦྱོར་བའི་ལམ་མོ། །ས་བོན་དྲུངས་འབྱིན་པའི་གཉེན་པོ་ནི། མཐོང་སྒོམ་གྱི་བར་ཆད་མེད་པའི་ལམ་མོ། །གནས་ངན་ལེན་གྱི་གཉེན་པོ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏོ། །དེ་ཡང་ཞིབ་མོར་ཕྱེ་ན་བདེན་འཛིན་གྱི་གཉེན་པོར་ནི། བདེན་མེད་རྟོགས་པའི་དྲོད་རྩེ་བཟོད་པ་གསུམ་བསྒོམ་པར་བྱའོ། །བདེན་སྟོང་དུ་ཞེན་པའི་གཉེན་པོར་ནི་སྤྲོས་བྲལ་རྟོག་པའི་ཆོས་མཆོག་གི་ཡེ་ཤེས་བསྒོམ་པར་བྱའོ། །སྤྲོས་བྲལ་དུ་ཞེན་པའི་གཉེན་པོར་ནི། སྤྲོས་མེད་རྟོགས་པའི་མཐོང་ལམ་གྱི་ཡེ་ཤེས་བསྒོམ་པར་བྱའོ། །དེར་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་ནས་དེའི་ས་བོན་གྱི་གཉེན་པོར་བར་ཆད་མེད་པའི་ལམ་གཉིས་བསྒོམ་པར་བྱ་བ་ཡིན་ནོ། །ཐེག་ཆེན་གྱི་མཐོང་ལམ་སྐྱེས་ཕྱིན་ཆད་སྤྲོས་པའི་མཚན་མ་མངོན་དུ་འགྱུར་བ་སྲིད་ཀྱང་དེའི་གཉེན་པོ་འབད་རྩོལ་གྱིས་སྒོམ་མི་དགོས་པར་རང་ཤུགས་ཀྱིས་བཟློག་པས་དེ་སྐད་ཅེས་བྱའོ། །དེ་ལྟར་ལམ་གཉིས་ཀྱིས་རྟོག་པའི་ས་བོན་སྤངས་ཀྱང་གནས་ངན་ལེན་མ་ལོག་པ་དེའི་ཚེ། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་མངོན་དུ་བྱེད་དོ། །འོ་ན་ས་བོན་དང་གནས་ངན་ལེན་གྱི་ཁྱད་པར་ཅི་ཞེ་ན། དང་པོ་ནི། རྣམ་པར་རྟོག་པ་ཕྱི་མ་འབྱུང་རུང་གི་ནུས་པ་ལ་བྱ་ལ། གཉིས་པ་ནི། དེ་འབྱུང་བའི་ནུས་པ་མེད་ཀྱང་། དེས་བཞག་པའི་བག་ཆགས་གཅིག་གནས་པ་ལ་དེ་སྐད་ཅེས་བྱའོ། །དེ་ཡང་སློབ་དཔོན་ཟླ་བ་ལྟར་ན། བདེན་འཛིན་ནི་གཉིས་ཏེ། ཆགས་སོགས་ཉོན་མོངས་དང་མཚུངས་པར་ལྡན་པ་དང་། མི་ལྡན་པའོ། །དང་པོ་ནི། བདེན་མེད་མངོན་སུམ་དུ་མ་རྟོགས་པའི་གང་ཟག་གི་བདེན་འཛིན་མཐའ་དག་གོ །དེ་ལའང་སྲིད་པའི་རྩ་བ་ཡིན་མིན་གྱི་དབྱེ་བས་
གཉིས་ལས། དང་པོ་ནི། ངར་འཛིན་དང་མཚུངས་པར་ལྡན་པའི་བདེན་འཛིན་ནོ། །གཉིས་པ་ནི་ཕྱི་རོལ་ཡུལ་ལ་དམིགས་པའི་ཆགས་སོགས་དང་། མཚུངས་པར་ལྡན་པའི་བདེན་འཛིན་ནོ། །དེ་གཉིས་ཀ་ལ་ཡང་ཀུན་བརྟགས་དང་ལྷན་སྐྱེས་ཀྱི་དབྱེ་བས་གཉིས་ལས། དང་པོ་མཐོང་བས་སྤང་བར་བྱ་བ་དང་། གཉིས་པ་ནི་ས་བདུན་པ་མན་ཆད་ཀྱི་སྒོམ་པའི་ལམ་གྱིས་སྤང་བར་བྱའོ། །དོན་དེ་དག་ཀྱང་ཇི་སྐད་དུ། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་སོགས་དང་། གཏི་མུག་བརྟེན་ནས་ལས་འབྱུང་གཏི་མུག་མེད་པར་དེ། །ཞེས་པ་ནས། མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར། །ཞེས་པའི་བར་གྱིས་གསལ་བར་བཤད་པ་ཡིན་ནོ། །གསུམ་པ་སྤང་གཉེན་གྱི་སྐྱེ་འགག་བྱེད་ཚུལ་ལ། ལོག་རྟོག་བསལ་བ་ནི། བོད་ཕྱི་མ་གཞན་དག་ན་རེ། བར་ཆད་མེད་ལམ་དེ་དང་དེས་དངོས་ཀྱི་གནོད་བྱ་དང་སྤང་བྱ་དེའི་ས་བོན་དེ་རང་དུས་ན་འདས་པ་ཐོ་བས་བུམ་པ་བཅོམ་པ་ལྟར་སྤོང་བ་མ་ཡིན། རང་དུས་སུ་མ་སྐྱེས་པ་མདུན་ནས་ཕུལ་བ་ལྟར་མ་ཡིན། མཛོ་སྦྲེལ་གཡང་ལ་སྐུར་བ་ལྟར་རང་དུས་ན་ཡོད་པ་དུས་མཉམ་དུ་འགག་པའི་ཚུལ་གྱིས་སྤོང་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། སྔར་གཉེན་པོའི་ཕྱོགས་གོམས་པ་ལ་རྟེན་ནས་གཉེན་པོ་དེ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་། དེའི་སྤོང་བྱའི་ས་བོན་གྱི་རིགས་འདྲ་ཐ་མ་འགག་པ་ལ་མངོན་དུ་ཕྱོགས་པ་དུས་མཉམ། གཉེན་པོ་སྐྱེས་པ་དང་། དེ་འགག་པ་དུས་མཉམ་པའི་སྒོ་ནས་སྤང་བྱ་སྐྱེར་མི་རུང་བའི་ཆོས་ཅན་དུ་སོང་བ་ནི། གནོད་པས་བྱས་པའི་དོན་ཡིན་ནོ། །ཞེས་འཆད་པར་བྱེད་དོ། །དེ་ནི་ནོར་བ་ཡིན་ཏེ། ལུང་དང་། རིགས་པ་དང་། ཁས་བླངས་པ་གསུམ་ཆར་དང་འགལ་པའི་ཕྱིར་རོ། །དང་པོ་ནི། ཇི་སྐད་དུ། མངོན་པ་ཀུན་ལས་བཏུས་ལས། གང་ཞིག་གང་ལས་སྤོང་ཞེ་ན། །འདས་པ་ནི་འགགས་པའི་ཕྱིར་མ་ཡིན་ནོ། །མ་འོངས་པ་ནི་མ་བྱུང་བའི་ཕྱིར་མ་ཡིན་ནོ།
།ད་ལྟར་བྱུང་བ་ནི་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར་མ་ཡིན་ནོ། །འོན་ཀྱང་ཉོན་མོངས་པའི་གནས་ངན་ལེན་གང་ཡིན་པ་དེ་ལས་སྤོང་ངོ་། །གནས་ངན་ལེན་གྱི་རྣམ་པ་གང་གི་གཉེན་པོ་གང་བྱུང་བ་གཉེན་པོའི་རྣམ་པ་དེ་བྱུང་བ་དང་། གནས་ངན་ལེན་གྱི་རྣམ་པ་དེ་འགོག་པ་ནི་མཉམ་པས་མཉམ་སྟེ། སྣང་བ་དང་མུན་པ་འབྱུང་བ་དང་། འགགས་པ་བཞིན་ནོ། །གནས་ངན་ལེན་གྱི་རྣམ་པ་དང་བྲལ་བས། ཉོན་མོངས་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་གནས་པ་དེ་ནི་སྤོང་བའོ། །ཞེས་པའི་གཞུང་དོན་ཕྱིན་ཅི་མ་ལོག་པར་འཆད་པ་དེས་ཁྱེད་ཀྱིས་འདོད་པ་དེ་ལ་གནོད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ལུང་དེའི་དོན་ནི། སྤང་བྱ་ཉོན་མོངས་སམ། རྟོག་པ་མངོན་གྱུར་པ་དེ་དང་། དེའི་གཉེན་པོ་བར་ཆད་མེད་ལམ་གཉིས་ཚ་གྲང་ལྟར་ཕྲད་ནས་དེས་དེ་སྤོང་བ་མ་ཡིན་ཏེ། དེ་གཉིས་ཕྲད་པ་མི་སྲིད་པའི་ཕྱིར། སྤང་བྱ་དེའི་ས་བོན་དང་། གཉེན་པོ་བར་ཆད་མེད་ལམ་གཉིས་ནི། ལྷན་ཅིག་ཏུ་འགྲོགས་ནས། དེས་དེ་སྤོང་ཞེས་པ་ལུང་དེའི་དོན་དུ་གསལ་བའི་ཕྱིར། དེ་ལ་གཞན་དག་ན་རེ། དངོས་ཀྱི་གནོད་བྱ་གནོད་བྱེད་སྣང་མུན་གཉིས་ཡང་དུས་མཉམ་དུ་ཁས་ལེན་དགོས་པར་འགྱུར་ཏེ། དེ་ཉིད་དེའི་དཔེར་མཛད་པའི་ཕྱིར་ཞེས་ཟེར་རོ། །ལུང་དེ་སྤང་བྱའི་ས་བོན་འགགས་པ་དང་བར་ཆད་མེད་ལམ་སྐྱེས་པ་དུས་མཉམ་དུ་སྟོན་པ་མ་ཡིན་ཏེ། བར་ཆད་མེད་ལམ་སྐྱེས་པ་དང་། དེའི་ངོ་སྐལ་གྱི་སྤང་བྱ་མངོན་འགྱུར་བ་འགགས་པ་དུས་མཉམ་པ་དང་། རྣམ་པར་གྲོལ་བའི་ལམ་སྐྱེས་པ་དང་། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་འགགས་པ་དུས་མཉམ་པར་སྟོན་པའི་ཕྱིར། གཉིས་པ་རིགས་པ་དང་འགལ་བ་ནི། རྒྱུ་འབྲས་དུས་མཉམ་པར་འགྱུར་ཏེ། མཐོང་ལམ་བར་ཆད་མེད་ལམ་སྐྱེས་པ་དང་། དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་འགགས་པ་དུས་མཉམ་པའི་ཕྱིར། ཡང་དེའི་དུས་སུ་དེ་སྤངས་པའི་འགོག་བདེན་ཐོབ་པར་འགྱུར་ཏེ། དེའི་དུས་སུ་སྤང་
