Nitartha Digital Library
Tibetan
 
previousསྐབས་དྲུག་པའི་ངག་དོན་བཤད་པ།next

སྐབས་དྲུག་པའི་ངག་དོན་བཤད་པ།

རྩེ་མོའི་མངོན་པར་རྟོགས་པ་སོགས་ལ། མཐར་གྱིས་པའི་སྦྱོར་བ་ཆོས་ཅན། རྩེ་སྦྱོར་གྱི་འོག་ཏུ་འཆད་པའི་རྒྱུ་མཚན་ཡོད་དེ། རྩེ་མོའི་མངོན་རྟོགས་ཐོབ་ནས་ཁྱོད་སྒོམ་པའི་ཕྱིར། ས་བཅུ་པའི་དཀྱིལ་སྨད་ཀྱི་ཡེ་ཤེས་ཆོས་ཅན། མཐར་གྱིས་པའི་མངོན་རྟོགས་ཡིན་ཏེ། མཁྱེན་གསུམ་སོ་སོ་བ་དང་བསྡུས་པ་ཉིད་དུ་རྟོགས་པའི་དོན་རྣམས་གོ་རིམ་བཞིན་དུ་བླངས་ནས་སྒོམ་པའི་སྦྱོར་བ་ཡིན་པའི་ཕྱིར། སྦྱིན་པ་ཤེས་རབ་སོགས་ལ། ཕྱིན་དྲུག་སོགས་ཆོས་ཅན། མཐར་གྱིས་པའི་བསྒོམ་བྱ་ཡིན་ཏེ། དེས་ཉམས་སུ་བླང་བྱ་ཡིན་པའི་ཕྱིར། ཕ་རོལ་ཕྱིན་པ་བཞི་སོགས་ལ། ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཕར་ཕྱིན་བཞི་ཆོས་ཅན། ཤེར་ཕྱིན་གྱི་ནང་དུ་འདུས་ཏེ། རིམ་བཞིན་དགེ་བ་བྱང་ཆུབ་དུ་སྒྱུར་བར་བྱེད་པའི་ཤེས་རབ་ཡིན་པའི་ཕྱིར་དང་། སོ་སོར་རྟོག་པ་དང་སྒོམ་སྟོབས་ཀྱིས་མི་མཐུན་ཕྱོགས་འཇོམས་པའི་ཤེས་རབ་ཡིན་པའི་ཕྱིར་དང་། ཇི་ལྟར་སྨོན་པའི་འབྲས་བུ་འགྲུབ་པར་བྱེད་པའི་ཤེས་རབ་ཡིན་པའི་ཕྱིར་དང་། ཆོས་ཀྱི་སྒོ་མཐའ་ཡས་པ་ལ་མངའ་བསྒྱུར་བའི་ཤེས་རབ་ཡིན་པའི་ཕྱིར་རོ། །དྲན་པ་ཉེར་བཞག་སོགས་ལ། ཐེག་ཆེན་སྦྱོར་མཐོང་སྒོམ་གསུམ་གྱི་ཡོན་ཏན་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་མཚན་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ལམ་ཆོས་ཅན། རྒྱུའི་སྒོ་ནས་སངས་རྒྱས་རྗེས་སུ་དྲན་པ་ཡིན་ཏེ། སངས་རྒྱས་ཐོབ་བྱེད་ཀྱི་རྒྱུའི་ཡོན་ཏན་བདེན་གཉིས་དང་མི་འགལ་བར་ཡིད་ལ་བྱེད་པའི་ལམ་ཡིན་པའི་ཕྱིར། དགེ་མི་དགེ་ལུང་མ་བསྟན་གྱི་ཆོས་གསུམ་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་དེ་དག་གི་མཚན་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ལམ་ཆོས་ཅན། ཡུམ་གྱི་སྒོ་ནས་ཆོས་རྗེས་སུ་དྲན་པ་ཡིན་ཏེ། ལུང་རྟོགས་ཀྱི་ཆོས་ཀྱི་ཡུལ་གྱི་རང་བཞིན་བདེན་གཉིས་དང་མི་འགལ་བ་ཡིད་ལ་བྱེད་པའི་ལམ་ཡིན་པའི་ཕྱིར། བྱང་འཕགས་ཀྱི་ཡོན་ཏན་དོན་དམ་པར་མི་དམིགས་ཤིང་། ཀུན་རྫོབ་ཏུ་མཚན་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ལམ་ཆོས་ཅན། དགེ་འདུན་རྗེས་སུ་དྲན་པ་ཡིན་ཏེ། བྱང་སེམས་འཕགས་པའི་ཡོན་ཏན་བདེན་གཉིས་དང་མི་འགལ་བར་ཡིད་ལ་བྱེད་པའི་ལམ་ཡིན་པའི་ཕྱིར། ཚུལ་ཁྲིམས་དང་སྟོང་པ་དང་། ལྷར་སྐྱེས་པའི་འཕགས་པ་རྣམས་ཀྱི་ཡོན་ཏན་དོན་དམ་པར་མི་དམིགས་ཤིང་ཀུན་རྫོབ་ཏུ་མཚན་ཉིད་ཇི་ལྟ་བ་བཞིན་ཡིད་ལ་བྱེད་པའི་ལམ་ཆོས་ཅན། ཚུལ་ཁྲིམས་དང་སྟོང་ཉིད་ལྟ་བ་རྗེས་དྲན་པ་ཡིན་ཏེ། རིམ་བཞིན་ཚུལ་ཁྲིམས་སོགས་ཀྱི་ཡོན་ཏན་བདེན་གཉིས་དང་མི་འགལ་བར་ཡིད་ལ་བྱེད་པའི་ལམ་ཡིན་པའི་ཕྱིར། སྐབས་དྲུག་པའི་ངག་དོན་ནོ།། །།


previousསྐབས་དྲུག་པའི་ངག་དོན་བཤད་པ།next