བྱ་དེའི་ས་བོན་གཉེན་པོའི་སྟོབས་ཀྱིས་ཕྱིས་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཚུལ་གྱིས་འགགས་ཟིན་པའི་ཕྱིར། དེའི་དུས་ཀྱི་འགོག་པ་དེ་བརྟགས་མིན་གྱི་འགོག་པར་ཁས་ལེན་པ་ཡང་མི་འཐད་དེ། བརྟགས་མིན་གྱི་དོན་ནི་སོ་སོར་རྟོགས་པའི་ཤེས་རབ་ཀྱིས་སོ་སོར་མ་བརྟགས་པའི་དོན་ཡིན་ལ། འདིར་ནི་དེ་འགགས་པ་དེ་ཟག་མེད་བར་ཆད་མེད་ལམ་གྱིས་བཞག་པའི་ལག་རྗེས་སུ་ཁས་བླངས་པའི་ཕྱིར། དེའི་ལག་རྗེས་མ་ཡིན་ན། དེས་བཞག་པའི་ལག་རྗེས་མེད་པར་འགྱུར་ཏེ། སྤང་བྱའི་ས་བོན་འགགས་པ་དེ་ནི། དེའི་ལག་རྗེས་མ་ཡིན། དེ་འགག་ཟིན་པའི་འོག་ཏུ ་ནི། དེས་དེ་འགོག་པའི་བྱ་བ་མ་བྱས་པའི་ཕྱིར། གཞན་ཡང་བར་ཆད་མེད་ལམ་དང་དེས་ཐོབ་པའི་རྣམ་གྲོལ་ལམ་གྱི་ཁྱད་པར་འབྱེད་མི་ཤེས་པར་འགྱུར་ཏེ། ངོ་སྐལ་གྱི་སྤང་བྱའི་ས་བོན་ལས་དངོས་སུ་གྲོལ་མ་གྲོལ་ལས་དེར་མི་འཇོག་པའི་ཕྱིར། གསུམ་པ་ཁས་བླངས་པ་དང་འགལ་བ་ནི། རྒྱུན་མཐའ་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སེམས་ཅན་མ་ཡིན་པར་འགྱུར་ཏེ། དེའི་རྒྱུད་ལ་སྒྲིབ་པའི་བག་ལ་ཉལ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཏེ། དེས་གཉེན་པོའི་སྟོབས་ཀྱིས་སྒྲིབ་པའི་བག་ལ་ཉལ་མ་ལུས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་ཟིན་པའི་ཕྱིར། གཞན་ཡང་བར་ཆད་མེད་ལམ་གྱིས་ངོ་སྐལ་གྱི་སྤང་བྱའི་ས་བོན་སྤོང་བ་ན། རང་དུས་སུ་འདས་ཟིན། ཐོ་བས་བུམ་པ་བཅོམ་པའི་ཚུལ་གྱིས་སྤོང་བ་ཡིན་པར་འགྱུར་ཏེ། བར་ཆད་མེད་ལམ་དེའི་ངོས་སྐལ་གྱི་སྤང་བྱའི་ས་བོན་དེ་དེའི་དུས་སུ་འགགས་ཟིན་པ་ཁོ་ན་ཡིན་པའི་ཕྱིར། ཡང་དེས་རང་གི་ངོ་སྐལ་གྱི་སྤང་བྱ་རང་དུས་སུ་མ་སྐྱེས་པ་མདུན་ནས་ཕུལ་བའི་ཚུལ་གྱིས་སྤོང་བ་ཡང་ཡིན་པར་འགྱུར་ཏེ། དེས་དེའི་ངོ་སྐལ་གྱི་སྤང་བྱ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པའི་ཕྱིར། གཉིས་པ་རང་གི་ལུགས་ནི། ཅིག་ལ་དཔེར་མཚོན་ན། མཐོང་སྤངས་སུ་གྱུར་པའི་ཤེས་སྒྲིབ་ལ་གཉིས་
ཏེ། རྟོག་པ་དང་། དེའི་ས་བོན་ནོ། །དང་པོ་ལ་གཉིས་ཏེ། སྦྱོར་བ་ཉེར་བསྡོགས་ཀྱི་ངོ་སྐལ་གྱི་སྤང་བྱ་དང་། འཇུག་པ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱའོ། །དང་པོ་ནི། སྦྱོར་བ་ལ་ལྟོས་པའི་མ་འོངས་པ་ཁོ་ན་དང་། བར་ཆད་མེད་ལམ་ལ་ལྟོས་པའི་འདས་པའོ། །གཉིས་པ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱ་ནི། མངོན་གྱུར་དང་། ས་བོན་གང་ཡིན་པ་གཉིས་ལས། མངོན་གྱུར་ནི་རང་ལ་ལྟོས་པའི་མ་འོངས་པ་ཁོ་ན་ཡིན་པས་ཁྱབ་ལ། ས་བོན་དུས་མཉམ་པ་ཁོ་ནའོ། །དེ་ཡང་དུས་མཉམ་པའི་ས་བོན་ལ་གནོད་པ་བྱས་པའི་སྒོ་ནས། མངོན་གྱུར་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་དུ་བྱས་པ་ལ་ངོ་སྐལ་གྱི་སྤང་བྱ་སྤངས་པ་དང་། དེ་སྤངས་པའི་འགོག་བདེན་དང་རྣམ་པར་གྲོལ་བའི་ལམ་མངོན་དུ་བྱས་པ་ཞེས་བརྗོད་དེ། དེ་སྐད་དུ་ཡང་དེ་ཉིད་ལས། གཉེན་པོ་རྙེད་པ་གང་ཞེ་ན། །མ་སྐྱེས་པ་སྤང་བའི་ཕྱིར་ལམ་རྙེད་པ་གང་ཡིན་པའོ། །ཞེས་གསུངས་སོ། །དེ་ཡང་མཐོང་ལམ་བར་ཆད་མེད་ལམ་གྱི་དུས་སུ་འགགས་ཟིན་པའི་རྟོག་པ་དེ་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱ་མ་ཡིན་ཡང་། དེའི་སྦྱོར་བ་ཉེར་བསྡོགས་ཀྱི་ངོ་སྐལ་གྱི་སྤང་བྱ་ཡིན་པས། མཐོང་ལམ་གྱི་ངོ་སྐལ་གྱི་སྤང་བྱར་བཞག་པའོ། །དེ་བཞིན་དུ་སྒོམ་ལམ་སྦྱོར་འཇུག་ལ་ཡང་སྦྱར་བར་བྱའོ། །མདོར་བསྡུ་ན་འདི་ཁོ་ནར་མ་ཟད་སྤྱིར་བློའི་གནོད་བྱ་གནོད་བྱེད་དུ་བཞག་པ་ཐམས་ཅད་བློ་སྔ་མ་གནོད་བྱེད། སྤང་བྱ་ཕྱི་མ་གནོད་བྱར་འཇོག་པ་ཤས་ངག་ཡིན་ལ། ཁས་བླངས་སྔ་ཕྱི་འགལ་བ་ལ་ཡང་དེ་བཞིན་ནོ། །ལེགས་པར་བརྟགས་ན་དོན་གྱི་གནོད་བྱ་གནོད་བྱེད་ལ་ཡང་དེ་བཞིན་དུ་ཁས་ལེན་དགོས་ཏེ། གནོད་བྱ་གནོད་བྱེད་གཉིས་རྒྱུ་འབྲས་སུ་ཁས་ལེན་དགོས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཕྱིར་བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱ་ཐམས་ཅད་དེའི་དུས་སུ་འདས་པར་འདོད་པ་ནི། རྟོག་གེ་དང་ལུང་ཆོས་ཀྱིས་རྣམ་པར་གཞག་པ་གཉིས་ཀ་ལ་མེད་ལ། གཞན་དག་གི་འཆད་ཚུལ་
དེ་ལྟ་ན། འཕགས་པ་ཐོགས་མེད་ལ་བཟློག་པར་མི་ནུས་པའི་ཐལ་བ་འདི་འཇུག་སྟེ། བར་ཆད་མེད་ལམ་གྱི་ངོ་སྐལ་གྱི་སྤང་བྱ་མངོན་གྱུར་ལྟ་ཞོག ས་བོན་ཡང་མི་སྤོང་བར་འགྱུར་ཏེ། འདས་པ་འགགས་མ་འོངས་པ་མ་སྐྱེས་ད་ལྟར་བ་ལམ་དང་མཉམ་དུ་མི་འཇུག་པའི་ཕྱིར། དེ་ལྟ་ན་ཡང་། གཞུང་དེའི་འཆད་དཀའ་བ་ནི་གཉེན་པོའི་རྣམ་པ་དེ་བྱུང་བ་དང་། གནས་ངན་ལེན་གྱི་རྣམ་པ་དེ་འགགས་པ་མཉམ་པས་མཉམ་ཞེས་འབྱུང་བ་དེ་ཡིན་ལ། དེར་གཉེན་པོའི་རྣམ་པ་ཞེས་པ་དེ་རྣམ་གྲོལ་ལམ་ལ་འཆད་དགོས་པ་ལས་འོས་མེད་དེ། བར་ཆད་མེད་ལམ་དང་དེའི་ངོ་སྐལ་གྱི་སྤང་བྱ་ནི་དུས་མཉམ་པར། ཇི་སྐད་དུ། གནས་ངན་ལེན་གྱི་རྣམ་པ་གང་ཡིན་པ་དེ་ལས་སྤོང་ངོ་། །ཞེས་པར་བཤད་མ་ཐག་པ་དེ་ཡིན་པའི་ཕྱིར་རོ། །འོ་ན་སྐབས་འདིར་སྤང་བྱའི་ས་བོན་ཞེས་པ་དེ་ཤེས་རྒྱུད་གང་ལ་གནས་པ་ཡིན་ཞེ་ན། ཀུན་གཞི་ཁས་ལེན་པ་ལྟར་ན། དེའི་ས་བོན་གྱི་ཆ་ལ་འཆད་པ་འོས་མེད་ལ། དེའི་རྣམ་གཞག་ཁས་མི་ལེན་པ་ལྟར་ན། ཡིད་ཀྱི་རྣམ་པར་ཤེས་པའི་སྟེང་ན་གནས་པའོ། །འདི་ལ་གཞན་དག་ན་རེ། ཡིད་ཀྱི་རྣམ་པར་ཤེས་པ་ཟག་མེད་བར་ཆད་མེད་ལམ་གྱི་ངོ་བོར་སྐྱེས་པ་དེའི་ཚེ། དེ་ཟག་མེད་དུ་སྐྱེས་པས་ས་བོན་དེའི་རྟེན་དུ་མི་རུང་བའི་ཕྱིར། ང་ཙམ་དེ་ས་བོན་གྱི་རྟེན་ཡིན་ནོ། །ཞེས་འཆད་པ་དེ་ནི་རིགས་པ་མ་ཡིན་ཏེ། སྤང་བྱ་སྤོང་ཚུལ་ལ་སོགས་པའི་རྣམ་གཞག་དབུ་མའི་བསྟན་བཅོས་ལ་གྲགས་པའི་རྣམ་གཞག་བྱེད་པ་དེའི་ཚེ་ན་ང་ཙམ་ཁས་བླངས་ན། གང་ཟག་གི་བདག་ཁས་བླངས་བར་ཐལ་བའི་ཕྱིར་དང་། ཁས་བླངས་ནང་འགལ་བའི་ཕྱིར། ཇི་ལྟར་ཞེ་ན། འོ་ན་ང་ཙམ་ཟག་མེད་ཀྱི་ངོ་བོར་སྐྱེས་པ་དེའི་ཚེ་ན། སྤང་བྱའི་ས་བོན་གྱི་རྟེན་མེད་པར་ཐལ་བའི་ཕྱིར་རོ། །དེ་དེར་སྐྱེས་པ་མི་སྲིད་དོ་སྙམ་ན། འོ་ན་ང་ཙམ་ཟག་མེད་ལམ་གྱི་དངོས་རྟེན་དུ་ཇི་ལྟར་རུང་། ཁོ་བོ་ཅག་ལྟར་ན་ནི། ཡིད་ཀྱི་རྣམ་པར་ཤེས་པ་གཅིག་གི་སྟེང་
དུ་ཟག་མེད་བར་ཆད་མེད་ལམ་དང་སྤང་བྱའི་ས་བོན་གཉིས་ཅིག་ཆར་གནས་པ་མི་འགལ་ཏེ། ས་བོན་གྱི་དམིགས་རྣམ་མི་འཛིན་པའི་ཕྱིར་དང་། མི་དགེ་བའི་ས་བོན་ཡང་ལུང་མ་བསྟན་དུ་འདོད་པའི་ཕྱིར་དང་། གཅིག་ནི་ས་བོན་གྱི་ཚུལ་དུ་གནས་ལ་གཅིག་ནི་མངོན་གྱུར་གྱི་ཚུལ་དུ་གནས་པ་ལ། ལྷན་ཅིག་མི་གནས་འགལ་གྱི་རྣམ་གཞག་མེད་པའི་ཕྱིར་དང་། གཞན་དུ་ན་ཡིད་ཀྱི་རྣམ་པར་ཤེས་པ་མཐོང་ལམ་བར་ཆད་མེད་ལམ་གྱི་ངོ་བོར་སྐྱེས་པ་དེའི་ཚེ། གང་ཟག་དེའི་ཤེས་རྒྱུད་ལ་སྒྲིབ་པ་གཏན་ནས་མེད་པར་ཐལ་བའི་ཕྱིར་རོ། །དེ་ལྟར་ཟག་མེད་བར་ཆད་མེད་ལམ་གྱིས་སྒྲིབ་གཉིས་སྤོང་བའི་ཚུལ་བཤད་ཟིན་ནས། ཟག་པ་མེད་པའི་ལམ་གྱིས་སྙོམས་པར་འཇུག་པའི་སྒྲིབ་པ་སྤོང་བའི་ཚུལ་ནི། ཟག་པ་མེད་པའི་ལམ་ནི་ཟག་མེད་ས་དགུ་པོ་གང་རུང་ལ་བརྟེན་པར་ངེས་ལ། དེ་ཡང་མཉམ་གཞག་ནི་ཞི་ལྷག་ཟུང་དུ་འབྲེལ་བ་དང་། རྗེས་ཐོབ་ནི་ལྷག་མཐོང་ཤས་ཆེ་བ་ཡིན་ལ། ཞི་གནས་རྐྱང་པར་གནས་མི་སྲིད་དེ། དེ་ལྟ་ན་ཟག་མེད་དུ་འགལ་བའི་ཕྱིར་རོ། །དེ་ལྟ་ཡིན་པ་དེའི་ཚེ་ཞི་གནས་ཀྱི་ཆ་གང་ཡོད་པ་དེས་སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་པ་ཡིན་གྱི། ལྷག་མཐོང་གི་ཆ་དེས་ནི་དེ་སྤོང་བ་མ་ཡིན་ཏེ། སྙོམས་འཇུག་ཏུ་འཇོག་པར་བྱེད་པའི་བྱེད་ཆོས་ཀྱི་གཙོ་བོ་ནི། ཏིང་ངེ་འཛིན་གྱི་ཆ་ནས་ཡིན་གྱི། ཤེས་རབ་ཀྱི་ཆ་ནས་མ་ཡིན་པའི་ཕྱིར། དེ་ལྟར་ན་སྒྲིབ་པ་གཉིས་པོ་གང་རུང་སྤོང་བར་བྱེད་པའི་བར་ཆད་མེད་ལམ་ཡིན་ན། སྙོམས་འཇུག་གི་སྒྲིབ་པ་སྤོང་བར་བྱེད་པའི་བར་ཆད་མེད་ལམ་མ་ཡིན་དགོས་ཏེ། དེ་ཡིན་ན། རང་གི་ངོ་བོ་ཤེས་རབ་ཡིན་དགོས་ལ། ཅིག་ཤོས་དེ་ཡིན་ན། རང་གི་ངོ་བོ་ཏིང་ངེ་འཛིན་ཡིན་དགོས་པའི་ཕྱིར། དེ་ལྟ་ཡིན་པ་དེའི་ཚེ་སྔར་བཤད་པའི་སྤང་བྱ་གཉིས་པོ་སྤོང་བའི་བར་ཆད་མེད་ལམ་གྱི་གནས་སྐབས་ན། སྙོམས་འཇུག་གི་སྒྲིབ་
པ་སྤོང་བའི་བར་ཆད་མེད་དགོས་ལ། རྣམ་པར་གྲོལ་བའི་ལམ་དང་། ཁྱད་པར་ལམ་གྱི་གནས་སྐབས་ན་དེ་སྤོང་བའི་བར་ཆད་མེད་ལམ་དང་། དེ་སྤངས་པའི་རྣམ་པར་གྲོལ་བའི་ལམ་གཉིས་ཡོད་པར་བཞག་གོ །དེ་ཡང་དཔེར་ན། བཅུ་དྲུག་པའི་རྟོགས་པ་རྫོགས་རྗེས་སུ་མཐར་གནས་ཀྱི་སྙོམས་པར་འཇུག་པ་དགུ་དང་། རྣམ་པར་ཐར་པ་བརྒྱད་མངོན་དུ་བྱེད་པ་བཞིན་ནོ། །དེའི་ཕྱིར་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ལ་སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་བར་ཆད་མེད་ལམ་ཡོད་པ་མི་འགལ་ལ། དེ་ཁོ་ནར་མ་ཟད་ཀྱི་དགྲ་བཅོམ་དབང་བརྟུལ་མི་གཡོ་བའི་ཆོས་ཅན་དུ་དབང་པོ་འཕོ་བའི་བར་ཆད་མེད་ལམ་ཞིག་ཡོད་པར་ཆོས་མངོན་པ་ལས་གསུངས་པ་དེ་ཡང་ཤེས་སྒྲིབ་སྤོང་བའི་བར་ཆད་མེད་ལམ་ལས་མ་འདས་སོ། །དེ་འདིར་ཁས་མི་ལེན་ན་ནི། སྙོམས་འཇུག་གི་སྒྲིབ་པ་སྤོང་བའི་བར་ཆད་མེད་ལམ་ཡང་བཞག་དཀའ་ལ། དེ་ལྟ་ན་ནི་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་དང་འགལ་ལོ། །དེ་ལྟར་སྤྲོས་བྲལ་རྟོགས་པའི་ལམ་གསུམ་གྱི་ངོ་བོ་དང་དེས་སྤང་བྱ་སྤོང་བའི་ཚུལ་རྒྱས་པར་བཤད་ཟིན་ནས། གསུམ་པ་ལམ་དེ་དག་རྒྱུད་ལ་སྐྱེད་བའི་རིམ་པ་བཤད་པར་བྱ་བ་ལ་གསུམ་སྟེ། ཐེག་པ་ཆེན་པོ་མདོ་སྡེ་བརྒྱན་ལས་འབྱུང་བའི་ཚུལ་དང་། ཆོས་དང་ཆོས་ཉིད་རྣམ་པར་འབྱེད་པ་ལས་བྱུང་བའི་ཚུལ་དང་། སྒོམ་རིམ་ལས་འབྱུང་བའི་ཚུལ་ལོ། །དང་པོ་ལ། ཐོག་མར་ཐེག་ཆེན་གྱི་གསུང་རབ་ལ་ཐོས་པ་ཇི་ལྟར་བྱེད་པའི་ཚུལ། དེའི་འོག་ཏུ ་ཐོས་པའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། གདམས་ངག་རྗེས་སུ་བསྟན་པའི་ལེའུ་ལས། བསྐལ་པ་གྲངས་མེད་ངེས་འབྱུང་ཞིང་། །མོས་པ་རྣམ་པར་འཕེལ་བྱེད་པ། །ཇི་ལྟར་ཆུ་ཡི་རྒྱ་མཚོ་བཞིན། །དགེ་ཆོས་རྣམས་ཀྱིས་ཡང་དག་རྫོགས། །དེ་བཞིན་དུ་ནི་ཚོགས་བསགས་པའི། །རྒྱལ་སྲས་གཟོད་ནས་དག་པ་འོ། །ལེགས་པར་ཤེས་ཤིང་སེམས་
དགེ་བ། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །དེ་ཚེ་ཆོས་ཀྱི་རྒྱུན་ལས་ནི། །སངས་རྒྱས་རྣམས་ལ་ཞི་གནས་དང་། །ཡེ་ཤེས་ཡངས་པ་ཐོབ་བྱའི་ཕྱིར། །གདམས་ངག་རྒྱ་ཆེན་རྙེད་པར་འགྱུར། །ཞེས་གསུངས་ལ། དེ་ནི་ཚོགས་ལམ་དུ་ཐོས་པ་བྱེད་པའི་ཚུལ་ལོ། །གཉིས་པ་དེའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པའི་ཚུལ་ལ་རྣམ་གྲངས་མི་འདྲ་བ་རྣམ་པ་བཞི་སྟེ། སེམས་གནས་པ་དྲུག་གི་སྒོ་ནས་ཡིད་ལ་བྱེད་ཚུལ་དང་། ཡིད་ལ་བྱེད་པ་བཅུ་གཅིག་གི་སྒོ་ནས་ཡིད་ལ་བྱེད་པའི་ཚུལ་དང་། སེམས་གནས་པ་དགུའི་སྒོ་ནས་ཡིད་ལ་བྱེད་པའི་ཚུལ་དང་། རྣལ་འབྱོར་གྱི་ས་ལྔའི་སྒོ་ནས་རྣལ་འབྱོར་དུ་བྱེད་པའི་ཚུལ་ལོ། །དང་པོ་ནི། ཇི་སྐད་དུ། དེ་ནས་དང་པོར་སྡོམ་བརྩོན་དེ། །མདོ་ཡི་སྡེ་ལ་སོགས་པའི་ཆོས། །མི་གཉིས་དོན་ནི་རྣམ་འབྱེད་ལས། །མདོ་སོགས་མིང་ལ་སེམས་འཇོག་གོ །ཞེས་པའི་རྩ་བའི་སེམས་དང་། དེ་ནས་དེ་ནི་རིམ་བཞིན་དུ། །ཚིག་རབ་དབྱེ་བ་དཔྱོད་བྱེད་ཅིང་། །ཞེས་པས་རྗེས་སུ་དཔྱོད་པའི་སེམས་དང་། སོ་སོའི་ནང་ལ་ཚུལ་བཞིན་དུ། །དེ་ཡི་དོན་ཡང་རྣམ་པར་དཔྱོད། །ཞེས་པས་རྣམ་པར་དཔྱོད་པའི་སེམས་དང་། དོན་དེ་དག་ལ་ངེས་བཟུང་ནས། །ཆོས་ལ་ཀུན་ནས་སྡོམ་པར་བྱེད། །ཞེས་པས་ངེས་པར་འཛིན་པའི་སེམས་དང་སྡོམ་པའི་སེམས་གཉིས་དང་། དེ་ཡི་དོན་ནི་ཐོབ་བྱའི་ཕྱིར། །དེ་ནས་དེ་ནི་སྨན་པར་བྱེད། །ཞེས་པས་སྨོན་པའི་སེམས་སོ། །དེ་ལྟར་དྲུག་པོ་དེ་ནི་ཐོས་པའི་དོན་ཡིད་ལ་བྱེད་པའི་ཚུལ་ཏེ། དེ་ཡང་ཚོགས་ལམ་གྱི་གནས་སྐབས་སོ། །ཡིད་ལ་བྱེད་པ་བཅུ་གཅིག་ནི། འདི་ལྟ་སྟེ། རྟོག་དཔྱོད་གཉིས་ཀ་དང་བཅས་པ་དང་། ཞེས་རྟོག་པ་མེད་ལ་དཔྱོད་པ་ཙམ་དང་། གཉིས་ཀ་མེད་པ་དང་། ཞི་གནས་དང་། ལྷག་མཐོང་ཟུང་དུ་འབྲེལ་བ་དང་། རབ་ཏུ་འཛིན་པའི་རྒྱུ་མཚན་དང་། ཞི་གནས་ཀྱི་རྒྱུ་མཚན་དང་། བཏང་སྙོམས་ཀྱི་རྒྱུ་མཚན་དང་། རྟག་ཏུ་བྱ་བ་དང་། གུས་པར་བྱ་བ་སྟེ་ཐམས་ཅད་ཀྱི་མཐར་ཡིད་ལ་
བྱེད་པ་ཞེས་སྦྱར་རོ། །དེ་དག་སོ་སོའི་ངོ་བོ་ནི། ཇི་སྐད་དུ། ཡིད་ཀྱི་བརྗོད་པས་རྒྱུན་ཆགས་སུ། །བཙལ་བྱ་སོ་སོར་བརྟག་པར་བྱ། །ཡིད་ལ་བྱེད་པ་བརྗོད་མེད་པ། །རོ་གཅིག་པས་ཀྱང་དཔྱད་པར་བྱ། །ཆོས་ཀྱི་མིང་ནི་སྡོམ་པའང་འདི། །ཞི་གནས་ལམ་དུ་ཤེས་པར་བྱ། །ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཟུང་དུ་འབྲེལ་བའི་ལམ་ནི་དེ། །བསྡོམས་པ་ཡིན་པར་ཤེས་པར་བྱ། །ཞུམ་པའི་སེམས་ནི་རབ་བཟུང་སྟེ། །རྒོད་པ་ཡང་ནི་ཞི་བར་བྱ། །དེ་ནས་དམིགས་པ་དེ་ལ་ནི། །མཉམ་པར་གྱུར་ན་བཏང་སྙོམས་བཞག །དེ་ལྟར་རྟག་ཏུ་བྱ་བ་དང་། །གུས་པར་བྱས་ཏེ་སྦྱར་བར་བྱ། །ཞེས་གསུངས་སོ། །གཉིས་པ་སེམས་གནས་པའི་ཐབས་དགུ་ནི། སེམས་འཇོག་པར་བྱེད། ཀུན་ཏུ་འཇོག་པར་བྱེད། ངེས་པར་འཇོག་པར་བྱེད། ཉེ་བར་འཇོག་པར་བྱེད། འདུལ་བར་བྱེད། ཞི་བར་བྱེད། ཉེ་བར་ཞི་བར་བྱེད། རྒྱུ་གཅིག་ཏུ་བྱེད། མཉམ་པར་འཇོག་པར་བྱེད། ཅེས་བྱ་བ་རྣམས་སོ། །སོ་སོའི་ངོས་འཛིན་ནི། ཇི་སྐད་དུ། དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །རྣམ་གཡེང་མྱུར་དུ་རྟོགས་བྱས་ནས། །དེ་ལ་སླར་ནི་བསླན་པར་བྱ། །བློ་ལྡན་གོང་ནས་གོང་དུ་ཡང་། །སེམས་ནི་ནང་དུ་བསྡུ་བར་བྱས། །དེ་ནས་ཡོན་ཏན་མཐོང་བའི་ཕྱིར། །ཏིང་ངེ་འཛིན་ལ་སེམས་འདུལ་ལོ། །རྣམ་གཡེང་ཉེས་པ་མཐོང་བའི་ཕྱིར། །དེ་ལ་མི་དགའ་ཞི་བར་བྱ། །རྣབས་སེམས་ཡིད་མི་བདེ་ལ་སོགས། །ལངས་བ་དེ་བཞིན་ཞི་བར་བྱ། །དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། །དེ་གོམས་པ་ལས་འདུ་མི་བྱེད། །ཅེས་གསུངས་སོ། །སེམས་གནས་པ་དགུ་པའི་མཐར་ཤིན་སྦྱངས་ཆེན་པོ་ཐོབ་པའི་ཚུལ་དང་། དེ་ཐོབ་ནས་ཞི་གནས་མཚན་ཉིད་པར་འཇོག་པའི་ཚུལ་དང་། དེ་ནས་བསམ་གཏན་གྱི་དངོས་གཞི་ལ་འཇུག་པའི་ཚུལ་དང་།
དེས་རྫུ་འཕྲུལ་ལ་སོགས་པའི་མངོན་ཤེས་སྒྲུབ་པའི་ཚུལ་དང་། དེ་ནས་འཇིག་རྟེན་གྱི་ཁམས་དུ་མར་སངས་རྒྱས་དཔག་ཏུ་མེད་པ་ལ་མཆོད་པ་དང་། ཆོས་ཉན་པ་ལ་སོགས་པ་འབྱུང་བའི་ཚུལ་འཆད་པ་ནི། ཇི་སྐད་དུ། དེ་ནས་དེ་ཡིས་ལུས་དང་སེམས། །ཤིན་ཏུ་སྦྱང་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེ་ཐོབ་བོ། །མངོན་ཤེས་དོན་དུ་གཉེར་བ་དེས། །སྦྱངས་ན་ལས་སུ་རུང་བའི་མཆོག །བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་བསྒྲུབས་པའི་སྒོ་ནས་དེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་ཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །འདི་ནི་སངས་རྒྱས་དཔག་མེད་ལ། །དཔག་མེད་བསྐལ་བར་བསྙེན་བསྐུར་བྱས། །དེ་ལ་བསྙེན་བསྐུར་བྱས་པའི་ཕྱིར། །སེམས་ནི་ལས་རུང་མཆོག་ཏུ་འགྱུར། །ཞེས་གསུངས་སོ། ། དེའི་འོག་ཏུ ་ཐེག་པ་ཆེན་པོའི་སྦྱོར་ལམ་ལ་འཇུག་པའི་ཚུལ་ནི། དེ་ནས་དེ་འདྲར་གྱུར་པ་ཡིས། །བྱང་ཆུབ་སེམས་དཔའ་མཉམ་བཞག་པ། །ཞེས་གོང་དུ་དྲངས་པ་དེ་ཉིད་དོ། །དེ་ནས་མཐོང་ལམ་དུ་འཇུག་པའི་ཚུལ་ནི། དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་བླ་མེད་པ། །རྣམ་པར་མི་རྟོག་དྲི་མེད་པ། །འཛིན་པ་གཉིས་དང་བྲལ་བ་ཐོབ། །ཅེས་སོགས་རྒྱས་པར་གསུངས་སོ། །འདིར་མཐོང་ལམ་ཐོབ་པ་དང་གནས་གྱུར་དང་ཆོས་སྐུ་ཐོབ་པ་དུས་མཉམ་པར་བཤད་དེ། ཇི་སྐད་དུ། དེ་འདི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཅེས་པ་དང་། སྐུ་མེད་པ་དང་བཅས་དང་སྐུ་ཐོབ་དང་། །སྐུ་ཡོངས་རྫོགས་དང་ཞེས་གསུངས་སོ། །རྣམ་གྲངས་བཞི་པ་རྣལ་འབྱོར་གྱི་ས་ལྔའི་རིམ་པ་ནི། ཇི་སྐད་དུ། རྒྱུ་མཐུན་ཆོས་ལ་དམིགས་ནས་ནི། །ཞེས་པས་གཞི་དང་། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཞེས་པས་བསྐྱེད་པ་དང་། སེམས་ཀྱི་དབྱིངས་
ལ་གནས་པ་དང་། ཞེས་པས་མེ་ལོང་ལྟ་བུའི་རྣལ་འབྱོར་བསྟན་ལ། བཞི་པ་སྦྱོར་བའི་ལམ་གྱི་ཡེ་ཤེས་སོ། །དོན་ཡོད་པ་དང་མེད་པ་མཐོང་། །ཞེས་པར་རྟེན་བསྟན་པ་ཡིན་ལ། །དེ་ནི་གནས་གྱུར་པའི་ཡེ་ཤེས་གང་ནས་ཐོབ་པ་ངེས་ནས་ཐེག་པ་ཆེན་པོའི་ཆོས་ཉན་རང་དང་ཐུན་མོང་མ་ཡིན་པ་རྣམས་ཀྱི་རྟེན་དུ་གྱུར་པ་དང་། ཐེག་པ་དམན་པའི་འཕགས་པ་གཞན་དང་མཉམ་པ་ཐོབ་པའི་ཕྱིར། དེ་སྐད་དུ་ཡང་། དེ་ནས་མཉམ་པ་ཉིད་དུ་གྱུར། །འཕགས་རིགས་ཤིན་ཏུ་དྲི་མེད་པ། །མཉམ་དང་ཁྱད་འཕགས་འབྲི་མེད་ཅིང་། །འཕེལ་བ་མེད་པའི་མཚན་ཉིད་དོ། །ཞེས་གསུངས་སོ། །དེའི་འགྲེལ་པ་ལས། ས་དང་པོ་ནས་ཆོས་སྐུ་དང་། ལོངས་སྐུའི་ཁྱད་པར་དང་། སྤྲུལ་པའི་སྐུས་མཛད་པ་བཅུ་གཉིས་ཀྱི་ཚུལ་སྟོན་ནུས་པར་བཤད་དོ། །གཉིས་པ་ཆོས་ཉིད་རྣམ་འབྱེད་ལས་གསུངས་པའི་ཚུལ་ནི། གཞུང་དེར། ཆོས་ནི་འཁོར་བ་དང་ཆོས་ཉིད་ནི་ཐེག་པ་གསུམ་གྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་གནས་ཡོངས་སུ་གྱུར་པའི་ཡེ་ཤེས་ལ་བཤད་ནས། དེ་ལ་འཇུག་པའི་རིམ་པ་རྒྱས་པར་གསུངས་སོ། །དེ་སྐད་དུ་ཡང་། རྣམ་པ་དྲུག་གི་ཆོས་ཉིད་ལ་འཇུག་པ་བླ་ན་མེད་པ་ཡིན་ཏེ། མཚན་ཉིད་དང་། གནས་དང་། ངེས་པར་རྟོག་པ་དང་། རེག་པ་དང་། རྗེས་སུ་དྲན་པ་དང་། དེའི་བདག་ཉིད་དུ་ཉེ་བར་སོན་པ་ལ་ཞུགས་པས་སོ། །མཚན་ཉིད་ཅེས་བྱ་བ་ནི་ཆོས་ཉིད་དེའི་ངོ་བོས་ངོས་འཛིན་པ་དང་། གནས་ཞེས་བྱ་བ་ནི། དེ་གང་ལ་གནས་པའི་གཞི་འཁོར་བའམ། ཆོས་ཉིད་དེ་བརྗོད་བྱར་སྟོན་པའི་གསུང་རབ་བོ། །ངེས་པར་རྟོག་པ་ནི་གསུང་རབ་དེའི་དོན་ཚུལ་བཞིན་དུ་ཡིད་ལ་བྱེད་པ་སྦྱོར་བའི་ལམ་གྱི་གནས་སྐབས་དང་། རེག་པ་ཞེས་བྱ་བ་ནི། ཆོས་ཉིད་མངོན་སུམ་དུ་གསར་དུ་མཐོང་བའི་གནས་སྐབས་དང་། རྗེས་སུ་དྲན་པ་ཞེས་བྱ་བ་ནི། ཆོས་ཉིད་དེའི་དྲི་མ་དྲུངས་ཕྱུང་བར་བྱ་བའི་དོན་དུ། སྒོམ་པའི་ལམ་གྱི་གནས་སྐབས་
དང་། དེའི་བདག་ཉིད་དུ་ཉེ་བར་སོན་པ་ནི། གནས་གྱུར་མཐར་ཐུག་པའི་གནས་སྐབས་སོ། །ཡང་གཞུང་དེ་ལས་རྣམ་པར་མི་རྟོག་པའི་ཚུལ་ལ་འཇུག་པའི་ཚུལ་འདི་ལྟར་གསུངས་ཏེ། ཇི་སྐད་དུ་དེ་ཉིད་ལས། ཅི་ནས་ཀྱང་རྣམ་པར་རྟོག་པའི་ཡེ་ཤེས་ལ་འཇུག་པར་འདོད་པའི་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་ཐོག་མ་མེད་པའི་དུས་ཅན་གྱི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ས་བོན་ཐམས་ཅད་པ་མེད་པའི་གཉིས་སྣང་བའི་རྒྱུ་དང་། དེ་ལ་བརྟེན་པའི་རྒྱུད་གཞན་ནི་དེ་བཞིན་ཉིད་མ་ཤེས་པ་ལས་ཡིན་ཏེ། དེའི་ཕྱིར་རྒྱུ་དང་བཅས་པའི་འབྲས་བུ་ནི་སྣང་དུ་ཟིན་ཀྱང་ཡོད་པ་མ་ཡིན་ནོ། །དེ་སྣང་བས་ནི་ཆོས་ཉིད་མི་སྣང་ཞིང་། དེ་མི་སྣང་བས་ནི་ཆོས་ཉིད་སྣང་བ་ཡིན་ནོ། །ཞེས་ཡིད་ལ་བྱེད་དོ། །དེ་ལྟར་ཡིད་ལ་བྱེད་པའི་བྱང་ཆུབ་སེམས་དཔའ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འཇུག་པ་ཡིན་ནོ། །དེ་ལྟར་དམིགས་པ་ལས་ནི་རྣམ་པར་རིག་པ་ཙམ་དུ་དམིགས་པ་ལ་རབ་ཏུ་འཇུག་གོ །རྣམ་པར་རིག་པ་ཙམ་དུ་དམིགས་པ་ལས་ནི་དོན་ཐམས་ཅད་མི་དམིགས་པ་འཇུག་གོ །དོན་ཐམས་ཅད་མི་དམིགས་པ་ལས་ནི། རྣམ་པར་རིག་པ་ཙམ་མི་དམིགས་པ་ལ་འཇུག་གོ །དེ་མི་དམིགས་པ་ལས་ནི། གཉིས་པོ་ཁྱད་པར་མེད་པར་དམིགས་པ་ལ་འཇུག་གོ །དེ་ཉིད་དམིགས་པ་གང་ཡིན་པ་དེ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡུལ་མེད་ཅིང་། དམིགས་པ་མེད་པ་ཡིན་ཏེ། མཚན་མ་ཐམས་ཅད་མི་དམིགས་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཞེས་གསུངས་ལ། དེ་བཞིན་དུ། དབུས་དང་མཐའ་རྣམ་པར་འབྱེད་པ་ལས་ཀྱང་། དམིགས་པ་ལ་ནི་བརྟེན་ནས་སུ། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་གསུངས་ཞིང་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་བསྒོམ་པའི་སྒོ་ནས། སྒོམ་བྱུང་གི་ཤེས་རབ་མཐར་ཕྱིན་པར་བྱེད་དགོས་པར་གསུངས་སོ། །མདོར་བསྡུ་ན་རྗེ་བཙུན་གྱི་གཞུང་བར་པ་གསུམ་དུ་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། མྱ་ངན་
ལས་འདས་པ་དང་། དོན་དམ་པའི་བདེན་པ་ཞེས་བྱ་བ་ནི། གཟུང་འཛིན་གཉིས་ཀྱིས་སྟོང་པའི་མྱོང་བ་གསལ་རིག་གི་ངོ་བོ་དེ་ཉིད་ལ་བྱ་ལ། དེ་ཡང་ཀུན་གཞིའི་སྟེང་གི་གསལ་ཆ་དེ་ཉིད་ལས་གཞན་མ་ཡིན་ནོ། །ཞི་གནས་དང་། ལྷག་མཐོང་གི་རིམ་པས་དེའི་སྟེང་གི་སྤང་བྱའི་ས་བོན་གྱི་ཆ་ཤས་གཅིག་དྲུངས་ཕྱུང་བ་ན། ཆོས་ཉིད་མངོན་སུམ་དུ་མཐོང་བ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་དང་། གནས་ཡོངས་སུ་གྱུར་པ་དང་པོར་སྐྱེས་པ་རྣམས་དུས་མཉམ་པ་ཡིན་ནོ། །གནས་ཡོངས་སུ་གྱུར་པ་ཞེས་བྱ་བ་དེ་ཡང་དེ་བཞིན་ཉིད་དེའི་ཕྱོགས་གཅིག་གམ་མཐའ་དག་སྒྲིབ་བྱེད་ཀྱི་དྲི་མ་དང་བྲལ་བའི་གསལ་ཆ་དེ་ཉིད་ཡིན་ལ། འདི་ལ་འགོག་པའི་བདེན་པ་ཞེས་ཀྱང་བྱའོ། །དེ་ཉིད་གཞིའི་གནས་སྐབས་སུ་ཉོན་མོངས་པ་འབྲལ་དུ་རུང་བའི་རྟེན་དང་། ལམ་གྱི་གནས་སྐབས་སུ་ལམ་འཇུག་པའི་རྟེན་དང་། འབྲས་བུའི་སྐབས་སུ་མྱ་ངན་ལས་འདས་པའི་གང་ཟག་གདགས་པའི་གཞི་དང་། བྱང་ཆུབ་གསུམ་གྱི་ཁྱད་པར་གདགས་པའི་གཞི་ཞེས་བྱའོ། །དེ་ལྟ་བུའི་གནས་གྱུར་གྱི་ཡེ་ཤེས་དེ་ཡང་རང་རིག་པའི་ཡེ་ཤེས་ཁོ་ན་ཡིན་གྱི། ཡུལ་གྱི་མཚན་མ་གང་ཡང་ཡིད་ལ་མི་བྱེད་དོ། །མདོར་ན་ཐོགས་མེད་སྐུ་མཆེད་ཀྱི་གཞུང་ལས་འབྱུང་བའི་ཐེག་པ་ཆེན་པོའི་ལམ་རིམ་གྱི་རྩ་བ་ཐམས་ཅད་འདིས་བསྡུས་པ་ཡིན་ནོ། །གསུམ་པ་སྒོམ་རིམ་ལས་འབྱུང་བའི་ཚུལ་ལ་གཉིས་ཏེ། མཁས་པ་ཆེན་པོ་པདྨའི་ངང་ཚུལ་གྱི་སྒོམ་རིམ་ལས་ཇི་ལྟར་འབྱུང་བའི་ཚུལ་དང་། དེ་ཉིད་སེང་གེ་བཟང་པོའི་དགོངས་པ་དང་མཐུན་པའོ། །དང་པོ་ནི། སྒོམ་རིམ་བར་པ་ལས་འདི་སྐད་ཅེས་གསུངས་ཏེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་དང་ལྷག་མཐོང་གི་ཚོགས་མཐའ་དག་བསགས་པ་དེས་བསྒོམ་པ་ལ་འཇུག་པར་བྱའོ། །དེ་ལ་རྣལ་འབྱོར་པས་སྒོམ་པའི་དུས་སུ་ཐོག་མར་བྱ་བ་ཅི་ཡོད་པ་ཐམས་ཅད་རྫོགས་པར་བྱས་ལ། བཤང་གཅི་བྱས་ནས་སྒྲའི་
ཚེར་མ་མེད་པ་ཡིད་དུ་འོང་བའི་ས་ཕྱོགས་སུ་བདག་གིས་སེམས་ཅན་ཐམས་ཅད་བྱང་ཆུབ་ལ་འགོད་པར་བྱའོ། །སྙམ་དུ་བསམས་ནས་འགྲོ་བ་མཐའ་དག་མངོན་པར་འདོན་པའི་བསམ་པ་ཅན་གྱི་སྙིང་རྗེ་ཆེན་པོ་མངོན་དུ་བྱས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡན་ལག་ལྔས་ཕྱག་འཚལ་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་རི་མོ་ལ་སོགས་པ་མདུན་དུ་བཞག་གམ། གཞན་ཡང་རུང་སྟེ་དེ་དག་ལ་ཅི་ནུས་ཀྱིས་མཆོད་པ་ལ་སོགས་པ་བྱས་ལ། སྟན་ཤིན་ཏུ་འཇམ་པོ་བདེ་བ་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱི་སྐྱིལ་མོ་ཀྲུང་ལྟ་བུའམ། སྐྱིལ་མོ་ཀྲུང་ཕྱེད་པས་ཀྱང་རུང་སྟེ། མིག་ཧ་ཅང་ཡང་མི་དབྱེ། ཧ་ཅང་ཡང་མི་ཟུམ་པ་སྣའི་རྩེ་མོ་ལ་གཏད་ཅིང་། ལུས་དྲང་པོར་བསྲང་ལ་དྲན་པ་ནང་དུ་བཞག་སྟེ། ཕྲག་པ་མཉམ་པར་བཞག་ལ། མགོ་བོ་མི་མཐོ་མི་དམའ་ཞིང་། ཕྱོགས་གཅིག་ཏུ་གཡོ་བར་བཞག་སྟེ། སྣ་ནས་ལྟེ་བར་དྲང་པོར་བཞག་གོ །སོ་དང་མཆུ་ཐ་མལ་པར་བཞག་ཅིང་། ལྕེ་ཡང་སོའི་དྲུང་དུ་བཞག་གོ །དབུགས་ཕྱི་ནང་དུ་རྒྱུ་བ་ཡང་སྒྲ་ཅན་དང་། རྔམ་པ་ཅན། དབུགས་རྒོད་བག་ཅན་དུ་མི་བཏང་གི་ཅི་ནས་ཀྱང་མི་ཚོར་བ་དལ་བུ་དལ་བུས། ལྷུན་གྱིས་གྲུབ་པའི་ཚུལ་གྱིས་དབུགས་ནང་དུ་རྔུབ་པ་དང་། ཕྱིར་འབྱུང་བར་འགྱུར་བ་དེ་ལྟར་བྱའོ། །དེ་ལ་རེ་ཞིག་ཐོག་མར་ཞི་གནས་བསྒྲུབ་པར་བྱ་སྟེ། ཕྱི་རོལ་གྱི་ཡུལ་ལ་རྣམ་པར་གཡེང་བ་ཞི་གནས་ནང་དུ་དམིགས་པ་ལ་རྒྱུན་དུ་རང་གི་ངང་གིས་འཇུག་པ་ལ་དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱའོ། །ཞི་གནས་དེ་ཉིད་ལ་དམིགས་པའི་ཚེ། དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པ་ཉིད་དོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་གསུངས་
པ་དེ་ལྟ་བུའོ། །འཕགས་པ་དགོངས་པ་ངེས་པར་འགྲེལ་བ་ལས་ཀྱང་། བཅོམ་ལྡན་འདས་ཇི་ལྟར་ཞི་གནས་ཡོངས་སུ་ཚོལ་བར་བགྱིད་པ་དང་། ལྷག་མཐོང་ལ་མཁས་པ་ལགས་བཀའ་སྩལ་པ། བྱམས་པ་ངས་ཆོས་གདགས་པ་རྣམ་པར་བཞག་པ་འདི་ལྟ་སྟེ། མདོའི་སྡེའི་དང་ཞེས་པ་ནས། གཏན་ལ་ཕབ་པར་གཏན་པའི་སྡེ་གང་དག་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པ་དེ་དག་བྱང་ཆུབ་སེམས་དཔས་ལེགས་པར་ཐོས། ལེགས་པར་བཟུང་། ཁ་འདོན་དུ་བྱང་བར་བྱས། ཡིད་ཀྱིས་ལེགས་པར་བརྟགས། མཐོང་བས་ཤིན་ཏུ་རྟོགས་པར་བྱས་ནས། དེ་གཅིག་ཏུ་དབེན་པར་འདུག་སྟེ། ནང་དུ་ཡང་དག་པར་བཞག་ནས། ཇི་ལྟར་ལེགས་པར་བསམས་པའི་ཆོས་དེ་དག་ཉིད་ཡིད་ལ་བྱེད་ཅིང་། སེམས་གང་གིས་ཡིད་ལ་བྱེད་པའི་སེམས་དེ་ནང་དུ་རྒྱུན་ཆགས་སུ་ཡིད་ལ་བྱེད་པས་ཡིད་ལ་བྱེད་དོ། །དེ་ལྟར་ཞུགས་ཤིང་དེ་ལ་ལན་མང་དུ་གནས་པས་དེ་ལ་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པས་བྱུང་བ་གང་ཡིན་པ་དེ་ནི་ཞི་གནས་ཞེས་བྱ་སྟེ། དེ་ལྟར་བྱང་ཆུབ་སེམས་དཔའ་ཞི་གནས་ཡོངས་སུ་ཚོལ་བར་བྱེད་པ་ཡིན་ནོ། །དེས་ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་དེ་ཐོབ་ནས་དེ་ཉིད་ལ་གནས་ཏེ། སེམས་ཀྱི་རྣམ་པར་གཡེང་བ་སྤངས་ནས་ཇི་ལྟར་བསམས་པའི་ཆོས་དེ་དག་ཉིད། ནང་དུ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དུ་སོ་སོར་རྟོག་པར་བྱེད། མོས་པར་བྱེད་དོ། །དེ་ལྟར་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གཟུགས་བརྙན་དེ་དག་ལ་ཤེས་བྱའི་དོན་དེ་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོག་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་ལྷག་མཐོང་ལ་མཁས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་རྣལ་འབྱོར་པ་ཞི་གནས་མངོན་
པར་སྒྲུབ་པར་འདོད་པས། ཐོག་མར་རེ་ཤིག་མདོའི་སྡེ་ལ་སོགས་པའི་གསུང་རབ་མཐའ་དག་ནི། དེ་བཞིན་ཉིད་ལ་གཞོལ་བ། དེ་བཞིན་ཉིད་ལ་འབབ་པ། དེ་བཞིན་ཉིད་ལ་འབབ་པའོ། །ཞེས་བསྡུས་ཏེ་དེ་ལ་སེམས་ཉེ་བར་བཞག་པའོ། །རྣམ་པ་གཅིག་ཏུ་ན། རྣམ་པ་ཇི་ཙམ་གྱིས་ཆོས་ཐམས་ཅད་བསྡུས་པར་འགྱུར་པ་ཕུང་པོ་ལ་སོགས་པ་དེ་ལ་སེམས་ཉེ་བར་བཞག་པར་བྱའོ། །རྣམ་པ་གཅིག་ཏུ་ན། ཇི་ལྟར་མཐོང་བ་དང་། ཐོས་པའི་སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་བཞག་པར་བྱ་སྟེ་འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་བཞག་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །དེ་ལྟར་གང་ལ་འདོད་པའི་དམིགས་པ་དེ་ལ་སེམས་ཉེ་བར་བཞག་ནས། དེ་ཉིད་ལ་ཕྱིར་ཞིང་རྒྱུན་དུ་སེམས་ཉེ་བར་བཞག་པར་བྱའོ། །དེ་ལ་ཉེ་བར་བཞག་ནས་སེམས་འདི་ལྟར་དཔྱད་པར་བྱ་སྟེ། ཅི་དམིགས་པ་ལེགས་པར་འཛིན་ནམ། འོན་ཏེ་བྱིང་སམ་འོན་ཏེ་ཕྱི་རོལ་གྱི་ཡུལ་ལ་རྣམ་པར་འཆར་བས། རྣམ་པར་གཡེང་ངམ་སྙམ་དུ་བརྟག་པར་བྱའོ། །དེ་ལ་གལ་ཏེ་རྨུགས་པ་དང་གཉིད་ཀྱིས་ནོན་ནས་སེམས་བྱིང་ངམ། བྱིང་དུ་དོགས་པར་མཐོང་ན། དེའི་ཚེ་མཆོག་ཏུ་དགའ་བའི་དངོས་པོ་སངས་རྒྱས་ཀྱི་སྐུ་གཟུགས་ལ་སོགས་པའམ། སྣང་བའི་འདུ་ཤེས་ཡིད་ལ་བྱའོ། །དེ་ནས་བྱིང་བ་ཞི་བར་བྱས་ནས་ཅི་ནས་ཀྱང་དམིགས་པ་དེ་ཉིད་སེམས་ཀྱིས་ཤིན་ཏུ་གསལ་བར་མཐོང་བར་འགྱུར་བ་དེ་ལྟར་བྱའོ། །གང་གི་ཚེ་དེ་དམུས་ལོང་ལྟ་བུའམ། མུན་པར་ཞུགས་པ་ལྟ་བུའམ། མིག་བཙུམ་པ་ལྟ་བུར་སེམས་ཀྱིས་དམིགས་པ་ཤིན་ཏུ་གསལ་བར་མི་མཐོང་བ་དེའི་ཚེ། བྱིང་བར་གྱུར་བར་རིག་པར་བྱའོ། །གང་གི་ཚེ་ཕྱི་རོལ་གྱི་གཟུགས་ལ་སོགས་པ་དེ་དག་གི་ཡོན་ཏན་རྟོགས་པས་རྒྱུག་པའི་ཕྱིར་རམ། གཞན་
ཡིད་ལ་བྱེད་པས་སམ། སྔོན་མྱོང་བའི་ཡུལ་ལ་འདོད་པའི་སེམས་རྒོད་པའམ། རྒོད་དུ་དོགས་པར་མཐོང་བ་དེའི་ཚེ། འདུ་བྱེད་ཐམས་ཅད་མི་རྟག་པ་དང་། སྡུག་བསྔལ་བ་ལ་སོགས་པ་ཡིད་འབྱུང་བར་གྱུར་པའི་དངོས་པོ་ཡིད་ལ་བྱའོ། །དེ་རྣམ་པར་གཡེང་བ་ཞི་བར་བྱས་ནས་དྲན་པ་དང་། ཤེས་བཞིན་གྱི་ཐག་པས་ཡིད་ཀྱི་གླང་པོ་ཆེ། དམིགས་པའི་སྡོང་བུ་དེ་ཉིད་ལ་གདགས་པར་བྱའོ། །གང་གི་ཚེ་བྱིང་བ་དང་རྒོད་པ་མེད་པར་གྱུར་ཏེ། དམིགས་པ་དེ་ལ་སེམས་རྣལ་དུ་འཇུག་པར་མཐོང་བ་དེའི་ཚེ་རྩོལ་བ་གློད་ལ་བཏང་སྙོམས་སུ་བྱ་ཞིང་། དེའི་ཚེ་ཇི་སྲིད་འདོད་ཀྱི་བར་དུ་འཇུག་པར་བྱའོ། །དེ་ལྟར་ཞི་གནས་གོམས་པར་བྱེད་པ་དེའི་ལུས་དང་སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ། སེམས་མངོན་དུ་གྱུར་པ་དེའི་ཚེ་དེའི་ཞི་གནས་གྲུབ་པ་ཡིན་པར་རིག་པར་བྱའོ། །དེ་ལྟར་ཞི་གནས་གྲུབ་ནས་ལྷག་མཐོང་བསྒོམ་པར་བྱ་སྟེ། འདི་སྙམ་དུ་བསམ་པར་བྱའོ། །བཅོམ་ལྡན་འདས་ཀྱི་བཀའ་ཐམས་ཅད་ནི་ལེགས་པར་གསུངས་པས་ཏེ། མངོན་སུམ་དུའམ། རྒྱུད་པས་དེ་ཁོ་ན་གསལ་བར་བྱེད་པ་དང་། དེ་ཁོ་ན་ལ་གཞོལ་བ་ཉིད་དོ། །དེ་ཁོ་ན་ཤེས་ན་སྣང་བ་བྱུང་བས་མུན་པ་སེལ་བ་དེ་བཞིན་དུ་ལྟ་བའི་དྲྭ་བ་ཐམས་ཅད་བྲལ་བར་འགྱུར་རོ། །ཞི་གནས་ཙམ་གྱིས་ནི་ཡེ་ཤེས་དག་པར་མི་འགྱུར་ཞིང་། སྒྲིབ་པའི་མུན་པ་ཡང་སེལ་བར་མི་འགྱུར་གྱི། ཤེས་རབ་ཀྱིས་ནི་དེ་ཁོ་ན་ཉིད་ལེགས་པར་བསྒོམས་པས། ཡེ་ཤེས་རྣམ་པར་དག་པར་འགྱུར། དེ་ཁོ་ན་ཉིད་རྟོགས་པར་འགྱུར་གྱི། དེ་བས་ན་བདག་གིས་ཞི་གནས་ལ་གནས་ཏེ། ཤེས་རབ་ཀྱིས་ནི་དེ་ཁོ་ན་ཡོངས་སུ་བཙལ་པར་བྱ་ཞིང་། ཞི་གནས་ཙམ་གྱིས་འཛིན་པ་ནི་མི་བྱའོ། །སྙམ་དུ་བསམ་མོ། །དེ་ཁོ་ན་ཇི་ལྟ་བུ་ཞེ་ན། གང་དོན་དམ་པར་དངོས་པོ་ཐམས་ཅད་གང་ཟག་དང་ཆོས་ཀྱི་བདག་གིས་སྟོང་པ་ཉིད་དེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྟོགས་པར་
འགྱུར་གྱི། གཞན་གྱིས་མ་ཡིན་ནོ། །དེ་ལྟ་བས་ན་ཞི་གནས་ལ་གནས་ཏེ། ཤེས་རབ་བསྒོམས་པར་བྱའོ། །དེ་ལ་དང་པོ་རྣལ་འབྱོར་པས་འདི་ལྟར་རྣམ་པར་དཔྱད་པར་བྱ་སྟེ། གང་ཟག་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལས་གུད་ན་མི་དམིགས་སོ། །གང་ཟག་ནི་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། ཕུང་པོ་ལ་སོགས་པ་དེ་དག་ནི་མི་རྟག་པ་དང་དུ་མའི་ངོ་བོ་ཉིད་ཡིན་པའི་ཕྱིར་དང་། གང་ཟག་ནི་རྟག་པ་དང་གཅིག་པུའི་ངོ་བོ་ཉིད་ཡིན་པར་གཞན་དག་གིས་བཏགས་པའི་ཕྱིར་རོ། །དེ་ཉིད་དང་གཞན་དུ་བརྗོད་དུ་མི་རུང་བའི་གང་ཟག་གི་དངོས་པོ་ཡོད་པར་མི་རུང་སྟེ། དངོས་པོ་ཡོད་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་འཇིག་རྟེན་གྱི་ང་དང་། ང་ཡི་ཞེས་བྱ་བ་དེ་ནི་འཁྲུལ་པ་ཁོ་ནའོ། །ཆོས་ལ་བདག་མེད་པ་ཡང་འདི་ལྟར་བསྒོམ་པར་བྱ་སྟེ། ཆོས་ཞེས་བྱ་བ་ནི་མདོར་བསྡུ་ན། ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དོ། །དེ་ལ་གཟུགས་ཅན་གང་དག་ཡིན་པ་དེ་དག་ནི། དོན་དམ་པར་ནི་སེམས་ཀྱི་རྣམ་པ་ལས་གུད་ན་མེད་དེ། དེ་དག་རྡུལ་ཕྲ་རབ་ཏུ་བཤིག་ལ། རྡུལ་ཕྲ་རབ་རྣམས་ཀྱང་ཆ་ཤས་ཀྱིས་ངོ་བོ་ཉིད་སོ་སོར་བརྟགས་ན་ངོ་བོ་ཉིད་ངེས་པར་གཟུང་དུ་མེད་པའི་ཕྱིར་རོ། །དེ་ལྟ་བས་ན། ཐོག་མ་མེད་པའི་དུས་ནས། གཟུགས་ལ་སོགས་པ་ཡང་དག་པ་མ་ཡིན་པ་ལ་མངོན་པར་ཞེན་པའི་དབང་གིས་རྨི་ལམ་ན་དམིགས་པའི་གཟུགས་ལ་སོགས་པ་སྣང་བ་བཞིན་དུ། བྱིས་པ་རྣམས་ལ་སེམས་ཉིད་གཟུགས་ལ་སོགས་པར་ཕྱི་རོལ་ཏུ་སྣང་གི དོན་དམ་པར་ན་འདི་ལ་གཟུགས་ལ་སོགས་པར་ནི། སེམས་ཅན་མེད་པ་ལས་གུད་ན་མེད་དོ། །ཞེས་དཔྱད་པར་བྱའོ། །དེ་འདི་སྙམ་དུ་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་སྙམ་དུ་སེམས་ཤིང་། དེས་དེ་ལྟར་ཆོས་གདགས་པ་མཐའ་དག་ནི་སེམས་ཙམ་ཁོ་ན་ཡིན་པར་རྟོགས་ནས། དེ་ལས་སོ་སོར་བརྟགས་ན་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་སོ་སོར་བརྟགས་པ་ཡིན་ནོ།
།ཞེས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་རྟོག་གོ །དེས་འདི་ལྟར་དཔྱད་དེ། དོན་དམ་པར་ན། སེམས་ཀྱང་བདེན་པར་མི་རུང་སྟེ། གང་གིས་བརྫུན་པའི་གཟུགས་ལ་སོགས་པའི་རྣམ་པ་འཛིན་པའི་སེམས་ཉིད་སྣ་ཚོགས་ཀྱི་རྣམ་པར་སྣང་བ་དེའི་ཚེ། དེ་བདེན་པ་ཉིད་དུ་ག་ལ་འགྱུར། ཇི་ལྟར་གཟུགས་ལ་སོགས་པ་བརྫུན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པས་བརྫུན་པ་ཉིད་དོ། །ཇི་ལྟར་གཟུགས་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱི་རྣམ་པ་ཡིན་པས་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་པ་དེ་བཞིན་དུ། སེམས་ཀྱང་དེ་ལས་གུད་ན་མེད་པའི་ཕྱིར་གཅིག་དང་དུ་མའི་ངོ་བོ་ཉིད་མ་ཡིན་ནོ། །དེ་ལྟ་བས་ནེ་སེམས་ནི་སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ལྟ་བུ་ཁོ་ནའོ། །སེམས་ཇི་ལྟ་བ་བཞིན་དུ་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལ་སོགས་པའི་ངོ་བོ་ལྟ་བུ་ཁོ་ནའོ་ཞེས་དཔྱད་དོ། །དེས་དེ་ལྟར་ཤེས་རབ་ཀྱིས་སེམས་ཀྱི་ངོ་བོ་ཉིད་ལ་སོ་སོར་བརྟགས་ནས། དོན་དམ་པར་སེམས་ནི་ནང་དུ་ཡང་མི་དམིགས། ཕྱི་རོལ་དུ་ཡང་མི་དམིགས། གཉིས་ཀ་མེད་པར་ཡང་མི་དམིགས། འདས་པའི་སེམས་ཀྱང་མི་དམིགས། མ་འོངས་པའི་སེམས་ཀྱང་མི་དམིགས། ད་ལྟར་བྱུང་བ་ཡང་མི་དམིགས་སོ། །སེམས་སྐྱེ་བའི་ཚེ་ཡང་གང་ནས་ཀྱང་མི་འོང་། གང་དུ་ཡང་མི་འགྲོ་སྟེ། སེམས་ནི་གཟུང་དུ་མེད་པ། བསྟན་དུ་མེད་པ་གཟུགས་ཅན་མ་ཡིན་པའོ། །བསྟན་དུ་མེད་ཅིང་གཟུང་དུ་མེད་ལ། གཟུགས་ཅན་མ་ཡིན་པ་གང་ཡིན་པ་དེའི་ངོ་བོ་ཅི་འདྲ་ཞེ་ན། འཕགས་པ་དཀོན་བརྩེགས་ལས། འོད་སྲུངས་སེམས་ནི་ཡོངས་སུ་བཙལ་ན་མི་རྙེད་དོ། །གང་མི་རྙེད་པ་དེ་མི་དམིགས་སོ། །གང་མི་དམིགས་པ་དེ་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན། ཞེས་རྒྱ་ཆེར་གསུངས་སོ། །དེས་དེ་ལྟར་བརྟགས་ན་སེམས་ཀྱི་དང་པོ་ཡང་དག་པར་རྗེས་སུ་མི་མཐོང་། བར་མ་ཡང་དག་པར་རྗེས་སུ་མི་མཐོང་།
ཇི་ལྟར་སེམས་ལ་མཐའ་དང་དབུས་མེད་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱང་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་དོ། །དེས་དེ་ལྟར་མཐའ་དང་དབུས་མེད་པར་ཁོང་དུ་ཆུད་ནས། སེམས་ཀྱི་ངོ་བོ་ཉིད་གང་ཡང་མི་དམིགས་སོ། །སེམས་གང་གིས་ཡོངས་སུ་རྟོགས་པ་དེ་ཡང་སྟོང་པར་རྟོགས་སོ། །དེ་རྟོགས་པས་སེམས་ཀྱི་རྣམ་པར་སྒྲུབ་པའི་ངོ་བོ་ཉིད་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལྟར་ཤེས་རབ་ཀྱིས་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་ཡང་དག་པར་རྗེས་སུ་མ་མཐོང་བས། གཟུགས་རྟག་གོ་ཞེའམ། མི་རྟག་གོ་ཞེའམ། སྟོང་ངོ་ཞེའམ། མི་སྟོང་ངོ་ཞེའམ། ཟག་པ་དང་བཅས་པའོ་ཞེའམ། ཟག་པ་མེད་པའོ་ཞེས་སམ། ད་ལྟར་བྱུང་བའོ་ཞེས་སམ། མ་འོངས་པའོ་ཞེས་སམ། ཡོད་པའོ་ཞེས་སམ། མེད་དོ་ཞེས་རྟོག་པར་མི་བྱེད་དོ། །ཇི་ལྟར་གཟུགས་ལ་རྟོག་པར་མི་བྱེད་པ་དེ་བཞིན་དུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ལ་ཡང་རྟོག་པར་མི་བྱེད་དོ། །ཆོས་ཅན་མ་གྲུབ་ན་དེའི་བྱེ་བྲག་རྣམས་ཀྱང་མི་འགྲུབ་པས་དེ་རྟོགས་པར་ག་ལ་འགྱུར། དེས་དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ་གང་གི་ཚེ་རྣལ་འབྱོར་པས། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དོན་དམ་པར་ངེས་པར་མི་འཛིན་པའི་ཚེ། རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ །ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་མེད་པ་ཉིད་ཀྱང་རྟོགས་སོ། །ཞེས་གསུངས་སོ། །དེ་དག་གི་ངག་དོན་བསྡུས་ན། ཐོག་མར་ཞི་གནས་དང་ལྷག་མཐོང་གི་ཚོགས་པ་ཚོལ་བའི་ཚུལ། ཚོགས་པ་རྙེད་ནས་དབེན་པའི་གནས་སུ་སྤྱོད་ལམ་ཇི་ལྟ་བུས་འདུག་པ། ཞི་གནས་དང་ལྷག་མཐོང་གི་ངོ་བོས་ངོས་བཟུང་བ། དེ་དག་ཇི་ལྟར་སྒྲུབ་པའི་ཚུལ་དང་བཞིའོ། །བཞི་པ་ལ། ཞི་གནས་ཇི་ལྟར་སྒྲུབ་པའི་ཚུལ། ལྷག་མཐོང་ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ལ། མདོ་སོགས་ཀྱི་མིང་ལ་སེམས་འཇོག་པའི་ཚུལ། ཕུང་པོ་ལ་སོགས་
པའི་དོན་ལ་སེམས་འཇོག་པའི་ཚུལ། སངས་རྒྱས་ཀྱི་སྐུ་གཟུགས་ལ་སེམས་འཇོག་པའི་ཚུལ། སེམས་འཇོག་ཚུལ་གསུམ་པོ་དེ་གང་བྱས་ཀྱང་། སེམས་གནས་པའི་ཐབས་དགུ་ཚང་དགོས་པར་བསྟན་པའོ། །གཉིས་པ་ལྷག་མཐོང་སྒྲུབ་ཚུལ། སོ་སོར་རྟོག་པའི་ལྷག་མཐོང་གིས་ཐོག་མར་ཇི་ལྟར་དཔྱོད་པའི་ཚུལ། དེ་ལྟར་དཔྱད་པས་མ་རྙེད་པའི་ངང་ལ་མི་གཡོ་བའི་ལྷག་མཐོང་གིས་མཉམ་པར་འཇོག་པའི་ཚུལ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་མ་སོང་པར་མི་རྟོག་པ་འབའ་ཞིག་བསྒོམས་ན། སྒྲིབ་པའི་གཉེན་པོར་མི་འགྱུར་བའི་ཚུལ། དཔྱད་ནས་བསྒོམས་ན་དཔྱོད་མཁན་གྱི་བློ་དེ་ཉིད་ཀྱང་མི་རྟོག་པར་འགྱུར་བའི་ཚུལ། དེ་ལྟར་ཡུན་རིང་དུ་མཉམ་པར་འཇོག་ནུས་ན་ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་དུ་བསྟན། མཉམ་བཞག་དེ་ལས་ལངས་ནས་རྗེས་ཀྱི་བྱ་བ་ལ་འཇུག་པའི་ཚུལ་ཏེ་དྲུག་གོ །དང་པོ་གཉིས་ཡན་ཆད་ཀྱི་གཞུང་ནི་གོང་དུ་དྲངས་ཟིན་ལ། གསུམ་པ་ནི། ཇི་སྐད་དུ། གང་ཞིག་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་སྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤོང་བ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེའི་ཚེ། རྣམ་པར་རྟོག་པ་ནམ་ཡང་མི་ཟློག་པར་འགྱུར་ཏེ། བརྒྱལ་བ་དང་གཉིད་ལོག་པ་ལ་སོགས་པ་ལ་ཡང་རྣམ་པར་མི་རྟོག་པ་སྒོམ་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །བཞི་པ་ནི། ཤིང་གཉིས་དྲུད་པ་ལས་མེ་འབྱུང་སྟེ། ཞེས་སོགས་སོ། །ལྔ་པ་ནི། འདི་ནི་ཞི་གནས་དང་ལྷག་མཐོང་ཟུང་དུ་འཇུག་པའི་ལམ་སྟེ། ཞེས་སོགས་སོ། །དྲུག་པ་ནི། དེ་ནས་འདོད་ན་ཏིང་ངེ་འཛིན་ལས་ལངས་ཏེ། ཞེས་སོགས་གསུངས་ཏེ། དེ་དག་གིས་ནི་སྒོམ་རིམ་བར་པ་ལས་གསུངས་པའི་གཞུང་གི་ཚོགས་ལེགས་པར་བསྡུས་པ་ཡིན་ནོ། །ལྷག་མཐོང་ལ་དེ་ལྟར་གཉིས་སུ་འབྱེད་པའི་ཚུལ་དེ་ནི། སློབ་དཔོན་ཡེ་ཤེས་གྲགས་པས་ཀྱང་གསལ་བར་གསུངས་ཏེ།
ཇི་སྐད་དུ། ཕར་ཕྱིན་ཐེག་པའི་སྒོམ་རིམ་ལས། །དེ་ལྟར་རྣམ་འཇོག་ཤེས་ནས་ནི། །དེ་ནས་ཤེས་རབ་བསྐྱེད་བྱ་སྟེ། །གཟུགས་དང་གཟུགས་མེད་དབྱེ་བ་ཡིས། །དོན་དེ་ཉིད་ནི་རྣམ་དཔྱད་བྱ། །ཞེས་པས་ལྷག་མཐོང་དང་པོ་ངོས་བཟུང་ནས། དེ་ནས་མི་གཡོ་བའི་ལྷག་མཐོང་ངོས་འཛིན་པ་ནི། ཇི་སྐད་དུ། དེ་བས་ན་རྣམ་པར་དཔྱད་པ་འདིས་སྤྲོས་པ་མེད་པ་ཉིད་ཡིན་པའི་ཕྱིར། འགྲོ་བ་རྣམས་ཆོས་ཀྱི་སྐུའི་བདག་ཉིད་དུ་ཤེས་པར་བྱས་ལ། སེམས་ཙམ་ལས་ཡོངས་སུ་འདས་ལ་གཅིག་དང་དུ་མ་ཉིད་ལ་སོགས་པའི་ཚུལ་གྱིས་དེ་ཁོ་ན་ཉིད་ཀྱང་སྣང་བ་མེད་པའི་ཚུལ་གྱིས་འདའ་བར་བྱའོ། །དེ་ཁོ་ན་ཉིད་མཐོང་བ་འདི་ནི། གང་ཤེས་རབ་ཀྱིས་རྣམ་པར་བརྟགས་ནས་ཡང་དག་པའི་ཡེ་ཤེས་མཐོང་བས་ཆོས་ཐམས་ཅད་མི་མཐོང་བ་ཡིན་ནོ། །ཡུམ་བར་པ་ལས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྤྱན་གང་ཞེ་ན། གང་གིས་ཅི་ཡང་མ་གཟིགས་པའི་དོན་དེ་གཟིགས་པའོ། །ཞེས་བྱ་བ་དང་། དེ་བཞིན་དུ་དོན་དམ་པར་མཐོང་བ་གང་ཞེ་ན། གང་ཆོས་ཐམས་ཅད་མཐོང་བ་མེད་པའོ་ཞེས་གསུངས་པ་ཡིན་ནོ། །དེ་བས་ན། དེ་ལྟ་བུ་ཉིད་ལ་མཐོང་བ་མེད་པ་ཅེས་བྱ་བ་མངོན་པར་འདོད་ཀྱི། གཉིད་ལོག་པའི་མིག་བཙུམ་པ་དང་འདྲ་བར་ཡིད་ལ་མི་བྱེད་པ་དེ་ནི་མ་ཡིན་ནོ། །ཐོག་མ་མེད་པའི་དུས་ཅན་གྱི་གཟུགས་ལ་སོགས་པར་མངོན་པར་ཞེན་པར་ཡིད་ལ་མི་བྱེད་པ་ཙམ་གྱིས་ཡོངས་སུ་སྤངས་པར་མི་འགྱུར་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་སོགས་པས་ཀྱང་དེ་སྤངས་པར་འགྱུར་རོ་ཞེས་གསལ་བར་གསུངས་སོ། །དེ་ལྟར་ན་ཀཱ་མ་ལ་ཤཱི་ལའི་ལུགས་ཀྱི་ལྷག་མཐོང་སྒོམ་ཚུལ་དང་། ཧྭ་ཤང་གི་ལུགས་ཀྱི་སྒོམ་གྱི་ཁྱད་པར་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྔོན་དུ་བཏང་ནས་ཅི་ཡང་མི་རྙེད་པའི་ངང་ལ་མཉམ་པར་འཇོག་པ་དང་། དེ་ལྟ་བུའི་དཔྱོད་པ་ཅི་ཡང་མི་དགོས་པར་དང་པོ་ནས་
ཅི་ཡང་ཡིད་ལ་མི་བྱེད་པར་སྒོམ་པའི་ཚུལ་ལ་འཆད་པའི་རྒལ་ལན་གསལ་པོ་དེ་ལྟ་བུ་གསུངས་བཞིན་དུ། གང་ཅན་པ་ཕྱི་མ་གང་དག་གཉིད་ལོག་ཁར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཚར་གཅིག་བྱས་ནས། གཉིད་ཐུག་པོ་ལོག་ན་ཡང་དེ་དག་ལྷག་མཐོང་གི་སྒོམ་ཏུ་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་ཟེར་བ་དེ་དག་གི་རང་བཞིན་ནི་དེ་ཡིན་ནོ། །ཇོ་བོ་མར་མེ་མཛད་ཀྱིས་དབུ་མའི་མན་ངག་ལས་ཀྱང་། སོ་སོར་དཔྱོད་པའི་ལྷག་མཐོང་གིས་ཐོག་མར་དཔྱད་ནས། ཅི་ཡང་མི་དམིགས་པའི་ངང་ལ་མཉམ་པར་འཇོག་དགོས་པར་གསུངས་པ་ཡིན་ཏེ། དེ་ཉིད་ལས། ཇི་སྐད་དུ། ལྟ་བ་དེ་ལྟར་རྟོགས་པར་བྱས་ལ་ཇི་ལྟར་རྟོགས་པའི་དོན་དེ་སྒོམ་པར་འདོད་ན། སྟན་བདེ་བ་ལ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ། འདི་ལྟར་རེ་ཤིག་དངོས་པོ་དེ་ནི་གཉིས་ཏེ། གཟུགས་ཅན་དང་། གཟུགས་ཅན་མ་ཡིན་པའོ། །དེ་ལ་གཟུགས་ཅན་རྣམས་ནི་རྡུལ་ཕྲ་རབ་འདུས་པ་ཡིན་ལ། དེ་ཡང་ཕྱོགས་ཀྱི་དབྱེ་བས་ཕྱེ་ཞིང་གཞིག་ན། ཤིན་ཏུ་ཕྲ་བ་ཡང་ལུས་པ་མེད་དེ། ཞེས་པ་ནས། སེམས་འདི་ལྟར་ཡང་ཤིན་ཏུ་བརྟག་དཀའ་སྟེ། ཁ་དོག་དང་དབྱིབས་དང་བྲལ་བ། ཞེས་པ་ནས། ཡང་ན་དེ་རང་བཞིན་གྱིས་འོད་གསལ་པ་ལ་སོགས་པ་རིགས་པའི་མཚོན་གྱིས་བཅད་ཅིང་གཞིགས་ན་དེ་མ་གྲུབ་པར་རྟོགས་སོ། །དེ་ལྟར་དེ་གཉིས་ཀྱིས་ངོ་བོ་ཙམ་ཡང་མ་གྲུབ་ཅིང་མེད་ཙམ་ནས། སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་མི་འགྲུབ་སྟེ། དཔེར་ན་ཤིང་གཉིས་ཕན་ཚུན་དྲུད་པ་ལས་མེ་འབྱུང་བའི་རྐྱེན་གྱིས་ཤིང་གཉིས་པོ་ཉིད་ཚིག་ཅིང་མེད་པའི་རྗེས་ལ། གང་གིས་བསྲེག་པར་བྱེད་པའི་མེ་དེ་ཉིད་ཀྱང་མེད་པ་དེ་བཞིན་དུ། ཞེས་པ་ནས་ཤེས་རབ་དེ་ཉིད་ཀྱང་སྣང་བ་མེད་པ། འོད་གསལ་བ་སྤྲོས་པ་མཐའ་དག་དང་བྲལ་བ། ཅིའི་ངོ་བོར་ཡང་མ་གྲུབ་པས་བྱིང་བ་དང་རྒོད་པ་ལ་སོགས་པའི་སྐྱོན་དུ་གྱུར་པ་ཐམས་ཅད་བསལ་ཏེ། བར་སྐབས་
དེར་ཤེས་པ་ཅིར་ཡང་མི་རྟོག ཅིར་ཡང་མི་འཛིན་དྲན་པ་དང་ཡིད་ལ་བྱེད་པ་ཐམས་ཅད་སྤངས་ཏེ། ཇི་སྲིད་དུ་མཚན་མའམ། རྣམ་པར་རྟོག་པའི་སྒྲའམ། ཆོམ་རྐུན་མ་ལངས་ཀྱི་བར་དུ། དེ་ལྟ་བུ་ལ་ཤེས་པ་གནས་པར་བྱའོ། །ཞེས་དངོས་གཞིའི་དུས་སུ་སྤྲོས་པའི་མཚན་མ་ཅི་ཡང་ཡིད་ལ་མི་བྱེད་པར་བཤད་པས་སོ། །དེའི་རྣམ་བཤད་རྔོག་ལོ་ཙྭ་བས་མཛད་པ་ལས་སྤྲོས་པའི་མཐའ་གང་དུ་ཡང་མི་རྟོག གཟུང་བའི་ཡུལ་ཅི་ཡང་མི་འཛིན། འདས་པའི་དོན་གང་ཡང་མི་དྲན། མ་འོངས་པའི་དོན་གང་ཡང་ཡིད་ལ་མི་བྱེད། ཡུལ་གྱི་མཚན་མའམ། གཟུང་འཛིན་གཉིས་སུ་སྣང་བའི་རྣམ་པར་རྟོག་པ་ལ་ནི། སྒྲ་དང་ཆོམ་རྐུན་ཞེས་བྱ་སྟེ། མཚན་མེད་ཀྱི་ཤེས་པ་གསོད་པར་བྱེད་ཅིང་། རྟོག་མེད་ཀྱི་ཤེས་པ་འཇོམས་པར་བྱེད་པས་སོ། །མ་ལངས་ཀྱི་བར་དུ་ཞེས་པ་ནི། མ་སྐྱེས་ཀྱི་བར་དུ་ཞེས་པའི་དོན་ནོ། །དེ་ལྟ་བུ་ཞེས་པ་ནི། སྔར་རིགས་པས་གཏན་ལ་ཕབ་པའི་དོན་ལ་ཤེས་པ་འཇོག་པའི་དོན་ནོ། །དེ་ཡང་བསལ་ཏེ་ཞེས་པ་ཡན་ནི་སྦྱོར་བའི་དབང་དུ་བྱས་པའོ། །བར་སྐབས་དེར་ཞེས་སོགས་ནི། དངོས་གཞིའི་དབང་དུ་བྱས་པ་ཡིན་ནོ། །ཞེས་གསལ་པར་གསུངས་པས་དངོས་གཞིའི་དུས་སུ་འཇོག་བསྒོམ་ཁོ་ན་ལྷག་མཐོང་གི་སྒོམ་དུ་མི་འགྱུར་བས། དཔྱད་སྒོམ་ཁོ་ན་བྱེད་དགོས་སོ། །ཞེས་ཟེར་བ་དེ་དག་ལ་ཡིད་རྟོན་པར་མི་བྱའོ། །དེ་ལྟར་བཤད་པས་གྲུབ་པའི་དོན་ནི། ཞི་འཚོ་ཡབ་སྲས་ལ་སོགས་པ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཆེན་པོ་དག་གི་ལམ་དབུ་མ་ཉམས་སུ་ལེན་པའི་ཚུལ་ནི། རྗེ་བཙུན་བྱམས་པའི་གཞུང་བར་པ་གསུམ་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་ལེན་པར་སྒོམ་རིམ་བར་པ་ལས་གསལ་བར་གསུངས་པ་དེ་ཉིད་ཡིན་ལ། ཟླ་བའི་ཞབས་རྗེས་འབྲང་དང་བཅས་པ་དག་གི་ལམ་དབུ་མ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ནི། ཇོ་བོ་མར་མེ་མཛད་ཀྱི་དབུ་མའི་མན་ངག་ལས་ཇི་ལྟར་འབྱུང་བ་དེ་ཉིད་ཡིན་གྱི། དེ་ལས་གཞན་དོན་
དམ་པ་བྱང་ཆུབ་ཀྱི་སེམས་སྒོམ་པའི་ཚུལ་ལ། ཤིང་རྟའི་སྲོལ་འབྱེད་གསུམ་པ་མེད་པས། འཇོག་སྒོམ་གྱི་རྣམ་གཞག་ལུང་རིགས་ཀྱི་འགོག་པ་བྱང་ཆུབ་ལམ་གྱི་རིམ་པའི་ལུགས་སུ་འཆད་པ་དེ་དག་ནི་དེའི་ལུགས་མ་ཡིན་པར་གྲུབ་པ་ཡིན་ནོ། །སློབ་དཔོན་སེང་གེ་བཟང་པོས་ནི་སོ་སོར་རྟོག་པའི་ཤེས་རབ་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་བ་དེའི་ཚེ་དང་པོ་ཞི་གནས་དང་། གཉིས་པ་ལྷག་མཐོང་དུ་བཞེད་པ་ཡིན་ཏེ། དེས་མཛད་པའི་ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ལས། ཅི་མཚན་མ་དང་བཅས་པའི་ཞི་གནས་མདུན་དུ་མ་བྱས་པར་ལྷག་མཐོང་སྐྱེར་རུང་བ་ཡིན་ནམ་ཞེ་ན། དེ་ནི་རུང་བ་ཉིད་དེ། མཚན་མ་མེད་པའི་སོ་སོར་རྟོག་པའི་ཤེས་རབ་ཉིད་ལ། མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་སྟེ། ཞེས་དང་། སོ་སོར་རྟོག་པའི་ཤེས་རབ་ནི་ཞི་གནས་མ་ཡིན་པས་རྣམ་པ་དུ་མས་དམིགས་པས་སོ་ཞེ་ན། དེ་ལྟ་ན། ཞི་གནས་ཀྱང་ཞི་གནས་མ་ཡིན་ཏེ། སྐད་ཅིག་མ་དུ་མ་དང་ཆ་ཤས་དུ་མ་དམིགས་པའི་ཕྱིར་རོ། །གཞན་ཡང་ཞི་གནས་ལས་ལྷག་མཐོང་ལ་འཇུག་པ་ན་ཡང་། ཇི་ལྟར་སོ་སོར་རྟོག་པའི་ཡེ་ཤེས་ཀྱིས་མཚམས་སྦྱོར་བར་མི་བྱེད། དེ་མི་བྱེད་པ་ནི་འགའ་ཞིག་ཏུ་ཟད་དོ། །ཞེས་གསུངས་པས་སོ། །གཉིས་པ་སློབ་དཔོན་སེང་གེ་བཟང་པོའི་བཞེད་པ་བསྟན་པ་ནི། ཇི་སྐད་དུ། དེ་ལ་སྐྱེ་བ་དང་འཇིགས་པས་སྟོང་བའི་ཕྱིར་ཞེས་པ་ནས། རྣལ་འབྱོར་པས་ཤེས་བྱའི་སྒྲིབ་པ་ཡང་དག་པར་སྤོང་ངོ་། །ཞེས་པའི་བར་རྣལ་འབྱོར་གྱི་ས་བཞི་གསུངས་ལ། དེ་ཡང་ཞི་འཚོ་ཡབ་སྲས་ཀྱི་ལམ་དབུ་མ་དང་རྗེས་སུ་མཐུན་ནོ། །དེ་ཡང་རྣལ་འབྱོར་གྱི་ས་དང་པོས་ཉན་ཐོས་སྡེ་པ་དང་ཐུན་མོང་གི་ལྟ་བས་ཉོན་སྒྲིབ་སྤོང་བའི་ཚུལ་འཆད་དོ། །རྣལ་འབྱོར་གྱི་ས་གཉིས་པས་སེམས་ཙམ་རྣམ་བདེན་པ་དང་ཐུན་མོང་གི་ལྟ་བས་ཕྱི་དོན་
བདེན་པར་འཛིན་པའི་ཤེས་སྒྲིབ་སྤོང་བའི་ཚུལ་འཆད་དོ། །རྣལ་འབྱོར་གྱི་ས་གསུམ་པས་རྣམ་བརྫུན་པ་དང་ཐུན་མོང་གི་ལྟ་བས་གཟུང་རྣམ་བདེན་པར་འཛིན་པའི་ཤེས་སྒྲིབ་སྤོང་བའི་ཚུལ་དེ་འཆད་དོ། །རྣལ་འབྱོར་གྱི་ས་བཞི་པས་དབུ་མ་པའི་ཐུན་མོང་མ་ཡིན་པའི་ལྟ་བ་ལ་བརྟེན་ནས། ཤེས་སྒྲིབ་འཛིན་རྟོག་ཅེས་གྲགས་པ་གཉིས་མེད་ཀྱི་ཤེས་པ་ལ་བདེན་པར་འཛིན་པའི་བློ་ས་བོན་དང་བཅས་པ་ཇི་ལྟར་སྤོང་བའི་ཚུལ་འཆད་དོ། །འདི་དང་བྱམས་ཆོས་བར་པ་གསུམ་ནས་འབྱུང་བའི་ལམ་རིམ་མི་མཐུན་པའི་ཁྱད་པར་ནི། གཞུང་དེར་ཐེག་ཆེན་གྱི་ལྟ་བར་བཤད་པ་དེ། འདིར་རང་རྒྱལ་གྱི་ལྟ་བར་འཆད་པ་དང་། དེར་གཉིས་མེད་ནི་ཡེ་ཤེས་བདེན་མེད་དུ་སྒྲུབ་པའི་ལུང་རིགས་མི་འཆད་ལ། འདིར་དེ་འཆད་པའོ། །འདིར་ཞི་འཚོ་ཡབ་སྲས་ཀྱི་ལམ་གྱི་རིམ་པ་མི་མཐུན་པའི་ཁྱད་པར་ཅུང་ཟད་ནི། དེར་སྣང་བ་སེམས་སུ་རྟོགས་པ་ཡན་ཆད་ཐེག་ཆེན་གྱི་ལྟ་བར་འདོད་ལ། འདིར་ནི་དེ་རང་རྒྱལ་དང་ཐུན་མོང་གི་ལྟ་བར་འདོད་པའོ། །འདིར་རྣལ་འབྱོར་གྱི་ས་བཞི་པར་མཉམ་བཞག་སྣང་བཅས་སུ་བཤད་པ་དེ་ནི། ལུགས་འདི་ཁོ་ནར་མ་ཟད་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཆེན་པོ་མཐའ་དག་གི་བཞེད་པ་ཡིན་ཏེ། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་གྱུར་པའི་གཟུགས་བརྙན་ཞེས་བྱ་བའི་རྣམ་བཞག་ཡང་དང་ཡང་དུ་འཆད་པ་དེ་མཉམ་བཞག་སྣང་བཅས་ལ་དགོངས་པའི་ཕྱིར། འོན་ཀྱང་འདིར་བཤད་པ་དང་མི་འདྲ་བའི་ཁྱད་པར་ནི། འདིར་ཡང་དག་ཀུན་རྫོབ་ཏུ་བཤད་ལ། གཟུགས་བརྙན་དེ་ནི་ཕལ་ཆེར་ལོག་པའི་ཀུན་རྫོབ་ཏུ་འགྱུར་བས་སོ། །འོ་ན་གཟུགས་བརྙན་དེ་ཇི་ལྟ་བུ་ཞེ་ན། ཟད་པར་སའི་ཏིང་ངེ་འཛིན་ལ་སོགས་པའི་ཉམས་ཀྱི་སྣང་བ་དང་། ལང་ཀར་གཤེགས་པ་ལས། ཉི་མ་ཟླ་བའི་དབྱིབས་འདྲ་དང་། །འོད་དང་པདྨོ་ལྟ་བུ་དང་། །རི་མོ་ནམ་མཁའི་མེ་འདྲ་མཐོང་།
།ཞེས་གསུངས་པས་སོ། །འདིར་སྨྲས་པ། ལམ་སྲོལ་མི་འདྲའི་གཞུང་ཆེན་མ་ཤེས་ན། །ལམ་བྲལ་གཞན་དང་རང་རིག་རྣམ་དཔྱོད་ཀྱང་། །ལམ་བཟང་ཉིད་ལ་བདེ་བླག་འཇུག་བྱའི་ཕྱིར། །ལམ་གྱི་དབུ་མ་ཤིང་རྟའི་སྲོལ་བཞིན་བཤད། །གཞུང་དོན་མ་བསླབས་ཚིག་གི་ལྷག་ཆད་ཙམ། །གཙོ་བོར་འཆད་པའི་བྱིས་རྣམས་སྨོས་ཅི་དགོས། །གསུང་རབ་དོན་ལ་བསམ་པའི་བློ་ལྡན་གྱིས། །ལན་བརྒྱར་རྒོལ་ཀྱང་གནས་འདིར་གཡོ་བ་མེད། །མེས་པོར་རློམ་དང་གཞན་ལ་འགྲན་པ་དང་། །གཅམ་བུས་བསྔགས་པའི་དོན་དུ་འདི་མ་བྱས། །རྒྱན་དྲུག་བཞེད་པའི་ཞལ་གྱི་འཛུམ་དཀར་གྱིས། །ཐུབ་བསྟན་ཉིན་མོར་བྱེད་པའི་དོན་དུ་སྦྱར། །ཞེས་ཐེག་པ་ཆེན་པོ་དབུ་མ་རྣམ་པར་ངེས་པའི་བང་མཛོད། ལུང་དང་རིགས་པའི་རྒྱ་མཚོ་ཞེས་བྱ་བ་ལས། ལམ་དབུ་མ་ལ་འཇུག་པའི་ཆོས་ཀྱི་སྒོ་མཐའ་ཡས་པ་རྣམ་པར་ཕྱེ་བ་ཞེས་བྱ་བའི་ལེའུ་བཅུ་པའོ།། །།